Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཆམ་མཐུན་དང་ཆིག་སྒྲིལ་གཏོར་མཁན་དབང་འཛིན་མི་སྣ་ཚོ་ཡིན་པ་ལས་མང་ཚོགས་མིན།

Posted on 2014-10-022014-10-02 By ཁ་བརྡ་ 15 Comments on འཆམ་མཐུན་དང་ཆིག་སྒྲིལ་གཏོར་མཁན་དབང་འཛིན་མི་སྣ་ཚོ་ཡིན་པ་ལས་མང་ཚོགས་མིན།

རྔ་བ་བརྒྱད་གསུམ་གཅིག་དྲུག
——རང་ཉིད་ཀྱི་ཉིན་ཐོ་ལས་བཤུས།

ཕྱི་ལོ་༢༠༡༤ ཟླ་བ་༠༩ ཚེས་༠༨ ཉིན་རྡ་སའི་བདེ་དོན་ཚོགས་ཁང་དུ་རྡ་སའི་གནད་ཡོད་མི་སྣ་རྐྱང་པ་ཡིན་པའི་ཚོགས་འདུ་ཞིག་འཚོགས་པ་ཡིན་སྐད་འདུག གང་ལྟར་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་གཉིས་ཀྱིས་༼དབུ་མའི་ལམ་ག་རེ་བྱས་ཏེ་དགོས་ཀྱི་ཡོད་དམ༽ཟེར་བའི་བརྗོད་གཞི་དེའི་ཐོག་ནས་བཀའ་སློབ་རྒྱས་ཤིང་རྒྱས་པ་ཞིག་གནང་རྗེས་ས་གནས་འགོ་འཛིན་མཆོག་ནས་གལ་སྲིད་མི་མང་ལ་དྲི་བ་ཡོད་ན་སྐར་མ་སུམ་ཅུའི་གོ་སྐབས་ཕུལ་རྒྱུ་ཡིན་ཞེས་གསུངས་པ་དང་མཉམ་དུ་གཅིག་རྗེས་གཉིས་མཐུད་བྱས་ནས་དྲི་བ་མང་ནའང་། ངའི་འཁྲིས་ན་ཡོད་པའི་གསར་བུ་གསར་མོ་གཉིས་ཀྱིས་ཉམ་ཆུང་ཞིང་གུས་ཚིག་ལྡན་པའི་བཀའ་མོལ་གསུང་སྟངས་དེས་ངའི་སེམས་ལ་འཇིགས་སྐྲག་དང་འཚེར་སྣང་ཞིག་བསླེབས་སོང་།༼ཕར་བལྟས་ན་གཞོན་ནུ་ཚོགས་པའི་ཚོགས་མི་ཞིག་ཡིན་པ་འདྲ༽

གང་ལེགས་ཞེ་ན། གསར་གཞོན་མ་དེས་ངུ་སྐད་དང་མཉམ་དུ་བཀའ་མོལ་གསུངས་དོན། ང་མཐོ་སློབ་དུ་འགྲོ་སྐབས་གཞོན་ནུའི་ནང་དུ་ལས་ཀ་བྱས་པ་ཡིན་ཡང་སུ་གང་གིས་ང་ལ་གནོན་ཤུགས་དང་འཕྱ་སྨོད་། ཟུར་ཟ་བཤད་མཁན་གང་ཡང་མེད་པས། ཚང་མས་མཉམ་རུབ་བྱས་ནས་བོད་སྤྱིའི་དོན་དུ་ལས་ཀ་བྱས་པ་ཡིན་ལ་བྱས་པ་ནང་བཞིན་གང་ལ་གང་འཚམས་ཡག་པོའང་བྱུང་ཡོད་པས་སྤྱི་ཚོགས་ལ་ཚོར་བ་དང་སེམས་ཤུགས་ཆེན་པོ་ཡོད།
འོན་ཀྱང་། རྡ་ས་ནས་གཞོན་ལྷན་དུ་ལས་དཀའ་བྱེད་དུས་གོང་འོག་གིས་གནོན་ཤུགས་དང་། འཕྱ་སྨོད། ཟུར་ཟ་སོགས་མང་པོ་བྱེད་ཡོང་གི་འདུག ང་རང་ལ་མཚོན་ན་གཞོན་ནུའི་ལྟ་བ་མཁྲེགས་བཟུང་བྱེད་མཁན་ཞིག་མིན་ལ་བྱེད་འདོད་ཀྱང་མེད། གཙོ་བོ་སྤྱི་ཚོགས་ལ་ཞབས་འདེགས་ཤིག་བསྒྲུབ་ཐུབ་ན་བསམས་ནས་གཞོན་ལྷན་དུ་ཞུགས་པ་ཡིན་མ་གཏོགས་༧གོང་ས་མཆོག་དང་བོད་གཞུང་གི་ལྟ་བ་ལངས་ཕྱོགས་ལ་འགྲིག་མིན་གྱི་ལྟ་སྟངས་ཤིག་གི་ཆེད་དུ་གཏན་ནས་མིན།
གཞོན་ལྷན་དུ་ཞུགས་པ་ནས་བཟུང་རང་གི་འདོད་བློ་ལྟར་གང་འཚམས་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབས་ཐུབ་པ་བྱུང་ཡང་འུ་ཅག་གི་དཔོན་འབངས་མང་པོ་ཞིག་གིས་རང་ལྟ་མཆོག་འཛིན་གྱིས་རང་གི་བློ་ཁ་དང་མ་མཐུན་ན་གཞན་གྱིས་ཅི་བྱས་ཐམས་ཅད་རྩ་མེད་དུ་བཟོ་བཞིན་འདུག དེ་ངོ་མ་སེམས་སྐྱོ་དགོས་པ་ཞིག་ཡིན་པས་སྐུ་ངོ་སྲིད་སྐྱོང་མཆོག་ནས་དེ་ལྟ་བུའི་འགལ་ཟླ་བཟོ་མི་དག་ལ་རྩ་ཞིབ་ཅིག་དགོས་པ་ནན་སྐུལ་ཞུ་བཞིན་ཡོད་ཅེས་བུ་མོ་དེས་སྐྱོ་ཉམས་དང་བཅས་ནན་ཞུ་བྱས་སོང་།

དེ་དེ་བཞིན་དུ་གསར་མོ་དེའི་རོགས་ན་ཡོད་པའི་ཕོ་གསར་དེས་ཀྱང་འདི་ལྟར་བཤད། སྲིད་སྐྱོང་གཙོས་འདིར་ཕེབས་ཚང་མ་ལོར་བཀྲ་ཤིས་བདེ་ལེགས་ཡོད། འུ་ནས་སྲིད་སྐྱོང་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་རྩོད་ན་ཉེན་ཁ་དང་དཀའ་ངལ་འདི་དང་འདི་འཕྲད་ཀྱི་རེད་ཟེར་ནས་མང་པོ་ཞིག་གསུངས་བསྡད་ཡོད་རེད་དེ། གཞིས་ཆགས་ཁག་གི་གཞི་རིམ་མང་ཚོགས་ལ་ར་མ་འཕྲོད་པ་དང་གོ་བ་གསལ་བོ་མ་བྱུང་བའི་དབང་གིས་སྒེར་དང་ཚོགས་པ་སུ་ཞིག་གིས་རང་བཙན་རྩོད་པ་ནི་ཧ་ཅང་གི་ཉེན་ཁའི་རང་བཞིན་ཞིག་ཡིན་ས་རེད་དྲན་ཏེ་རང་བཙན་དང་དབུ་མ་ཟེར་ནས་འཐབ་རྩོད་ཤུགས་ཆེན་པོ་འདུག

དེ་འདྲ་ཡིན་ཙང་མ་འོངས་པར་སྲིད་སྐྱོང་མཆོག་གིས་བཀའ་སློབ་གནང་ན་འདྲ་། ཟབ་སྦྱོང་སྤྲད་ན་འདྲ་གང་ལྟར་ལྟ་ཉན་ཤེས་པའི་ཐོག་ནས་གསུང་ན་མ་གཏོགས་དབུ་རང་གི་ལངས་ཕྱོགས་བཟུང་ནས་གཞིས་ཆགས་ཁག་ཏུ་གྲོགས་པོ་ཕན་ཚུན་ལ་ཁ་གྲགས་རེས་མེད་བསྡད་པ་དང་། ངོ་ཤེས་ནའང་ཇ་མཉམ་དུ་འཐུང་གི་མེད་པ་ལྟ་བུ་སོགས་གཞིས་ཆགས་ནང་ལོག་ན་ཡང་མི་མང་ཁག་གཉིས་སུ་ཆགས་ཡོད་སྟབས། ས་གནས་འགོ་འཛིན་ཡིན་ན་ཡང་ལས་དཀའ་བྱས་ན་བྱས་མ་ཤེས་པ་སོགས་དཀའ་ངལ་ཆེན་པོ་ཡོང་བསྡད་ཡོད་ཙང་། སྲིད་སྐྱོང་མཆོག་གིས་ནམ་རྒྱུན་ཆིག་སྒྲིལ་གསུངས་བསྡད་ཡོད་དུས་དེའི་ཐོག་ལ་ངེས་པར་དུ་དགོངས་པ་བཞེས་དགོས་རེད་དྲན་གྱིན་འདུག་ཞེས་སྐྱོ་བའི་རྣམ་འགྱུར་སྟོན་སྟངས་དང་གུས་བརྩེ་་ཡོད་པའི་བཀའ་མོལ་གསུང་སྟངས་ལ་བལྟས་ན་ཁོང་ཕར་ཆེར་ཤེས་འཛོམས་ལྡན་པའི་མི་རང་ཚུགས་ཅན་ཞིག་རེད་འདོད།
གསར་བུ་གསར་མོ་གཉིས་ཀྱིས་གསུངས་སྟངས་ལ་བལྟས་ནའང་འདྲ། གང་ལྟར་ཡང་བཙན་བྱོལ་གྱི་སྤྱི་ཚོགས་ནང་དུ་ལྟ་བ་ལངས་ཕྱོགས་ཀྱི་དབང་གིས་ཆིག་སྒྲིལ་གྱི་སྟོབས་ཤུགས་ལ་ཆམ་ནད་ཆེན་པོ་ཞིག་ཕོག་ཡོད་པར་དངོས་ཡོད་རེད།

ཆམ་ནད་དེའི་འབྱུང་རྩ་དང་ཡང་ན་སྟོབས་ཤུགས་ཁ་བྲལ་དུ་གཏོང་མཁན་དེ་ཡང་ཁ་གསལ་དྲང་པོ་ཞུས་ན་གཞི་རིམ་མང་ཚོགས་ནས་ཐོན་པ་ཞིག་མིན་ལ། ༧གོང་ས་མཆོག་གིས་མཛད་འཕྲིན་བསྐྱངས་ཕྱོགས་ནས་ཡོང་བ་ཞིག་དེ་བས་ཀྱང་མིན། དེ་དག་ཚང་མ་འུ་ཅག་གི་བཀའ་སྤྱི་དང་བཀའ་ཟུར་རྣམས་དང་ཚོགས་པ་ཁག་གི་འགན་ཡོད་མི་སྣ་དག་གིས་གསེར་སྦྱངས་བཙོ་མ་ལྟ་བུའི་རྒྱལ་བའི་བཀའ་ལོག་འགྲེལ་བྱས་པའི་འབྲས་བུ་རེད་ལ། རང་དོན་ཁོག་ལ་བཅུག་ནས་སྡིངས་ཆའི་སྟེང་གི་སྐབས་འཚོལ་རང་ལུགས་པས་ཆབ་འབངས་ལ་གནང་བའི་ལེགས་སྐྱེས་རེད།
ལེགས་སྐྱེས་དེས་ད་དུང་འགྱུར་བ་གཞན་ཞིག་ཕྱིན་པ་ནི་དེང་རབས་ཀྱི་གསར་བུ་གསར་མོ་རྣམས་འཐབ་རྩོད་ཀྱི་ལས་ལ་ཞུགས་རྒྱུ་དེ་ཙམ་འཐད་མོས་བྱེད་ཀྱི་མེད་ལ་འཐད་མོས་བྱེད་མཁན་རྣམས་ལ་ཡང་ཕ་མ་དང་སྐུ་ངོ་རྣམས་ཀྱིས་ལོག་འགྲེལ་ལ་བརྟེན་ནས་སུན་པོ་བཟོས་ཡོད། ཕ་མ་རྣམས་ཀྱིས་སྐུ་ངོ་རྣམ་པའི་ཕྱི་ནང་གི་གདོང་གཉིས་པ་དེ་ཧ་མ་གོ་པ་རེད་ལ་བོད་མི་རིགས་ལ་ལྷག་བསམ་རྣམ་དག་གི་རང་ཚུགས་ཡོད་པའི་རེད། དབང་འཛིན་སྐུ་ངོ་རྣམ་པའི་འགྲེལ་ལོག་དེར་སུ་ཞིག་གིས་ཚོད་འཛིན་བྱེད་དཀའ་བ་ཞིག་ཡིན།

རྒྱུ་མཚན་གང་ཡིན་ཟེར་ན། རང་ཉིད་ཀྱིས་འགན་མ་ཁུར་བའི་བཀའ་མོལ་ཁ་ཤས་སྤྱི་ཚོགས་སུ་རྒྱབ་མདུན་དང་ཕན་གནོད་གང་ལ་བསམ་བློ་མ་བཏང་བར་གོ་སྐབས་ཤིག་རེག་ན་བཤད་རྐྱང་གཡུག་རྐྱང་བྱས་བསྡད་པ་ཡིན་ཙང་ངོ་ཤེས་ཡིན་ནའང་ཇ་མཉམ་དུ་འཐུང་གི་མེད་པ་དང་ཁ་གྲགས་རེས་མེད་པ་སོགས་བྱུང་བ་རེད། ཕྱི་ལོ་༢༠༡༠ ཟླ་བ༠༥ ཚེས་༢༣ དང་རེས་གཟའ་ཉི་མའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་༼New York༽ནས་མཁས་དབང་ཟམ་གདོང་མཆོག་༼སྐབས་དེ་དུས་ཁོང་སྲིང་སྐྱོང་ལས་ཐོག་པ་ཡིན༽གིས་དེ་རིང་སང་ཉིན་བོད་ཀྱི་རྩ་དོན་དང་འབྲེལ་བ་ཆགས་ནས་རང་བཙན་འགྲུབ་དང་མ་འགྲུབ་དེའི་ཆ་ནས་སྐྱབས་མགོན་རིན་པོ་ཆེར་ཟུར་ཟ་དང་མཚན་སྨད་ཞུ་མཁན།
ཡང་དེང་རབས་ཀྱི་གནས་ཚུལ་ལ་ཉན་ནས་མང་གཙོའི་ལམ་སྲོལ་ཆ་ཚང་ཞིག་བེད་སྤྱོད་གཏོང་དགོས་ན་རྒྱལ་བ་རིན་པོ་ཆེ་རྩིས་མེད་བྱ་དགོས་ཀྱི་ཡོད་པའི་གཟོད་འདྲ་བོ་དང་། སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཁ་ཤས་ལ་བརྟེན་ནས་ཟུར་ཟ་དང་མཚན་སྨད་ཞུས་བསྡད་མཁན་དེ་ཚོ་རྒྱ་མི་གུང་ཁྲན་ཏང་དང་དོལ་རྒྱལ་ལས་ཉེན་ཁ་ཆེ་བ་ཡོད་རེད་ཅེས་བཀའ་སློབ་གནང་ཡོད།

སྤྱིར་ཡིན་ན་མི་ཚོད་ཡོད་ཅིག་གིས་ཚིག་ཚོད་མེད་ཅིག་བཤད་ཡོད་ནའང་། ང་ཚོས་ངེས་པར་དུ་བསམ་དགོས་པ་དང་ཤེས་དགོས་པ་གང་ཡིན་ཟེར་ན། དེ་དག་གུང་ཁྲན་ཏང་དང་དོལ་རྒྱལ་ལས་ཉེན་ཁ་ཆེ་བ་ཡོད་རེད་ཟེར་བ་ནི་དགོད་བྲོ་བའི་གཏམ་འབའ་ཞིག་རེད་ལ་ཀུན་སློང་གཙང་ཡངས་མེད་པའི་དབང་གིས་གུས་བཀུར་བྱེད་རྒྱུ་ཧ་ཅང་དཀའ། གང་ཡིན་ཟེར་ན། བོད་ཀྱི་འཐབ་རྩོད་དང་ལྟ་བ་ལངས་ཕྱོགས་ཀྱི་རྐྱེན་གྱིས་༧གོང་ས་མཆོག་ལ་འདྲ་མིན་བཤད་མཁན་ཚོ་དང་། གུང་ཁྲན་ཏང་དང་དོལ་རྒྱལ་པ་དེ་ཚོའི་དམིགས་ཡུལ་དང་བྱེད་ལས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་ཤེས་ཡོད་ཀྱང་མ་ཤེས་ཁུལ་གྱིས་འགྲེལ་ལོག་དེ་དང་།
ཡང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་ཐེངས་བརྒྱད་པའི་སྟེང་བཀའ་སྤྱི་རེ་ཟུང་གིས་༧གོང་ས་མཆོག་དགུང་གྲངས་བརྒྱ་དང་བཅུ་གསུམ་ལ་ཞལ་བཞེས་ཐོབ་ཡོད་ཀྱང་རེ་ཟུང་གིས་བཀའ་སྒྲུབ་མ་བྱས་པའི་དབང་གིས་ད་སྐབས་དགུང་ལོ་བརྒྱ་དང་བརྒྱད་ལ་ལྷུང་ཡོད་ཚུལ་སོགས་ཁུངས་ལུང་མེད་པའི་གཏམ་བཤད་འདི་འདྲའི་རྐྱེན་གྱིས་བཙན་བྱོལ་སྤྱི་ཚོགས་སུ་དབུ་རང་གི་འཐབ་རྩོད་ཤུགས་ཆེ་རུ་ཕྱིན་ཡོད་ཀྱང་སྲིད་སྐྱོང་མཆོག་གིས་ད་དུང་ཆིག་སྒྲིལ་ཞེས་པའི་ཚིག་འབྲུ་གཉིས་ལ་ཁ་གཡང་རེ་བསྒྲགས་ནས་གནས་ལུགས་ཀྱི་ཐོག་ལ་གོམ་པ་སྤོ་ཐུབ་ཀྱི་མེད།

ཡང་ཕྱི་ལོ་༢༠༡༣ ལོའི་ཟླ་བ༠༩ ཚེས་༢༨ དགོང་མོ་ཁམས་འབྲི་རི་རྫོང་གི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཆེད་རྡ་ས་ས་གནས་གཞོན་ནུས་བཀོད་སྒྲིག་ཞུས་ཏེ་མར་མེ་ཁྲོམ་སྐོར་དང་ཡིག་ཆ་འགྲེམ་སྤེལ་སོགས་ཀྱི་ལས་འགུལ་སྤེལ་བ་དེར།༼དེ་དུས་ཕྲན་དངོས་སུ་ལས་འགུལ་དེར་མཉམ་ཞུགས་བྱས་ནས་ཡིག་ཆ་བཀྲམ་པ་ཡིན།༽ འུ་ཅག་གི་སྐུ་ངོ་དང་འགན་ཡོད་ཡིན་ཟེར་མཁན་རེ་ཟུང་གིས་ང་ལ་འདི་ལྟར་གསུངས། ཁྱེད་རང་ཁ་རྩང་མར་མེ་ཁྲོམ་སྐོར་ས་ནས་ཡིག་ཆ་བཀྲམ་གྱིན་འདུག་མ་གཞི་ཡག་པོ་རེད་དེ་གྲ་སྒྲིག་བྱེད་མཁན་སུ་ཡིན་ཤེས་ན་ཡག་པོ་ཡོད་རེད། རྡ་ས་ནས་གང་ཡིན་སར་སོང་ན་གཞུང་གི་ལངས་ཕྱོགས་དང་༧གོང་ས་མཆོག་གི་བཀའ་ལ་འགལ་ན་བདེ་བོ་མེད་ཚུལ་སོགས་མང་པོ་བཤད་སོང་།༼ངས་ཀུ་རེ་དང་ལྷན་དུ་ལན་ཚ་ཐག་གཅོད་ཅིག་སྤྲད་ཡོད་ནའང་འདིར་ཡིག་ཚོགས་ལ་དོགས་ནས་བྲིས་མེད།༽

དེ་དེ་བཞིན་དུ་༧གོང་ས་མཆོག་བོད་དུ་གདན་ཞུ་དགོས་པ་སོགས་དགོས་འདུན་ཁག་ལྔའི་ཆེད་དུ་ཕྱི་ལོ་༢༠༡༤ ཟླ་བ་༠༢ ནང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དབུ་ཁྲིད་དེ་རྡ་ས་ནས་རྒྱལ་ས་ལྡི་ལི་བར་དུ་ཞི་བའི་གོམ་བགྲོད་ཅིག་བྱས་པ་རེད། སྐབས་དེ་དུས་འུ་ཅག་གི་འགན་ཁུར་པ་དང་སྐུ་ངོ་རེ་ཟུང་གི་ལས་འགུལ་པ་དང་གོ་སྒྲིག་པ་ཚོར་རྒྱབ་སྐྱོར་དང་གདུང་སེམས་བྱེད་རྒྱུ་ཕར་བཞག འོལ་ཚོད་ཀྱིས་མུན་པའི་མདའ་འཕེན་འདི་འདྲ་ཞིག་བྱས་ཡོད། གཞོན་ནུ་ཚོགས་པ་ཟེར་བ་དེ་ངོ་མ་ཡག་པོ་མི་འདུག་ད་ལྟ་ཤིན་ཅན་པེན་གསར་དུ་ལངས་མ་ཐག་རེད། ཁོ་རང་གི་ཕ་ལགས་ང་ཚོ་བོད་དང་འབྲེལ་བ་ཡོད་པ་མ་ཟད་དཔོན་པོ་གཞན་པ་ཚོ་ལས་ཁོང་ལ་རེ་བ་ཡོད་པས་ང་ཚོར་ལམ་ཀ་ཞིག་ཏན་ཏན་ཡོད་རེད་དེ་གཞོན་ནུས་ཡང་ཟིང་ཆ་སློང་ཡོང་གིན་འདུག
ཉེ་ཆར་༧གོང་ས་མཆོག་གིས་ལ་དྭགས་ནས་ང་ཚོས་འདི་ཕྱོགས་ནས་སྐད་འདྲ་མིན་བརྒྱབ་བསྡད་པ་ཡིན་ན་བོད་ནང་གི་བོད་མི་ཚོར་དཀའ་ངལ་འཕྲད་ཡོང་གི་འདུག་ཅེས་གསུངས་ཡོད་པ་ཤེས་བཞིན་དུ་སྐད་བརྒྱབ་ནས་འགྲོ་བསྡད་འདུག ངོ་མ་སྐྱོ་པོ་རེད་ཟེར་ནས་འུ་ཚང་གི་སྐབས་འཚོལ་རང་ལུགས་པ་དག་གིས་བཤད་བཞིན་པ་ང་རང་གིས་མིག་མཐོང་ལག་ཟིན་བྱུང་ཡོད་སྟབས་རྩོམ་ཡིག་འདི་བརྒྱུད་ནས་དྲིལ་བསྒྲགས་ཅི་ཞིག་བྱེད་བཞིན་ཡོད་ཟེར་ན། བཙན་བྱོལ་སྤྱི་ཚོགས་ཀྱི་འཆམ་མཐུན་དང་ཆིག་སྒྲིལ་གྱི་སྤྲིན་ཕུང་གཏོར་མཁན་དེ་ང་ཚོའི་དབང་འཛིན་མི་སྣ་དང་འགན་ཁུར་གྱི་ཡོད་ཟེར་མཁན་ཚོ་ཡིན་པ་ལས་མང་ཚོགས་མིན་ཟེར་བ་འདི་ངའི་རྩོམ་ཡིག་འདིའི་བརྗོད་བྱ་གཙོ་བོ་ཡིན།

ཕྱི་ལོ་༢༠༡༤/༡༠/༠༢ ཉིན།

སྣ་ཚོགས།

Post navigation

Previous Post: ངན་པ་ལང་ཤོར།
Next Post: ཞེ་ས་མ་ཞུས་ན་ཉམ་ཆུང་ལ་ཐུབ་ཚོད་བཏང་བ་འདྲ་བོ་ཆགས་ཡོད།

Comments (15) on “འཆམ་མཐུན་དང་ཆིག་སྒྲིལ་གཏོར་མཁན་དབང་འཛིན་མི་སྣ་ཚོ་ཡིན་པ་ལས་མང་ཚོགས་མིན།”

  1. ཁྱུང་སེ། says:
    2014-10-02 at 11:30 am

    རྩོམ་མ་གནས་ཚུལ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ། དེ་བཞིན་རང་གི་རྩ་བའི་བླ་མའི་བཀའ་ཡིན་ཞེས་བཤད་ནས་སྤྱི་ཚོགས་ནང་དུ་སྡབ་བསིག་མ་གཏོང་རོགས། ཁ་ཅིག་གིས་རྩ་བའི་བླ་མའི་བཀའ་དང་འགལ་བའམ་ལྟ་བ་དང་མ་མཐུན་ན་ལྟ་ལོག་དང་དམ་ཉམས་ཅེས་མཐུ་བཟློག་བྱེད་ཀྱི་འདུག འོན་ཀྱང་རྩ་བའི་བླ་མས་དུག་ལྔ་དུག་གསུམ་མེད་པ་བྱེད་དགོས་མི་བཟང་པོ་ཞིག་བྱེད་དགོས་མི་ལ་ཕན་འདོགས་མ་ཐུབ་ནའང་གནོད་བསྐྱེལ་མི་ཉན་ཅེས་ཡང་ཡང་བཤད་ཀྱང་དེ་ཚོར་ཉན་འཇོག་བྱེད་མཁན་གཅིག་ཀྱང་མེད་ཟེར་ནའང་འགྲིག། གང་ལྟར་འདི་དག་ཐམས་ཅད་རྨོངས་དད་དང་འུར་འདྲོག་རང་ཚུགས་བརྟན་པོ་མེད་པའི་ཤ་ཁྱི་དག་རྐྱང་རྐྱང་རེད། སྔོན་མ་བཙན་བྱོལ་སྤྱི་ཚོགས་ནང་དུ་གཞོན་ནུའི་སྒྲིགས་འཛུགས་འདི་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་རིས་མེད་པའི་ཚོགས་པ་གཅིག་པོ་དེ་རེད། ད་ནི་གོང་རིམ་ནས་རྒྱ་ནག་ལ་ཁ་གཏད་བྱེད་མ་ཐུབ་པའམ་བོད་དོན་གྱི་ལས་འགུལ་ལ་གྲུབ་འབྲས་མ་བྱུང་ནས་དེ་དག་གི་འགན་ནམ་ངན་ཁག་དེ་གཞོན་ལྷན་གྱིས་རང་བཙན་རྩོད་ནས་མ་བྱུང་རབས་བཤད་དེ་གཞོན་ལྷན་ཀྱང་གསར་རྙིང་གཉིས་བྱུང་སོང། ད་ནི་ཡིད་གཏོད་སའི་ཚོགས་པ་ཞིག་རྙེད་རྒྱུ་མེད་པར་ཆགས་སོང། མ་ཟད་མི་རིང་བར་གོང་ས་མཆོག་བོད་དམ་རྒྱ་ནག་ལ་གཟིགས་སྐ྄ོར་དུ་ཕེབས་འཆར་ཡོད་སྐད་འདུག་པས་ད་ནི་མེས་རྒྱལ་པང་ལ་ལོག་རན་པ་འདྲ།

  2. ལུང་རྟོགས། says:
    2014-10-02 at 12:18 pm

    སྒྲུང་ཞིག་བཤད་ཀྱི་ཡོད་པ་ལྟ་བུ་ལས་དངོས་ཡོད་ཅིག་བཤད་ཀྱི་ཡོད་པའི་རྣམ་པ་ཞིག་མཐོང་མ་སོང་། རྩོམ་པ་པོ་ཁོང་སྒྲུང་མཁན་ཞིག་ཡིན་པ་འདྲ། འཆམ་མཐུན་དང་ཆིག་སྒྲིལ་གཏོར་མཁན་གྱི་ནག་ཉེས་དེ་དབང་འཛིན་མི་སྣ་ཚོ་ཅིག་པུའི་མགོ་ལ་གཡོག་ན་འགྲིག་ཨེ་ཡོད། མང་ཚོགས་ཀྱི་ཁྲོད་ལ་ཡང་གང་འཚམ་ཞིག་འདུག་ད། དཔེར་ན་ཉེ་སྔོན་སྦེལ་ཇམ་གྱི་གནས་ཚུལ་ཐད་སྤྱི་འཐུས་ཚོགས་གཙོ་དང་ནང་སྲིད་བཀའ་བློན་ལ་མ་ཉེས་ཁ་གཡོག་བྱས་པ་དང་། ཡང་རྒྱ་རི་བློ་གྲོས་ལ་ལྐོག་ཟ་བྱས་པའི་ཉེས་འཛུག་བྱས་པ་ལྟ་བུ་འདི་དག་ནི་མང་ཚོགས་ཀྱིས་བྱས་པ་མིན་ན་ཅི། ད་དུང་དོལ་རྒྱལ་ཚོགས་པ་ལྟ་བུ།

  3. ནུབ་ཕྱོགས་གངས་ཕྲུག says:
    2014-10-02 at 12:47 pm

    ཁ་ཆེའི་ལུང་པའི་ནང་དཔོན་པོ་དང་འཇིགས་བསྐུལ་བ་ཚོས་ཨལ་ལ་ཁ་ལ་འཁྱེར་ནས་ལས་དོན་ཡག་སྡུག་ཚང་མ་བྱེད་ཀྱི་ཡོད། དེ་ལ་ཁ་གཏད་བཅག་ས་ཡོད་མ་རེད། གང་ཡི་་ཟེརན་ཨལ་ལ་(དཀོན་མཆོག) ཐུག་པ་རེད། དཔེ་དེ་བཞིན་དུ་ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་དབང་འཛིན་མི་སྣ་ཚོས་༧གོང་ས་མཆོག་ཁ་ལ་འཁྱེར་ནས་ལས་དོན་ཆེ་ཕྲ་ཚང་མ་སྒྲུབ་ཀྱི་ཡོད། དེ་ལ་མི་མང་གིས་ཁ་བཏད་བཅག་ས་ཡོད་མ་རེད། དབང་འཛིན་པ་ཚོས་དེ་ལས་གཞན་རྒྱུ་མཚན་དང་རིགས་ལམ་ཆབ་སྲིད་ཀྱི་ཕོ་བསྒྱུར་སོགས་ལ་བརྟེན་ནས་ལས་དོན་རྣམས་སྒྲུབ་དགོས་འདུག་མ་གཏོགས་རྟག་པར་༧གོང་ས་མཆོག་ཁ་ལ་འཁྱེར་ན་ཡག་པོ་མི་འདུག ལྷག་པར་དབུ་རང་གི་བསམ་ཚུལ་གཉིས་ཆ་ལ་རྒྱ་མིའི་ངོས་ལེན་ཡོད་མ་རེད། དེ་ལ་ང་ཚོས་འཁྲུགས་པ་རྒྱབ་ན་མ་ི་འགྲིགས། དེ་ནི་དེ་སྔ་བོད་ཡིག་འཛིན་གྲྭ་གསུམ་པའི་སློབ་དེབ་ནང་མི་གླེན་པ་གཉིས་་ལ་དངུལ་གསེར་ཊམ་གསུམ་མ་རྙེད་པའི་སྔོན་ལ་བགོ་གཤའ་རྒྱབ་བཏང་མ་འགྲིགས་ནས་འཁྲུགས་པ་ཤོར་བ་དང་གཅིག་པ་རེད།

  4. བོད་ཀྱི་གཡག says:
    2014-10-02 at 2:27 pm

    བདེན་པའི་གཏམ་སྨྲ་བ་ལ་རྗེས་སུ་ཡིད་རང་ཡོད། རྔ་བ་བརྒྱད་གསུམ་གཅིག་དྲུག་ལ་ཐུགས་རྗེས་ཆེ་ཞུ།

  5. ཞོལ་གཡག་འབྲོང་རྒྱུད། says:
    2014-10-02 at 6:33 pm

    དེ་དེ་བཞིན་ནོ། ཁྱོད་ཀྱིས་གསུངས་པར་མངོན་པར་བསྟོད་དོ། སྐུ་ངོ་ཚོ་ནི་རྨོངས་དད་ཀྱིས་གཉིད་ལས་བསད་དུས་མེད་དོ། གསར་བུ་གསར་མོ་ཚོ་ནི་གསར་གཏོད་ཀྱི་ནུས་པ་མེད་དོ། སྲིད་སྐྱོང་གི་ཆིག་སྒྲིལ་ནི་རྨངས་ནས་གཏོར་རོ། ནུས་པ་མེད་དོ། ལམ་ཁ་མེད་དོ། སྟེང་གི་ལྷས་གནོད་དོ། བར་གྱི་བཙན་གྱིས་གནོད་དོ། འོག་གི་ཀླུས་གནོད་དོ།

  6. གནམ says:
    2014-10-02 at 6:40 pm

    ཅིག་ཅིག་ཅིག་ཅིག་གིས་ཟེར་ཟེར་ན། གཏམ་འདི་ཚོ་ལ་འཆལ་གཏམ་གྱི་རིན་ཐང་ལས་མི་མང་ལ་ས་རི་ཐང་གསལ་གྱི་ལང་ཕྱོགས་སྟོན་ཐུབ་པའི་ནུས་བ་མེད།

    བྱུང་ན། དཔོན་པོ་སུ་ཡིན་གྱིས་སྐད་ཆ་གང་བཤད་པ་དེ་ཁ་གསལ་གཏིང་གསལ་གྱིས་བཀོད་ན། དེ་ནས་ང་ཚོས་ཁོང་ཚོ་དང་སྐད་ཆ་ལ་ཉན་འཇོག་དགོས་ཡོད་མེད་ཀྱི་བགྲོ་གླེང་བྱེད་ཤེས་པ་རེད། དབང་འཛིན་མི་སྣ་སུ་ཚོ་རེད། ཡར་ན་ཚང་གི་སྣ་ལ་ཕོག་ན་རེད། མར་ན་ཚང་གི་ཁ་ལ་ཕོག་ན་རེད། གཅིག་གཅིག་གཉིས་གཉིས་བྱས་ནས་ཤོག་ཤོག།

    དོལ་མི་ཚོ་མ་ཡིན་པའི་ཆིག་སྒྲིལ་གཏོར་མཁན་ཡོད་ན། ང་ཚོས་ཡིན་གཅིག་གཟབ་དགོས། ཤེས་དགོས། རྡོག་རྩ་ནི་ཐོ་བ་ཡིན། ས་ལྕགས་རྡོ་སོགས་བཏུལ་པའི་ལག་ཆ་ཡིན། འདི་འདྲ་ནི་ཁྱེད་ཀྱི་ཉིན་ཐོ་ནས་འཇོག་མི་ཉན། མཐོན་པོ་ཚོའི་གདན་འོག་ནས་འཇོག་མི་ཉན། མི་མང་གི་སྣ་སྒོ་ནས་འཇོག་མི་ཉན། སུ་རེད། རྡོག་རྩ་གཏོར་ནོ་སུ་རེད། ག་འདྲ་ཞིག་བྱས་ནས་གཏོར་བཞིན་འདུག་གམ། བོད་ཀྱི་བདེ་སྡུག་གི་ཆེ་ས་ལ་ཤ་ཚ་ན། བདེན་པ་སྨྲ་བའི་སྨྱུག་རྩེ་ཡོད་ན། གོ་ལོ་ཐོས་ལོ་མ་ཡིན་པ་དག་ཕྲིས་ཤོག།

    དེ་མིན། ངེད་ཁའི་ཁྱིམ་མཚེ་ཚང་གི་ཨ་མའི་ལྷ་སྒྲུང་ལ་ཉན་ན་སེམས་སྐྱིད་པ་འདུག།

  7. གནམ says:
    2014-10-02 at 6:45 pm

    ཁྱིམ་མཚེས། ཤོད་ཤོག། འདི་དག་བཅོས་སོ།

  8. གནམ says:
    2014-10-02 at 6:50 pm

    གོ་ལུང་ཐོས་ལུང་ལ་བདེ་བཅོས་བྱས་སོ།

  9. ཅོ་རི་ཉི་མ། says:
    2014-10-03 at 12:55 am

    རྔ་བ་བརྒྱད་གསུམ་གཅིག་དྲུག་གིས་གནས་ལུགས་དྲུག་གསུམ་ཅོ་བརྒྱད་ཡོད་པ་ཞིག་བྲིས་འདུག་པས་དགའ་པོ་བྱུང་། ཐུགས་རྗེ་ཆེ།

  10. ལུང་རྟོགས། says:
    2014-10-03 at 5:15 am

    རྔ་བ་བརྒྱད་གསུམ་དྲུག་ཅིག་གིས་གནས་ལུག་བཤད་ཡོད་མེད་ཁོ་རང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ལྟས་ན་ཡང་གསལ་པོ་རེད།

  11. ཅོ་རི་ཉི་མ། says:
    2014-10-03 at 7:17 am

    ཐང་བོད་དབོན་ཞང་གཉིས་མཇལ་དུམ་མཛད་པའི་རྡོ་རིང་གི་ཡི་གེའི་ངོ་བཤུས།
    དེ་ཡང་ཐང་རྒྱལ་རབས་ཀྱི་ཁྲང་ཆིང་ཁྲི་ལོ་དང་པོ་གོང་མ་མུའུ་ཙུང་མཆོག་དང་བོད་ཆེན་པོའི་རྒྱལ་པོ་ཁྲི་རལ་པ་མཆོག་རྣམས་གཉིས་ཀྱིས་སྤྱི་ལོ་༨༢༡་ལོར་ཁྲན་ཨན་དུ་མནའ་གན་བཞག་ཅིང་། དེ་ནས་སྤྱི་ལོ་༨༢༢་ལོར་བོད་ཀྱི་རྒྱལ་ས་ལྷ་སར་གནའ་གན་བཞག་པ་དང་། དེ་ནས་སྤྱྱི་ལོ་༨༢༣་ལོར་བཙུགས་པའི་རྡོ་རིང་གི་ནུབ་ངོས་སུ་འདི་ལྟར་གསལ།།
    ༡་་་་༅ །།བོད་ཀྱི་རྒྱལ་པོ་ཆེན་པོ་
    ༢་་་་འཕྲུལ་གྱྀ་ལྷ་བཙན་པོ་དང།།
    ༣་་་་རྒྱའི་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ།
    ༤་་་་དབོན་ཞང་གཉིས།། ཆབ་སྲིད་
    ༥་་་་གཅྀག་དུ་མོལ་ནས།། མཇལ་དུམ་
    ༦་་་་ཆེན་པོ་མཛད་དེ་གཙྀགས་བཅས་
    ༧་་་་པ།། ནམ་ཞར་ཡང་མྱྀ་འགྱུར་པཪ།
    ༨་་་་ལྷ་མྱྀ་ཀུན་གྱིས་ཤེས་ཤིང་དཔང་བྱས་
    ༩་་་་ཏེ་ཚེ་ཚེ་རབས་རབས་སུ་གཏམ་བརྗོད་
    ༡༠་་་་དུ་ཡོད་པའྀ་ཕྱིར།། བཙྀགས་
    ༡༡་་་་ཀྱི་མདོ་རྡོ་རིངས་ལ་བྲིས་པའོ་
    ༡༢་་་་༅།། འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག
    ༡༣་་་་ལྡེ་བརྩན་གྱྀ་ཞ་སྔ་ནས།། རྒྱ་རྗེ་
    ༡༤་་་་བཱུན་བཱུ་ཧེའུ་ཏིག་ཧྭང་ཏེ་དང།། དབོན་
    ༡༥་་་་ཞང་གཉིས།། སྒམ་དཀྱེལ་ཆེན་པོས་
    ༡༦་་་་ནི།། འཕྲལ་ཡུན་ཡུལ་གྱྀ་ལེགས་
    ༡༧་་་་ཉེས་ཅི་ཡང་བསྲུང་སྟེ།། ཐུགས་རྗེ་ཆེན་
    ༡༨་་་་པོས་ནི།། བཀའ་དྲིན་གྱིས་དགབ་པ་
    ༡༩་་་་ལ་ཕྱྀ་ནང་མྱེད་པཪ།། མང་པོ་ཀུན་བདེ་
    ༢༠་་་་སྐྱིད་པར་བྱ་བ་ལ་ནྀ་དགོངས་པ་གཅིག
    ༢༡་་་་ཡུན་རྀང་པོར་ལེགས་པའྀ་དོན་ཆེན་པོ་
    ༢༢་་་་ལ་ནི་བཀའ་གྲོས་མཐུན་ཏེ།། གཉེན་
    ༢༣་་་་རྙིང་པའྀ་སྲི་ཞུ་ནྀ་དང་སྔའྀ་ཁྱྀམ་ཚེས་
    ༢༤་་་་དགྱེས་པའི་ཚུལ་སླར་དུ་བརྩེགས་པར་
    ༢༥་་་་མོལ་ནས།། མཇལ་དུམ་ཆེན་པོ་ནྀ་
    ༢༦་་་མཛད་དེ།། རྒྱ་བོད་གཉིས། ད་ལྟར་
    ༢༧་་་་དུ་མངའ་བའྀ་ཡུལ་དང་མཚམས་སྲུང་
    ༢༨་་་་ཞིང་།། དེའི་ཤར་ཕྱོགས་ཐམས་ཅད་ནྀ་
    ༢༩་་་་་རྒྱ་ཆེན་པོའི་ཡུལ།། ནུབ་ཕྱོགས་ཐམས་
    ༣༠་་་་ཅད་ནྀ་་ཡང་དག་པ་བོད་ཆེན་པོའི་
    ༣༡་་་་ཡུལ་ཏེ། དེ་ལས་ཕན་ཚུན་དགྲར་མྱྀ་
    ༣༢་་་་འཐབ།། དམག་མྱྀ་དྲང། ཡུལ་མྱྀ་
    ༣༣་་་་མརྣམ།་ཡྀད་མ་ཆེས་པ་ཞིག་ཡོད་
    ༣༤་་་་ན།། མྱྀ་བཟུང་ཞིང་གཏམ་དྲྀས་ཏེ།།
    ༣༥་་་་རྫངས་ནས་ཕྱྀར་གཏང་ངོ།།
    ༣༦་་་་ད་ཆབ་སྲྀད་གཅིག་ཅྀང།། མཇལ་
    ༣༧་་་་དུམ་ཆེན་པོ་འདྀ་ལྟར་མཛད་པས།།
    ༣༨་་་་དབོན་ཞང་དགྱེས་པའི་བཀའ་ཕྲིནད།།
    ༣༩་་་་སྙན་པས་ཀྱང་འདྲུལ་དགོས་ཏེ།།
    ༤༠་་་་ཕན་ཚུན་གྱི་ཕོ་ཉ་འདོང་བ་ཡང།། ལམ
    ༤༡་་་་རྙིང་པ་བྱུང་ནས།། སྔ་ལུགས་བཞིན་
    ༤༢་་་་བོད་རྒྱ་གཉིས་ཀྱི་བར།། ཙང་ཀུན་
    ༤༣་་་་ཡོག་ཏུ་རྟ་བརྗེས་འ།། སྩོ་ཞུང་ཆེག་དུ
    ༤༤་་་་རྒྱ་དང་ཕྲད་པ་མན་ཅད་ནྀ་རྒྱས་ཕུ་དུད་
    ༤༥་་་་བྱ།། ཙེང་ཤུ་ཧྱྭན་དུ་བོད་དང་ཕྲད་པ་
    ༤༦་་་་ཡན་ཅད་ནྀ་བོད་ཀྱིས་ཕུ་དུད་བྱ་སྟེ།།
    ༤༧་་་་དབོན་ཞང་གཉིས་ཉེ་ཞྀང་གཉེན་བའི་ཚུལ་བཞིན་
    ༤༨་་་་དུ་།། སྲྀ་ཞུ་དང་བཀུར་སྟྀའི་ལུགས་
    ༤༩་་་་ཡོད་པར་སྦྱར་ཏེ།། ཡུལ་གཉིས་ཀྱི་
    ༥༠་་་་བར་དུ་དུད་རྡུལ་ནྀ་མྱི་སྣང།། གློ་བུར་
    ༥༡་་་་དུ་སྡང་བ་དགྲའི་མྱྀང་ནྀ་མྱི་གྲག་སྟེ་
    ༥༢་་་་ས་མཚམས་སྲུང་བའྀ་མྱི་ཡན་ཅད་
    ༥༣་་་་ཀྱང་དོགས་ཤིང་འཇིགས་པ་མྱེད་པར་
    ༥༤་་་་ས་ས་མལ་མལ་ན་བག་བརྐྱང་སྟེ།། བདེ་
    ༥༥་་་་བར་འཁོད་ཅྀང།།་སྐྱིད་པའྀ་བཀའ་དྲྀན་
    ༥༦་་་་ནི་རབས་ཁྲྀའི་བར་དུ་ཐོབ།། སྙན་པའྀ་
    ༥༧་་་་སྒྲ་སྐད་ནྀ་གཉི་ཟླས་སླེབས་སོ་ཆོག་ཏུ་
    ༥༨་་་་ཁྱབ་སྟེ།། བོད་བོད་ཡུལ་ན་སྐྱིད་
    ༥༩་་་་རྒྱ་རྒྱ་ཡུལ་ན་སྐྱིད་པའྀ་སྲིད་ཆེན་པོ་
    ༦༠་་་་སྦྱར་ནས་བཙྀགས་བཅས་པ་འདྀ།།
    ༦༡་་་་ནམ་ཞར་མྱྀ་འགྱུར་བར།། དཀོན་མཆོག་
    ༦༢་་་་གསུམ་དང་།། འཕགས་པའྀ་རྣམས་དང་
    ༦༣་་་་གཉྀ་ཟླ་དང་གཟ་སྐར་ལ་ཡང་དཔང་དུ་
    ༦༤་་་་གསོལ་ཏེ།། ཐ་ཚྀག་གྀ་རྣམས་པས་ཀྱང་
    ༦༥་་་་བཤད།། སྲོག་ཆགས་བསད་དེ་མནའ་
    ༦༦་་་་ཡང་བོར་ནས།། གཙིགས་བཅས་སོ།།
    ༦༧་་་་གཙིགས་འདི་བཞིན་དུ་མ་བྱས་སམ།།
    ༦༨་་་་བཤྀག་ན།། བོད་རྒྱ་གཉིས་གང་གིས་སྔར་ཉེས་
    ༦༩་་་་པ་ལ་སྡྀག་ཅིང།། ལན་དུ་དཀུ་སྒྱུ་ཅྀ་བྱས་ཀྱང་
    ༧༠་་་་གཙྀགས་བཤྀག་པ་ལ་མ་གཏོགས་སོ།།
    ༧༡་་་་འདྀ་ལྟར་བོད་རྒྱ་གཉྀས་ཀྱི་རྗེ་བློན་གྱིས་ཞལ་
    ༧༢་་་་གྱིས་བཤགས་མནའ་བོར་ཏེ།། གཙྀགས་
    ༧༣་་་་ཀྱྀ་ཡྀ་གེ་ཞྀབ་མོར་བྲིས་ནས། རྒྱལ་པོ་ཆེན་
    ༧༤་་་་པོ་གཉྀས་གྱྀ་ནི་ཕྱག་རྒྱས་བཏབ། བློན་པོ་
    ༧༥་་་་གཙྀགས་འཛིན་པ་ལ་གཏོགས་པ་རྣམས་
    ༧༦་་་་ཀྱྀ་ནི་ལག་ཏུ་ཡྀག་ཏུ་བྲིས་ཏེ། གཙྀགས་ཀྱི་
    ༧༧་་་་ཡྀ་གེ་ཡང་སོ་སོའྀ་ཕྱག་སྦལ་དུ་བཞག་གོ

  12. ཅོ་རི་ཉི་མ། says:
    2014-10-03 at 7:23 am

    དེ་རིང་རྡོ་རིང་ངོས་ཀྱི་ཡི་གེ་འདིར་བཀོད་དོན་ནི་རྒྱལ་གཅེས་དྲ་གྲོགས་རྣམས་དང་་བོད་མི་དམངས་ཀྱིས་ཤེས་རྟོགས་ཡོང་ཆེད་དུ་ཡིན། ནུབ་ངོས་ཀྱི་ཡིག་གེ་ཆ་ཚང་བཀོད་ཡོད།

    རྒྱལ་གཅེས་དྲ་གྲོགས་དམ་པ་ཚོས་རྩ་ཆེན་ཡིག་ཆ་འདིའི་བརྗོད་བྱ་ལ་དོ་སྣང་གནང་རོགས་བྱོས་ཅེས་ཞུ་རྒྱུ་ཡིན། སྐབས་དང་དུས་ལ་བབ་དུས་བེད་སྤྱོད་བཏང་ཆོག་གི་རེད་འདོད་པས་ཡིན། ཚང་མས་ཤེས་དགོས་པ་ཡང་གལ་ཆེན་རེད་འདོད་ཀྱི་ཡོད།།

    ལྷག་པ་ཏུ་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ས་མཚམས་ཀྱི་སྐོར་ལ་བགྲོ་གླེང་རེ་བྱུང་ན་ཕན་ཐོག་འདུག་བསམས་ཀྱི་ཡོད།།།

  13. ཅོ་རི་ཉི་མ། says:
    2014-10-03 at 7:25 am

    ལྷག་པ་ཏུ་བོད་རང་བཙན་འཐབ་རྩོད་པ་ཤིག་ངོས་ནས་ཤེས་དགོས་པའི་གནད་དོན་གལ་ཆེན་རེད་བསམས་ཀྱི་ཡོད།

  14. གནམ says:
    2014-10-04 at 4:10 am

    ཙང་ཀུན་ཟེར་བ་ག་པ་ལ་རེད།
    སྩོ་ཞུང་ཆེག་ཟེར་ས་འདི་གང་ལ་རེད།
    ཙེང་ཤུ་ཧྱྭན་ཟེར་བ་འདི་གང་ཞིག་རེད།
    གོང་གི་ས་ཆ་འདི་དག། དེ་རིང་ཁ་སང་གི་ས་མྱིང་ཆུ་མྱིང་ལ་སྦྱོར་ཐུབ་པའི་ས་མྱིང་དང་ས་ཁྲ་ཡོད་ན་གསལ་ཁ་རེ་སྟེར་རོགས་ཞུ།

  15. ལྷ་མོ། says:
    2014-10-06 at 5:25 am

    གནམ་གྱི་སྡུག་ཁ་ཚུམས་ཨ་་་་་
    དུས་ཐོག་ཆར་བའི་གནས་ཚུལ་ལ་ཡི་རངས་མི་བྱེད་པར་ཁ་གཡས་འཐེན་གཡོན་འཐེན་བྱེད་པར་ངོ་མ་སུན་གི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme