Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འགྱུར་ལྡོག་གིས་བསྐྱེད་པའི་སེམས་ཁྲལ།

Posted on 2014-01-192014-01-19 By ཁ་བརྡ་ 11 Comments on འགྱུར་ལྡོག་གིས་བསྐྱེད་པའི་སེམས་ཁྲལ།

རྩོམ་པ་པོ་སྒོ་ཤེས་རབ། བརྒྱུད་སྤྲོད་པ་རྨེ་སྲིབ་ནོར་བུ།

གཅིག

ཉེ་ཆར་ལི་ཐིང་དགོན་ཆེན་གྱི་འདུ་ཁང་ཆེན་མོ་སྲེག་ཟས་ཁྱུར་མིད་བཏང་བ་དང་། བླ་རུང་ཆོས་སྒར་དང་། རྒྱལ་ཐང་གཉིས་སུའང་མེ་སྐྱོན་བྱུང་བ་སོགས་བོད་ཀྱི་ཡུལ་གྲུ་དུ་མར་མེ་ཡི་འཇིགས་པ་བསྟུད་མར་བྱུང་བས། རང་རིགས་སྤུན་ཟླ་གཞན་དག་དང་འདྲ་བར་ངའི་སེམས་ཀྱང་དེ་ཙམ་སྐྱིད་ཀྱི་མི་འདུག དེ་ལས་ཀྱང་ཐུ་བ་ཞིག་ལ། མི་རེ་ཟུང་གིས་གོད་ཆག་འདི་རིགས་ལ་བསྟན་པའི་རྣམ་འགྱུར་གོ་བས་ནི། ལྷག་ཏུ་ཀུན་རྟོག་སྒྱུ་མའི་རྟ་ཕོ་བསམ་གཞིགས་ཀྱི་ཀློང་ལ་དབང་མེད་དུ་ཤོར་རོ།།

ཅི་ལྟར་ཞེ་ན། བླ་རུང་ཆོས་སྒར་གྱི་བཙུན་མའི་གླིང་དུ་མེ་སྐྱོན་བྱུང་སྐབས། རང་རེའི་སྤུན་ཟླ་འགའ་ཞིག་གིས་ནི། མེ་ལྕེ་ལྷབ་ལྷུབ་འབར་བཞིན་པའི་ནུབ་མོ་དེ་ག་ཉིད་དུ། གདུང་སེམས་མཉམ་དུ་བསྐྱེད་རྒྱུ་ཕར་བཞག་ནས། སྐད་འཕྲིན་གྱི་ཚོགས་པ་རེ་ཟུང་ནང་དུ་གནས་ཚུལ་དེར་ཟ་དང་ཟུར་ནས་དགའ་འབོད་དང་དགོད་སྒྲ་སྒྲོག་པ་ལྟ་བུའི་རྣམ་འགྱུར་བསྟན་རབས་འདུག་སྟེ། རྒྱུ་མཚན་དྲིས་ཚེ། དེ་གའི་མཁན་པོ་ག་གེ་མོ་སྒེར་གཅོད་ཆེ་བས་ཡིན་ཞེས་སྨྲས་འདུག་པར་གཞིགས་ན། རྣམ་འགྱུར་དེ་འདྲ་སྟོན་མཁན་དག་ནི་དམངས་གཙོ་རང་དབང་ལ་དགའ་མོས་ཆེ་བ་རེ་ཡིན་ནམ་སྙམ་བྱུང་།

སྤྱིར་བཏང་། རང་རེ་ཁ་བ་ཅན་པ་རྣམས་ཀྱང་ལྟ་བ་སྣ་གཅིག་ཅན་ནས་སྣ་མང་ཅན་དུ་འགྲོ་བཞིན་པ་དང་། བསམ་བློ་ཆིག་རྐྱང་ཅན་ནས་སྣེ་མང་ཅན་དུ་ཕྱོགས་བཞིན་པའི་དབང་གིས། ཡུལ་ལུང་སོ་སོ་རུ་ཕྱི་ནང་གི་སྒེར་གཅོད་ཀྱི་དབང་ཤུགས་སུ་ལའང་མགོ་བོ་སྒུར་རྐྱང་མི་བྱེད་པར། དྲང་བདེན་དང་། འདྲ་མཉམ། རྩིས་ཐང་སོགས་གཙིགས་སུ་འཛིན་པའི་བག་ཆགས་ཤིག་གཞོན་སྐྱེས་ཚོའི་ཀུན་གཞིའི་ངོས་ནས་སད་ཀྱིན་ཡོད་པས། དེ་ནི་ཤིན་ཏུ་བསྔགས་འོས་པའི་གནས་སུ་ངས་ཀྱང་བརྩི་སྟེ། སྐྱེས་བུ་སྒེར་རེ་རེའི་ལྷན་སྐྱེས་ཀྱི་ཐོབ་ཐང་གི་ཕྱིར་དུ། དབང་ཤུགས་དང་ཟིལ་ཤུགས་ཁོ་ནར་མི་བསྟུན་པར། རྒྱུ་མཚན་དང་གནས་ལུགས་ཀྱི་ལག་ཆར་བརྟེན་ནས་རྒོལ་ལན་སྤྲོད་རུང་བ་ནི། དུས་རབས་ཉེར་གཅིག་པའི་དཔལ་ཡོན་སྤྱིའི་འགྲོ་ལུགས་ཤིག་ཏུ་གྲུབ་ཡོད་པས་སོ།།

འོན་ཏེ། ད་རེབ་ཀྱི་གནས་ཚུལ་འདི་ནི་སྒེར་གཅོད་མི་གཅོད་དང་འབྲེལ་བ་མེད་པའི་རང་བྱུང་གོད་ཆག་ཅིག་རེད་ཨང་། སྤུན་ཟླ་ཚོའི་གཞིས་ཁྱིམ་མེ་རུ་ཤོར་དུས་དང་། ཆོས་གྲོགས་ཚོའི་སྡོད་ཤག་ཐལ་བར་གྱུར་དུས། དགའ་འབོད་དང་ཐལ་སྒྲ་སྒྲོག་མཁན་གྱི་བོད་མི་ཡོད་པ་གོ་མ་ཐག་ཏུ། བླ་རུང་གི་གྲྭ་ཤག་དེ་དག་དང་འདྲ་བར་སྐད་ཅིག་ཉིད་ལ་ངའི་སེམས་པའང་མེ་རུ་འབར་སོང་། སྙིང་ཁོང་དུ་བས་བཙངས་བྱུང་། ན་ཟུག་དང་ཚ་གཟེར་སྐྱེས་བྱུང་།

གྲོགས་པོ་ཚོ། འུ་ཚོས་འདྲ་མཉམ་དང་། རང་དབང་། ཐོབ་ཐང་། དམངས་གཙོ་སོགས་གླེང་དོན་ནི། འཛམ་གླིང་གཙོ་རྒྱུགས་དང་མཐུན་པའི་ཤེས་དཔལ་གྱི་ལམ་ལུགས་ཤིག་བོད་ལའང་ཡོད་ན་ཅི་མ་རུང་སྙམ་སྟེ། ལམ་ལུགས་དེའི་འོག་ཏུ་བོད་མི་རེ་རེ་རྩིས་ཐང་ལྡན་པའི་ངང་ནས་འཚོ་ཐུབ་པའི་སྐལ་བ་ཞིག་བསུ་བའི་ཆེད་མ་རེད་དམ།

དེ་བཞིན་དུ་འུ་ཚོས་དགག་སྒྲུབ་དང་། དོགས་སློང་། དཔྱད་བརྗོད་སོགས་བྱེད་དོན་ཡང་། རང་གི་སྲོལ་རྒྱུན་གྱི་རིག་གནས་དང་གོམས་གཤིས་ལ་ཕྱི་དོར་བྱས་ནས་དེ་ལ་འོད་མདངས་གསར་པ་ཞིག་རྒྱས་སུ་འཇུག་འདོད་པ་དང་། གཞན་གྱི་ཁོག་རྒྱ་དང་བློ་གྲོས་ཀྱི་ས་བོན་བོད་དུ་དྲངས་ཏེ་སྣ་ཚོགས་ཤེས་རིག་གི་དགའ་ཚལ་རང་ལ་སྨིན་དུ་འཇུག་འདོད་པས་ཡིན་གྱི། རང་དང་ལྟ་ཚུལ་མི་མཐུན་པ་དང་། དགའ་མོས་མི་མཚུངས་པ་དག་ལ་ཕན་ཚུན་དགྲ་རུ་བལྟས་ཤིང་། གྱོད་དུ་གྱུར་ཏེ། གཅིག་གི་མགོར་སྡུག་ཐོན་དུས་གཅིག་ཤོས་ཀྱིས་དགའ་འབོད་སྒྲོག་པའི་ལམ་དུ་འགྲོ་རྒྱུ་གཏན་ནས་མ་ཡིན་ཨང་།

སྔར་རྒྱ་ནག་གི་ས་ཕྱོགས་ག་གེ་མོ་རུ། གྲུ་གཟིངས་ཤིག་མཚོ་ནང་དུ་ནུབ་ལ་ཉེ་སྟེ་གྲུ་ཐོག་གི་མི་རྣམས་ཨག་སྐད་དི་རི་རིར་གྱུར་ཚེ། ཐག་རིང་ན་ཡོད་པའི་རྒྱ་མི་དག་གིས། “ག་ལེར་ཕེབས་ཨཱ”ཞེས་སྨྲས་པའི་གསར་འཕྲིན་གྱིས་འཛམ་གླིང་ཧང་སང་བར་བྱས་སྐབས། ངས་ཀྱང་། “དེ་འདྲ་ཡིན་ནི་རེད། མི་རིགས་དེའི་ཀུན་སྤྱོད་ནི་ཅིག་ཅིག་ཅིག་དང་ཉིག་ཉིག”ཅེས་ལུང་བ་གང་བཤད་པ་ཡིན།

ཡང་ཐེངས་ཤིག རྒྱ་གྲོང་ཆེ་གེ་མོ་རུ་མཁར་མཐོན་པོ་ཞིག་གི་ཡང་རྩེ་ནས། སེམས་སྡུག་གིས་གཟིར་བའི་མི་ཞིག་མར་ལྡིང་རྩིས་བྱས་སྐབས། འོག་གི་ལྟད་མོ་པ་ཚོས། “གྲོགས་པོ། མགྱོགས་པོར་མཆོངས་དང”ཞེས་དགའ་བསུའི་ཐལ་མོ་བརྡབས་པའི་གནས་ཚུལ་གོ་དུས་ཀྱང་། ངས་སྔར་བཞིན་མགོ་བོ་གཡུག་ཞོར། “ཁོ་ཚོའི་ཀུན་སྤྱོད་ཚད་འདི་འདྲ་ཞིག་ཏུ་ལྷུང་དོན་ནི། ཅིག་ཅིག་རེད། ཉིག་ཉིག་རེད།”ཅེས་དཔྱད་པ་གཏོང་ཁུལ་གྱི་སྦྱོར་བ་ལྷུར་བླངས་སོ།། དེ་སྐད་འཆད་པའི་གནས་སྐབས་ཀུན་ཏུ། རང་གི་མི་རིགས་ལ་ནི་སེམས་བཟང་པོ་ཡོད། བརྩེ་བ་ཡོད། སྙིང་རྗེ་ཡོད། གཞན་ལ་སེམས་ཁུར་དང་རོགས་སྐྱོར་བྱེད་སྙམ་པའི་ང་རྒྱལ་དང་ཁེངས་དྲེགས་ཤིག་དུས་དང་དུས་སུ་མིག་མདངས་ལས་ཤོར་འགྲོ་ཡི་འདུག

ཡིན་ན་ཡང་། དེ་རིང་ཆོས་སྡེ་ཆེན་པོ་ཞིག་ཏུ་མེའི་འཇིགས་པ་བྱུང་དུས། ལེགས་སོའི་ཐལ་མོ་རྡེབ་པའི་བོད་མི་ཡོད་ཚུལ་དངོས་སུ་གོ་དུས། ངའི་སྔར་གྱི་ང་རྒྱལ་དེ་ནི་རྒྱུ་མཚན་ལྡན་པའི་ང་རྒྱལ་ཞིག་མིན་པ་འདྲ་བས། དར་ཅིག་ལ་ཧད་དེ་ལུས་པར་གྱུར།

 

གཉིས།

ཁོ་བོ་ལོ་ན་ཆུང་དུས་སུ། ལོ་ལོན་བགྲེས་སོང་ཚོས་ཉི་མར་བསྲོ་ཞོར་གྱི་ཁ་བརྡ་ལ་ཉན་རྒྱུར་ཧ་ཅང་དགའ། ཁོ་ཚོའི་གཏམ་གྱི་བརྗོད་གཞི་ནི་ངེས་པ་མེད་པར་ག་ས་གང་དུ་འཕྲོ་བས། ས་ཆ་གང་ཞིག་ཏུ་ཆུ་ལོག་བརྒྱུགས་པ་དང་། མེ་ཤོར་བ། ས་ཡོམ་བརྒྱབ་པ་སོགས་ཀྱི་བྱུང་བ་གླེང་སྐབས། “ཨ་ཧ་བོ། སྙིང་རྗེ”ཟེར་ནས་མིག་ཆུ་ཡང་ཡང་གཏོང་། ཁྱིམ་མཚེས་གཡས་གཡོན་དུ་བཀྲ་མི་ཤིས་པ་དང་། རྐྱེན་ངན་རེ་བྱུང་བའི་གནས་ཚུལ་བཤད་ནས། སེམས་སྡུག་གིས་དངན་པ་འཐེན་བཞིན་ཟས་ཟ་བའི་ཡི་ག་ཡང་འགག་འགྲོ་བ་ཡིན།

རེད། བགྲེས་སོང་དེ་དག་ནི་མ་གཞི་ནས་མིག་ཆུ་གཏོང་རྒྱུར་དགའ་བ་འདྲ་སྟེ། དྲི་མེད་ཀུན་ལྡན་བཙོན་གྱིས་མནར་ཚུལ་བཤད་ན་མིག་ཆུ་འཆོར། སེང་ལྕམ་འབྲུག་མོ་ཧོར་གྱིས་འཕྲོག་ཚུལ་བཤད་ན་མིག་ཆུ་འཆོར། འགྲོ་བ་བཟང་མོར་བར་ཆད་བྱུང་ཚུལ་བཤད་ན་མིག་ཆུ་འཆོར། སྣང་ས་འོད་འབུམ་སྡུག་གིས་མནར་ཚུལ་བཤད་ན་མིག་ཆུ་འཆོར། ད་དུང་། ཁོ་ཚོའི་གྲས་ན། ཨ་ཁུ་ཚང་གི་ལུ་གུ་སྤྱང་ཀིས་བསད་པ་གོ་ན་མིག་ཆུ་འཆོར་མཁན་དང་། ཨ་ཞང་ཚང་གི་ཁྱི་མོ་དུག་གིས་ཤི་བ་ཐོས་ན་མིག་ཆུ་འཆོར་མཁན་ཡང་མང་པོ་ཡོད།

འོན་ཀྱང་ཁྱད་མཚར་ཞིག་ལ། གཞན་གྱི་སྡུག་བསྔལ་གླེང་ན་མིག་ཆུ་འཆོར་སླ་བའི་བགྲེས་སོང་དེ་ཚོས། རང་ཉིད་ཀྱིས་མྱངས་པའི་དཀའ་སྡུག་གི་ལོ་ཟླ་ཕྱིར་དྲན་བྱས་དུས་མིག་ཆུ་གཏོང་བ་ཧ་ཅང་ཉུང་། འཇིག་རྟེན་ཞིག་གི་ཆག་འཇིག་ཡོད་ཚད་ཀྱི་མྱོང་བ་དངོས་སུ་བརྒྱུད་པའི་ཁོ་ཚོར་མཚོན་ན། མུ་གེས་གཟིར་བའི་ལོ་ཟླ། འཐབ་རྩོད་ཀྱིས་མནར་བའི་བསྐལ་བ། “རིག་གསར”གྱིས་བཅུན་པའི་དུས་ཚིགས་སོགས་སུ་རང་ཉིད་ཀྱི་མགོ་ལ་ཆག་སྒོ་ཅི་བྱུང་ཞིབ་ཕྲ་གསུང་རྒྱུ་ལོས་ཡོད་དེ། དེ་དག་རེ་རེ་བཞིན་གླེང་མོལ་གྱི་སྐབས་སུ། སེམས་པ་ལྷོད་ཤིག་གེ་དང་། ངོ་མདངས་བརྟན་ལྷང་ངེ་བྱེད་པ་ལས། མིག་ཆུ་འདོན་པ་ཕར་ཟད་དབུགས་འཚང་ཙམ་གྱི་རྣམ་འགྱུར་སྟོན་མཁན་ཡང་ཉུང་ལ། ད་རུང་ལན་རེར་སྡུག་བསྔལ་གྱི་མྱོང་བ་འཇིགས་རུང་དག་དགོད་ཞོར་རྩེ་ཞོར་དུ་སྨྲ་བར་བྱེད་དོ། །

ངོ་མ། བགྲེས་སོང་དེ་ཚོའི་རྒྱུད་ན་དཀའ་སྡུག་གིས་མི་ཐུལ་བའི་རུས་རྐང་ཞིག་དང་། མྱ་ངན་གྱིས་མི་ཆུན་པའི་སྤྲོ་སྣང་ཞིག་ལྷན་སྐྱེས་སུ་མངའ་བའི་ཚུལ་ད་ལྟ་དྲན་ན། བོད་མི་རྣམས་སེམས་བཟང་ཡིན། སྙིང་རྗེ་ཆེ། གློ་ཡོད། རུས་པ་མཁྲེགས། བུ་རྒོད་ཟེར་བའི་སྐད་ཆ་རྣམས་ཀྱང་བཤད་སྲོལ་ཙམ་མིན་པའི་ངེས་ཤེས་སྐྱེས། སྐྱེས་ནས་ཀྱང་ལྷད་མེད་པའི་བརྩེ་བ་དང་། ལན་ལ་མི་རེ་བའི་སེམས་ཁུར། མ་བཅོས་དག་གཙང་གི་རང་གཤིས་དེ་དག་ནི། ཤེལ་གྱི་མཆོད་རྟེན་བརྩེགས་འདྲའི་གངས་རི་མཐོན་པོ་དང་། གཡུ་ཡི་མུ་ཏིག་བཞུས་འདྲའི་གངས་ཆབ་རིང་མོ་ཇི་བཞིན། མདོ་དབུས་མཐོ་སྒང་གི་འཇིག་རྟེན་འདི་བརྒྱན་པའི་འོད་ཀྱི་ཕྲ་ཚོམ་རེ་རེ་ཡིན་པའང་ཚོར་སོང་།

 

གསུམ།

མིག་རྡེབ་ལོང་ཙམ་ལ། རང་ཉིད་བགྲང་བྱའི་ཐེམ་པ་སོ་བརྒྱད་དུ་བརྒལ་ཞིང་། བགྲེས་སོང་དེ་དག་ཀྱང་རེ་རེ་བཞིན་བཞུད་ཟིན་པའི་ཤུལ་ན། མི་རབས་གསར་པའི་དཔུང་ཁག་ཅིག་ཆར་རྗེས་སུ་ཤ་མོ་བརྡོལ་བ་བཞིན་ཐོལ་གྱིས་འཁྲུངས་བྱུང་སྟེ། ཁོང་ཅག་ནི་བློ་རིག་བཀྲ། སློབ་སྦྱོང་ལྡན། སྤོབས་པ་ཆེ། འཆར་སྒོ་ལྡན་པས་བོད་མིའི་འབྱུང་འགྱུར་ལ་རེ་བ་སྔར་ལས་ཆེའོ་ཞེས་ཀུན་གྱིས་གླེང་།
ཡིན་ཡང་། སྔར་གྱི་བགྲེས་སོང་རྣམས་དང་མི་མཚུངས་པ་ཞིག་ལ། མི་རབས་གསར་པ་དག་ནི་རང་ཉིད་སྡུག་རབས་དང་། གཙེས་རབས། མནར་རབས་ཀྱི་སྨྲེ་ངག་འདོན་པར་དགའ་ན་ཡང་། སྐྱེ་བོ་གཞན་གྱི་དཀའ་སྡུག་ལ་སེམས་ཁུར་དང་གདུང་སེམས་ཀྱི་ཚོར་བ་དེ་ཙམ་མེད་པར་མ་ཟད། གཞན་ལ་རང་བྱུང་གནོད་སྐྱོན་ཕོག་ཚེ་དགའ་འབོད་སྒྲོག་པའི་རྣམ་འགྱུར་ཚུན་ཆད་ཀྱང་བསྟན་བྱུང་བ་མིན་ནམ།

དེ་ལྟར་བསམ་ན། ད་ནི་སྙིང་རྗེའི་བློ་དང་། བརྩེ་བའི་སེམས་རྩ་བར་གྱུར་པའི་བོད་པའི་གོམས་གཤིས་དང་བག་ཆགས་མང་པོ་ཞིག་གནའ་གཏམ་དུ་འགྱུར་ལ་ཉེ་ཞིང་། གནའ་སྒྲུང་དུ་ཆགས་ལ་ཉེ་བའི་སྔ་ལྟས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་འདྲ་བས། རང་གིས་རང་ལ་དྲི་བ་ཞིག་འདྲི་དགོས་བྱུང་། གལ་ཏེ་མུ་མཐུད་དུ་འདི་ལྟར་སོང་ན། ནམ་ཞིག་བོད་ལ་དམངས་གཙོའི་ལམ་ལུགས་ཚུགས་ཤིང་། རང་དབང་གི་སྤྱི་ཚོགས་ཤིག་གྲུབ་པའི་དབང་དུ་བཏང་རུང་། མི་དང་མིའི་བར་མཛའ་བརྩེ་དང་། ཕན་སེམས་ཀྱི་ཀུན་སློང་མེད་པར་གྱུར་ཚེ། བདེ་སྐྱིད་ཀྱི་འཚོ་བའི་ཇི་ལྟར་རོལ་ལམ? མི་ཚེའི་རིན་ཐང་ཇི་ལྟར་མངོན་ནམ?

དངོས་གནས་ཏེ། གཡས་ནས་ཅིག་ཚང་མེ་ཤོར་དུས་འུ་ཚོ་དགོད་ཆོག་ལ། གཡོན་ནས་གན་ཚང་ཆུས་ཁྱེར་ཚེ་ཡང་འུ་ཚོས་འཕྱ་ཆོག་མོད། ཉིན་ཞིག འུ་ཚོ་རང་ཉིད་ཀྱི་སྡོད་ཁྱིམ་མེ་རུ་འབར་ཞིང་། མལ་ས་ཆུ་ཡིས་ཁྱེར་ན་ནི། འུ་ཚོའི་ཉེ་འཁྲིས་ཀྱི་མི་དེ་དག་གིས་ཀྱང་ཚུར་ལ་ཧབ་དགོད་དང་འཕྱ་མོད་བྱེད་ངེས་པས། དེ་དུས་འུ་ཚོས་ཇི་ལྟར་བྱའམ? དགོད་རྒྱུ་ཡིན་ནམ་ངུ་རྒྱུ་ཡིན? ཡང་ན?

རྩོམ་རིག

Post navigation

Previous Post: བསྟོད་པ་དད་གསུམ་ཁོང་ནས་ཕྱུར་བའི་ཀུ་མུད་དའི་དྲི་བསང་།
Next Post: གནམ་ནས་བརྐྱངས་པའི་སྐས་གདངས།

Comments (11) on “འགྱུར་ལྡོག་གིས་བསྐྱེད་པའི་སེམས་ཁྲལ།”

  1. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-19 at 9:47 am

    ང་ཚོར་རང་ཉིད་འཚོལ་བའི་མིའི་རིགས་རིག་པ་བ་མཁོའོ།

  2. ཨ་ཕྱི་ཆོས་སྒྲོན says:
    2014-01-19 at 12:48 pm

    ?འདི་ཅི་རེད། བླ་རུང་སྒར་ལ་མེ་ཤོར་དུས་དགའ་བའི་ཐལ་མོ་བརྡབ་མཁན་ཡོད་པ་བདེན་ནམ། དབང་རྩ་མི་ཚང་མའི་སྒོ་ཤེར་ཁོ་རང་གི་རྟོག་བཟོ་ཡིན་ནམ། གང་ལྟར་ཅི་ཟེར་ཀི་ཡོད་ཤེས་མ་སོང་།

  3. བན་དེ་བ། says:
    2014-01-19 at 1:30 pm

    རང་ཕྱོགས་ལ་ཅིག་བཤད་དུས་ཅི་ཞིག་ཚོར་བ་ཡོང་གིན་འདུག་གམ། དཔེ་དེ་བཞིན་གཞན་ལའང་དེ་ག་རང་རེད།
    སྟོན་པ་གཤེན་རབ་ཀྱིས།
    རང་གི་ལུས་ལ་དཔེ་ལོང་ལ།
    གཞན་ལ་གནོད་པ་མ་བྱེད་ཅིག
    ཅེས་གདམས་ཡོད་འདུག

  4. འཕྲིན་ལས་ལྷུན་གྲུབ་ says:
    2014-01-19 at 1:35 pm

    བཀུར་འོས་ཁ་བརྡ་ཚང་ལ་ཞུ་རྒྱུ་ཞིག་ཡོད།

    དེ་ནི་མི་རེ་འགས་བོད་ནང་གི་ངོ་ཟ་ར་ཟི་རུ་ཞིག་ཤེས་པ་ཚོའི་ཡིག་ཉོག་འདིར་མཁོ་སྤྲོད་བྱས་ནས་བཀོད་ཀི་བསྡད་ན་ཏག་ཏག་ཅིག་བསྡད་མི་འདུག་བསམས། གཅིག་ནས་དེ་ལྟར་བཀོད་ཀི་བསྡད་ན་གོ་ལོག་འབྱུང་ཉེན་ཡོད་ཁར། རེ་ཤོས་ཀྱིས་ལབ་རྒྱག་སྤྱད་བྱེད་ཀྱི་འདུག་ཟེར།

    བོད་ཕྱི་ནང་གི་དྲྭ་རྒྱ་རང་རང་སོ་སོར་ས་ཁོད་དང་བྲོ་བ་རེ་རེ་ཡོད་པ་རེད། དམིགས་བསལ་ཅན་མ་གཏོགས་དང་པོར་གང་དུ་བཀོད་བཞག་པ་དེ་ནས་ཀློག་པ་པོ་ཚོར་རོལ་དུ་བཅུགས་ན་དེས་ཡག་གི མ་གཞི་ནས་རྩོམ་སྒུལ་ཤུགས་ཅན་ཞིག་ཡིན་ན་དེ་རྩ་བ་ཉིད་ནས་འདྲེན་བཀོད་དང་རྒྱུད་སྤྲོད། ཡང་ན་མཁོ་འདོན་ཟེར་པ་འདི་མི་དགོས་པའང་ཤེས་གསལ་རེད།

    དེ་ནས་ཉེ་ཆར་སྒོ་ཤེར་སྐོར་གྱི་ཡིག་ཉོག་ཚོར་བ་སྤུངས་བརྩེགས་ཅན་དེ་ཚོའང་ཁ་བརྡར་མཁོ་སྤྲོད་པ་ཞིག་གིས་འཕྲོ་རིམ་འཕྲོར་བསྐུར་ནས་གང་མིན་ཚད་དོ་གལ་ཆེ་མདོག་གནང་སོང། ཡིན་ནའང། མཇུག་མཐར། སྒོ་ཤེར་རང་གི་རྩོམ་ལ་ལྗིད་མེད་པ་དེ་ཐབས་ཤེས་མེད་ཀྱང། བྱབ་ཆུང་ཁ་ཤས་ཀྱིས་བར་མ་བར་ནས་ཁྱི་ལས་སྐྱག་ལས་བྱེད་ཀྱི་ཡོད་ཚོད་འདུག་ལ། མཐའ་མ་བླ་ཆེན་ཀིརྟི་སྐྱབས་མགོན་མཆོག་གིས་ཀྱང་བཀའ་ཡིག་བསྩལ་འདུག ཡིན་རྒྱུ་ནི་མཁོ་སྤྲོད་པ་ཞིག་གིས་གླ་ཆ་ཞིག་རེག་པ་བརྟེན་ནས་ཁྱབ་བསྒྲགས་ས་བསྒྲགས་གནམ་བསྒྲགས་བྱས་འདུག་པ་མ་གཏོགས། བོད་ཀྱི་རྩོམ་རིག་སྒྱུ་རྩལ་རོ་ལ་ཞེན་ནས་མཁོ་འདོན་བྱས་བཞག་པ་གང་ཡང་ཡིན་ཚོད་མི་འདུག

    དེའི་ཆ་ནས་མ་འོངས་པར་མཁོ་འདོན་བྱེད་མཁན་སུ་ཡིན་ནའང་དེས་ཀ་ཁ་ག་ངའི་མགོ་སྔ་འཁྱོངས་མཁན་ཞིག་ཡིན་མིན་ལ་རྩོམ་སྒྲིག་པ་རྣམས་ཀྱིས་བསམ་ཞིབ་ཅུང་ཙམ་གནང་ནས་བཀོད་དགོས་མིན་བབ་གཟིགས་གནང་ན་ཡག་ས་རེད་འདོད།།

    དེ་བསམ་ཚུལ་ཙམ་ཡིན།

  5. སྙེ་ལྷའི་ཐུགས་སྲས། says:
    2014-01-19 at 1:44 pm

    སྤྱན་དེར་ནག་པོ་ཤ་སྟག་ལས་མཐོང་བའི་ནུས་པ་མེད་པ་འདྲ།

  6. གཡུ་འབྲུག says:
    2014-01-19 at 3:36 pm

    བོན་དང་བན་དྷེའི་རྩོད་པ་ མ་དང་བུ་མོས་རྩོད་པ་ ཨ་མས་བུ་མོར་སྨད་པ་ བུ་མོས་ཨ་མར་སྨད་པ་ དོན་དུ་རང་རང་སྨད་པ་ སྨད་ས་ནོར་བར་ཤེས་དགོས་

  7. རུ་ཤུལ་བུ་ says:
    2014-01-19 at 4:31 pm

    ཉིན་ཤས་སྔོན་ནས་སྒོ་ཤེར་གྱིས་ཅིག་བཤད་རབས་ཟེར་མོད་དེ་འདྲ་ཡིད་ཀྱང་ཆེས་མ་སོང་། འོན་ཀྱང་དེ་རིང་བལྟ་ན་དེ་ལའང་བདེན་པའི་ཆ་ཞིག་ཡོད་ཚོད་རེད།

  8. གནམ says:
    2014-01-19 at 4:59 pm

    སྒོ་ཤེས་རབ་ལོ་ལོན་ཡོད་པ་འདྲ། གནའ་མྱི་བཟང་རབས་དང་ད་མྱི་ངན་རབས་བཤད་དུས། བཤད་མཁན་ཁོས་ཆེ་ཚུགས་འཛིན་ཁུལ་རེད། སེམས་ཁྲུལ་ཆེ་ཚུལ་མ་རེད། ཁོ་རང་རང་ཅིག་ཡ་མཚན་ཞིག་ཡོད་མ་ལབ་པ་ཨོ་ཟིག་རེད། ལོ་ལོན་འདི་ཚོ་ཁ་དྲོས་ན་བཤད་རྒྱུ་མང་ཡ།

  9. ཨ་ཕྱི་ཆོས་སྒྲོན says:
    2014-01-19 at 10:47 pm

    ད་རིས་ཡིན་ན་བན་དེ་བ་ལ་ཕོག་འདུག་ག ཁ་བཤད་ལག་ཏུ་ཡོད་དགོས་ནི་རེད། འདུལ་བ་ལུང་ལས་་་རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །དགེ་སྦྱོང་ཆོས་ནི་ཇི་སྙེད་པ། །ཆོས་བཞི་དག་གིས་བསྡུས་པ་ཡིན་གསུང་ནི་རེད་ཀོ བན་ལོག། ཨ་ཁུ་སྟོན་པ་གཤེན་རབ་ཟེར་བའི་རྟོག་སྒྲུང་ཞིག་གོ་མྱོང་ཡོད། ཧཧ

  10. ཁྱུང་དཀར། says:
    2014-01-20 at 3:05 am

    ད་རེའི་འདི་སྒོ་ཤེར་གྱིས་དགུ་རོང་སྤུན་གྲོལ་ལ་རྩོམ་ལན་སློག་པའི་ཁུལ་རེད། སྤུན་གྲོལ་གྱིས་ཀྱང་བསོད་དར་རྒྱས་དང་གསེར་རྟ་སྒར་གྱི་སྐྱོན་གནས་ཁག་ཅིག་དོགས་སློང་དཔྱད་ཚུལ་གྱི་ངོས་ནས་སྤེལ་འདུག་པ་ལས་གསེར་རྟ་སྒར་མེས་འཚིག་པར་དགའ་འབོད་བསྒྲགས་པ་གོ་མ་བྱུང་།

  11. གླག་རྒོད། says:
    2014-01-20 at 10:55 am

    ཚེ་རིང་སྐྱིད་ཀྱིས་ནི། བླ་རུང་མེ་རུ་འབར་རྗེས་པོད་ཕྲིན་ལས་ཚོད་ཚོད་མེད་ལ་བསོད་དར་རྒྱས་ལ་གཤེ་ཞོར་དུ་དགའ་འབོད་ཅིག་བརྒྱབ་རྗེས། ཅི་ཞིག་གི་བསམ་མནོ་འཁོར་བ་མ་ཚོར་ཡང་མྱུར་སྟབས་ཀྱིས་བསུབ་ཟིན།
    སྨན་བླ་སྐྱབས་ཀྱིས་ནི། བླ་རུང་ལ་མེ་ཤོར་བའི་ཕྱིར་ཉིན་ཞིག་ལ་བོད་ལ་གསང་དགོས་དོན་གང་ཡིན་ཞེས་སོགས་ལོང་གཏམ་དང་དམོ་ཚིག་ཅིག་བྱས་པར། བོད་ཕྱི་ནང་གི་པོད་གྲོགས་བརྒྱ་ཕྲག་མང་པོས་ལན་ཡིད་ཚིམ་ཐག་ཆོད་ཅིག་བཟོས་པའི་ད་སྐབས་བསུབ་ཟིན་མིན་མ་ཚོར།
    འདི་ཡང་སྒོ་ཤེར་གྱིས་བྲིས་པ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme