Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞུ་དག་པ།

Posted on 2014-04-032014-04-03 By ཁ་བརྡ་ 7 Comments on ཞུ་དག་པ།

བསྟན་ཟླ།

unnamed-5དེ་སྔོན་ཞུ་དག་བྱ་བར་ཐེངས་ཁ་ཤས་ཤིག་ལ་བོས་བྱུང་ལ། ངོས་ནས་ཀྱང་མིན་མ་ལབ་པར་སོང་བ་ཡིན། དེ་བཞིན་སྔོན་ཆད་ཞུ་དག་བྱ་རྒྱུ་ཐེངས་ཁ་ཤས་ཤིག་སྤྲོད་བྱུང་ལ། ངོས་ནས་ཀྱང་མིན་མ་ལབ་པར་ཞུ་དག་བྱས་ཁུལ་བྱས་པ་ཡིན། ཡང་ད་ལྟ་ཡང་ཞུ་དག་ཅིག་བྱེད་ཁུལ་བྱེད་བཞིན་ཡོད། ཞུ་དག་འདི་ཕྱོགས་མང་པོ་ཞིག་ནས་བལྟས་ཏེ་བྱེད་དགོས་འདུག སྤྱིར་བཏང་ནས་ཞུ་དག་བྱེད་པ་འདི་ལས་སླ་བོ་ཞིག་གཏན་ནས་མ་རེད། ཡིན་ནའང་། ཞུ་དག་ནི་ཆེས་མེད་དུ་མི་རུང་བ་ཞིག་ཡིན། དཔེར་ན། ཁང་མིག་ནང་དུ་གད་འཕྱག་པ་ལྟ་བུ་འདིའང་ཞུ་དག་ཅིག་ཡིན་ཞིང་། ནམ་མཁའ་ལས་ཆར་བ་འབབ་པ་འདི་ཡང་ཞུ་དག་ཅིག་རེད་འདུག འོན་ཀྱང་། ཆེས་རྙོག་འཛིང་ཅན་དང་ཆེས་དཀའ་ཁག་ཅན་གྱི་ཞུ་དག་ནི་རང་རྟོགས་ཀྱི་ཞུ་དག་འདི་ཡིན་པ་གདོན་མི་ཟ་ཞིང་། འདི་ནི་ཆེས་མཐར་ཐུག་དང་ཆེས་བླ་ན་མེད་པའི་ཞུ་དག་དེ་ཡང་ཡིན་པར་སེམས།

ཐེངས་འདིའི་ཞུ་དག་འདི་ངའི་བརྩེ་བའི་གྲོགས་པོ་ཞིག་གིས་ང་ལ་བསྐུལ་བའི་ཞུ་དག་ཅིག་ཡིན་པས། དང་ཐོག་ངས་ཀྱང་ཅི་མི་སྙམ་པར་དང་དུ་ལེན་པ་ཡིན། ཡིན་ནའང། འདི་ལྟར་ཞུ་དག་བྱེད་བཞིན་ཡོང་དུས། ང་ལ་སེམས་གཏིང་ནས་དངངས་འཚབ་ཆེན་པོ་ཞིག་བྱུང་བ་དང་། ངའི་སྨྱུ་གུའི་རྩེ་མོ་འདི་ཡང་དངངས་འདར་གྱིས་འཁྱོག་འགྲོ དེ་ནི་ངས་ཞུ་དག་པ་ཞིག་གི་འགན་འཁྲི་དེ་ཁུར་ཐུབ་མིན་དང་། ང་ལ་ཞུ་དག་པ་ཞིག་གི་ཆ་རྐྱེན་ཚང་མིན་འདི་རེད།

དེ་ཡང་ང་ཚོས་འདི་ལྟར་བསམ་གཞིག་ཅིག་དང་འཚོལ་ཉུལ་ཞིག་བྱེད་དུས། ང་ཚོའི་མིག་སྔར་དུ་ཞུ་དག་པ་སྣ་ཚོགས་ཤིག་གི་ངོ་གདོང་ཝ་ལེར་མངོན་ཡོང་། དེ་དག་ལས་ཁ་ཅིག་ནི་གཟུགས་སུ་མ་གྲུབ་པར་ལྐོག་གྱུར་དུ་ཡོད་པ་དང། ཁ་ཅིག་ནི་གཟུགས་སུ་གྲུབ་སྟེ་མངོན་གསལ་དུའང་ཡོད། གཟུགས་སུ་མ་གྲུབ་པ་ལྐོག་གྱུར་གྱི་ཞུ་དག་པ་དེ་དག་ནི། ང་ཚོའི་རྐང་རུས་ཀྱི་གཏིང་དུ་འཐིམ་ཞིང་ཟུངས་ཁྲག་གི་རྒྱུན་དུ་རྒྱུ་བཞིན་ཡོད་ཅིང་། འདི་གཉིས་ལྟོས་གྲུབ་ཏུའང་གནས་ཡོད་ངེས། གང་ལྟར་ཀྱང་། གནས་ལུགས་འདི་ད་ལྟར་འགྲེལ་བརྗོད་བྱས་ན་བབ་ཅོལ་དང་དགོད་བྲ་བའི་གནས་ཤིག་ཏུ་གྱར་ངེས་པས། རེ་ཞིག་འདི་ལྟར་བཏང་སྙོམས་སུ་བཞག་སྟེ། ང་ཚོས་མངོན་གསལ་དུ་ཡོད་པར་གཟུགས་སུ་གྲུབ་པའི་ཞུ་དག་པ་ཞིག་གི་སྐོར་ཅུང་ཙམ་གླེང་ན།

ང་ཚོ་འཇིག་རྟེན་འདིར་ཐོག་མར་སླེབས་པ་དང་། ཕ་མ་ནི་ང་ཚོའི་ཞུ་དག་པ་དང་པོ་དེ་ཡིན་ལ། དེ་ནས་དགེ་རྒན་དང་སློབ་གྲོགས། གྲོགས་པོ་དང་དགའ་རོགས། ཁྱོ་ག་དང་ཆུང་མ་སོགས་ཡིན། དེར་བརྟེན། མདོར་བསྡུས་ན་ང་ཚོ་ནི་ཆུང་དམར་འབྱར་ནས་རྒན་ལོ་ལོན་བར་དུ་ཞུ་དག་པ་མང་པོ་ཞིག་གི་མིག་སྔར་དང་ལག་པ་ནས་བརྒྱུད་དགོས་པས། ང་ཚོ་ལོ་རྒན་སྐྲ་དཀར་གྱུར་ནས་རང་ཉིད་ཀྱི་མི་ཚེ་ལ་ཕྱི་བལྟ་ཞིག་དང་མཇུག་བསྡོམ་ཞིག་འགོད་རན་པའི་ཉིན་མོ། རང་ཉིད་དང་རང་ཉིད་ཀྱི་མི་ཚེ་དེ་ཇི་ལྟ་བུ་ཞིག་གྱུར་ཡོད་མེད་ནི། རང་ཉིད་ཀྱིས་རིམ་པ་བཞིན་བརྒྱུད་ནས་ཡོང་བའི་ཞུ་དག་པ་དེ་དག་གིས་རང་ཉིད་ལ་ཇི་ལྟར་ཞུ་དག་བྱས་ཡོད་མེད་ལ་རག་ལས་ཡོད་ཅིང་། དེ་ལས་ཡར་གཏུགས་ན་ཞུ་དག་ཇི་ལྟར་བྱ་མིན་དེ་ཡང་ཞུ་དག་པ་དེ་ཚོ་ལ་ཁོ་ན་རག་ལས་ཡོད་པས། ཞུ་དག་གི་འགན་འཁྲི་དང་ཉེས་དམིགས་ཡོངས་རྫོགས་ཀྱང་ཁོ་ཚོས་ཁུར་དགོས་པ་ནི་སྨ་ཅི་དགོས་སམ།

དེས་ན་ང་ཚོས་ནམ་རྒྱུན་ཏུ་གླེང་སློང་བྱས་པ་ལྟར། ཕ་མ་དང་དགེ་རྒན་ནི་ང་ཚོའི་ཞུ་དག་པ་གཙོ་བོར་གྱུར་ཡོད་པ་མ་ཟད། དགེ་རྒན་ནི་ང་ཚོའི་ཞུ་དག་པ་གཙོ་བོའི་ནང་ནས་ཀྱང་ཆེས་གཙོ་བོ་དེ་ཆགས་ཡོད་འདུག དེ་བས་དགེ་རྒན་ཞིག་བྱ་བ་ནི་ཇི་འདྲའི་རླབས་ཆེན་དང་གཟི་བརྗིད་ལྡན་པ་ཞིག་ཡིན་མོད་ཀྱང་། དེ་ནི་ནམ་རྒྱུན་ང་ཚོས་བསམ་པ་དང་བཤད་པ་ལྟར་ལས་མེད་དང་ཤེས་མེད་ཞིག་གིས་བྱ་ཐུབ་པ་ཞིག་གཏན་ནས་མ་རེད། དེ་ནི་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན་ཏེ་གཏན་ནས་མ་རེད། དགེ་རྒན་ཞིག་བྱ་ཟེར་བ་ནི་ལྗང་མྱུག་ལྟར་གསར་དུ་འབུས་པའི་མི་ཞིག་གི་མི་ཚེ་ལ་ཞུ་དག་པ་བྱ་ཟེར་བ་ཡིན་ཞིང་། དགེ་རྒན་ཞིག་བྱ་ཟེར་བ་ནི་སྤྱི་ཚོགས་དང་མི་རིགས། རྒྱལ་ཁབ་དང་འཛམ་གླིང་གི་ཞུ་དག་པ་ཞིག་བྱ་ཟེར་བ་ཡིན་ནོ།

དེར་བརྟེན། ཞུ་དག་པ་ཞིག་བྱ་འདོད་ན་ཇི་ལྟར་ཞུ་དག་བྱེད་དགོས་མིན་དང་ཞུ་དག་གཙང་མ་ཞིག་བྱ་ཤེས་རྒྱུ་ནི། གལ་ཆེན་ནང་གི་དོན་ཆེན་དང་གནད་འགག་ནང་གི་འགག་རྩར་གྱུར་ཡོད། གང་ལྟར་ཀྱང་ད་མདོ་རྩ་དྲིལ་ན། གལ་ཏེ་རང་ཉིད་དོན་དམ་གྱི་ཞུ་དག་པ་ཞིག་ཡིན་ན་རང་ཉིད་བླ་ན་མེད་པའི་སྐྱབས་མགོན་ཞིག་ཀྱང་ཡིན། དེ་ལས་ལྡོག་སྟེ། གལ་ཏེ་རང་ཉིད་དོན་དམ་གྱི་ཞུ་དག་པ་ཞིག་མིན་བཞིན་ཞུ་དག་གི་ལས་སུ་ཞུགས་ཁུལ་བྱས་ན། དེ་ནི་རང་ཉིད་ནག་ཉེས་བསུབ་ཐབས་མེད་པའི་ལག་དམར་བ་དེར་འགྱུར་བའི་རྒྱུ་ཡིན་པ་མ་ཟད། མཐའ་ན་འཛམ་གླིང་འདི་གཏོར་བཤིག་གཏོང་མཁན་གྱི་འཇིགས་བསྐུལ་རིང་ལུགས་པ་ཞིག་ཏུའང་འགྱུར་ཉེན་ཡོད་དོ།

རྩོམ་རིག

Post navigation

Previous Post: སྤོབས་པ་མཐའ་ཡས་ཀྱིས་ཡ་མཚན་བཤད་ཀྱི་འདུག
Next Post: བོད་ཀྱི་རེ་བ་དང་རྒྱ་ནག་གི་བསམ་བློ།

Comments (7) on “ཞུ་དག་པ།”

  1. སྤོབས་པ་མཐའ་ཡས། says:
    2014-04-03 at 10:57 pm

    རེད་ལགས། ངའི་དཀའ་ངལ་དང་སེམས་ཁྲལ་ཆེ་ཤོས་དེ་ནི་དེང་སང་ང་ས་མཐའ་སྡེ་མཐར་ལྷུང་སོང་བས་ངའི་ཀུན་སྤྱོད་ལ་ཞུ་དག་བྱེད་མཁན་ཞིག་མེད་པ་དེ་ཡིན། ང་ཕ་ཡུལ་ན་ཡོད་དུས་སུ་ངས་སྐད་ཆ་བཤད་སྟངས་ཚིག་གཅིག་མ་འགྲིགས་ན་ཡང་ངའི་གཉེན་གྲོགས་ཚོས་ཞུ་དག་བྱེད་ཀྱིན་ཡོད། དེང་སང་ང་ནི་’རང་དབང་ཅན་’འབོད་པའི་མི་ཞིག་ཏུ་གྱུར་སོང་བས་ཞུ་དག་མཁན་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་ནས་བསྡད་ཡོད།

  2. བསམ་ཤེས། says:
    2014-04-03 at 11:27 pm

    ངས་བལྟས་ན་དོལ་ཚོགས་ཀྱི་བསོད་ནམས་བླ་མས་ཚོས་མི་ཁ་བདེ་པོ་དེ་ཚོར་ཡང་ཞུ་དག་གཏོང་མཁན་ཞིག་དགོས་ཀྱི་འདུག ཁོང་ཚོས་རྩ་བ་ནས་མ་ཤེས་པའི་གནས་ཚུལ་གསུམ་འདུག

    དང་པོ། མི་རིགས་དང་བླ་མར་ཐུག་དུས་བོད་པ་ཚོས་ཅི་ཡང་བློས་གཏོང་ཐུབ། དཔེ་མཚོན་བོད་ནང་ལ་མི་ག་ཚོད་མེར་བསྲེགས་བྱས་སོང་།

    གཉིས་པ། རྒྱལ་བ་རིན་པོ་ཆེར་ཐུབ་ཚོད་འགྲོ་ཨེ་ཐུབ་ལྟ་བ་འདི་ལ་དོལ་ཚོགས་ཚོས་བོད་པ་རྒྱུས་མངའ་རྩ་བ་ནས་མེད་པའི་རྟགས་བསྟན་སོང་། རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེར་ཁ་གཏད་ལོ་དྲུག་བཅུ་ལངས་སོང་། ད་དུང་གནས་ཚུལ་ཇེ་སྡུག་ཇེ་སྡུག་རེད།

    གསུམ་པ། ཨ་རིའི་ནང་ལ་བསླེབས་པ་དེས་འཁོར་བ་ནས་མཐར་སོང་བསམ་ན་ནོར་གྱི་འདུག

  3. ཁེར་བཞུད། says:
    2014-04-04 at 1:11 am

    ༡ སྤོབས་པ་མཐའ་ཡས་ལགས། ཁྱོད་ལ་ཞུ་དག་པ་མེད་པ་མ་རེད། ཁྱོད་ལ་ཞུ་དག་པ་ཡོད། ཁྱོད་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཞུ་དག་པ་ཡོད། དཔེར་ན། ཁྱོད་ཀྱིས་ལས་བཟང་པོ་ཞིག་བྱས་ན་ཐེར་མོ་ཀེར་བ་དང་། ལས་ངན་པ་ཞིག་བྱས་ན་སྡིགས་དམོད་དང་སྐྱོན་བརྗོད་བྱེད་མཁན་ཁྱོད་ཀྱི་ཉེ་འཁོར་ས་མཐའ་སྡེ་མཐར་འཚོ་བའི་མི་བུ་དེ་དག་ནི་ཁྱོད་ཀྱི་ཞུ་དག་པ་ཡིན་ཞིང་། ཁྱོད་ཀྱི་བསམ་བློའི་གཏིང་རིམ་ན་འཐིམ་ཟིམ་པའི་རིག་གཞུང་ངེས་ཅན་དེ་དང་གོམས་སྲོལ་ངེས་ཅན་དེ་དག་ཀྱང་ཁྱོད་ཀྱི་ཞུ་དག་པ་གྱུར་ཡོད། དེ་བས། གལ་སྲིད་ཁྱོད་ཀྱིས་ཟེར་བ་ལྟར་ད་སྐབས་ཁྱོད་ཞུ་དག་རང་དབང་ཅན་གྱི་མི་བུ་ཞིག་ཏུ་གྱུར་ནས་ཡོད་ན། དེ་ནི་ཁྱོད་ཀྱི་ཞུ་དག་པས་ཁྱོད་ལ་ཞུ་དག་བྱེད་སྟངས་ཤིག་ལས་ཁྱོད་ལ་ཞུ་དག་པ་མེད་གཏན་ནས་མ་ཡིན།

    ༢ བསམ་ཤེས་ལགས། ཁྱོད་ཀྱིས་གསུང་བ་བདེན་པ་རེད། འདིར་ཞུ་དག་པ་ཞེས་པ་གཙོ་བོ་སློབ་གསོ་བར་གོ་ནས་བཤད་ཀྱིན་ཡོད། དེ་བས་དེང་སྐབས་མི་རིགས་ཀྱི་བརླ་ཚོང་བ་དང་ཞབས་འདྲེན་པ་དོལ་ཚོགས་འདི་ཡང་གཙོ་བོ་སློབ་གསོ་བས་ཕོངས་ནས་བྱུང་ཡོད་དེ། གསལ་ཁ་བསྟན་ན་འདི་དང་འབྲེལ་བའི་སློབ་གསོ་བར་གྱུར་པའི་དགེ་རྒན་དང་བླ་མ། བརྒྱུད་པའི་བླ་མ་བཅས་ལ་བརྟེན་ནས་དེ་རིང་གི་འཁྲུག་ཟིང་འདི་བྱུང་ཡོད། དེར་བརྟེན། དོལ་ཚོགས་རྩ་མེད་བཟོ་བ་ལའང་། ཞུ་དག་པ༼སློབ་གསོ་བ༽ལ་བརྟེན་དགོས་པ་སྨྲས་མེད་རེད།

  4. གནམ says:
    2014-04-04 at 8:40 pm

    བསྟན་ཟླ་ལགས་ཞུ་དག་པར་ཞུ་དག་ཞིག་བྱེད་འདོད་ཤར་སོང་། རྣ་བར་མི་འགྲོ་ན། ཞུ་དག་བྱོས་ཤོག།
    ཆུང་(དམར་འབྱར་)ནས་རྒན་ལོ་ལོན།
    དམར་འབྱར་ཟེར་བའི་བོད་སྐད་ཞིག་མདོ་དབུས་མཐོ་སྒང་གི་ཨ་མྱེས་ཚོའི་ངག་སྒོ་ན་མེད་པས། ཅི་ཞིག་ཡིན་པ་ག་ལ་ཤེས། ཡིན་ན་ཡང་འདི་འདྲ་ཞིག་ཟེར་གིན་མེད་འགྲོ་བསམ།
    (ཆུང་མ་འབྱར)། (ཆུང་དམར་རྗེན)་ཟེར་ཚུལ་གྱི་སྐད་ཆའི་འགྲོས་ཞིག་དང་གོ་དོན་ཞིག་ཡོད་པ་ལས། དམར་ལ་འབྱར་བའི་བྱིས་བ་ཞིག་ཡོད་པ་རིག་ལ་མ་མྱོང་ལ། གོ་ཡང་མ་མྱོང་པས། ཁ་ཁ་རོག་ལ་འདུག་མ་ཐུབ་ཐལ།

  5. བསྟན་ཟླ། says:
    2014-04-05 at 4:23 am

    གནམ་ལགས་ཕེབས་པར་དགའ་བསུ་ཞུ། བདེན་པ་རེད། ངས་ང་རང་གི་ཡུལ་སྐད་ཀྱི་སྒྲ་གདངས་ལ་གཞིས་ནས་”དམར་འབྱར”(མ་འབྱར)ཞེས་བྲིས་པ་འདི་ནོར་འདུག འདི་ནི་རྣ་བར་མི་འགྲོ་བ་དང་སེམས་ལ་ཕོག་དགོས་པ་དེ་འདྲ་ཞིག་གཏན་ནས་མ་རེད། འདི་ལྟ་བུའི་ནོར་འཁྲུལ་ཆུང་ཙམ་ཞིག་ཡང་ངོས་ལེན་བྱས་མ་ཐུབ་ན། ངས་འདི་ན་ཞུ་དག་པ་གླེང་ཡང་སྲིད་ཀྱི་མ་རེད་ལ་གླེང་ཡང་དགོད་བྲོ་བ་ཞིག་མ་རེད་དམ། དེ་བས་གནས་ལུགས་འདི་ནི་ངས་ཞུ་དག་པ་ཞེས་གླེང་བའི་དོན་གྱི་སྙིང་བོ་དེ་ཡང་ཡིན་པས། ངས་དགའ་ཞིང་དང་བའི་ངང་ནས་ཁྱོད་ཀྱིས་ཞུ་དག་ཡང་དག་འདི་ངོས་ལེན་བྱས་པ་མ་ཟད། ད་དུང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། མཐའ་མཇུག་བཀའ་འདྲི་ཞིག་ཞུ་རྒྱུ་ལ། བོད་ཀྱི་བརྡ་སྤྲོད་དང་ནམ་རྒྱན་གྱི་འབྲི་སྲོལ་ལྟར་བཤད་ན། རྗེས་འཇུག་ག་ཡིག་གི་རྗེས་སུ་ཤེད་འབྲི་སྲོལ་མེད་ཅིང་། ཚིག་ཕྲད་ཞིང་སོགས་ལས། རྗེས་འཇུག་ག་དའི་རྗེས་སུ་”ཅིག་”འཐོབ་པ་དང་། རྗེས་འཇུག་ས་ཡིག་གི་རྗེས་སུ་”ཤིག” ཞེས་འཐོབ་མོད། ཡིན་ནའང་། སྐུ་ཉིད་ཀྱིས་ཞུ་དག་བྱོས་ཤོག་ཞེས་ཟེར་ནས་”ཤོག་”གི་རྗེས་འཇུག་ག་ཡིག་གི་རྗེས་སུ་”ཤད་”བྲིས་ཤིང་། དེ་བཞིན་ཞུ་དག་”ཞིག”་བྱེད་འདོད་ཤར་སོང་། ཞེས་རྗེས་འཇུག་གའི་རྗེས་སུ་”ཞིག་”བྲིས་པ་དང་། བོད་སྐད་”ཞིག་”ཅེས་རྗེས་འཇུག་དའི་རྗེས་”ཞིག”བྲིས་འདུག་ལ། འགྲོས་”ཞིག་”ཅེས་རྗེས་འཇུག་སའི་རྗེས་སུ་”ཞིག”ཅེས་བྲིས་འདུག་པའདི་དག་ཀྱང་མདོ་དབུས་ཁམས་སུ་གང་ཡང་དར་བ་མཐོང་ཐོས་མ་བྱུང་བས། སྐུ་ཉིད་ནས་ལན་ཞིག་ཅིས་ཀྱང་གནང་བར་འཚལ།

  6. བསྟན་ཟླ། says:
    2014-04-05 at 8:07 am

    གནམ་ལགས་ཕེབས་པར་དགའ་བསུ་ཞུ། བདེན་པ་རེད། ངས་ང་རང་གི་ཡུལ་སྐད་ཀྱི་སྒྲ་གདངས་ལ་གཞིས་ནས་”དམར་འབྱར”(མ་འབྱར)ཞེས་བྲིས་པ་འདི་ནོར་འདུག འདི་ནི་རྣ་བར་མི་འགྲོ་བ་དང་སེམས་ལ་ཕོག་དགོས་པ་དེ་འདྲ་ཞིག་གཏན་ནས་མ་རེད། འདི་ལྟ་བུའི་ནོར་འཁྲུལ་ཆུང་ཙམ་ཞིག་ཡང་ངོས་ལེན་བྱས་མ་ཐུབ་ན། ངས་འདི་ན་ཞུ་དག་པ་གླེང་ཡང་སྲིད་ཀྱི་མ་རེད་ལ་གླེང་ཡང་དགོད་བྲོ་བ་ཞིག་མ་རེད་དམ། དེ་བས་གནས་ལུགས་འདི་ནི་ངས་ཞུ་དག་པ་ཞེས་གླེང་བའི་དོན་གྱི་སྙིང་བོ་དེ་ཡང་ཡིན་པས། ངས་དགའ་ཞིང་དང་བའི་ངང་ནས་ཁྱོད་ཀྱིས་ཞུ་དག་ཡང་དག་འདི་ངོས་ལེན་བྱས་པ་མ་ཟད། ད་དུང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། མཐའ་མཇུག་བཀའ་འདྲི་ཞིག་ཞུ་རྒྱུ་ལ། བོད་ཀྱི་བརྡ་སྤྲོད་དང་ནམ་རྒྱན་གྱི་འབྲི་སྲོལ་ལྟར་བཤད་ན། རྗེས་འཇུག་ག་ཡིག་གི་རྗེས་སུ་ཤེད་འབྲི་སྲོལ་མེད་ཅིང་། ཚིག་ཕྲད་ཞིང་སོགས་ལས། རྗེས་འཇུག་ག་དའི་རྗེས་སུ་”ཅིག་”འཐོབ་པ་དང་། རྗེས་འཇུག་ས་ཡིག་གི་རྗེས་སུ་”ཤིག” ཞེས་འཐོབ་མོད། ཡིན་ནའང་། སྐུ་ཉིད་ཀྱིས་ཞུ་དག་བྱོས་ཤོག་ཞེས་ཟེར་ནས་”ཤོག་”གི་རྗེས་འཇུག་ག་ཡིག་གི་རྗེས་སུ་”ཤད་”བྲིས་ཤིང་། དེ་བཞིན་ཞུ་དག་”ཞིག”་བྱེད་འདོད་ཤར་སོང་། ཞེས་རྗེས་འཇུག་གའི་རྗེས་སུ་”ཞིག་”བྲིས་པ་དང་། བོད་སྐད་”ཞིག་”ཅེས་རྗེས་འཇུག་དའི་རྗེས་”ཞིག”བྲིས་འདུག་ལ། འགྲོས་”ཞིག་”ཅེས་རྗེས་འཇུག་སའི་རྗེས་སུ་”ཞིག”ཅེས་བྲིས་འདུག་པའདི་དག་ཀྱང་མདོ་དབུས་ཁམས་སུ་གང་ཡང་དར་བ་མཐོང་ཐོས་མ་བྱུང་བས། སྐུ་ཉིད་ནས་ལན་ཞིགཅིས་ཀྱང་་གནང་བར་འཚལ།

  7. གནམ says:
    2014-04-06 at 3:48 am

    བྱོས་དང་ཤོག་མཉམ་དུ་བསྡོངས་བ་ནི་གལ་བོ་ཆེ་ལ་ནན་ཏན་གྱིས་བསྐུལ་བ་བྱོས་བ་ཙམ་ཡིན། ཤད་དེ་ཡོད་མེད་ཀྱིས་གོ་ལོག་བརྡ་ལོག་སྟེར་བའི་བརྡ་དོན་ཞིག་མི་འདུག་བསམ། མིག་ལ་ག་རེ་མཛེས་བ་ཞིག་ལས་གལ་ཆེན་པོ་རང་མ་མཐོང་།
    ངག་རྒྱུན་ན་ཞིག་དང་ཟིག་ཟེར་བ་འདི་ཚོ་ཕྲད་རང་དབང་ཅན་ལྟར་རྒྱུག་ཆ་མཉམ་དང་འཇུག་ཆ་མཉམ་ཡིན་པས་དེ་ལྟར་བྲིས་བ་ཡིན། ཡིག་ཐོག་གི་བརྡ་སྤྲོད་དང་ཅུང་མི་མཐུན་པ་བདེན་པ་རེད། ཡིན་ན་ཡང་། ངས་ནི་བོད་སྐད་ལས་བོད་ཡིག་ཡག་པོ་མི་ཤེས་བས། གུ་ཡངས་ཟིག་གཏོང་རོགས་གནོངས། ཧ་ཧ་ཧ། མདོ་དབུས་ཁམས་གསུམ་ན་སྐད་གདངས་དང་སྐད་འགྲོས་འདི་འདྲ་མེད་ཟེར་ན། ཁྱོད་རང་མཚོ་གླིང་ནས་འཚར་བའི་བུ་རྒོད་ཤེས་ལྡན་པ་ཞིག་ཡིན་ཚོད་རེད། ཧ་ཧ་ཧ།

    ༼གནམ་ལགས་ཕེབས་པར་དགའ་བསུ་ཞུ། བདེན་པ་རེད། ངས་ང་རང་གི་ཡུལ་སྐད་ཀྱི་སྒྲ་གདངས་ལ་(གཞིས་ནས) ༼གཞིགས་ནས་༽་”དམར་འབྱར”(མ་འབྱར)ཞེས་བྲིས་པ་འདི་ནོར་འདུག འདི་ནི་རྣ་བར་མི་འགྲོ་བ་དང་སེམས་ལ་ཕོག་དགོས་པ་དེ་འདྲ་ཞིག་གཏན་ནས་མ་རེད། འདི་ལྟ་བུའི་ནོར་འཁྲུལ་ཆུང་ཙམ་ཞིག་ཡང་ངོས་ལེན་(བྱས)་༼བྱེད༽མ་ཐུབ་ན། ངས་འདི་ན་ཞུ་དག་པ་གླེང་ཡང་སྲིད་ཀྱི་མ་རེད་ལ་གླེང་ཡང་དགོད་བྲོ་བ་ཞིག་མ་རེད་དམ། དེ་བས་གནས་ལུགས་འདི་ནི་ངས་ཞུ་དག་པ་ཞེས་གླེང་བའི་དོན་གྱི་སྙིང་བོ་དེ་ཡང་ཡིན་པས། ངས་དགའ་ཞིང་དང་བའི་ངང་ནས་ཁྱོད་ཀྱིས་ཞུ་དག་ཡང་དག་འདི་ངོས་ལེན་བྱས་པ་མ་ཟད། ད་དུང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། མཐའ་མཇུག་བཀའ་འདྲི་ཞིག་ཞུ་རྒྱུ་ལ། བོད་ཀྱི་བརྡ་སྤྲོད་དང་ནམ་(རྒྱན་)༼རྒྱུན༽གྱི་འབྲི་སྲོལ་ལྟར་བཤད་ན། རྗེས་འཇུག་ག་ཡིག་གི་རྗེས་སུ་(ཤེད)༼ཤད༽་འབྲི་སྲོལ་མེད་ཅིང་། ཚིག་ཕྲད་ཞིང་སོགས་ལས། རྗེས་འཇུག་ག་དའི་རྗེས་སུ་”ཅིག་”འཐོབ་པ་དང་། རྗེས་འཇུག་ས་ཡིག་གི་རྗེས་སུ་”ཤིག” ཞེས་འཐོབ་མོད། ཡིན་ནའང་། སྐུ་ཉིད་ཀྱིས་ཞུ་དག་བྱོས་ཤོག་ཞེས་ཟེར་ནས་”ཤོག་”གི་རྗེས་འཇུག་ག་ཡིག་གི་རྗེས་སུ་”ཤད་”བྲིས་ཤིང་། དེ་བཞིན་ཞུ་དག་”ཞིག”་བྱེད་འདོད་ཤར་སོང་། ཞེས་རྗེས་འཇུག་གའི་རྗེས་སུ་”ཞིག་”བྲིས་པ་དང་། བོད་སྐད་”ཞིག་”ཅེས་རྗེས་འཇུག་དའི་རྗེས་”ཞིག”བྲིས་འདུག་ལ། འགྲོས་”ཞིག་”ཅེས་རྗེས་འཇུག་སའི་རྗེས་སུ་”ཞིག”ཅེས་བྲིས་འདུག་པའདི་དག་ཀྱང་མདོ་དབུས་ཁམས་སུ་གང་ཡང་དར་བ་མཐོང་ཐོས་མ་བྱུང་བས། སྐུ་ཉིད་ནས་ལན་ཞིགཅིས་ཀྱང་་གནང་བར་འཚལ།༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme