Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟམ་གདོང་རིན་པོ་ཆེ་དང་འབྲེལ་ཏེ་སྲིད་སྐྱོང་ལགས་ལ་གསལ་བཤད། 

Posted on 2016-02-202016-02-20 By ཁ་བརྡ 35 Comments on ཟམ་གདོང་རིན་པོ་ཆེ་དང་འབྲེལ་ཏེ་སྲིད་སྐྱོང་ལགས་ལ་གསལ་བཤད། 

བློ་ལྡན།

 
འོས་བསྡུའི་ལས་རིམ་ནང་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་མཁས་མཆོག་ཟམ་གདོང་རིན་པོ་ཆེ་མཆོག་དང་འབྲེལ་ཏེ་བཀའ་མོལ་ཡ་མཚན་པ་ཁ་ཤས་གནང་སོང་། རེ་ཞིག་གསལ་བཤད་མ་ཞུས་ན་དྲག་ཡོང་བསམས་མོད། ཉེ་ལམ་བརྒྱུད་ལམ་ཁག་ཏུ་ཁོང་ལ་རྒྱབ་སྐྱོར་བྱེད་མི་བཟང་སྤྱོད་ལ་འགན་མི་འཁུར་བ་རེ་ཟུང་གིས། ”བཀའ་ཤག་གིས་ཕྱག་ལས་ཡག་པོ་གནང་བཞིན་འདུག་” ཅེས་པའི་གཤམ་དུ་རིན་པོ་ཆེའི་མཚན་བྲིས་ཅན་པར་གཞི་བཟོས་ཏེ་བཀྲམས་པ་མཐོང་བས། གནས་ཚུལ་ཞིག་མི་ཞུ་ཐབས་མེད་རེད་འདུག

unnamedསྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ཉེ་སྔོན་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། དེ་བཞིན་ནེའུ་ཡོག་གཏམ་བཤད་བཅས་སུ། ཁོང་ཉམས་མྱོང་མེད་པར་སྲིད་སྐྱོང་ལ་ཕེབས་པའི་གནས་བབ་དེ་ཕྱོགས་གཅིག་ནས་རིན་པོ་ཆེ་ཡང་དེ་བཞིན་ ”ཚོགས་གཙོ་དང་བཀའ་ཁྲི་གནང་བ་རེད་” ཅེས་དཔེར་བཀོད་པ་དང་། ཡང་བཀའ་མོལ་གནང་སྟངས་གཞན་ཞིག་ཏུ། ཚོགས་གཙོའི་སྐྱོན་བརྗོད་ལ་གསལ་བཤད་ཞུ་སྐབས། ཚོགས་གཙོས་གང་གསུང་ཡོད་པ་མདོར་བསྡུས་ན་ ”འཛིན་སྐྱོང་གི་དྲན་པ་” ཞེས་པའི་གནད་དོན་མ་རྟོགས་པར། ལྡི་ལི་དོན་གཅོད་དང་ཨ་རིའི་དོན་གཅོད་ལ་སྲིད་སྐྱོང་གིས་མར་ཐད་ཀར་སྟངས་འཛིན་དང་། ཡར་ཐད་ཀར་གནས་ཚུལ་འབུལ་གྱི་ཡོད་པ། དེ་སྔ་ཟམ་གདོང་རིན་པོ་ཆེས་ཀྱང་གནང་གི་ཡོད་ཚུལ། དེ་བཞིན་མི་མང་ལ་གཏམ་བཤད་སྐབས་ཉེ་སྔོན་༧གོང་ས་མཆོག་ཨ་རིར་ཞབས་སོར་འཁོད་སྐབས། བཞུགས་སྒར་ཉེ་འཁྲིས་གྷ་གྷལ་གནམ་ཐང་དུ་རིན་པོ་ཆེས་ཁོང་ལ་བསྟོད་བསྔགས་གནང་སོང་ཞེས་གསུངས་འདུག

གནད་དོན་དང་པོའི་ཐད་མི་མང་གིས་ཤེས་དགོས་པ་ནི། རིན་པོ་ཆེ་མཆོག་གིས་ཤེས་ཡོན་དང་འབྲེལ་ཏེ། ༡༩༦༠ ཟླ ༡༠ ནས་སིམ་ལ་གཏན་སློབ་ཀྱི་བོད་དགེ་དང་ཆོས་དགེ ༡༩༦༣ ལོར་སིམ་ལ་གཏན་སློབ་ཀྱི་སློབ་སྤྱིའི་ལས་ཚབ། ༡༩༦༤ རྡོར་གླིང་གཏན་སློབ་ཀྱི་བོད་དགེ་དང་ཆོས་དགེ ༡༩༦༥ ནས ༡༩༧༠ ལོ་མཇུག་བར་ཌལ་ཧོར་གཏན་སློབ་ཀྱི་སློབ་སྤྱིའི་ཐུགས་འགན་བཞེས། དུས་ཡུན་འདིའི་ནང་ལྷ་རམས་དང་སྔགས་རམས་དམ་འཇོག་ཀྱང་མཛད། ༡༩༧༡ ནས ༡༩༧༧ བར་ཝ་ན་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི། ༡༩༧༧ ནས ༡༩༨༨ ཝ་ནའི་སློབ་སྤྱི་དང་ངེས་སྟོན་པ་གཅིག་ལྕོགས། ༡༩༨༨ ནས ༢༠༠༠ བར་ངེས་སྟོན་པ། ༡༩༩༤ ནས ༩༥ བར་རྒྱ་གར་དབུས་གཞུང་གི་ལྟ་གྲུབ་ཉམས་ཞིབ་ལྷན་ཚོགས་ཀྱི་རྒྱལ་ཡོངས་སློབ་སྟོན་པའི་ཐུགས་འགན་བཞེས་ཏེ་རྒྱ་གར་གཞུང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་ཆོས་རིག་ཐོག་གསུང་བཤད་ཐང་མར་བརྡལ།

དེ་བཞིན་ཆབ་སྲིད་ཐད། ༡༩༧༠ ནས ༧༣ དབུས་གཞོན་ནུའི་ཚོགས་གཞོན། ཌལ་ཧོར་སློབ་སྤྱི་གནང་མུར་རང་གཞུང་ཆོས་དོན་ལྷན་ཁང་གི་མཚན་གནས་དྲུང་ཆེའི་མཛད་འགན་བཞེས། ཝ་ནར་སློབ་སྤྱི་གནང་སྐབས་བོད་རང་དབང་བདེན་པའི་ལས་འགུལ་འཛུགས་ཐུབ་པ་བྱུང་། ༡༩༩༠ ལོར་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི། ༡༩༩༡ ལོར་ཐད་བསྐོས་སྤྱི་འཐུས་དང་། ༡༩༩༦ ལོར་མདོ་སྟོད་སྤྱི་འཐུས་སུ་བདམས་ཐོན་བྱུང་སྟེ་སྐབས་དེ་གཉིས་རིང་ཚོགས་གཙོའི་ཐུགས་འགན་བཞེས། ༢༠༠༡ ཟླ ༧ ཚེས ༢༩ ཉིན་མི་མང་གིས་ཐད་འདེམས་བཀའ་ཁྲི་སྐབས་དང་པོའི་སྐབས་འོས་ཤོག་བརྒྱ་ཆ ༨༤ །༤༥ ཐོབ་པ་དང་། སྐབས་གཉིས་པའི་ཐད་འདེམས་སྐབས་བརྒྱ་ཆ ༩༠། ༢༧ ཐོབ་ནས་བཀའ་ཁྲིར་བཞེངས་པ་སོགས་བསམ་བརྗོད་ལས་འདས་པའི་མཛད་རྗེས་རགས་ཙམ་བཀོད་པ་ལས། རྒྱལ་སྤྱི་དང་རྒྱ་གར་ནང་ཆོས་རིག་སོགས་ཀྱི་ཐད་སློབ་སྟོན་གང་གནང་འདིར་བྲིས་མེད། མཁྱེན་འདོད་ཡོད་ན་ཁོང་གི་སྐུ་ཚེའི་ལོ་རྒྱུས་གང་སར་མཐོང་དུ་ཡོད་པ་ལས་ཤེས་ཐུབ། དེ་བཞིན་༧གོང་ས་ཆེན་པོས་རིན་པོ་ཆེ་མཆོག་ཌལ་ཧོར་གཏན་སློབ་ཀྱི་སློབ་སྤྱི་གནང་དུས་སྐུ་ན་ཕྲ་བའི་སྐབས་ནས་རྒྱལ་དོན་ཆབ་སྲིད་ཀྱི་གྲོས་བསྡུར་གནང་ཡུལ་དུ་གཟིགས་ཏེ་དབུ་མའི་ལམ་གྱི་དགོངས་གཞི་འཁོར་བ་གྲོས་བསྡུར་གནང་བ་སོགས་ད་བར་ཕྱི་ནང་གསང་གསུམ་གྱི་མཛད་རྗེས་རྣམས་བདག་ལྟ་བུས་བརྗོད་སྤོབས་མེད། རིན་པོ་ཆེར་བཀའ་ཁྲི་སྐབས་གཉིས་པར་མི་མང་གིས་སྔར་ལས་ཤུགས་ཆེས་རྒྱབ་སྐྱོར་གནང་བའི་ཚད་འདི་འདྲ་གཞན་ལ་ཡོད་མི་སྲིད་ཀྱང་། མི་མང་གི་མདུན་སར་བློ་བཟང་སེང་གེ་ལགས་ཀྱིས་རང་ཉིད་རིན་པོ་ཆེ་དང་བསྡུར་བ་ནི་ཉི་མ་དང་སྲིན་འབུ་མེ་ཁྱེར་རང་རེད།

དྲན་པ་བརྟན་པོ་དང་དོ་སྣང་ཡོད་མཁན་ཚོར་དྲན་གསོ་ཞུ་འདོད་པ་ཞིག་ནི། ༢༠༡༢ ལོར་གནས་མཆོག་རྡོར་གདན་དུ་དུས་འཁོར་དབང་ཆེན་སྐབས་བློ་བཟང་སེང་གེ་ལགས་ནས་གསར་འབྱོར་ཚོར་གནང་བའི་གཏམ་བཤད་ནང་། ”རིན་པོ་ཆེ་དང་ངེད་གཉིས་གཅིག་གྲྭ་པ་དང་གཅིག་མི་སྐྱ་ཡིན་པའི་ཁྱད་པར་མ་གཏོགས་གཞན་ཁྱད་པར་གང་ཡང་ཡོད་པ་མ་རེད་” ཅེས་གསུངས་པ་རེད། དེ་དུས་ནས་བློ་བཟང་སེང་གེ་ལ་ནོར་བུའི་ནོར་ཉམས་ཆོད་པའི་སྤྱན་མེད་པ་མ་ཟད། ཐུགས་ཀྱི་དཀྱིལ་འཁོར་ན་༼ང་༽མ་གཏོགས་མེད་པའི་དོགས་གཞི་ཀུན་ལ་སྤྲད་ཡོད། ད་ལྟའང་དེར་འགྱུར་བ་ཐེབས་མེད་པ་མ་ཟད། ད་དུང་ཤུགས་ཆེར་སོང་ཡོད་པ་ཧ་ཅང་གསལ་པོ་རེད། དཔེར་ན། ད་ཐེངས་ཡང་བོད་རྒྱ་འབྲེལ་མོལ་སྐོར་”བཀའ་ཤག་སྔོན་མ་དང་ལྷག་མེད་ན་ཞན་མེད་”ཟེར། བཀའ་ཤག་སྐབས་སྔོན་མའི་ལོ་རྒྱུས་ལྡན་པའི་རྒྱ་བོད་འབྲེལ་མོལ། ཁོང་གིས་མུ་མཐུད་གོམ་གང་མདུན་སྤོས་ཐུབ་རྒྱུ་ལྟ་ཅི། ཐ་ན་སྐུ་ཚབ་བསྐོ་བཞག་ཙམ་ཡང་གནང་རྒྱུ་རྙེད་མེད་པ་ཀུན་གྱིས་མཁྱེན་ནའང་། ཉི་མ་ཁ་དཀར་ངོ་དཀར་ལ་”བཀའ་ཤག་སྐབས་སྔོན་མ་དང་ལྷག་མེད་ན་ཞན་མེད་ཅེས་”ཅི་མི་སྙམ་པར་གསུང་བ་ནི། ཞལ་གྱི་སྐུ་ཤ་མཐུག་པས་རེད་དམ། ཡང་ན་མི་མང་ལ་གཟས་ནས་ཞལ་རྫུན་གསུང་བ་རེད་དམ།

དེ་བཞིན་གནད་དོན་གཞན་གཉིས་ཏེ། དེ་སྔ་བཀའ་བློན་ཁྲི་པས་ལྡི་ལི་དང་ཨ་རིའི་དོན་ཁང་གཉིས་ལ་ཐད་ཀར་གནང་གི་ཡོད་པ་རེད་ཟེར་བ་དེ་དང་། ཟམ་གདོང་རིན་པོ་ཆེས་ཁོང་གི་ཕྱག་ལས་གནང་སྟངས་ཡག་པོ་འདུག་ཅེས་གསུངས་སོང་ཟེར་བ་གཉིས་ཀ་གཞི་རྩ་མེད་པ་ཞིག་རེད།

ཁོ་བོས་ཤེས་གསལ་ལ། རིན་པོ་ཆེས་བཀའ་བློན་ཁྲི་པ་གནང་སྐབས་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་དེ་ཐད་ཀར་གནང་བ་མ་གཏོགས། གཞན་གནས་ཚུལ་ཡོངས་རྫོགས་བཀའ་ཤག་ནང་བཀའ་བསྡུར་གྱིས་སྤྱི་མོས་མང་མོས་ཐོག་གཏན་འབེབས་གནང་སྲོལ་ཡོད་པ་ནི་བཀའ་ཤག་ལྷན་ཚོགས་ཀྱི་དེ་དུས་ཀྱི་སྒྲ་འཇུག་འཁོར་ཐག་དང་ཚིག་ཐོ་རྣམས་རེ་རེ་བཞིན་ད་ལྟའང་མཐོང་ཐོས་ཡོད་པ་རྣམས་བསྔོག་བཤེར་གནང་ན་ཤེས་ཐུབ།  དེ་ནི་གསང་བ་ཆེན་པོ་ཞིག་གང་ཡང་མིན་པར། བཀའ་དྲུང་ཡིག་ཚང་གི་འབྲེལ་ཡོད་ལས་བྱེད་སུ་ལའང་བཀའ་འདྲི་གནང་ཆོག

རིན་པོ་ཆེ་མཆོག་གིས་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེ་སྐབས་འོས་མི་སུ་ལའང་བསྔགས་བརྗོད་གཏན་ནས་གནང་མི་སྲིད། རིན་པོ་ཆེ་མཆོག་གི་གསུང་གི་ཆ་ཤས་ཤིག་གིས་འོས་བསྡུའི་ནང་ཤུགས་རྐྱེན་ཐེབས་རྒྱུ་འཇིག་རྟེན་ཀུན་གསལ་རེད། རིན་པོ་ཆེ་མཆོག་ནི་ལྟ་གྲུབ་ལྡན་པའི་སྐྱེས་བུ་ཆེན་པོ་རང་གི་བྱ་བྱེད་ཀུན་གྱིས་འཇིག་རྟེན་ཀུན་ལ་མིག་དཔེ་སྟོན་མཁན་ཞིག་ཡིན་པས་དེ་འདྲ་གནང་སྲིད་དམ།

བློ་བཟང་སེང་གེ་ལགས་ཀྱིས་རྫུན་དང་ཧམ་བཤད་ཀྱི་སྐས་ལ་བརྟེན་ནས་འཛེགས་རྒྱུའི་འབད་རྩོལ་གནང་ན་མཐར་ལྷུང་རྒྱུ་མ་གཏོགས་མེད། དེང་སང་བོད་མི་མང་ཚོགས་རྣམས་མིག་གདང་བ་དང་རྣ་བ་ཕྱེ་སྟེ་བཞུགས་ཡོད་པས་མགོ་སྐོར་གཏང་མི་ཐུབ། མདོར་ན་བློ་བཟང་སེང་གེ་ལགས་ཀྱིས་༧གོང་ས་མཆོག་གིས་མཉེས་པོ་ཡོད་ལུགས་དང་། ཟམ་གདོང་རིན་པོ་ཆེས་བསྔགས་བརྗོད་གནང་ལུགས་རྐྱང་བཤད་དེ་མ་བཞུགས་པར། ལོ་ལྔའི་ནང་ལས་དོན་འདི་དང་འདི་བྱས་ཞེས་མང་ཚོགས་མདུན་རྩིས་རྒྱག་ངོ་ལྐོག་མེད་པ་ཞིག་གནང་ན། གཞི་ནས་རེ་བ་ཞིག་ཡོད་པ་ལས། ༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་ཞེས་མ་ཎི་ལྟ་བུ་ཇི་ཙམ་འདོན་ཡང་ཡོང་རྒྱུ་གང་ཡང་མེད། གང་ལགས་ཤེ་ན། ཞེན་ཁོག་ནག་པོས་བཅིངས་པའི་བོད་མི་ཧ་ཅང་ཉུང་ཤས་མ་གཏོགས། ཞེན་པ་དཀར་བའི་བོད་མི་མང་ཚོགས་གཉིད་ཡོངས་སུ་སད་དེ་ཀྲོང་ངེར་བཞུགས་ཡོད་དོ།།

༢༠༡༦། ༢། ༢༠ ཉིན།།

བསམ་ཚུལ།

Post navigation

Previous Post: བཙན་བྱོལ་བོད་མིའི་འོས་བསྡུའི་ནང་དུ་བཟང་སྤྱོད་དགོས་པའི་འབོད་སྐུལ།
Next Post: སེངྒེ་བདེན་པའི་གཡང་ཁ་གསོ་བའི་རྟེན་འབྲེལ་གྱི་གཡུ་རལ་སྔོན་པོ།

Comments (35) on “ཟམ་གདོང་རིན་པོ་ཆེ་དང་འབྲེལ་ཏེ་སྲིད་སྐྱོང་ལགས་ལ་གསལ་བཤད། ”

  1. པདྨ says:
    2016-02-20 at 7:11 am

    བློ་ལྡན་བཏགས་ཀྱང་བློ་ངན་རུལ་དུ་སོང་བ་གསལ་བོ་བསྟན་འདུག
    ངོས་ནས་བློ་སེང་གིས་ཟམ་ལ་བསྟོད་པ་ནི་ཁྱབ་སྲིད་ཁོན་ཡིན་པར་གསལ་བོ་རེད།
    བློ་སེང་ཁྱད་ཆོས་ཞིག་ནི་ཨ་རིའི་སྲིད་འཛིན་རྣམ་དང་ཐོན་ཁང་གཅིག་པས་འབུམ་རམས་མཚན་ཉིད་པ་ཞིག་དང་།བཀའ་བློན་ཟེར་ནས་ཆོས་མིན་སྲིད་མིན་གྱི་སེར་གཟུགས་ཚོ་དང་མི་འདྲ་བར་མཁས་དབང་ངོ་མ་ཞིག་རེད།
    གལ་ཏེ་ད་ཐེངས་སྤེན་ཚེ་ལ་རྒྱལ་ཁ་ཐོབ་ན་བོད་སྒྲིག་འཛུགས་ཀྱི་མདུན་ལམ་བཀག་ཚར་བ་རེད།
    མང་དུ་བཤད་པས་ཅི་ཞིག་བྲེལ།།
    སྤེན་པས་རང་དོན་གསར་བསྒྲགས་དང་།།
    བློ་སེང་སྤྱི་ཕན་མཛད་པ་གཉིས།།
    གནམ་ས་ལྟ་བུ་ཁྱད་པར་ཆེ།།

  2. དཔལ་ལྡན། says:
    2016-02-20 at 7:56 am

    བློ་སེང་ཨ་རིའི་སྲིད་འཛིན་དང་བསྡུར་ན་ཁོའི་རྟུག་དྲི་ཙམ་ཡང་མི་བྲོ། བློ་སེང་གིས་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་སྐོར་བཀའ་ཤག་སྔོན་མ་ལས་ལྷག་ཅིག་མེད་ནའང་དེ་ལས་ཞན་པ་ཞིག་མེད་ཅེས་སྤྱི་ཚོགས་གང་སར་བརྒྱ་བསྒྲགས་གནང་གི་ཡོད། འདི་ནི་འགན་ཁུར་མེད་པའི་སྐད་ཆ་རེད། བཀའ་ཁྲི་གོང་མས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་གནང་ཡོད། བློ་སེང་གིས་དེའི་ཕྱོགས་སུ་གོམ་པ་སྤོ་རྩིས་གནང་མེད་པ་འདིས་བོད་མི་རིགས་ལ་སྡོམ་རྩིས་ཅི་བརྒྱབ་ཡོད་པ་གསལ་བོ་རེད།

  3. ཟླ་གསལ། says:
    2016-02-20 at 8:32 am

    བློ་ལྡན་ཟེེར་བ་འདི་ཤར་ཕྱོགས་ཁུག་རྟ་རེད། ཁོ་སྤྱི་འཐུས་འོས་མིར་བླངས་ནས་དེ་འདྲ་བྱེད་བཞིན་ཡོད་པ་ནི་བཟང་སྤྱོད་དང་འོས་བསྡུའི་སྒྲིག་གཞི་གཉིས་ཀ་དང་འགལ་བ་རེད།

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-20 at 8:34 am

    ཧཧཧཧ་་་་་་ཟམ་གདོང་རིན་པོ་ཆེ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་མ་རེད་གདའ། ཁོང་གིས་ལས་ཀ་ནང་ལ་དགེ་སྐྱོན་མང་པོ་ཡོད་ཀྱང་ད་རེས་འདི་ན་མི་བཤད། གཙོ་ཆེ་གཞིས་བཞུགས་བོད་མིའི་རེ་བ་སྒྲུབ་ཐུབ་མིན་ལ་བལྟ་རྒྱུ་རེད་དོ།།

  5. གངས་ཕྲུག་ says:
    2016-02-20 at 8:50 am

    བློ་བཟང་སངས་རྒྱས་སྲིད་སྐྱོང་ཐོབ་དང་མི་ཐོབ་དབུས་གཙང་གི་ལག་པ་རེད་ དེ་ལ་དཔག་པས་ཁྲབ་སྟོན་མ་ཁྲབ་རང་ཁྲབ་མ་རེད་པས་ཧཧཧཧ

  6. གངས་ཕྲུག་ says:
    2016-02-20 at 8:54 am

    ཏྲེ་བྱམས་ལགས་སྲིད་སྐྱོང་སུ་ཞིག་ལ་ཐོབ་ཀྱང་གཞིས་ཞུགས་བོད་མའི་རེ་བ་ནམ་ཡང་འགྲུབ་མི་ཐུབ། གཞིས་ཞུགས་བོད་མའི་རེ་བ་གཉིས་ཡོད དང་པོ་གོང་ས་མཆོག་བོད་ལ་ལོག་རྒྱུ། གཉིས་པ་ བོད་རང་དབང་རེད་ དེ་གཉིས་སུ་ཞིག་གིས་ཀྱང་འགྲུབ་མི་ཐུབ་

  7. ཁ་བ་ཚང་། says:
    2016-02-20 at 9:16 am

    བློ་ལྡན་ལགས་ཀྱིས་གསལ་བཤད་འདི་ནི་དངོས་གནས་དུས་ཐོག་ཆར་པ་རང་རེད། སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་ལྟ་བུ་ལ་འགྲན་པའི་སྐུ་ངོ་བློ་སེང་ལ་མཚོན་ན། སྙིང་རྗེ་ཟེར་བ་ལས་སེམས་ལ་ཅི་ཡང་ཤར་དཀའ། གནས་སྐབས་ཀྱི་དོན་འགྲུབ་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་མདུན་དུ་ལྷས་སྦྱིན་ལ་ཡང་ལམ་འགྲོ་རྒྱུགས་པའི་སྐབས་བྱུང་ཡོད་ལ། ༧གོང་ས་མཆོག་གི་སྐུ་དྲུང་དུ་འཇུ་ཆེན་སོགས་ཀྱི་འདོད་དོན་ཅུང་ཟད་རེ་གྲུབ་པ་ལྟ་བུ་ཡིན། གསལ་པོར་ཞུ་དགོས་པ་ཞིག་ལ། བློ་ལྡན་ལགས་ཀྱིས། ལོ་ཚིགས་དང་སྦྲགས་ཏེ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བྱས་རྗེས་བྲིས་པ་དེ་རེད། ཟམ་གདོང་རིན་པོ་ཆེ་འདི་སྒམ་ཚུགས་ཆེ་ཞིང་སྦས་པའི་བརྟུལ་ཞུགས་ཅན་ཡིན་པ་མ་གཏོགས། འཇིག་རྟེན་ན་སྙན་གྲགས་ད་ལྟ་ལས་རྒྱས་པའི་སྐྱེས་བུ་མཆོག་ཅིག་ཡིན་པ་མིག་རྣ་ཅན་ཀུན་གྱིས་ཤེས། བློ་སེང་ལྟ་བུས་ཁོང་ལ་འགྲན་པའམ་ཁོང་དང་གྲལ་མཚེས་ལྟ་བུ་བྱེད་པ་ནི་དགོད་བྲོ་བའི་གནས་ཤིག་རེད། ད་མི་བཤད། ཨ་མདོའི་ངག་རྒྱུན་དུ། “འབའ་ལི་ཐང་རྐུ་མའི་ས་ཆ་རེད། བཤད་མི་ཉན་སྐྱབས་མགོན་འཁྲུངས་ས་རེད།།” ཅེས་པ་ལྟར་མང་པོ་བཤད་ན་མི་ལེགས། འདིའི་སྐྱབས་མགོན་ཞེས་པ་༧གོང་ས་བདུན་པ་རེད།

  8. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-20 at 9:16 am

    གངས་ཕྲུག་ལགས།
    གང་ཟག་གིས་གང་ཟག་ཚོད་མི་བཟུང་ཟེར་བ་དེ་གོ་མ་མྱོང་ངམ། དེ་འདྲ་ཁ་ཚོན་ཆོད་མདོག་ཁ་པོ་ཨང་། ཁྱོད་རང་གིས་མ་འཇོན་ན་མིའི་མ་འཇོན་པས་ཚོད་བཟུང་བ་དེར་ཐལ་ཆེ་དྲག་རེད་གདའ།

  9. ཀརྡོ་གཉེར་ཕྱག་པ་ says:
    2016-02-20 at 9:26 am

    ད་ལོ་བློ་ལྡན་ཕམ་འགྱུར་ཅིག །
    ད་ལོ་བློ་སེང་ཐོབ་འགྱུར་ཅིག །

  10. རྣམ་རྒྱལ། says:
    2016-02-20 at 10:16 am

    སྤེན་ཚེས་བློ་སེང་གིས་༧གོང་ས་མཆོད་ལ་མཛད་དཀའ་བཟོ་གི་ཡོད་པ་དང་ཟམ་གདོང་བླ་མས་ཧྲག་ཐག་ཐག་བཟོས་པའི་བོད་མིའི་གཞུང་གཏོར་བའི་ཉེན་ཁ་ཡོད་རབས་བཤད་ཡོང་དུས། བློ་སེང་ལ་བདེན་པ་མེད་ན་དེ་རེད། གཞན་ཧལ་བའི་འབུམ་རམས་པ་ཞིག་དང་༢༠༡༦ལོའི་སྲིད་སྐྱོང་འོས་མི་ལ་བཞེས་མཁན་ཞིག་གིས་ཁ་ནས་ཅི་ཡང་མི་བཤད་པར་བསྡད་ན། དེ་ནི་ཆེས་ལྗིད་ཁོག་ཆེ་བའི་ཞྭ་མོ་ནག་པོ་ཞིག་རང་མགོ་ལ་ལེན་པ་མ་རེད་དམ། དེས་ན་བློ་སེང་གིས་ཟམ་གདོང་བླ་མ་དང་རང་ཉིད་བར་གྱི་གནས་ཚུལ་དེ་མ་བཤད་ཐབས་མེད་རེད་ལ་དེ་བཤད་དགོས་པར་སྤེན་ཚེ་སོགས་ཀྱིས་བཟོས་པ་རེད། མ་གཞི་སྲིད་སྐྱོང་ལ་སྐྱོན་བརྗོད་པ་ཚོས་སྲིད་སྐྱོང་གིས་གསུང་པ་དེ་དག་བདེན་པ་མ་རེད་ཟེར་བ་དང་ཡིན་མི་སྲིད་ཟེར་བས་ཅི་ཡང་མི་ཕན། དཔང་རྟགས་ཡོད་ན་ཟམ་གདོང་བླ་མས་སྲིད་སྐྱོང་ལ་(ཁྲིས་ཀས)གསུངས་མེད་པའམ་གལ་སྲིད་ཡོད་ཡང་དེའི་དོན་འདི་རེད་ཅེས་འཛུག་མོ་ཕར་བཙུགས་ན་ཚུར་འགུག་མི་དགོས་པ་ཞིག་དགོས། གཞན་རང་གི་ཚོར་བ་གཞི་ལ་བཞག་ནས་ཟམ་གདོང་རིན་པོ་ཆེའི་མཛད་པ་ལ་ཚོད་དཔག་བྱེད་པ་ནི་རང་མཐོང་ཆེ་དྲག་པ་ཞིག་མ་ཡིན་ནམ། གལ་ཏེ་དོགས་པ་ཡོད་ན་སྲིད་སྐྱོང་ལ་ཐད་ཀ་དྲི་བ་གཏོང་དགོས། གཞན་རྒྱབ་ཞིག་ནས་ཅིག་མ་འགྲིག་འདོག་འདོག་བཤད་པ་ནི་རྒྱ་ཆེན་བོད་རིགས་ན་ཟླའི་བར་འགལ་བ་འགྲོ་བྱེད་ཅིག་དང་མི་མང་མགོ་རྨོངས་བྱེད་ཅིག་ལས་མ་འདས།

  11. བཀྲ་ཤིས། says:
    2016-02-20 at 10:21 am

    རིན་པོ་ཆེ་དེ་སྔོན་བློ་བཟང་སེང་ལ་རྒྱབ་སྐྱོར་དཔེ་ཟླ་བྲལ་བ་གནང་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་རིན་པོ་ཆེ་མང་ཚོགས་དབུས་སུ་པེབས་ནས་བློ་བཟང་སེང་གེ་རྒྱ་ནག་ལ་ཕྱིན་པའི་སྐོར་གྱི་དྲི་བར་ངས་ལན་འདེབས་མ་བྱས་ན་བློ་བཟང་སེང་གེ་ནག་པོ་ཆགས་འགྲོ་གི་རེད་ཟེར་ནས་དཀར་འདོན་གནང་ཡོད་པ་རེད། མ་ཟད་རིན་པོ་ཆེའི་འོས་ཤོག་དེ་ཡང་བློ་སེང་ལ་ཕུལ་བ་འབྲེལ་ཡོད་འགའ་ཤས་ནས་ཀྱང་མཐོང་ཡོད་རེད། ང་ནི་རིན་པོ་ཆེས་ལེགས་སོ་གནང་གི་འདུག་ཟེར་བ་དེ་དངོས་གནས་ཡིན་གྱི་རེད་དྲན་གྱི་འདུག ཡིན་ནའང་སྲིད་སྐྱོང་གི་ཕྱག་ལས་འགྲིགས་དང་མ་འགྲིགས་དེ་རིན་པོ་ཆེས་འགྲིགས་འདུག་གསུང་མ་གསུང་ལ་ལྟ་ཡག་ཡོད་པ་མ་རེད།

  12. རྣམ་རྒྱལ། says:
    2016-02-20 at 10:53 am

    བཀའ་ཤག་གིས་ཕྱག་ལས་ཡག་པོ་གནང་བཞིན་འདུག། དཔལ་ལྡན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཞེས་བློ་སེང་གི་པར་དང་མཉམ་དུ་ཡོད་པ་འདི་གོང་གི་དྲ་མིང་ལ་བློ་ལྡན་དང་མིང་དངོས་ལ་བློ་བཟང་ཆོས་འབྱོར་ཟེར་བ་དེས་བཟོས་པ་ཞིག་རེད་ཅེས་དོགས་པ་བྱེད་མཁན་འདུག དེ་ཨེ་བདེན་ནམ།

  13. རྣམ་རྒྱལ། says:
    2016-02-20 at 11:00 am

    བཀའ་ཤག་གིས་ཕྱག་ལས་ཡག་པོ་གནང་བཞིན་འདུག། དཔལ་ལྡན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཞེས་ཧིན་བོད་གཉིས་ཀ་ཡོད་པ་བློ་སེང་གི་པར་དང་མཉམ་དུ་ཡོད་པ་འདི་གོང་གི་དྲ་མིང་ལ་བློ་ལྡན་ཟེར་བ་དེས་བཟོས་པ་ཞིག་རེད་ཅེས་དོགས་པ་བྱེད་མཁན་འདུག བློ་ལྡན་ཟེར་བ་འདི་ནི་ཤར་ཕྱོགས་ཁུག་རྟ་རེད་ཅེས་ཤོད་བཞིན་འདུག འདི་ཨེ་བདེན་ནམ

  14. ལུང་རྟོགས། says:
    2016-02-20 at 11:03 am

    དེང་སང་ཁ་བརྡ་དྲ་རྒྱ་འདི་སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་སའི་གླེང་སྟེགས་ལྟ་བུ་ཞིག་ཆགས་འདུག འདི་ཁྱད་མཚར་པོ་རེད། དྲ་རྒྱ་འདིའི་དྲ་བདག་དེ་ཚོ་ཡང་ཨ་མདོ་བའི་མི་ཁ་ཤས་ཡིན་པ་ཡོད། ཆབ་སྲིད་ཀྱི་འཁྲབ་སྟོན་འདི་ཚོ་ནི་ཧ་ཅང་སྐྱུག་བྲོ་པོ་ཞིག་རེད།

  15. ཁ་བ་ཚང་། says:
    2016-02-20 at 11:09 am

    ད་བརྒྱ་སྟོང་འབུམ་ཁྲི་བཤད་ཡང་འབབ་ས་དེ་འོས་མི་གཉིས་སྡིངས་ཆ་གཅིག་ཏུ་བགྲོ་གླེང་གནང་རྒྱུ་དེ་རེད། སྐབས་དེར་གཟབ་དགོས་པ་ཞིག་ནི། བློ་སེང་གིས་རྒྱལ་ཡོངས་མང་གཙོ་ཚོགས་པའི་བགྲོ་གླེང་བདམས་པ་དེ་རེད། དེའི་ནང་བློ་སེང་གི་ཕྱོགས་གཏོགས་མང་བས། ཁ་སྔོན་གྱི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡོ་རྗེ་དགྲ་འདུལ་གྱིས་བྱེད་སྟངས་ལྟ་བུ་མི་ཡོང་བར་གཟབ་དགོས། རྡོ་རྗེ་དགྲ་འདུལ་དང་བློ་སེང་གི་བགྲོ་གླེང་རྣམས་དེའི་སྔོན་ནས་སློབ་སྟོན་པ་ཚོ་གོ་སྒྲིག་བྱས་ཟིན་པ་རེད། ད་རེས་དེ་ལྟ་བུ་མི་ཡོང་བར་སྤེན་ཚེའི་རྒྱབ་སྐྱོར་བ་ཚོས་དོ་སྣང་སྤྲད་དགོས། རྒྱལ་ཡོངས་མང་གཙོ་ཚོགས་པར་སེར་སྨད་བློ་དགའ་སོགས་ཀྱི་གོ་སྒྲིག་ཡོད། དེ་དག་ལ་གཟབ་དགོས། གཙོ་བོ་གཞན་ཞིག་ནི། འོས་མིའི་བགྲོ་གླེང་སྐབས་བློ་སེང་གི་རྒྱབ་སྐྱོར་བ་ཚོས་ངོ་ཚ་ེམེད་པའི་དྲག་སྤྱོད་དང་སྐད་ཅོར་རྒྱག་ངེས་པ་དེ་ཡིན། འོས་མི་གཉིས་ལ་ཁ་ཐུག་གི་དྲི་བ་མང་པོ་གཏོང་དགོས། དྲི་བ་བསྐོར་ནས་དྲིས་ན་མི་ཕན། དེ་ལ་ད་ལྟ་ནས་གྲ་སྒྲིག་བྱེད་དགོས། མི་དེ་ཚོར་ངོ་ཚ་དང་བཟང་སྤྱོད་མེད།

  16. བདེན་པའི་ཕོ་ཉ་ says:
    2016-02-20 at 11:21 am

    སྲིད་སྐྱོང་སྐུ་ངོ་བློ་བཟང་སེང་གེ་དང་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྣམས་གཉིས་ནི་ཉི་མ་དང་མེ་འཁྱེར་ལྟ་བུའི་རེད་
    སྐུ་ཞབས་བློ་བཟང་སེང་གེ་ལ་ 4 GB དང་ སློབ་དཔོན་ཟམ་གདོང་རིམ་པོ་ཆེ་ལ་32 GB ཡོད་པ་རེད་དོ་

  17. ཁ་བ་ཚང་། says:
    2016-02-20 at 11:24 am

    ལུང་རྟོགས་ཟ་ལ་ལགས། ཁ་བརྡ་དྲ་བའི་ནང་ཁྱེད་ཀྱི་གཞུང་མང་སྒེར་པ་བཅས་ལ་སྐྱོན་བརྗོད་ཅི་ཙམ་བྱསཔ་བརྗེད་སོང་བ་ཡིན་ནམ། ཁྱེད་ལྟ་བུས་ག་དུས་ཡིན་ན་ཡང་དེ་བཤད་ཀྱི་རེད། ཁྱེད་ཀྱིས་སྐྱོན་བཤད་ན་འགྲིག་པ་དང་། གཞན་གྱིས་བཤད་ན་མི་འགྲིག་པ་ཅི་ཡིན་ནམ། དྲ་བ་འདི་ལ་སུས་བྲིས་ན་ཡང་འགྲིག་པ་རེད།་བཀག་གི་ཡོད་མ་རེད།

  18. མངའ་རིས་ཕྲིན་ལས། says:
    2016-02-20 at 11:35 am

    ཁྱེད་རང་ཚོ་དཀའ་རོགས་རེད། བློ་སེང་དང་། སྤེན་ཚེ་སུ་ཡིན་ཁྱད་པར་གང་ཡང་ཡོད་མ་རེད། གཉིས་ཀ་ཚྭ་ཟ་མ་མྱོང་བ་གཅིག་པ་རེད། བོད་རྒྱ་འབྲེལ་མོལ་ཟེར་བ་ཞིག་ཟམ་གདོང་སྐབས་ལ་བྱུང་ཡོད་སྐད་ལ། དེ་དག་ནི་སྤུ་གུ་ལ་མགོ་གཡོག་བྱེད་བྱི་རིལ་འདྲ་བ་མི་མང་ལ་མགོ་སྐོར་ཡས་ཙམ་ལས་དོན་དུ་ཕན་འབྲས་རྡུལ་ཙམ་བྱུང་མེད། ད་དུ་ཁོ་གཉིས་སུ་ཐོབ་ཀྱང་གང་ཡང་བྱེད་རྒྱུ་ལྷག་མེད། ལོ་ལྔའི་རིང་དབུ་མའི་སྡོམ་པ་ལེན་ནས་སྐྱག་རྫུན་གྲངས་བསག་ནས་སྡད་ཡག་རེད།

  19. སྐལ་བཟང་རྒྱ་མཚོ། says:
    2016-02-20 at 7:41 pm

    ཟམ་གདོང་བླ་མས་བཀའ་ཁྲི་ཡིན་དུས་རྒྱ་ནག་གཞུང་ལ་ཡིག་ཆ་ག་རེ་བཞག་ཡོད་ཧ་ཨེ་གོ་། དོན་ཚན་ལྔ་ཅན་ཡིག་ཆ་འདིས་་བོད་ལ་རེ་བ་ཅང་ཟད་མེད་པ་་བཟོས་སོང་། ཟམ་གདོང་བླ་མིས་་སྐབས་སུ་གསར་འབྱོར་མོང་ཤོས་སླེབས་རེད་། དེ་དུས་བདག་པོ་རྒྱག་ཐུབ་མ་སོང་། ད་དང་མི་ངན་ཤར་ཁུག་འདྲ་ཁ་ཤས་ཞིག་གིས་ཡར་སྐྡུག་མར་སྐྲུག་དག་བྱས་ནས་། ཤར་ཁུག་སྤྱི་འཐུས་སླེབས་་ཁ་གཏད་ས་ཕྱིར་དགྲ་བོ་མ་རེད་ནང་ཕུ་ནུ་རེད་ལྟོས་ཨ་། འདི་ཚོ་ལ་དོག་ཟོན་བྱོས་གོ་སྤུན་ཟླ་ཚོ་། མི་ཟེཏ་ན་འབྲུག་གིས་མི་འདྲ་དགོས་་རེད་་གདའ། ཁོ་ཚོའི་མི་དམང་གིས་གཞུང་དང་རྒྱལ་པོ་ལ་གུས་བརྩི་ཡོད་། མི་རིགས་གིས་ལ་རྒྱ་ཡོད་པ་།། གཞན་གིས་སྔོན་དུ་གཞུང་དང་རྒྱལ་པོ་ལ་ངན་སྨོདམི་བྱེད་པ་། ངོ་མ་འབྲུག་མི་དེ་ཚོ་བཟང་གི།

  20. འཇིགས་བྲལ། says:
    2016-02-20 at 11:36 pm

    བོད་མི་རིགས་ཀྱི་མངོན་འདོད་འགྲུབ་དང་མི་འགྲུབ་ཟེར་བ་དེ་ནི་བོད་མི་བྱིངས་གིས་ལས་དོན་ཇི་བྱེད་ལ་རག་ལས། བོད་མིའི་མངོན་འདོད་དེ་ནི་སྲིད་སྐྱོང་ངམ་ལས་སྣེ་འགའ་ཤས་ཀྱིས་སྒྲུབ་ཐུབ་དང་མི་ཐུབ་བཤད་ནས་བསྡད་ན་དེ་ནི་དྲང་པོ་མ་རེད། བོད་དོན་ནི་རྩམ་ཟན་ཡོད་དོ་ཅོག་གི་འགན་ཡིན་པ་མ་གཏོགས་མི་མང་བྱིངས་ནས་རང་སྣང་གང་དྲན་བྱས་ནས་སྐབས་རེ་རང་ལ་ཚོར་བ་ཙམ་ཡང་ཨེ་ཡོད་བསམ་པ་དེ་འདྲ་ནི་ཆེས་མང་བས་བློ་ཕམ་གྱི་གནས་སུ་གྱུར། དྲ་ཐོག་ཡི་གེ་འདྲ་བྲིས། ཁ་སྙན་པོ་དང་རྫིག་པོ་འདྲ་བཤད་ནས་མ་སྡོད། ལོངས་ཤོག་བོད་པ་ཚོ། གཞན་ལ་སྐྱོན་བརྗོད་རང་བྱས་ནས་མ་བསྡད་པར་བོད་མིའི་མངོན་འདོད་འགྲུབ་པའི་ཐབས་ལམ་སྐོར་ལ་གསུང་ཡ་འདྲ་མི་འདུག་གས།།

  21. ལུང་རྟོགས། says:
    2016-02-20 at 11:37 pm

    ཁ་བ་ཚང་བྷེ་འཇོ། ངས་སོ་སོའི་གཞུང་དང་མི་མང་ལ་རྒྱབ་སྐྱོར་བྱས་པ་ལས་སྐྱོན་བརྗོད་བྱས་མྱོང་མེད། སྒེར་པ་དྲ་འབུ་རེ་ཟུང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། འདི་ནི་ཁོ་རང་ཚོའི་བཤད་སྟངས་ལས་སྟངས་མ་འགྲིག་པ་ལ་རྟེན་ནས་ཡིན་པ་ལས་ངས་གཞི་རྩ་མེད་པའི་སྐྱོན་འཛུག་བྱས་བཞག་པ་མེད། དྲ་བ་འདི་ཕྱོགས་ལྷུང་མེད་པའི་དྲང་བདེན་གྱི་ལམ་ལ་འགྲོ་རྒྱུ་དེ་ངའི་རེ་བ་ཡིན།

  22. བཀྲ་ཤིས་ཉི་མ་ says:
    2016-02-21 at 12:13 am

    ངས་འདི་ནས་ཚིག་དྲངས་པོ་ཞིག་བཤད་ན་འདོད། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་རླབས་ཆེན་ཞིག་ཏུ་ངེས་འཛིན་བྱེད་བཞིན་ཡོད། མ་ཟད་ངའི་བླ་མ་ཡང་ཡིན། འོན་ཀྱང་ད་ལྟའི་སྲིད་སྐྱོང་ལས་ཐོག་ནང་བཞིན་རྒྱལ་སྤྱིའི་སྟོང་ཐོན་ནས་གཏམ་བཤད་བྱས་པ་སོགས་ཕལ་ཆེར་མེད་པ་ལྟ་བུ་རེད། ལྷག་པར་དུ་བོད་པ་ནང་ཁུལ་དང་ཧི་མ་ལི་རི་རྒྱུད་ཀྱི་རིགས། རྒྱ་གར་འགའ་ཤས། དེ་བཞིན་བོད་དོན་རྒྱབ་སྐྱོར་ཁ་ཤས་ངོ་ཤེས་མཁན་ཡང་མེད། བོད་ནང་ལ་ཆ་མཚོན་ནའང་ཟམ་གདོང་རིན་པོ་ཆེ་ངོ་མི་ཤེས་མཁན་ཉུང་མཐའ་བརྒྱ་ཆ་ལྔ་ཡོད་པ་རེད། དེ་བས་རྒྱ་ནག་ནང་ལྟ་ཅི་སྨྲོས། འོན་ཀྱང་བློ་བཟང་སེང་གེ་ནི་དེ་ལས་ལྡོག་དེང་གི་དྲ་རྒྱ་བེད་སྤྱོད་མཁན་གྱི་རྒྱ་ནག་མི་རིགས་དང་། ཉི་ཧོང་། རྒྱ་གར་སློབ་ཕྲུག ཨ་རི། ཡོ་རོབ། སོགས་ས་ཡ་མང་པོས་བློ་སེང་ལ་རྒྱུས་ལོན་བྱས་དང་བྱེད་བཞིན་ཡོད། དེ་ནི་ཁོས་སློབ་སྦྱོང་བྱེད་སའི་སྙན་གྲགས་ཆེ་བ་དང་། ཁོང་སྲིད་སྐྱོང་ལ་ལོངས་༧ གོང་ས་མཆོག་གིས་སྲིད་ཀྱི་སྐུ་དབང་ཆ་ཚང་མི་དམངས་སྟེ་རྒྱལ་སྟེང་བཀའ་སློབ་མང་པོ་ཕེབས་པ་སོགས་ཀྱིས་ཡིན་པ་རེད།

  23. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-02-21 at 2:08 am

    མཛའ་བཤེས་མན་པར་འདོད་རྣམས་ཀྱིས།
    གང་ཞིག་སྨྲས་པ་མི་འཛིན་པ།
    རུས་སྦལ་ཁ་ནས་ཤིང་ཤོར་ལྟར།
    དེ་ནི་ལྷུང་ཞིང་ལུས་པར་འགྱུར།།

    བློ་ལྡན་ལེགས་ཀྱིས་བྲིས་པ་བཀླགས་ནས། འདུལ་བ་ན་་བཞུགས་པའི་ཚིགས་བཅད་འདི་ཡིད་དུ་འོངས། གཙང་བཀྲ་ཤིས་ལྷུན་པོ་རུ་བཀའ་འགྱུར་སྒྲོགས་པར་དགེ་རྒན་མཆོག་གིས་ཚབ་ཏུ་འགྲོ་བ་གོང་གི་ཚིགས་བཅད་འདི་མཇལ་བ་ཡིན།
    ་
    བོད་ཚིག་ཉམས་པ་དང་། ཡིག་སྐད་ན་ཡོད་པ་བཞིན་འགྲོ་ན། བོད་ཡོངས་ཀྱིས་གོ་བ་ལ་ཕན་པར་སེམས།
    དེ་དག་ནི། མེད་པ་མ་ཟད། པ་ལ་ར་རྗེས་འཇུག་ཆད་པས་དོན་དག་ཀྱང་ཆད་པ་འོང་། རྒྱག་་པ་དང་ ད་ཐེངས་ ལ་རྒྱབ་པ་དང་། ད་ལན་ཞེས་འབྲི་ཐུབ་ན། བོད་ཀྱི་ཡི་གེ་འབྲི་སྲོལ་དང་སྐད་ཡིག་མི་ཉམས་པ་ལ་ཕན་ནོ།

  24. ཀརྡོ་གཉེར་ཕྱག་པ་ says:
    2016-02-21 at 2:29 am

    བློ་སེང་སྲིད་སྐྱོང་འོས་སྟངས་བཞི།།
    ་
    སྤེན་ཚེ་དད་པ་ཆེ་ཡང་ཆང་རག་མང་། །
    བློ་སེང་དད་པ་ཆུང་ཡང་ཆང་རག་ཉུང་། །་
    ་
    སྤེན་ཚེས་དཔལ་འབྱོར་མཁས་ནོར་གྱིས་དབུལ། །
    བློ་སེང་ཁྲིམས་ལུགས་མཁས་པས་ཀུན་གྱིས་བཀུར། །
    ་
    སྤེན་ཚེས་ལོ་མང་ལས་དུས་་རྙོག་གླེང་མང་། །
    བློ་སེང་ཡུན་ཐུང་སྙན་གྲགས་རྙོག་གླེང་ཉུང་། །
    ་
    སྤེན་ཚེས་གནང་གཉེན་སྤྱོང་ལ་མཁས་ན་ཡང་། །
    བློ་སེང་ཕྱི་དགྲ་འདུལ་ལ་དེ་བས་མཁས། །
    ་
    དེས་ན་ད་ལོའའི་སྲིད་སྟེགས་དེ། །
    སྤེན་ཚེ་ལས་ལྷག་བློ་སེང་ལེགས། །
    ་
    ཀརྡོ་ང་ཡི་བསམ་འཆར་ཡིན།།

  25. ལུང་ཤོར། says:
    2016-02-21 at 9:20 am

    ཏྲེ་ཧོར་བྱམས་པ་རིན་ཆེན་དང་ཀརྡོ་གཉེར་ཕྱག་པ་ཟེར་མཁན་དེ་ཚོ་ཞེན་ཁོག་གི་དུག་ཆུས་མྱོས་པ་ཙམ་ལས་གནད་ལུགས་དང་གཟུར་གནས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་སྤོབས་མེད་པ་དེ་འདྲ་དཔེ་རེད། ཁྱེད་ཚོའི་གཡམ་རྒྱུགས་བྱེད་སྟངས་འདི་ལྟར་མཐོང་དུས་ངས་སྔོན་འགྲོའི་སྐབས་བློ་སེང་ལ་བླུགས་པའི་འོས་ཤོག་གཅིག་པུ་དེས་འོས་གྲངས་ལ་ཁྱད་པར་མི་བཟོ་ཡང་དངོས་གཞིའི་སྐབས་མི་འཕེན་ཐག་ཆོད་ཡིན།

  26. ལུང་རྟོགས། says:
    2016-02-21 at 11:01 am

    ལུང་ཤོར་ཟེར་བ་ལགས། ཁྱོད་རང་གིས་སྔར་ཡང་འཕང་མེད་པ་ཤེས་ལ་མ་འོང་པར་ཡང་འཕང་མ་འཕང་ཅི་ཡང་མེད། མི་མང་མང་ཆེ་བས་སྲིད་སྐོང་ལ་འོས་འཕེན་རྒྱུའི་གྲ་སྒྲིག་ཨང་གསར་རེད།

  27. ཁ་བ་ཚང་། says:
    2016-02-21 at 11:02 am

    ལུང་རྟོགས་པན་ཇོ། ཞ་ཊི་ཨ་ཕི། ཁྱེད་རང་ལྟ་བུས་ངར་གཏམ་བཤད་པ་མི་ལེགས། ཁྱེད་འདྲ་པོ་ཞིག་དྲང་པོ་ཡིན་ན། བོད་མི་རིགས་འདི་ཚར་སོང་བ་རེད་ལོ། བློ་བཟང་སེང་གེ་འདི་དངོས་གནས་སྙིང་རྗེ་གི་འདུག་་་་ཁོ་བུ་གུ་ནང་བཞིན་རེད། ཁོ་ལ་ཅི་རི་དང་མཉམ་དུ་འཇིགས་སྐུལ་བྱས་པ་རེད། ཁོ་ནི་འཁྲབ་སྟོན་པ་རེད། ཁོའི་རྒྱབ་ལོག་གི་མི་ཚོ་ནི་འཁྲབ་ཁྲིད་པ་རེད། བློ་སེང་ལ་རང་དབང་མེད། དངོས་གནས་སྙཱིང་རྗེ། འཇུའི་བུ་མོ་དང་སྐྱབས་མགོན་ཨོ་རྒྱན་སྤྲུལ་སྐུ། ད་དུང་མང་པོ་ཡོད། མྱངས་ཡ་དེ་ཆུ་སྒང་གསར་པ་རེད།

  28. ནེའུ་ཡོག་བསོད་ནམས། says:
    2016-02-21 at 12:31 pm

    དྲ་གྲོགས་རྙིང་པ་ལུང་རྟོགས་ཀྱིས་ཁ་བརྡའི་ཐོག་ཏུ་སྡུག་སྐད་འདོན་འགོ་བརྩམས་སོང་། དེ་ཅུང་ཙམ་ཁྱད་མཚར་ཞིག་ཏུ་མཐོང་སོང་།

    རྔ་ལ་དབྱུ་གུས་མ་བསྣུན་བར།། དེ་སྲིད་གཞན་དང་ཁྱད་པར་ཅི།། ཞེས་པ་ལྟར། ད་ནི་རྔ་ལ་དབྱུ་གུས་བརྡུང་བའི་དུས་ཚོད་ལ་སླེབས་ཡོད་པས། མང་ཚོགས་ཀྱི་བགྲོ་གླེང་དང་དྲི་བ། དཀྲོགས་གཏམ་དང་དམོད་ཚིག་བཅས་ལ་གཡོལ་ཐབས་ཡོད་མ་རེད། 

    ང་ཚོའི་ཁྲི་ཐོག་གི་སེང་གེ་ལ། དམངས་གཙོའི་བགྲོ་གླེང་གི་དྲི་བ་རེ་རེ་དྲིས་ཡོང་དུས། སེང་གེ་དེ་ཤོག་བུའི་སེང་གེ་ཡིན་མིན་དང་། དེའི་གཤམ་འོག་གི་སེང་ཕྲུག་དེ་ཚོ་ཁྱི་ཕྲུག་ཡིན་མིན་གྱི་བརྡར་ཤ་གཅོད་པ་ནི། བློ་སེང་དང་ཁོང་གི་རྒྱབ་སྐྱོར་བ་ཚོའི་གཏམ་སྤྱོད་ལ་རག་ལས་པ་ཞིག་རེད། ཚིག་ངན་གྱི་ཕྲེང་བ་སྤེལ་བཞིན་པ་འདི་ནི་རང་ཚུགས་ཤོར་བཞིན་ཡོད་པའི་རྟགས་ཞིག་ཏུ་མ་གཏོགས་གཞན་ཅི་ལ་ངོས་འཛིན་བྱེད་དམ།

  29. ཀརྡོ་གཉེར་ཕྱག་པ་ says:
    2016-02-21 at 12:36 pm

    #25 ལུང་ཤོར། ་ལགས་ཀྱིས་སྤེལ་དོན།:
    February 21st, 2016 at 9:20 am
    ཏྲེ་ཧོར་བྱམས་པ་རིན་ཆེན་དང་ཀརྡོ་གཉེར་ཕྱག་པ་ཟེར་མཁན་དེ་ཚོ་ཞེན་ཁོག་གི་དུག་ཆུས་མྱོས་པ་ཙམ་ལས་གནད་ལུགས་དང་གཟུར་གནས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་སྤོབས་མེད་པ་དེ་འདྲ་དཔེ་རེད། ་་་་་་་་་་་་ ཟེར། ཧཧཧཧ། ཧོ་ཧོ།། །།

  30. ལྷ།བྱ་འཕུར་མ། says:
    2016-02-21 at 2:22 pm

    ཧ་ཧ་ཧ།སེང་གེའི་སེང་ཕྲུག་དང་སྤེན་པའི་སྤེན་ཕྲུག་ཚོ་ལ་ལྟད་མོ་འདུག མུ་མཐུད་དུ་ཡིན་ད། སྐྱག་པ་སྔོག་ཚེ་སྐྱག་དྲི་མང་ཙམ་བྲོ་ཡི་རེད་དོ། གནས་ལུགས་དང་རྒྱུ་མཚན་མེད་པའི་མཆན་དག་ནི་བོང་བུའི་རྟུལ་ལིི་ལབང་དོད་ཀྱི་མ་རེད་དོ།

  31. ཀརྡོ་གཉེར་ཕྱག་པ་ says:
    2016-02-22 at 12:47 am

    ངས་བློ་སེང་རྒྱབ་སྐྱོར་བྱས་པ་རེད། གཞན་པ་ཚོས། སྤེན་ཚེ་རྒྱབ་སྐྱོར་བྱས་པ་དེ་ཡང་བོད་སྤྱི་དོན་ལ་བསམས་ནས་བྱས་པ་རེད། དེ་དམ་ཉམས་པ་བོད་མིན་རྒྱ་མིན་དེ་ཚོ་སྲང་ལམ་དུ་ལྷག་པ་ནི། སྙིང་རྗེ་བའི་ཡུལ་རེད་གདའ།

  32. ཀརྡོ་གཉེར་ཕྱག་པ་ says:
    2016-02-22 at 12:49 am

    སྲིད་སྐྱོང་འོས་མེ་གཅིག་ལ་རྒྱབ་སྐྱོར་གྱིས། གཅིག་ལ་འོས་བླུགས། དེ་ནས་འོས་དེས་ཕན་ན་ཕན། གནོད་ནའང་གནོད། སོ་སོའི་ངོས་ནས་འགྲིགས་པ་རེད་དོ།།

  33. རང་བཙན་བུ། says:
    2016-02-22 at 9:58 am

    དེང་སང་མི་ལ་རང་ཚུགས་ཅང་མི་འདུག ཁ་སྔོན་ངའི་ངོ་ཤེས་ཁ་ཤས་ཡོད་པ་ཚང་མ་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བ་དང་འོས་བླུགས་པ་རེད། དེ་དུས་ང་ཚོ་ཚང་མས་རང་བཙན་རང་བཙན་བཤད་པ་རེད། ངས་ནི་ཁོང་ཚོས་བཤད་པ་དེ་དངོས་གནས་རེད་བསམ་བྱུང་། དེ་རིང་ཁ་སང་ཁོང་ཚོ་ཚང་མ་ཡང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་ཟེར་ནས་རྒྱུག་གི་འདུག ད་དུང་ང་ལ་ཡང་ཤོག་ཟེར། ད་དེ་ག་རེ་ཡིན་ཟེར་དགོས་རེད།

  34. དཔལ་དོན་ says:
    2016-02-22 at 10:57 pm

    རང་གི་འདོད་བློ་དང་མ་མཐུན་པ་རྣམས་ལ་སྤྱི་ཚོགས་ཀྱི་ནག་ཉེས་ཆེ་ཤོས་འཛུགས་ཐབས་བྱེད་རྒྱུ་ལ་ངོ་ཚའང་གཏིང་བརྗེད་དུ་བསྐྱུར། ཤེས་མེད་གླེན་ཚུགས་འདི་སྤྱི་ཚོགས་ཀྱི་གདོང་ལ་འཇོག་རྒྱུར་བག་ཙམ་ཡང་མི་ཚ་བ་ནི་ཡ་རེ་ང།

    དེ་བཞིན་ཕྱོགས་ཞེན་ཆོལ་ཞེན་ཞེས་ཡང་ཡང་བཟློ་བཞིན་པ་འདི་དག་ནི་ཕྱོགས་ཞེན་ཆོལ་ཞེན་གྱི་འབྱུང་རྩ་དངོས་གནས་དེ་རེད་དོ།

  35. ལྷ་མོ། says:
    2016-02-24 at 4:36 am

    བློ་ལྡན་མིང་ཅན། བློ་སེང་གིས་ཟམ་གདོང་རིན་པོ་ཆེ་ཡང་ཉམས་མྱོང་མེད་པར་ཚོགས་གཙོ་དང་བཀའ་ཁྲིར་ཕེབས་པ་རེད་ཅེས་རྩ་བ་ནས་གསུངས་མེད། སྐྱག་རྫུན་མ་བཤད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme