Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞིང་གཤེགས་དམ་པ་སྐུ་ངོ་བསམ་འཕེལ་མཆོག་དགོང་ཞག་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་དང་བཀའ་དྲིན་རྗེས་དྲན་ཞུ་བ།

Posted on 2022-07-252022-07-25 By འཚོ་བྱེད་བུ 3 Comments on ཞིང་གཤེགས་དམ་པ་སྐུ་ངོ་བསམ་འཕེལ་མཆོག་དགོང་ཞག་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་དང་བཀའ་དྲིན་རྗེས་དྲན་ཞུ་བ།

ཟུང་དྲུང་ཤར་ཙོང་བསྟན་འཛིན་བདེ་ལྡན།
དེ་རིང་ང་ཚོས་སེམས་སྐྱོ་ཞིང་ཡི་མུག་པའི་ངང་ཞིང་གཤེགས་དམ་པ་སྐུ་ངོ་བསམ་འཕེལ་མཆོག་དགོང་ཞག་བཞི་བཅུ་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་དང་རྗེས་དྲན་ཚོགས་འདུ་ཚོགས་ཀྱི་ཡོད། དམ་པ་ཁོང་འདི་ལྟར་གློ་བུར་དུ་འཇིག་རྟེན་འདི་དང་ཞལ་གྱེས་པ་ནི་ང་ཚོ་བཙན་བྱོལ་བོད་མི་ཙམ་མ་ཟད། གངས་ཅན་ལྗོངས་ཡོངས་ཀྱི་གྱོང་གུན་ཚབས་ཆེན་ཞིག་ཡིན། འདིར་ང་ཚོ་ཡིད་སྐྱོ་ཞིང་སེམས་ཕངས།

དེ་རིང་གི་ཚོགས་འདུ་འདི་སྲིད་ཇུས་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་བ་ཡིན་ལ། འདིར་ཞུགས་མཁན་སྐུ་ངོ་རྣམ་པ་གཙོ་བྱས་པའི་ལས་རོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གུས་པས་ཞིང་གཤེགས་དམ་པ་སྐུ་ངོ་བསམ་འཕེལ་མཆོག་དང་ཐོག་མར་ངོ་ཤེས་སྐབས་ནི་ ༢༠༡༡ ལོར་ཡིན་ཞིང་། དམ་པ་ཁོང་ངོ་ཤེས་ནས་དུས་ཡུན་རིང་པོ་སོང་མེད་ན་ཡང་། འདས་པའི་ལོ་ ༡༠ ལྷག་གི་ནང་ཁོང་གིས་ང་ལ་བཞག་པའི་དྲང་ཕྱོགས་ཀྱི་བག་ཆགས་དང་རིན་བྲལ་གྱི་སློབ་གསོ་ནི་རྡོ་ལ་བཀོས་པའི་རི་མོ་བཞིན་མི་ཚེའི་གང་བོར་བརྗེད་དཀའ་བ་ཞིག་ཡིན། དེ་ཡང་ ༢༠༡༡ ལོའི་ཟླ་ ༡༢ པའི་ནང་། ༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་ ༣༢ པ་གནང་སྐབས་གུས་པ་དུས་དབང་ཞུ་བར་འགྲོ་འཆར་ཡོད། སྐབས་དེར་ངས་བོད་གནས་ཉམས་ཞིབ་ཁང་དུ་ལས་ཀ་བྱེད་བཞིན་ཡོད། དགོངས་ཞུ་བཀའ་འཁྲོལ་ཕྱི་དྲིལ་ལས་ཁུངས་སུ་སྐུ་ངོ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་མཆོག་གི་དྲུང་ནས་ཞུ་དགོས་པ་རེད། ཉིན་དེར་སྐུ་ངོའི་ལས་ཁུངས་སུ་བཅར་ནས་གནས་ཚུལ་དེ་ཞུ་མ་ཐག སྐུ་ངོས་ཁྱོད་རང་རྡོ་རྗེ་གདན་དུ་དུས་འཁོར་དབང་ཞུ་བར་འགྲོ་རྒྱུ་ཡིན་ན་དེ་ཡག་པོ་འདུག དགོངས་པ་གནང་དང་གནང་། ཁྱེད་རང་ཕེབས་རོགས་གནང་གསུང་སོང་། དེ་ནས་ཕྲན་ཕྱི་དྲིལ་ལས་ཁུངས་ཀྱི་སྒོ་ཆེན་ལས་ཕྱིར་ཐོན་མ་ཐག སྐུ་ངོས་ཐོག་བརྩེགས་གཉིས་པའི་སྒེའུ་ཁུང་ནས་ང་ཕྱིར་སྐད་བཏང་སོང་། ཡང་བསྐྱར་དྲུང་དུ་བཅར་རྗེས། སྐུ་ངོས་ང་ལ་བསྟན་འཛིན་བདེ་ལྡན་ལགས་ཁྱེད་རང་གཏན་འཇགས་ལས་བྱེད་རེད་མི་འདུག་ཨ། ཆོད་གན་ལས་བྱེད་ཀྱིས་དགོངས་པ་དུས་ཡུན་ཟླ་བ་གཅིག་ཞུ་ཆོག་གི་མ་རེད། ངས་ཁྱེད་རང་གཏན་འཇགས་ལས་བྱེད་ཡིན་ཤག་བྱས་པ་ཡིན། ཞེས་གསུངས། སྐབས་དེར་གུས་པས་ཀྱང་ཆོད་གན་ཡིན་ན་དགོངས་པ་ཟླ་བ་གཅིག་ཞུ་ཆོག་གི་མེད་པའི་སྒྲིག་ཁྲིམས་དེ་ཤེས་ཀྱི་མེད་ལ། སྐུ་ངོས་ཀྱང་དེ་སྔོན་ང་ཆོད་གན་ལས་བྱེད་ཡིན་པ་མཁྱེན་གྱི་མི་འདུག གང་ལྟར་ངེད་གཉིས་ཀ་ཅུང་ཁ་སྐྱེངས་པོ་ཞིག་གི་ངང་ནས་ང་ཕྱིར་ལོག་པ་ཡིན།
སྐུ་ངོ་དང་ང་གཉིས་ཕན་ཚུན་གོ་ནོར་ཆུང་ཆུང་དེའི་ཁྲོད་ངོ་ཤེས་ཤིང་རིམ་གྱིས་འདྲེས་པོ་ཆགས་པ་རེད། སྐབས་དེར་ངའི་མཐོང་སྣང་དུ་སྐུ་ངོ་བསམ་འཕེལ་ནི་གཞུང་ཞབས་ཀྱི་གནས་རིམ་མཐོ་ཤོས་དྲུང་ཆེ་ཡིན་ཡང་དཔོན་ཉམས་སྤུ་ཙམ་མེད་པ་མ་ཟད། ཁེངས་སྐྱུང་དང་སྙོམས་ཆུང་ཚུལ་ལྡན་གྱི་མི་ཞིག་ཏུ་སྣང་། ཁོང་གི་ཁེངས་སྐྱུང་དེ་ཡང་བཅོས་མ་མ་ཡིན་ཞིང་ལྷན་སྐྱེས་ཀྱི་གཤིས་རྒྱུད་ཅིག་དང་། མི་རྣམ་དག་ཟོལ་མེད་ཅིག་ཡིན་པ་ཤེས། དེའི་རྗེས་ཅུང་མ་འགོར་བར་སྐུ་ངོ་མཆོག་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་ཕེབས་སོང་། དེ་ནས་བཟུང་ང་ཚོས་སྐུ་ངོ་དང་ལས་ཀ་མཉམ་ལས་དང་བསམ་བློ་བརྗེ་རེས། བདེ་སྡུག་མཉམ་མྱོང་ངང་ཡར་རྒྱས་ཀྱི་གོ་སྐབས་རག་པ་མ་ཟད། ལོ་ཟླ་ཉིན་ཞག་གི་འཁོར་སྐྱོད་ཁྲོད་སྐུ་ངོ་མཆོག་ངའི་བཀུར་འོས་པའི་དབུ་ཁྲིད་དང་། མདུན་སྐྱོད་ཀྱི་མིག་དཔེ། མཛའ་བརྩེ་གཞུངས་རིང་གི་གྲོགས་པོ་ཞིག་ཏུ་གྱུར་སོང་། གཤམ་དུ་དམ་པ་ཁོང་གི་ཐུགས་གཤིས་དང་། ཡོན་ཏན། སྤྱི་ཚོགས་ལ་བཞག་པའི་ཕྱག་རྗེས་བཅས་གུས་པའི་མཐོང་ཐོས་ཀྱི་རྒྱ་ཁྱོན་ནང་ཡོད་པ་དེ་ཞུ་ན།
ཞིང་གཤེགས་དམ་པ་སྐུ་ངོ་བསམ་འཕེལ་མཆོག་ནི་ཐུགས་གཤིས་ཤིན་ཏུ་འཇམ་ཞིང་རྣམ་འགྱུར་ཞི་དུལ། གཞུང་དྲང་མོ། གཤིབ་བདེ་པོ། སེམས་ཆུང་བག་ཡོད། མི་སུ་དང་སུ་ཡིན་ཡང་ཁྱད་མེད་ལྟ་སྟངས་གཅིག་འཛིན་པ། ཁ་ཞེ་རྒྱབ་མདུན་མེད་པ། ད་དུང་ཕ་རོལ་པོའི་སེམས་ཁམས་རྟོགས་མཁས་པ། ཁོག་རྒྱ་ཆེ་བ། སྣང་བ་སྐྱིད་པོ། ཡུལ་དུས་གང་ཡིན་ཡང་ཞལ་ཀྱལ་གནང་ཆོག་ཆོག་ཅིག་དང་། དྲང་ནུས་(Positive Energy 正能量)ཀྱི་ཁེངས་པའི་མི་ཞིག་རེད། ཁོང་གི་རང་གཤིས་འདི་ནི་རླབས་ཆེན་གྱི་མི་སྣ་དག་ལ་ཡོད་པའི་ཐུན་མོང་གི་གཤིས་ཀ་ཡིན་ངེས།
ཞིང་གཤེགས་དམ་པ་འདིའི་ལུས་ངག་གི་ཡོན་ཏན་སྐོར་ཅུང་ཟད་ཞུ་ན། གུས་པའི་ཁོང་མཉམ་དུ་ལས་དོན་བསྒྲུབས་པའི་བརྒྱུད་རིམ་ཁྲོད་ཆེས་དོ་སྣང་བྱུང་བ་དག་ནི། ཁོང་གིས་གསུང་བཤད་གང་དང་གང་གི་སྐོར་གནང་ཡང་བརྗོད་བྱ་གཙོ་བོ་འབུར་དུ་ཐོན་པ། གོ་རིམ་ལྡན་པ། ལྟ་བ་བཞེངས་ཕྱོགས་ཁ་གསལ་དང་། སྟབས་བདེ་གོ་སླ་པོ། རིག་ལམ་གསལ་པོ། རྒྱས་བསྡུས་འཚམས་པ། གཏན་ཚིགས་དང་མཐུན་པ། བསྐྱར་ཟློས་གཏན་ནས་མེད་པ། འབྲེལ་མེད་དོན་གཞན་མི་གླེང་བ་མ་ཟད། ད་དུང་ཡུལ་དང་དུས་ནམ་ཡིན་ཡང་གསུང་བཤད་གནང་སྐབས་ཞལ་ཀྱལ་གནང་སྟེ་གསན་མཁན་རྣམས་འུར་ཆིལ་ལེར་གད་མོ་ཡང་ཡང་འཆོར་དུ་འཇུག་པ།  སྐུ་ངོ་བཞུགས་པའི་གནས་དེར་དུས་ནམ་ཡང་དགོད་སྒྲ་དང་བསམ་གཞིག་གི་ཁོར་ཡུག་ཅིག་བསྐྲུན་ནས་ཡོད། དགོད་སྒྲའི་རྗེས་སུ་ཤེས་ལྡན་རྣམས་ངེས་པར་དུ་བསམ་གཞིག་གསར་པ་ཞིག་གི་ཞིང་ཁམས་སུ་ཁྲིད་འགྲོ་གི་རེད།
གཞན་ད་དུང་མཁས་པ་དང་། ཆེད་ལས་པ། ཆབ་སྲིད་པ། རྩོམ་པ་པོ་ལ་སོགས་མི་སྣ་གྲགས་ཅན་དང་། མི་དཀྱུལ་མ་སུས་ཤིག་གིས་གསུང་བཤད་གནང་རྗེས། སྐུ་ངོས་བཏོན་པའི་དྲི་བ་དེ་ཆེས་གལ་གནད་ཆེ་བ་དང་། རྣག་ཐོག་གཙག་འཁེལ། དེ་བཞིན་དངོས་བདེན་རྣམ་དག་གི་དྲི་བ་ཡིན་གཤིས། ལན་འདེགས་མཁན་དང་གསན་མཁན་ཚང་མ་ཁོང་གིས་བཏོན་གནང་བའི་བསམ་ཡུལ་ལས་འདས་པའི་དྲི་བ་ལ་ཁ་གདངས་མིག་ཅེར་ནས་སྡད་དགོས་པ་དང་། དུས་མཚུངས་སུ་བློ་སྐྱེད་གསར་པ་ཞིག་དང་བསམ་གཞིག་བསྐྱར་དུ་གཏོང་དགོས་པ་ཆགས་ཀྱི་རེད།
ཞིང་གཤེགས་དམ་པ་སྐུ་ངོ་བསམ་འཕེལ་མཆོག་ནི་ཁྲ་ལམ་མེས་གསར་འབྱེད་བྱེད་མཁན་ཞིག་དང་། ཁུ་སིམ་མེས་ལེགས་སྐྱེས་ཕུལ་མཁན་ཞིག་རེད། ཁོང་གིས་སྤྱི་ཚོགས་ལ་བཞག་པའི་ཕྱག་རྗེས་དང་ཕྱག་རྗེས་དེའི་འབྱུང་ཁུངས། གསོན་ཤུགས། རྨང་གཞི་བཅས་ནི་བདག་ཅག་གི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་༸གོང་ས་མཆོག་གི་དགོངས་དོན་ཟབ་མོ་དང་། བོད་མི་རིགས་ཀྱི་རང་དབང་འཐབ་རྩོད། མ་འོངས་མདུན་ལམ་བཅས་ལ་དམ་ཟབ་ཏུ་འབྲེལ་བསྡད་ཡོད། དེ་ཡང་དམ་པ་ཁོང་གིས་སྤྱི་ལོ་ ༡༩༨༠ ལོ་ནས་ ༢༠༡༨ ལོའི་བར་མི་ལོ་ ༣༨ རིང་བོད་བཙན་བྱོལ་གཞུང་ལ་ཕྱག་ལས་གནང་། ཕྱག་ལས་གནང་ཡུལ་གཙོ་བོ་ཕྱི་དྲིལ་ལས་ཁུངས་ཡིན་པ་དང་། སྐུ་ངོ་མཆོག་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཕྱི་འབྲེལ་གྱི་ལས་དོན་བསྒྲུབས་ཡོད་པ་རེད། ཕྱི་འབྲེལ་གྱི་ཕྱག་ལས་ནི་དཀའ་ཚེགས་ཆེ་ཞིང་གལ་གནད་ཀྱང་ཆེ། དེ་བཞིན་དམ་པ་ཁོང་གིས་བྱས་རྗེས་ཀྱང་མི་དམན་པ་ཞིག་བཞག་གནང་ཡོད། དེ་དག་ཁྲོད་གུས་པས་མཐོང་ཐོས་ཐོར་བུ་ཙམ་ཞུ་ན།
༡༩༨༠ ལོར་བོད་བཙན་བྱོལ་གཞུང་གི་ལས་བྱེད་ཁོངས་སུ་ཞུགས། ཁོང་ནི་ཨ་རིར་སློབ་སྦྱོང་བྱེད་མཁན་བོད་རིགས་ན་གཞོན་ཁག་དང་པོའི་གྲས་ཡིན་པ་མ་ཟད། ཁོ་ལོམ་པི་ཡའི་སློབ་ཆེན་གྱི་གསར་འགྱུར་རིག་པའི་སློབ་གནས་ཐོབ། ༡༩༨༥ ལོར་༸གོང་ས་མཆོག་གི་བཀའ་མངགས་ལྟར་བོད་ནང་གནས་ཚུལ་དངོས་ལ་བརྟག་དཔྱད་ཚོགས་པའི་ཚོགས་མི་གནང་། ༡༩༩༩ ལོ་ནས་ ༢༠༡༢ ལོའི་བར་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་དང་། བཀའ་ཤག་གི་མགྲིན་ཚབ་པ་གནང་། ༢༠༡༢ ལོར་བོད་ཀྱི་སྲིད་ཇུས་ཞིབ་འཇུག་ཁང་གི་འགན་འཛིན་གནང་། ༢༠༡༨ ལོའི་ཟླ་ ༡༡ པར་བགྲེས་ཡོལ་དུ་ཕེབས།
གོང་སྨྲས་བཞིན་དམ་པ་ཁོང་གི་སྐུ་ཚེའི་བརྒྱུད་རིམ་ནང་གུས་པར་ཆེས་ཆ་རྒྱུས་ཡོད་པ་ནི་སྐུ་ཚེ་སྨད་དུ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་དུ་འགན་འཛིན་གནང་སྐབས་ཡིན་ཞིང་། སྐབས་དེར་སྲིད་ཇུས་ཉམས་ཞིབ་ཁང་ནི་དམ་པ་ཁོང་གི་བླ་ན་མེད་པའི་ཀུན་སྤྱོད་དང་། རྩལ་དང་ལྡན་པའི་རྣམ་དཔྱོད། ཟབ་ཅིང་ཡངས་པའི་ཁོག་རྒྱ་སོགས་ལ་བརྟེན་ནས་འཛིན་སྐྱོང་དང་ཉམས་ཞིབ་བཅས་ཀྱི་ལས་དོན་ཡོངས་རྫོགས་ཡར་ངོའི་ཟླ་དང་དབྱར་གྱི་མཚོ་ལྟར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་སྟེ། ལས་ཁུངས་ལ་གསོན་ཤུགས་ལྡན་པ་དང་རེ་བའི་ཁེངས་བསྡད་ཡོད། དེ་ཡང་འཛིན་སྐྱོང་ཐད་གོ་རིམ་ལྡན་པ། འཐུས་སྒོ་ཚང་བ། ཕྱི་གསལ་ནང་གསལ། དྲང་པོ་དྲང་གཞག་ཡིན་པ། འགྲོ་གྲོན་ཆུང་ལ་ཕན་འབྲས་ཆེ་བ། དེ་བཞིན་ཉམས་ཞིབ་ཐད་སྤྱིར་བོད་ཀྱི་གནད་དོན་ལ་དམ་པོར་དམིགས་ནས་རྣམ་གྲངས་མི་འདྲ་བའི་ཐོག་ཉམས་ཞིབ་བྱས་པ་དང་། ཡང་སྒོའི་བོད་ནང་དང་རྒྱ་ནག་གཞུང་གི་གནས་ཚུལ་ལྟེ་བར་བཟུང་ནས་དུས་ཐོག་དང་། ནུས་ལྡན། ཁྱོན་ཡོངས། མཐིལ་ཕྱིན་བཅས་ཀྱི་སྒོ་ནས་ཞིབ་འཇུག་བྱས་ཡོད། སྐབས་དེར་སྲིད་ཇུས་ཉམས་ཞིབ་ཁང་ནི་མིང་དོན་མཚུངས་པ་ཞིག་ཆགས་ཡོང་གི་ཡོད་པ་མ་ཟད། ཕྱི་གླིང་ཨ་རི་དང་། ཡུ་རོབ། ཨོ་གླིང་། རྒྱ་གར། ཐའེ་ཝན་སོགས་ཡུལ་གྲུ་ཁག་གི་ཉམས་ཞིབ་པ་དང་མཁས་པ་རྣམས་མེ་ཏོག་དྲི་ལ་གཡུ་སྦྲང་འཁོར་བ་བཞིན་ཕྱོགས་འདྲ་མིན་དང་རྒྱུན་མ་ཆད་པར་ཕེབས་ཡོང་གི་ཡོད། ཆབ་སྲིད་ཉམས་ཞིབ་བགྲོ་གླེང་ཚོགས་འདུ་ཡང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཚོགས་ཀྱི་ཡོད་ལ། ཚོགས་པ་དེ་ཡང་རྣམ་པ་ཙམ་གྱི་ལས་གཞི་མ་ཡིན་པར་རིན་ཐང་ལྡན་པའི་དོན་སྙིང་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་འབའ་ཞིག་ཡིན། དེ་བཞིན་སྲིད་ཇུས་ཉམས་ཞིབ་ཁང་གིས་བཏོན་པའི་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ཉམས་ཞིབ་དུས་དེབ་དང་དྲྭ་རྒྱ་བཅས་ལ་རང་གཞུང་སྤྱི་འཐུས་ལྷན་ཚོགས་གཙོ་བྱས་པའི་ཕྱི་ཕྱོགས་ནས་ཚད་མཐོ་བའི་གདེང་འཇོག་དང་བསྔགས་བརྗོད་ཐོབ་ཡོད།
ད་དུང་གལ་ཆེ་བ་ཞིག་ནི། དམ་པ་ཁོང་གིས་མི་ཡུལ་དུ་བཞག་པའི་ཕྱག་རྗེས་དབྱིན་ཡིག་སྟེང་བརྩམས་གནང་བའི་དཔེ་དེབ་དང་དཔྱད་རྩོམ་དུ་མ་ཡོད། དཔེར་ན། Falling Through the Roof; The Dalai Lamas of Tibet; Tibet Reports from Exile;Copper Mountain སོགས། གཞན་ད་དུང་ལྗགས་རྩོམ་དུ་མ་བོད་དང་རྒྱ་གར། ཕྱི་གླིང་བཅས་ཀྱི་གསར་ཤོག་དང་དུས་དེབ་སོགས་ཀྱི་སྟེང་འདོན་སྤེལ་གནང་ཡོད།
ཞིང་གཤེགས་དམ་པ་སྐུ་ངོ་བསམ་འཕེལ་མཆོག་ནི་མི་ཡུལ་དུ་དྲང་སྲོང་ཉི་མའི་རྣམ་ཐར་སྐྱོང་མཁན། བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཁྲོད་ཕུལ་དུ་བྱུང་བའི་དབུ་ཁྲིད་མཁན།  ཁོང་ནི་ང་ཚོ་བཙན་བྱོལ་བོད་མི་གོང་འོག་ཡོངས་ཀྱི་མིག་དཔེར་ལྟ་ཡུལ་ཞིག་ཀྱང་རེད། དམ་པ་ཁོང་ད་ལྟ་དག་ཞིང་དུ་གཤེགས་ཟིན་ན་ཡང་ཁོང་གི་ཞལ་གྱི་དཀྱིལ་འཁོར་དང་གསུང་གི་བདུད་རྩི་རྣམས་སྔར་བཞིན་བོད་མི་དམངས་ཀྱི་སེམས་སུ་གནས་ཡོད་ལ། ཁོང་གི་བླ་མེད་ཀྱི་ཀུན་སྤྱོད་དང་ཕུལ་བྱུང་གི་མཛད་རྗེས་ནི་མི་ཡུལ་དུ་དུས་ནམ་ཡང་ཡལ་མི་སྲིད།
མཇུག་མཐར་ཞིང་གཤེགས་དམ་པ་སྐུ་ངོ་བསམ་འཕེལ་མཆོག་གི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་ཀྱིས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པའི་སྨོན་འདུན་ཞུ། ཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུའོ། །
ཐུགས་རྗེ་ཆེ།
༢༠༢༢ ལོའི་ཟླ་ ༧ ཚེས་ ༢༣ ལ།

ངོ་སྤྲོད།, དྲན་ཐོ།

Post navigation

Previous Post: བོད་པ་ནང་རུལ་བ།
Next Post: མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་སྲིད་གཞུང་།

Comments (3) on “ཞིང་གཤེགས་དམ་པ་སྐུ་ངོ་བསམ་འཕེལ་མཆོག་དགོང་ཞག་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་དང་བཀའ་དྲིན་རྗེས་དྲན་ཞུ་བ།”

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    2022-07-26 at 9:11 pm

    སྐྱེས་ཕོ་རབས་བྱ་བར་ཀུན་གྱི་སྨོན་།
    སྐྱེས་ཕོ་རབས་བྱ་བ་ས་གནམ་གྲགས་།
    སྐྱེས་ཕོ་རབས་བྱ་བ་འདི་འཆི་ཕན་།
    སྐྱེས་ཕོ་རབས་བྱ་བས་རང་གཞན་ཕན་།

  2. གཞུང་པ་ཚེ་དབང་བསོད་ནམས་། says:
    2022-07-27 at 1:25 am

    གཞུང་ཞབས་ལས་བྱེད་གཅིག་གི་གཅིག་ལ་གུས་བརྩི་དང་ཆེ་མཐོང་ཞུ་རྒྱུ་དེ་ལས་བྱེད་ཀྱི་སྒྲིག་གཞིའི་ནང་ཡོད་མེད་མི་ཤེས་ཏེ་གང་ལྟར་བོད་མིའི་སྲོལ་རྒྱུན་སྒོམ་བཤིས་བཟང་པོ་དང་མཐུན་པའི་བྱ་སྤྱོད་ལ་སོང་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཡོད་།

  3. རྡོ་རྗེ་སེམས་པ། says:
    2022-07-28 at 4:36 am

    ངས་སྐུ་ངོ་ཁོང་ཆ་རྒྱུས་མེད་རུང་ཁོང་ལ་བསྔགས་བརྗོད་གནང་མཁན་མང་པོ་ཐོས་མྱོང་། དོན་དམ་གྱི་རླབས་ཆེན་གྱི་སྐྱེ་བོ་ཞིག་ལ་གུས་བརྩི་ཞུའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme