Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞེད་སྣང་གིས་གཅུན་པའི་མི་ཞིག་ལ་ཐོབ་པའི་སློབ་གསོའི་འབྲས་བུ་གླེང་བ།

Posted on 2014-11-032014-11-03 By ཁ་བརྡ་ 28 Comments on ཞེད་སྣང་གིས་གཅུན་པའི་མི་ཞིག་ལ་ཐོབ་པའི་སློབ་གསོའི་འབྲས་བུ་གླེང་བ།

མི་ཞུན། ཝཱཎ་མཐོ་སློབ།

ཞེད་སྣང་གིས་གཅུན་པའི་མི་ནི་ནམ་ཡིན་ནའང་བག་འཁུམས་དང་སྙིང་ཞུམ། ངོ་ཚ་དང་སྤོབས་བྲལ། གདེངས་མེད་དང་ཐེ་ཚོམ་སོགས་ཀྱི་གཟེངས་ཆེ་བའི་ཚེར་ལྕགས་ཀྱི་རྐོན་པའི་ནང་ན་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་རི་དྭགས་ཤིག་དང་གཉིས་སུ་མ་མཆིས་པ་ཞིག་རེད་ཨང་སྙམ་པའི་ཚོར་བ་རྣོན་པོ་འདི་དེ་རིང་ཁ་སང་གཞི་ནས་ངའི་ལུས་སེམས་ཀྱི་ཕྱི་ནང་བར་གསུམ་ནས་རྔུལ་ཆུ་བཞིན་ཕྱི་ལ་བཞུར་ཡོང་གི་འདུག
ཞེད་སྣང་གིས་གཅུན་པའི་མི་ནི་ཧ་ཅང་འབེལ་བོ་སྟེ། ལྷག་པར་དུ་ང་ཚོ་བོད་ཁ་བ་གངས་ཅན་གྱི་སྤྱི་ཚོགས་དང་ཁོར་ཡུག་གི་ཁྲོད་ན་གད་སྙིགས་བཞིན་ཤིན་ཏུ་མང་། དེ་ནི་ཕལ་ཆེ་བ་སློབ་གྲྭས་བསྐྱངས་པའི་སློབ་མ་དང་གྲྭ་བས་གཉོར་པའི་གྲྭ་ཕྲུག་དག་ཡིན་ཞིང་། ཁོང་ཚོ་ནི་ཞེད་སྣང་གིས་གཅུན་པའི་སློབ་གསོའི་འོག་གི་མི་སྣ་གཙོ་བོ་དག་ཡིན།

གཞན་དུ་ན། ཆུང་དུས་ནས་ཕ་མ་དང་སྤུན་མཆེད་དག་གི་འགྲམ་ནས་ཀྱང་ཞེད་སྣང་གི་སློབ་གསོ་མྱངས་དགོས་ཏེ་ཕ་མ་ལ་ལས་རང་གི་བུ་ཕྲུག་ལ་བརྩེ་བ་སྤྲོད་སྟངས་མ་ཤེས་པའི་སྒོ་ནས་ནམ་ནམ་ཞར་ཞར་དུ་གཤེ་གཤེ་གཏོང་བ་དང་གཅར་བརྡུང་བྱེད་པ། བུ་ཕྲུག་གི་མདུན་ནས་བཟའ་འཁོན་བརྒྱག་པ་དང་ཁ་འཛིང་བྱེད་པ། ཐ་ཤལ་གྱི་ཚིག་ངན་སྤྱོད་པ། བུ་ཕྲུག་ལ་མིང་ཐོལ་སྣ་ཚོགས་འདོགས་པ། བྱིས་པ་ལ་ཁ་མ་མང་ཞེས་དང་། བྱིས་པ་ལ་ཇ་དང་ཚྭ་དང་སྐད་ཆ་གསུམ་མི་དགོས་པ་ཡིན་ཞེས་བྱིས་པའི་ཐོབ་ཐང་དེ་ཐོག་མ་ཉིད་ནས་དམའ་ས་དམའ་ས་ཞིག་ལ་འཕངས་ཏེ་མཐོང་ཆུང་དང་སྣང་མེད་བྱས་པའི་རྐྱེན་གྱིས་བོད་ཀྱི་བྱིས་པ་མང་པོ་མང་པོ་ཞིག་གི་སེམས་ཀྱི་གཏིང་རོལ་ལ་བཀྲུས་ན་མི་དག་པ་དང་བསལ་ན་མི་སེལ་བའི་རྨོངས་འཐོམས་དང་བག་འཁུམས་ཀྱི་གཡའ་དྲི་སྟུག་པོ་སྟུག་པོ་ཞིག་བསྐྲུན་བཞག་ཡོད་པ་རེད། དེ་ནི་བོད་ཀྱི་བྱིས་པ་ཚོ་ཐོག་མའི་འཚར་ལོངས་བྱུང་སའི་ཁོར་ཡུག་སྟེ་རང་ཁྱིམ་ནས་མགོ་བཙུགས་པ་དང་ཕ་མ་གཉིས་ཀྱིས་རང་གི་བུ་ཕྲུག་གི་མགོ་མནན་ནས་ཡར་འབུར་དུ་མ་བཅུག་པའི་འབྲས་བུ་མངོན་གསལ་བ་ཞིག་ཀྱང་རེད་དོ།།

གཉིས་པ་དེ་བྱིས་པ་དག་ཕ་མས་རེ་བ་དང་བཅས་ཏེ་སློབ་གྲྭར་བསྐྱལ་བ་དང་། སློབ་གྲྭ་ནས་དགེ་རྒན་དང་ལས་བྱེད་ཚོས་སྒྲིག་གཞི་དམ་པོའི་ལྕགས་མཁར་གྱི་ནང་ལ་བཅུག་སྟེ་ཁ་ནས་སྤྱོ་བ་དང་ལག་ནས་བརྡུངས་པ། སེམས་ནས་བརྣག་པ་དང་ཕྱི་ནས་འཕྱ་བ་སོགས་ཀྱི་དྲག་རྩུབ་དང་གདུག་རྩུབ་ཁོ་ནའི་ལས་མ་རུང་རྐྱང་རྐྱང་སྤྱད་པ་ལ་བརྟེན་ནས། བྱིས་པ་ལ་ལ་ཞིག་རང་བཞིན་གྱིས་བག་འཁུམས་ནས་སློབ་སྦྱོང་ལ་སྤྲོ་སྣང་མེད་པ་དང་། སློབ་གྲྭ་ལ་འགྲོ་འདོད་མེད་པ། དགེ་རྒན་ལ་སྙིང་ལངས་པ་སོགས་ཀྱིས་མཚོན་ཐ་ན་སློབ་གྲྭ་ནི་བཙོན་ཁང་དང་དགེ་རྒན་ནི་གདོན་འདྲེ་བཞིན་དུ་ཚོར་ནས་སློབ་གྲྭ་རིག་ན་མགོ་ན་བ་དང་དགེ་རྒན་མཐོང་ན་དངངས་སྐྲག་སྐྱེས་ཏེ་བྲོས་འགྲོ་དགོས་པའི་གནས་སྟངས་སུ་གྱར་ཡོད།

ལྷག་པར་དུ་ཚོགས་ཐུན་གྱི་སྐབས་སུ་དགེ་རྒན་གྱིས་སློབ་མ་རེ་རེའི་སེམས་ཁམས་དང་མི་གཤིས། རིག་དཔྱོད་དང་མོས་ཁམས་སོགས་ལ་བརྟག་ནས་བབ་བསྟུན་གྱི་སློབ་ཚན་འཁྲིད་པ་ནི་ཤིན་ཏུ་དཀོན་པ་དང་། སློབ་མ་དང་དགེ་རྒན་གྱི་དབར་ལ་ནང་ཚགས་དང་གྲོགས་པོའི་འདུ་ཤེས་ཀྱིས་བློ་བསྐྱེད་གུ་ཡངས་ཀྱི་བགྲོ་གླེང་དང་རྨོངས་སེལ་དོགས་གཅོད་ཀྱི་དྲི་བ་དྲིས་ལན་ནི་དེ་ལས་ཀྱང་དཀོན་པའི་དོན་དག་ཅིག་ཡིན་པ་རེད། ལྷག་པར་དུ་དགེ་རྒན་དང་སློབ་ཕྲུག་དབར་གྱི་རྒྱང་ཐག་ནི་ཁྲི་ཤོར་རྒྱལ་མོའི་ཕ་རོལ་ཚུར་རོལ་ལྟ་བུ་རེད།

དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས། བོད་ཀྱི་སློབ་མ་ཕལ་མོ་ཆེ་བ་ཞིག་སློབ་འབྲིང་དང་སློབ་ཆེན་ལ་སླེབས་ན་ཡང་ད་དུང་དགེ་རྒན་དང་བློ་ཐག་ཉེ་བའི་སྒོ་ནས་དོགས་འདྲི་བྱེད་མི་སྤོབས་པ་དང་། བགྲོ་གླེང་བྱེད་མི་སྤོབས་པ། སྐད་ཆ་བཤད་མི་སྤོབས་པ་སོགས་ཀྱི་རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་སློབ་མ་རང་གི་བསམ་བློ་དང་འདུ་ཤེས། སློབ་སྦྱོང་དང་རིག་རྩལ་སོགས་ཀྱི་ཡར་རྒྱས་ལ་ཡང་རང་བཞིན་གྱིས་བཀག་རྒྱ་དང་གནོད་ཚབས་ཆེན་པོ་ཞིག་ཐེབས་ཀྱི་ཡོད། ཁྱད་པར་དུ་སློབ་མ་མང་ཆེ་བར་རང་གིས་རང་ལ་ཡིད་ཆེས་དང་གདེང་ཚོད་དང་བློ་སྤོབས་བྲལ་པས་མི་ཚོགས་ཀྱི་ཁྲོད་དང་སྟེགས་བུའི་སྟེང་ནས་སྐད་ཆ་ཞིག་བཤད་དགོས་ནའང་འདར་སུག་དང་སྐྲག་སྣང་གིས་རང་གི་ཤེས་ཚད་ཐམས་ཅད་ཁ་ནས་ཕྱི་ལ་ཐོན་མི་བཏུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད།

འདི་ནི་བོད་ཀྱི་སློབ་མ་ཡོངས་རྫོགས་ལ་མངའ་བའི་སྤྱི་ཁྱབ་ཀྱི་དཀའ་ངལ་ཞིག་ཡིན། རྒྱ་གར་ལྷོ་ཕྱོགས་ས་ཁུལ་གྱི་མཐོ་སློབ་དགེ་རྒན་ཆེན་མོ་ཞིག་གིས་ཀྱང་བོད་ཀྱི་སློབ་མ་ཚོ་ནི་Biscuit (ཀ་ར་གོ་རེ)ནང་བཞིན་རེད་གསུངས་མྱོང་ཡོད། དེ་ནི་ཅི་མ་བདེན་པའི་སྐད་ཆ་ཞིག་སྟེ། བོད་ཕྲུག་རྣམས་ཀྱིས་ཚོགས་ཐུན་གྱི་སྐབས་སུ་དགེ་རྒན་ལ་དྲི་བ་མི་འདྲི་བ་དང་། སྐད་ཆ་མི་བཤད་པ། མི་ཚོགས་ཀྱི་ཁྲོད་ནས་ཡར་མི་ལངས་པ་དང་། བགྲོ་གླེང་མི་བྱེད་པ་སོགས་སྤྱི་མཚུངས་ཀྱི་གཤིས་ཀ་ཞིག་ཡོད་པས་རེད།
མདོར་ན་ཁོང་ཚོ་ལ་ཀ་ར་གོ་རེ་བཞིན་བཟོ་ལྟ་དང་ཆེ་ཆུང་། རི་མོ་དང་རོ་མངར་སོགས་གཅིག་མཚུངས་ཀྱི་གཤིས་ཀ་ཞིག་འདུག་ཟེར་གི་ཡོད་རེད། འདོར་མི་སླ་བའི་གཅིག་མཚུངས་ཀྱི་གཤིས་ཀ་འདི་གཞི་རིམ་དང་དམའ་རིམ་སློབ་གྲྭ་རྣམས་ཀྱི་དགེ་རྒན་དག་གིས་འགྲམ་ལྕགས་དང་ཁུ་ཚུར། དབྱུག་པ་དང་ཁ་བརྡུངས་སོགས་ཀྱི་སློབ་གསོ་ལ་བརྟེན་ནས་ཧུར་ཐག་འབད་ཐག་གིས་བསྐྱེད་པའི་འབྲས་བུ་བླ་ན་མེད་པ་དེའོ།།

གསུམ་པའི་ཆ་ནས་བཤད་ན། བོད་མིའི་སྤྱི་ཚོགས་གཞན་པ་ཞིག་སྟེ་གྲྭ་བའི་སྤྱི་ཚོགས་ཡིན་ཞིང་གྲྭ་བ་ཚོས་རང་རང་གི་དགེ་ཕྲུག་ལ་བདག་སྐྱོང་ག་འདྲ་བྱེད་ཀྱི་ཡོད་པའི་སྐོར་ནས་ཡིན། སྤྱིར་ང་རང་འདིའི་སྐོར་ལ་ཇུས་གཏོགས་ཞེ་དྲག་ཡོད་མ་རེད་དེ། འོན་ཀྱང་། ངའི་རྩོམ་ཡིག་གི་བརྗོད་བྱ་ཐད་ཀར་དུ་འདིའི་སྒང་ལ་འབྲེལ་བ་ཤུགས་ཆེན་དུ་ཡོད་ཕྱིར་ཕྱོགས་ཙམ་ཞིག་མི་གླེང་ཀ་མེད་བྱུང་སོང་།
སྤྱིར་གྲྭ་བ་རྒན་པ་ཚོས་གྲྭ་ཕྲུག་གཉོར་སྐྱོང་བྱེད་པ་ནི་ཕ་མས་བུ་ཕྲུག་གཉོར་བ་བཞིན་གྱི་འཛད་པ་མེད་པའི་བྱམས་བརྩེ་དང་སེམས་འཁུར། མཛའ་བ་དང་དུངས་བ་སོགས་ཀྱི་ལྷག་བསམ་རྣམ་དག་གི་འབྲེལ་བ་ཟོལ་མེད་ཅིག་ཡོད་དགོས་ངེས་རེད་ཀྱང་། ལ་ལ་ཞིག་དེ་ལྟར་མ་ཡིན་པར་དགེ་ཕྲུག་ནི་གནམ་གྱིས་བསྐོས་པའི་རང་གི་གཡོག་པོ་ལྟ་བུ་ཡིན་སྣང་གིས་ནང་ལ་གད་བརྒྱག་པ་དང་། ཆུ་ལེན་པ། ཟ་མ་བཟོ་བ། འགྲུལ་བར་སྣེ་ལེན་བྱེད་པ་སོགས་ཀྱི་ལས་ཁོ་ནར་བེད་སྤྱོད་བྱེད་པ་དང་། ད་དུང་ཁ་བརྡུངས་གཏོང་བ་ལ་སོགས་པའི་མནར་གཅོད་མང་པོ་ཞིག་གི་ཁྲོད་ནས་ཨ་ཁུ་དང་དགེ་ཕྲུག་གཉིས་ཀྱི་དབར་ལ་ཕ་བུའི་འདུ་ཤེས་ལྟ་བུ་ཞིག་ཡོང་རེ་ནི་རྦད་དེ་ཕར་རིའི་སྤན་རྒྱན་རེད་བཞག

དགེ་ཕྲུག་གིས་ནམ་ཡིན་ནའང་ཨ་ཁུ་ནང་ནས་མི་སྡོད་པའི་དུས་སྐབས་ལ་རེ་ཞིང་སྒུག་པ་དང་། ཨ་ཁུ་མེད་ན་སྐྱིད་སྣང་ཚོར་བ། སུན་སྣང་མེད་པ་སོགས་ཀྱིས་མཚོན་རང་དབང་དང་གུ་ཡངས་ཀྱི་བདེ་སྣང་ཟད་མེད་ཅིག་ཚོར་གྱི་ཡོད། ཨ་ཁུའི་འགྲམ་ནས་སྐད་ཆ་བཤད་མི་ཐུབ་པ་དང་། རྩེད་མོ་རྩེས་མི་ཐུབ་པ། ཐ་ན་ཟ་མ་ཡང་རྒྱགས་ཐག་ཆོད་ཅིག་བཟའ་མི་ཐུབ་པའི་ཚོད་ན་ཡོད་ཕྱིར་ཨ་ཁུ་ནི་རང་མགོ་གནོན་པའི་ཐོ་བ་དང་རང་དབང་འཕྲོག་པའི་གཏེ་བོ། རང་བདེ་འཇོམས་པའི་གཤེད་མ་སོགས་ལ་མཐོང་ནས་རྗེས་སུ་ནར་སོན་དུས་ཀྱང་ཨ་ཁུ་ལ་བརྩེ་བ་མེད་པ་དང་ཞེ་འདང་བྲལ་བ་སོགས་སྣ་ཚོགས་པ་ཞིག་འབྱུང་གི་ཡོད། ལྷག་པར་དུ་མང་ཆེ་བ་ནི་ཨ་ཁུའི་འགྲམ་ནས་བསྡད་མ་འདོད་པར་ཁ་ཁར་འགྲོ་བ་དང་སྐྱ་སར་ལོག་པ་སོགས་ཧ་ཅང་མང་།

རྒྱ་གར་ལྷོ་ཕྱོགས་ནས་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད་ཅིག་ལས་ཀྱང་། དགེ་ཕྲུག་སྐྲག་དུས་ཁ་ནས་ཨ་ཁུ་ཤོར་ཏེ་ཨ་ཁུ་ལ་ཚུར་འཐམ་འཁྱུད་བྱེད་ཐུབ་པ་ཞིག་བཟོ་ཐུབ་ན་གཞི་ནས་ཨ་ཁུས་དགེ་ཕྲུག་ཡག་པོ་སྐྱོང་གི་ཡོད་རྟགས་རེད་གསུངས་མྱོང་། དེ་ནི་དངོས་གནས་གཡའ་རྩི་བྲལ་བའི་གསུངས་ཁྱད་དུ་འཕགས་པ་ཞིག་རེད་ཨང་བསམས་པ་དྲན། འོན་ཀྱང་། དེང་སང་གི་དུས་ལ་ཨ་ཁུ་དེ་འདྲ་ནི་གནམ་གྱི་པདྨོ་དང་ས་ཡི་འཇའ་ཚོན་ལྟ་བུ་རེད།
དེ་བས་ང་ཚོ་ཕ་མ་ཡིན་ན་འདྲ། དགེ་རྒན་ཡིན་ན་འདྲ། ཨ་ཁུ་ཡིན་ན་འདྲ་སུ་ཞིག་ཡིན་ནའང་རང་རང་གི་བྱིས་པ་དང་། སློབ་མ། གྲྭ་ཕྲུག་དག་ནི་གསོ་འདོད་པ་དང་སྐྱོང་འདོད་པའི་སེམས་པ་གཙང་མ་ཞིག་ཡོད་ན་ཤ་ཚ་བའི་གཏམ་ལ་སྙན་མོ་མེད་ཅེས་པའི་དམངས་ཁྲོད་ཀྱི་ཁ་རྒྱུན་རྙིང་པ་དེ་ག་དུས་ཡིན་ནའང་ཁ་ལ་བཏགས་བཏགས་དང་ལྕེ་ལ་འབྱར་འབྱར་གྱིས་བྱིས་པ་ཚོ་ལ་སློབ་གསོ་གཏོང་བའི་ཁ་བརྡུང་དང་ལག་བརྡུང་གི་ཚབ་བྱས་ནས་བསྡད་ན་རྦད་དེ་ནོར་བ་རེད་བསམ་གི་ཡོད།

ཤ་ཚ་བ་དང་སྙིང་ཉེ་བ་ཡོད་ན་ཁ་འཇམ་པོ་དང་སེམས་ཞི་བ་བྱས་ནས་ཀྱང་སློབ་གསོ་གཏོང་བའི་ཐབས་ལམ་ཡོད་ཕྱིར་ང་ཚོས་ངེས་པར་དུ་རང་རང་གི་བྱིས་པ་དང་སློབ་མ། གྲྭ་ཕྲུག་དག་གི་མ་འོངས་འབྱུང་འགྱུར་གྱི་རང་བཀུར་དང་རང་རློམ། སྤོབས་སེམས་དང་གདེང་ཚོད་སོགས་ལ་སྐྱོར་འདེགས་དང་ཡི་རངས་བྱེད་དགོས་པ་ལས་དམའ་འབེབས་དང་མཐོང་ཆུང་གིས་གཏོར་བརླག་དང་འབུར་འཇོམས་བྱས་ན་མི་ཞིག་གི་མི་ཚེ་འཕྲོ་བརླག་ཏུ་བཏང་བ་དང་གཅིག་པ་རེད། བོད་ཁུལ་ན་ཡིག་རྨོངས་པ་མང་བ་དང་ཡིག་རྨོངས་པས་རང་རང་གི་བུ་ཕྲུག་གསོ་སྐྱོང་གི་ཡོན་ཏན་མ་ཤེས་པ་ལ་སོགས་པའི་སྐྱོན་ཚང་མ་ཡང་མདོར་དེད་ན་གཅིག་ལ་གཅིག་འབྲེལ་གྱི་སྒོ་ནས་ཕ་མ་དགེ་རྒན་ཨ་ཁུ་གསུམ་ལ་མ་ཐུག་པའི་རྩ་བ་ཞིག་ས་གསུམ་ལ་བརྒྱ་བྱིན་གྱི་མིག་གིས་བལྟས་ཀྱང་མི་རྙེད་པ་ཞིག་རེད་དོ།།

རྩོམ་རིག

Post navigation

Previous Post: འཛམ་གླིང་རྟ་རྒྱུགས་རགས་བཤད་མ།
Next Post: རྐང་སྤོལ་རྩེད་འགྲན་དང་ཅུང་འདྲ་བའི་གནད་དོན།

Comments (28) on “ཞེད་སྣང་གིས་གཅུན་པའི་མི་ཞིག་ལ་ཐོབ་པའི་སློབ་གསོའི་འབྲས་བུ་གླེང་བ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-11-03 at 2:35 pm

    ཆེད་རྩོམ་འདི་བློ་ལ་འགྲོ་བོ་བྱུང་། འོནད་ཀྱང་སྔར་གྱི་གྲུབ་ཆེན་དང་། ཆོས་ཀྱི་བླ་སློབ་ནི། འདི་ལས་ལྡོག་པའང་འདུག་སྙམ་ལགས།

  2. ལྷ་སྡེ་གནམ་ལོ་ཡག says:
    2014-11-03 at 7:38 pm

    རྩོམ་ཡིག་འདིས་རིན་ཐང་གཞལ་དུ་མི་འདུག དེང་གི་བར་བོད་ཀྱི་སྤྱི་ཚོགས་ནང་དུ་ནག་ཉེས་དང་མི་འདང་ས་ཚང་མ་གསང་སྦས་ཀྱིས་ཡོང་བ་རེད་ལ། ད་ལྟ་བསྔོག་འདོན་གྱིས་དག་ཐེར་བྱེད་པའི་དུས་ལ་བབས་ཡོད་པར་མ་ཟད། དག་ཐེར་འདི་བརྒྱུད་ནས་མི་རེ་ངོ་རེ་སོ་སོ་སོ་སོས་སྐྱོབ་པའི་ལམ་ནང་ཞུགས་དགོས་པ་རེད། དོན་ཕན་ཡང་སོན་ངེས་ཡིན།

  3. ལས་དབང་། says:
    2014-11-03 at 8:23 pm

    ངར་ཐོབ་པའི་བྱིས་དུས་ཀྱི་ལས་དབང་དེས་རྩོམ་ཡིག་འདི་བདེན་པ་ཡིན་པར་དཔེ་མཚོན་དུ་བཞག་ཆོག།

  4. ཐུབ་པ། says:
    2014-11-03 at 9:59 pm

    སློབ་སྦྱོང་གི་ཁོར་ཡུག་ལ་རང་དབང་ཧ་ཅང་གལ་ཆེ

  5. དྲན་དཀར་དཔལ་ཡོན་ says:
    2014-11-03 at 10:02 pm

    ཡུལ་དབུས་ཕུད་པས་ཡུལ་གཞན་དག་དུ་བུ་མོ་དང་དགེ་ཕྲུག་ལ་བརྡེང་བརྡེག་གཏོང་སྲོལ་ཤུགས་ཆེར་ཡོད་པ་འདྲ་བས་ཉ་དང་ཉུང་མ་
    མཉམ་བསྲེ་མི་ཡོང་བའི་རེ་བ་ཞུ།

  6. རྨུ་ཐག་གི་བུ་རྒྱུད། says:
    2014-11-03 at 10:59 pm

    བཤད་པ་བདེན། ད་ལྟའི་བོད་ཀྱི་དགེ་རྒན་ཚོའང་སྔོན་མའི་བོད་ཀྱི་སློབ་ཕྲུག་དེ་དག་ཡིན་པས་་་་་་་་་།

  7. དོན་ལྡན། says:
    2014-11-03 at 11:17 pm

    མཆེད་གྲོགས་མཆོག་ལ་ཞུ་རྒྱུར། ཉིད་དེང་གི་གྲྭ་སའི་དགེ་རྒན་དང་དགེ་ཕྲུག་ལ་རྒྱུས་མངའ་མེད་པ་འདྲ། སྔོན་ཉིད་ཀྱིས་གསུངས་པ་དེ་ལྟར་ཡིན་ཀྱང་སྲིད། དེང་སྐབས་གྲྭ་སར་དགེ་རྒན་ཞིག་ལ་དགེ་ཕྲུག་འཐོབ་ཚེ། གྲོགས་པོ་ཕན་ཚུན་ལ་ཀུ་རེ་རྩེད་སྟངས་འདི་འདྲ་ཞིག་ཡོད། ངེད་ལ་དགེ་རྒན་ཞིག་རེག་སོང་། ཟེར། དེའི་རྒྱུ་རྐྱེན་ཅི་ཡིན་ཤེས་སམ། དགེ་ཕྲུག་གི་དུག་ལོག་ཁྲུས་པ་ཚུན་ཆད་ནས་ཞབས་ཞུ་སྒྲུབ་དགོས་པ་ཕར་ཟད། ས་མཐའ་ནས་གྲྭ་ཇ་མང་ཇའི་སྐུ་འགྱེད་ཙམ་གྱིས་འཚོ་བའི་གྲྭ་རྐྱང་ཞིག་ལ་མཚོན་ན་ཡང་། དགེ་ཕྲུག་གི་སྐུ་འགྱེད་དགེ་ཕྲུག་གི་མ་འོངས་པར་བསམས་ཏེ་ཟུར་དུ་བསགས་ཏེ་ཐ་ན་ཁ་ལག་དང་རྔན་པ་ཚུན་ཆད་ནས་དགེ་རྒན་གྱི་སྐུ་སྐལ་ནས་གཏོང་གི་ཡོད་ལ། ཕ་མ་ལས་ཀྱང་ལྷག་པར་ད་དུང་དགེ་ཕྲུག་གི་སློབ་སྦྱོང་དང་། ལུས་སེམས་ཀྱི་བདེ་ཐང་སོགས་ཀྱི་སེམས་འཁྲལ་སོགས་ཀྱིས་རང་ཉིད་ཀྱི་སློབ་གཉེར་ལ་འཐུས་ཤོར་སོགས་ནི་སྨྲོས་མ་དགོས་པ་ཞིག་རེད། ད་དུང་དགེ་ཕྲུག་ཁ་ཤས་འོ་དྲི་ཡང་མ་ཡལ་པའི་བུས་པ་ཡིན་པས་བཤང་གཅི་ཚུན་ཆད་ནས་གཙང་མ་བཟོ་དགོས་ལ། ཁང་ཚན་ནས་མཚན་ཐོའི་བང་རིམ་ལྟར་དགེ་ཕྲུག་ཐོབ་ཚེ། བདག་སྐྱོང་བྱེད་དགོས་པ་དེ་སྒྲིག་ལམ་ཡིན་ན་ཡང་། དགེ་རྒན་ཚོས་རྒྱུས་མེད་ཀྱི་ཕྲུ་གུ་ཞིག་ལ་ཕ་མས་བུ་ཕྲུག་ལས་ཀྱང་ལྷག་པས་བྱམས་རྩེ་དང་། བདག་སྐྱོང་ཇི་ལྟར་བྱེད་ཀྱིན་ཡོད་མེད་གྲྭ་སའི་འཇིག་རྟེན་རྒན་ནམ་ཁག་ཐེག་རྒན་ཞིག་ཡིན་ཚེ་ཤེས་ངེས་རེད་ལ། ཁོའི་བརྩེ་སེམས་དང་དགེ་ཕྲུག་གི་བྱམས་སྐྱོང་ནི། འགན་མེད་ཁ་ཡངས་ཀྱི་དེང་གི་རྟོགས་སད་པ་དང་། ཁེ་གཉེར་གྲགས་གཉེར་གྱིས་མཐོ་སྨད་སྐབས་འཚོལ་པ་དག་གིས་ཤེས་ཐུབ་པ་ཞིག་མིན།

  8. གསེར་ས་ལེ་སྦྲམ། says:
    2014-11-03 at 11:35 pm

    ང་ཚོའི་སྤྱི་ཚོགས་ཁྲོད་དགེ་རྒན་གྱིས་སློབ་མ་སྐྱོང་སྟངས་ལ་ཆོས་ལུགས་ཀྱིས་བག་ཆགས་ཤུགས་རྐྱེན་ཐེབས་ཡོད་པ་དངོས་འབྲེལ་རེད། ཡིན་ཡང་། གོང་དུ་རྩོམ་ཡིག་ནང་བྲིས་ཡོད་པ་ཁག་དགེ་སློབ་ཀྱི་ཟུར་ཞིག་རེད་མ་གཏོགས་སྤྱི་ཡོངས་ཀྱི་ཆ་ནས་འདི་འདྲ་ཞིག་མ་རེད།

  9. བདེན་པའི་ཕོ་ཉ་ says:
    2014-11-04 at 12:02 am

    ཁ་བརྡ་དྲ་བའི་ནང་ཆེད་རྩོམ་ལེགས་ཤོད་ཞིག་དུ་མཐོང་བཀྲིན་ཆེ་ཞུ་།།

  10. རང་བྱུང་རིག་པའི་རྡོ་རྗེ says:
    2014-11-04 at 4:04 am

    ངས་བལྟས་ན་དེང་དུས་ཕ་མ་ཡིན་ནའང་འདྲ། སློབ་གྲའི་དགེ་རྒན་ཡིན་ན་འདྲ། དགོན་པའི་རྒན་ཡིན་ན་འདྲ། རང་དབང་སྤྲད་པ་ཡིན་ཟེར་ནས་ལོ་ཆུང་བྱིས་པ་ཚོའི་མི་ཚེ་ཆུད་ཟོས་སུ་བཏང་འདུག དེང་དུས་ཕ་མ་དང་བུ་ཕྲུག་བར་ཀྱི་བརྩེ་དུང་དང་སྤྱི་ཚོགས་རྙིང་བའི་ཕ་མ་དང་བུ་ཕྲུག་བར་གྱི་བརྩེ་དུང་ལ་བསྡུར་ཐབས་མི་འདུག་བསམ་བྱུང་། དེང་དུས་ཕ་མ་དང་བུ་ཕྲུག་ཕན་ཚུན་བར་དུ་བརྩེ་བ་བརྟན་པོ་ཞིག་ཨེ་ཡོད་སྙམ་པ་བྱུང་། ནུབ་ཕྱོགས་ཡུལ་ལ་མཚོན་ནའང་ཕ་མ་དང་བུ་ཕྲུག་ཕན་ཚུན་བརྩེ་བ་དེ་ཙམ་ཞིག་མེད་པ་མཐོང་སོང་། དགེ་རྒན་དང་དགེ་ཕྲུག་ཕན་ཚུན་ལ་སྨོས་མེད་རེད། འགྲིག་ལམ་ཅི་ཙམ་ཡག་པོ་ཡོད་ན་བུ་ཕྲུག་དེ་ཙམ་ཡག་པོ་འོང་གི་རེད། དེའི་ཕྱིར་གོང་གི་རྩོམ་དེར་མོས་མཐུན་གཏན་ནས་བྱེད་ཐུབ་མ་སོང་། །

  11. གསེར་ས་ལེ་སྦྲམ། says:
    2014-11-04 at 7:49 am

    དེང་དུས་ནུབ་ཕྱོགས་གཙོས་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོའི་ནང་དུ་བྱིས་པ་ལ་རང་དབང་སྤྲོད་རྒྱུ་མང་དྲགས་པའི་དབང་གིས་ཁོ་ཚོར་དཀའ་ངལ་འཕར་མ་མང་པོ་ཞིག་འཕྲད་ཀྱིན་ཡོད་ལ། བྱིས་པ་རྣམས་རྣམ་གཡེང་དང་མ་རབས་ཀྱི་བྱ་སྤྱོད་ཐལ་ཆེ་ཞིང་། སློབ་སྦྱོང་དང་བཟང་སྤྱོད་ཀྱི་ཕྱོགས་ལ་འགྲོ་མཁན་ཉུང་ཉུང་ལྟ་བུ་ཡིན་ཚོད། དཔེར་ན། ལོ་ན་ཆུང་དུས་ནས་རྩེད་མོ་ནང་མགོ་འཁོར་བ་དང་། ཐ་མ་ནག་པོ་ལ་གོམས་པ། འདོད་སྲེད་ལ་རོལ་བ་སོགས་མང་དུ་འབྱུང་མུས་སུ་ཡོད། དེར་བརྟེན། སྲིད་འཛིན་ཨོ་བྷ་མ་ཡིས་ཀྱང་ནུབ་ཕྱོགས་ཀྱི་གཞོན་སྐྱེས་ལས་ཤར་ཕྱོགས་ཀྱི་གཞོན་ནུ་རྣམས་རེ་བ་ཆེ་བར་མཐོང་བ་རེད།

  12. BONPO says:
    2014-11-04 at 8:26 am

    ཨ་ནུ་ཐང་བསོད་ནམས་ལགས་ཀྱིས་བརྩམས་གནང་བའི་༼བྱམས་དང་སྙིང་རྗེ་གླེང་མཁན༽ ཞེས་པ་དང་། མི་ཞུན་ལགས་ཀྱིས་བརྩམས་གནང་བའི་༼ཞེད་སྣང་གིས་གཅུན་པའི་མི་༽ཞེས་པའི་རྩོམ་ཡིག་འདི་ཚོ་ལ་རིན་ཐང་ཡག་པོ་འདུག བཀའ་དྲིན་ཆེ་ཞུ་བ་ཡིན།

  13. གསེར་ས་ལེ་སྦྲམ། says:
    2014-11-04 at 9:49 am

    BONPOལགས། རང་ཉིད་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མེད་པས་རྒྱུ་མཚན་གྱིས་ད་གཟོད་འཆལ་རྩོམ་འདི་དག་གིས་བསླུ་བྲིད་ཐེབས་བཞིན་ཡོད་པ་རེད། དོན་དངོས་སུ་འཆལ་རྩོམ་འདི་དག་ལ་རིན་ཐང་ཅི་ཡང་མི་འདུག མི་་བུ་རྣམ་དཔྱོད་ཡོད་མཁན་ཞིག་ཡིན་ན་འཆལ་རྩོམ་འདི་དག་ལ་མིག་ཟུར་ཙམ་ཡང་འཕེན་མི་སྲིད། རྒྱུ་མཚན། རྩོམ་ཉོག་འདི་གད་སྙིགས་དང་གཅིག་མཚུངས་ཡིན་པས་རེད། ཁྱོད་རང་ཉིད་ཀྱང་མི་བུ་ཚད་ལྡན་ཞིག་བྱེད་འདོད་ཡོད་ཚེ་ཉ་ཉོག་མང་པོའི་ནང་མགོ་བོ་མི་འཁོར་བར་རིག་པའི་གཞུང་ལུགས་ཁུངས་ཐུབ་དག་ལ་སྦྱང་བརྩོན་བྱེད་རྒྱུ་ནི་རང་གི་མིག་རྒྱ་བསྐྱེད་པའི་རྒྱུ་རྐྱེན་གཅིག་པུ་དེ་ཡིན།

  14. རྟ་བདུན་དབང་བོ says:
    2014-11-04 at 11:00 am

    གསེར་ས་ལེ་སྦྲམ་དང་རང་བྱུང་རིག་པའི་རྡོ་རྗེ་གཉིས་ལ་རྒྱབ་སྐྱོར་ཡོད། གོང་གི་རྩོམ་པ་པོ་དང་མཆན་བཏབ་མཁན་ཚང་མ་ད་དུང་འཇིག་རྟེན་འདིའི་ཉམས་མྱོང་ཅི་ཡང་མེད་པའི་རྟགས་རེད། ལོ་ཆུང་བྱིས་པ་ཚོར་སྒྲིག་ལམ་དམ་པོ་ཡོད་ན་མི་ཚེའི་འདུན་ལམ་ཡག་པོ་ཞིག་འོང་གི་རེད། དེ་མིན་ནུབ་ཕྱོགས་ཕྲུག་གུ་ཚོར་ཕ་མ་དང་དགེ་རྒན་ཚོས་རང་དབང་སྤྲོད་ཆེ་དྲག་ནས་དཀའ་ངལ་མང་བོ་ཞིག་འཕྲད་ཀྱི་ཡོད་པ་གསལ་པོ་རེད། འཇིག་རྟེན་ཁ་དཔེ་ལ། གོ་བ་མེད་པའི་གླང་རྒན་ལ། རྒྱལ་པོའི་བཀའ་ལས་དབྱུག་པ་བཙན་ཟེར་བ་བཞིན། ལོ་ཆུང་བྱིས་པ་ཚོར་སྤྱོད་ལམ་དམ་པོ་བྱེད་རྒྱུ་འདི་མི་ཚེའི་འདིའི་བཟང་སྤྱོད་ཀྱི་འགོ་བཙུགས་པ་རེད། རྒྱལ་ཁབ་གཅིག་ལ་མཚོན་ན་ཁྲིམས་ཡག་པོ་དགོས་པ་དང་། ཁྱིམ་ཚང་གཅིག་ལ་མཚོན་ན་སྒྲིག་ལམ་ཡག་པོ་ཡོད་རྒྱུ་གཉིས་མེད་དུ་མི་རུང་བ་ཞིག་རེད།།

  15. ཀརྡོ་གཉེར་ཕྱག་པ་ says:
    2014-11-04 at 12:56 pm

    འཚེར་སྣང་།
    དགེ་སློབ་ཕ་བུ་དག་གི་བར། །
    འཚེར་སྣང་མེད་ན་མ་རབས་འགྱུར། །
    འཇིགས་སྣང་།
    ཕ་བུ་དགེ་་སློབ་དག་གི་བར། །
    འཇིགས་སྣང་ཡོད་ན་ཉམས་པར་འགྱུར། །

  16. རྟ་བདུན་དབང་བོ says:
    2014-11-04 at 1:34 pm

    ཕ་མའི་འཁྲིས་སུ་གལ་ཏེ་ཁྱོད་ལ་འཇིགས་སྣང་ཞིག་ཡོད་ན། དེ་ནི་ཕ་མའི་བསླབ་བྱ་དང་འགལ་བའི་སྐྱོན་ཞིག་ཡོད་པའི་རང་རྟགས་རེད། དགེ་རྒན་འཁྲིས་སུ་དགེ་ཕྲུག་ཚོར་འཇིགས་སྣང་ཞིག་ཡོད་ན། དེ་ནི་ཁྱོད་ཀྱིས་སློབ་སྦྱོང་ཡག་པོ་མ་བྱས་པའམ་ཡང་ན་སྤྱོད་ངན་བྱས་པའི་རང་རྟགས་རེད། ཧ་གོ་སོང་ངམ།།

  17. མིག་བརྒྱད་པ། says:
    2014-11-04 at 2:45 pm

    སྐབས་འཚོལ་བ་དག་གིས་དོན་ངོ་མ་བཤད་གི་མེད། སྤྱི་ཚོགས་ནང་ཁྲིམས་མེད་ལུགས་མེད་ཀྱི་འཆལ་གཏམ་སྤེལ་ནས་ན་གཞོན་མང་པོ་ལོག་ལམ་དུ་ཁྲིད་ཀྱིན་ཡོད། ཁོ་ཚོའི་རྒྱབ་ལྗོངས་དང་དམིགས་འདུན་གང་ཡིན་ཤེས་དཀའ་བ་ཡིན། དེང་སང་དྲ་ཐོག་ན་རྫུན་བཟོ་སྤེལ་ནས་དོན་དངོས་རེ་རེ་བཞིན་ཞིབ་དཔྱོད་ཀྱི་ལམ་ནས་སོང་ན་སེམས་ཀྱི་འཆར་སྣང་ཙམ་ཞིག་མ་གཏོགས་གང་ཡང་འབྲི་གི་མེད། དཔེར་བཞག་ན་ལོང་བས་མིག་ལྡན་ལ་མགོ་སྐོར་གཏོང་བ་དང་གཅིག་མཚུངས་རེད། མི་འདི་དག་གིས་ཁྲིམས་དང་ལུགས་སྲོལ་གང་ཡང་མི་དགོས་ཟེར་གི་ཡོད། རང་གི་རིག་གཞུང་གི་གོ་བ་མ་ལོན། གཞན་གྱི་རིག་གཞུང་གི་རྗེས་མ་ཟིན། བར་དོའི་ཁམས་ན་འཁྱམས་ཤིང་བོད་ཁ་བ་གངས་ཅན་གྱི་སྤྱི་ཚོགས་དང་ཁོར་ཡུག་གི་ཁྲོད་ན་གད་སྙིགས་ལྟ་བུ་རེད། སྤྱིར་བདེ་སྐྱིད་ཀྱི་རྩ་བ་ཁྲིམས་ལུགས་ཡིན་པ་དང་ཁྲིམས་མེད་ལུགས་མེད་ཀྱི་སྤྱི་ཚོགས་ནང་ཇག་པ་དང་རྐུན་མ་མང་བ་འདི་ཙམ་ཡང་བསམ་བློར་འཁོར་མ་མྱོང་བ་འདྲ། དགོན་པའི་དགེ་ཕྲུག་ཚོ་གད་སྙིགས་ལྟ་བུ་ཡིན་ན་གཞན་གྱིས་ཁྱོད་སྐྱག་གཟན་རེད་ཟེར་བ་དང་གཅིག་མཚུངས་རེད།

  18. BONPO says:
    2014-11-04 at 7:37 pm

    འོ་ལེགས་སོ་གསེར་ས་ལེ་སྦྲམ་ལགས། ཁྱེད་ཀྱི་བཀའ་སློབ་དེ་ཕྲན་ལ་ཕན་པོ་བྱུང་། སེམས་ལ་བཞག་ཡོད་དོ། །

  19. དྲན་དཀར་དཔལ་ཡོན་ says:
    2014-11-04 at 8:56 pm

    ཧ་ཧ་ཧ། མ་རྩོམ་ལ་ཁྱད་ཆོས་མེད་པ་མ་རེད། མིས་མྱོང་ཟིན་པའི་ཚོར་བར་བཟོ་བཅོས་མི་ནུས་མོད། ཚོར་བས་དྲངས་པའི་འདུ་ཤེས་ནི་སྤྱི་ཚོགས་ཁེ་ཕན་ལ་གཞུག་པའི་རྩོད་གཤེར་ངེས་པར་དུ་དགོས་ངེས་ཡིན། མི་ཞུན་གྱིས་ངའི་ཨ་ཁུས་ང་ཞེད་སྣང་གིས་གཅུན་སོང་ངོ་།
    ཞེས་སུ་མ་བྲིས་པར་དགེ་རྒན་གྱིས་དགེ་ཕྲུག་ཞེད་སྣང་གིས་གཅུན་སོང་ངོ་ཞེས་པས་ཡི་གེ་འདིའི་རིན་གོང་སར་ལྡབ་བཞག་བྱ།
    སྤྱིར་བཏང་ཨ་ནུ་ཐང་དང་མི་ཞུན་གཉིས་ཀྱི་རྩོམ་རྩལ་རང་བལྟས་ན་བྱིས་མོ་བློ་གྲོས་ཅན་དག་གི་ཡིད་དབང་འགུགས་ཤུགས་ཆེ་བའི་རྩོམ་ཡིག་གི་གྲབས་ཀ་རེད། ཁོམ་པ་རེ་བྱུང་ན་བུ་མེད་ལ་བརྡེང་བརྡེག་གི་སྐོར་ཡང་ཅུང་རྒྱས་པ་རེ་འབྲི་རོགས་ཅེས་རྩོམ་སྐུལ་ཡིན་ད། ཡང་བསྐྱར་དུ་ཞུ་འདོད་པ་ནི་བཱ་ཎཱར་ཚ་བ་ཆེ་བས་སྡོད་མི་བཏུབ་བོ་ཅེས་པ་ལྟ་བུ་མིན་དུས་ཚིགས་དང་ཚེས་གྲངས་བཀོད་ཏེ་སྡོད་མི་བཏུབ་བོ་ཅེས་བྲིས་ན་མིས་ཆ་འཇོག་ཡང་བྱ་ངེས་ཡིན།

  20. དྲན་དཀར་དཔལ་ཡོན་ says:
    2014-11-04 at 9:46 pm

    ལྟ་བུ་མིན་པར། དུས་ཚིགས་དང་། ཚེས་གྲངས་ཅེས་པར་འཆོས་རོགས་གནང་།

  21. མིག་བརྒྱད་པ། says:
    2014-11-04 at 10:32 pm

    མཆན་7་། དོན་ལྡན་ལགས་ཀྱིས་བྲིས་བ་བློ་གཟུ་བོར་གནས། ང་རང་དགོན་པ་ཞིག་ཏུ་ཡུན་རིང་བསྡད་མྱོང་། དགེ་རྒན་གྱིས་དགེ་ཕྲུག་སྐྱོང་སྟངས་མི་ཞུན་གྱིས་ལབ་པ་དེ་འདྲ་གཏན་ནས་མ་རེད། དོན་དངོས་དང་མི་མཐུན་པའི་སེམས་ཚོར་འདི་རིགས་ལ་ཆ་འཇོག་བྱེད་མི་འོས་བར་མཐོང་། ཞེད་སྣང་གིས་གཅུན་ཟེར་བ་མི་འདོད་བཞིན་དུ་བཙན་པོ་དབང་ཡོད་བཏང་ནས་བཀོད་འདོམས་ལ་ཉན་དུ་བཅུག་པ་ལ་གོ་དགོས། དམུ་རྒོད་ཁྲིམས་ཀྱིས་གཅུན་ལྟ་བུ་རེད། དགོན་སྡེའི་ཁྲོད་ཀྱི་མཁས་པ་རིམ་བྱུང་ཇི་སྙེད་ཅིག་དགེ་རྒན་ཚུལ་བཞིན་བསྟེན་ནས་བྱུང་བ་མ་གཏོགས་མི་འདོད་བཞིན་ཞེད་སྣང་གིས་གཅུན་ནས་དང་ཁྲིམས་མེད་ལུགས་མེད་ཀྱི་འོག་ནས་འཚར་ལོངས་བྱུང་བ་གཅིག་ཀྱང་ཡོད་མི་སྲིད། མཐའ་མཚམས་ཀྱི་མི་ཚང་སྐྱོ་བོ་དང་སློབ་སྦྱོང་གི་གོ་སྐབས་མ་རེག་པའི་ཕྲུ་གུ་མང་པོར་བོད་ཡིག་དང་ནང་ཆོས། དེང་དུས་ཀྱི་ཤེས་ཡོན་སོགས་སྣ་མང་སྤྲོད་གྀ་འདུག །དེ་ཚོ་བོད་མི་རིགས་ཁྲོད་ཀྱི་གད་སྙིགས་ལྟ་བུ་རེད་ཟེར་ན་སྨྱོན་པའི་ཆིག་ལབ་རྒྱབ་པ་ལྟ་བུ་ལས་གང་ཡང་མིན།

  22. རྒྱ་གར་རྨ་བྱ། says:
    2014-11-04 at 11:58 pm

    དུས་བསྟུན་རྩོམ་ཡིག་སྣང་བར་འགྲོ་བོ་ཞིག་འདུག དངོས་ཡོད་ཀྱང་རེད་བསམས།

    འོན་ཀྱང་རྩོམ་ཡིག་འདི་ནང་མེད་སྐོར་རྒྱས་པར་བྲིས་ཤིང་མ་འོངས་འདི་ལྟར་བྱ་དགོས་པའི་བསམ་འཆར་ཞིབ་ཕྲ་མི་འདུག་པས།

    དེང་དུས་ཀྱི་བོད་ཕྲུག་སྐྱོང་སྟངས་འདི་དང་འདུག་སེ་བྱས་ན་འོས་འཚམ་འདུག་གསུང་ན། ཕན་ཐོགས་ཤིན་ཏུ་ཆེ་བ་རེད།
    གང་ལྟར་ལེགས་པོར་བཞེངས་པར་ཡི་རངས་ཞུ།

  23. ཀརྨ་བློ་གསལ་ says:
    2014-11-05 at 3:09 am

    ༼ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད་ཅིག་ལས་ཀྱང་། དགེ་ཕྲུག་སྐྲག་དུས་ཁ་ནས་ཨ་ཁུ་ཤོར་ཏེ་ཨ་ཁུ་ལ་ཚུར་འཐམ་འཁྱུད་བྱེད་ཐུབ་པ་ཞིག་བཟོ་ཐུབ་ན་གཞི་ནས་ཨ་ཁུས་དགེ་ཕྲུག་ཡག་པོ་སྐྱོང་གི་ཡོད་རྟགས་རེད་གསུངས་མྱོང་། ༽ ཧ་ཧ་ཧ། ཨ་མདོ་ཀླུ་མཁར་ཚུར་མ་འཐམ་པ་མ་གཏོགས་རིན་པོ་ཆེ་མཆོག་གིས་བཀའ་བློན་དང་གཞུང་ཞབས་ཚང་མ་ལོ་མཁས་དབང་ཞེས་ཚུར་འཐམ་མཁན་རྐྱང་བཟོས་ཡོག་རེད།

  24. ཨ་ནུ་ཐང་བསོད་ནམས། says:
    2014-11-05 at 6:38 am

    ཧ་ཅང་གི་ཡག་པོ་བྲིས་འདུག

  25. བཀྲ་ཤིས། says:
    2014-11-05 at 8:36 am

    མ་རྩོམ་འདིའི་ནང་དུ་དེང་དུས་བོད་མིའི་་སྤྱི་ཚོགས་གི་སྐྱོན་གྱི་ཆ་ཐད་ཀར་བརྗོད་འདུག། ད་ཡོན་ཏན་གྱི་ཆ་བརྗོད་ནས་བླང་དོར་གྱི་གནད་ལ་འཇུག་ཚུལ་ཞིག་བཀོད་ན་ཤིན་ཏུ་ལེགས་སྙམ།

  26. ཨ་ར་དཀར་པོ says:
    2014-11-05 at 8:38 am

    ཡག་པོ་བྲིས་འདུག ང་ཚོའི་སྤྱི་ཚོགས་གསེང་གི་གནས་ཚུལ་དེ་དང་དེ་ལྟ་བུ་ཀུན་གྱིས་དོ་སྣང་བྱ་རིན་ཡོད་པ་དང་བྱེད་དགོས་ངེས་ཤིག་ཏུ་མཐོང་། སོ་སོ་རང་ཁྱིམ་དང་སློབ་གྲ་དགོན་སྡེ་སོགས་སུ་གནའ་ནས་ད་བར་འདིའི་དཔེ་མཚོན་དུ་གྱུར་བ་གྲངས་མེད་པ་བྱུང་ཡོད་ལ་ད་དུང་ཡང་འབྱུང་བཞིན་ཡོད།

  27. ལུང་རྟོགས། says:
    2014-11-05 at 9:36 am

    བོད་པའི་སྤྱི་ཚོགས་ནང་དགེ་རྒན་གྱིས་དགེ་ཕྲུག་ལ་རྡུང་རྡེག་ཚད་ལས་བརྒལ་བ་གཏོང་སྲོལ་འདི་ནི་དངོས་གནས་ཡག་པོ་མི་འདུག འདིས་མི་བག་འཁུམ་ནུས་མེད་ཅན་ལ་བསྒྱུར་གྱི་འདུག

  28. ལྷོ་ཕྲུག་ says:
    2014-11-06 at 1:01 pm

    མི་ཞུན་ལགས་ནི་ཉམས་མྱོང་དང་གོ་རྟོགས་རྩ་བ་ནས་མེད་མཁན་ཞིག་རེད་འདུག་་་་བྱིས་པ་བསམ་མེད་དག་བཟོ་བཅུན་རྩ་བ་ནས་མ་བྱས་པར་གང་འདོད་དུ་བཞག་ན་མི་གཞི་དང་སློབ་སྦྱོང་ཡག་པོ་ཞིག་མི་ཡོང་བ་མྱོང་བས་གྲུབ་པ་རེད་་་་ལྷག་པར་དུ་དེང་དུས་གཞོན་
    སྐྱེས་དག་ལ་ལྟོས་དང་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme