Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞི་མི་་་ངས་ད་དུང་ཡང་ཁྱོད་རང་དྲན།

Posted on 2012-09-22 By ཁ་བརྡ་ 4 Comments on ཞི་མི་་་ངས་ད་དུང་ཡང་ཁྱོད་རང་དྲན།

ལེགས་མཐོང་གིས་དབྱིན་སྐད་དུ་བརྩམས། ཟླ་བ་ཆོས་གྲགས་ཀྱིས་བསྒྱུར།

ཕྲན་རང་ཐོག་མར་ཨ་ཕ་དང་འཕྲད་སྐབས་རང་ལོ་བཅུ་གཅིག་ཡིན། སྔོན་མ་རང་ཉིད་ཨ་མ་དང་ཁ་བྲལ་ནས་རང་ལ་བལྟ་སྐྱོང་བྱེད་མཁན་གྱི་སྤོ་བོ་ལགས་ལ་ངས་ཨ་ཕ་རང་འབོད་ཀྱི་ཡོད་མོད། ཉིན་ཞིག་གུས་པའི་ཁྱིམ་དུ་རང་དང་འབྲེལ་འདྲིས་མེད་པའི་མི་ཞིག་འབྱོར། ནང་མི་རྣམས་ཀྱིས་ཚིག་གཅིག་ཀྱང་མི་བཤད་པར་ཁོའི་གདོང་ལ་ཅེ་རེར་བལྟ་བཞིན་འདུག་ལ་འགའ་ཤས་ཅུང་ཙམ་ངུ་བཞིན་འདུག །ངས་ཁོང་ཚོར་མི་འདི་སུ་རེད་ཅེས་དྲིས་པ་ཡིན། ཅིའི་ཕྱིར་ཞེ་ན། ཁོང་ཚོས་མི་དེར་སྐུ་མགྲོན་གཞན་ལྟ་བུའི་སྣེ་ལེན་ཞུ་གི་མི་འདུག་ལ་ངས་མི་འདི་སྔོན་མ་མཐོང་མྱོང་ཡང་རྩ་བ་ནས་མི་འདུག །ཅུང་ཙམ་གྱི་རྗེས་སུ་ཁོང་ཚོས་མི་འདི་ཁྱེད་རང་གི་ཨ་ཕ་རེད་ཟེར། ང་ཧང་སང་ནས་སྤོ་བོ་ལགས་ལ་མཛུབ་མོ་སྟོན་བཞིན་ཁོ་ངའི་ཨ་ཕ་མ་རེད་དམ་ཞེས་དྲིས་པ་ཡིན།

ཁོང་ཚོས་མ་རེད་ཟེར། ཕ་གིའི་མི་འདི་ཁྱེད་ཀྱི་ཨ་ཕ་དངོས་གནས་དེ་རེད་ཟེར་ཡང་། ང་ལ་དམིགས་བསལ་གྱི་ཚོར་བ་ཅི་ཡང་མི་འདུག་ལ་ཁོ་ང་དང་འདྲ་བོ་ཡང་མི་འདུག །ཡིན་ཡང་ངའི་ཨ་ཕ་ཕྱིར་ནང་དུ་ལོག་པ་དེ་ནམ་ཡང་བརྗེད་ཀྱི་མེད། ངས་རང་ཉིད་ཀྱི་ཨ་ཕ་རྙེད་པ་དང་བརྩེ་བ་ཡོད་པའི་རྒྱུ་མཚན་གང་ཡང་མིན། ཡིན་ན་ཡང་ཁོང་ལ་ཞི་མི་དཀར་པོ་ཞིག་ཡོད་པའི་རྒྱུ་མཚན་གྱིས་ཡིན། གུས་རང་དེ་དུས་ཞེ་དྲགས་ཆུང་ཆུང་ཡིན་ཏེ་ཞི་མི་དེ་ཡང་དཔེ་ཆུང་ཆུང་རེད། དེའི་གཟུགས་པོ་ཆ་ཚང་ངའི་ལག་པ་གཉིས་ཀྱི་ནང་དུ་སྦས་ཐུབ། ངས་ད་དུང་ཡང་དྲན་སོས་པ་ཞིག་ལ་ཞི་མི་དེའི་གཟུགས་པོ་དཀར་པོ་དཀར་རྐྱང་ཡིན་པ་དང་། སྣ་ཚོས་ནི་དཔེ་ཟིང་སྐྱ་ཡོད་རེད།

སྐབས་དེར་ངས་ཞི་མི་དེ་མཐོང་བ་དང་བརྩེ་སེམས་ཞིག་སླེབ་སོང་། རྒྱུ་མཚན་ནི་ངའིི་གྲོང་པའི་ནང་གི་ཞི་མི་དག་ནག་པོའམ་ཡང་ན་མདོག་ངན་པ་ཤ་སྟག་ལས་ཆ་ཚང་དཀར་པོ་ཡིན་པའི་ཞི་མི་ཞིག་དེ་སྔོན་རྩ་བ་ནས་མཐོང་མྱོང་མེད། དེར་བརྟེན་ངས་ཁོང་ཚོར་འདི་ང་ལ་སྤྲད་དམ་ཞུས་པ་ཡིན་ཡང་། ཁོང་ཚོས་ཁྱོད་ཀྱིས་འདིའི་མཉམ་དུ་རྩེད་མོ་རྩེས་ན་འགྲིག་གི་རེད་ཟེར། དེ་ནས་བཟུང་ཁོ་ང་དང་གྲོགས་པོ་ཡག་ཤོས་ཆགས་པ་རེད། ཨ་ཕས་ང་ཚོར་བོད་པས་ལི་ལི་ལ་ཞི་མིར་འབོད་ཀྱི་རེད་ལ་ཞི་མི་ལབ་ན་ལི་ལིར་གོ་བ་རེད་ཟེར། དེར་བརྟེན་ངས་ལི་ལི་དཀར་པོ་དེའི་མིང་ལ་ཞི་མི་ཞེས་བཏགས་ནས་ནམ་རྒྱུན་ཁོ་དང་མཉམ་དུ་རྩེད་མོ་རྩེ་གི་ཡོད། སྐབས་རེ་ཁོ་རང་བྱེའུ་གསོད་པར་དགའ་ན་ཡང་ཁོར་རྩལ་ཡག་པོ་མེད་པ་འདྲ་བས་གཅིག་ཀྱང་སོད་ཀྱི་མ་རེད། སོང་ཙང་ངས་མཚམས་རེར་རོགས་རམ་བྱས་ཏེ་ཞི་མི་ཁོ་རང་དགའ་བའི་བྱེའུ་ཆུང་འགའ་རེ་བསད་དེ་ཁོ་ལ་སྦྱིན་ཀྱི་ཡོད།

དེ་ནི་ང་རང་གིས་སྡིག་པ་ཆེན་པོ་བསགས་པ་ཞིག་རེད་འདུག །ང་རང་རྡོ་རྗེ་གདན་དུ་ག་དུས་ཕྱིན་ཀྱང་དེའི་ཆེད་དུ་བསྔོ་བ་དང་སྨོན་ལམ་བྱེད་ཀྱི་ཡོད། ང་ཚོའི་གྲོང་པའི་ནང་ནས་ཞི་མི་དེ་ཧ་ཅང་སྐད་གྲགས་ཆགས་ནས་ཕྲུག་གུ་ཆུང་ཆུང་ཚང་མ་བལྟ་སྐོར་དུ་སླེབ་སོང་། ཕྲུག་གུ་རྣམས་ཁོ་ལ་ཧ་ཅང་དགའ་བས་བྱམས་པོ་བྱེད་པ་དང་ཁ་ནས་ཞི་མི། ཞི་མི། ཞི་མི་ཞེས་ལབ། ང་རང་བདག་པོ་ཡིན་པས་སྤོབས་པ་ཞེ་དྲགས་སྐྱེས་བྱུང་། དེ་ནས་ལོ་ཤས་ཀྱི་རྗེས་སུ་ཞི་མི་ང་ཚོའི་ཁྱིམ་ནང་དུ་མཉམ་པོར་ཉལ་བཞིན་པའི་སྐབས་སུ་ལི་ལི་ནག་པོ་ཁ་ཤས་ཀྱིས་རྒོལ་རྡུང་བྱས་ཏེ་ཁོ་ལ་རྨ་མང་པོ་བཟོས་སོང་། སྐབས་དེར་ཞོགས་པ་རྟག་པར་ང་རང་ཡར་ལངས་པ་དང་ང་ཚོས་ངའི་གྲོགས་པོ་ཞི་མིའི་གཟུགས་པོར་རྨ་རྨས་རྣམས་འཚོལ་གྱི་ཡོད། མཚམས་རེར་ངའི་མིག་ནས་མཆི་མ་ཡང་ཤོར་མྱོང་། ང་ལ་དཀའ་ངལ་ཞིག་ཡོད་པ་ནི་དགོང་མོ་ལི་ལི་ནག་པོ་རྣམས་བསླེབ་ཀྱི་རེད་བསམ་པའི་ཞེད་སྣང་དེ་རེད།

ངའི་ནང་མི་རྣམས་ཀྱིས་ང་ལ་སྒོ་དང་སྒེའུ་ཁུང་ཡག་པོར་རྒྱག་རྒྱུར་རོགས་པ་བྱེད་ཀྱི་རེད་དེ། ཐེངས་མང་པོར་མཁའ་རླུང་རྒྱུ་བའི་དུ་ཁུང་གི་བརྒྱུད་ནས་ཞི་ནག་འགོང་པོ་དེ་ཚོ་ནང་དུ་འཛུལ་ཏེ་ངའི་ཞི་མི་སྐྱོ་རུ་སྐྱོ་རུ་ཕྱིན། དངོས་གནས་ཁོ་རང་དཔེ་སྐྱོ་སྣང་གིས་ཡིན་པ་འདྲ། ཉིན་ཞིག་ངའི་སྤོ་བོས་ལི་ལི་ནག་པོ་ཞིག་བཟུངས་ཏེ་དཔེ་ངན་པ་བརྡུངས་སོང་། ཡིན་ཡང་མཐའ་མཇུག་ཁོ་རང་སྡིག་པ་ལ་ཞེད་པས་ལི་ལི་དེ་གློད་བཏང་སོང་། ངས་སྤོ་བོར་ཅིའི་ཕྱིར་གློད་པ་ཡིན་ཞེས་ཁ་རྩོད་བརྒྱབས་ཀྱང་། སྤོ་བོས་སྦྲུལ་དང་ལི་ལི་བསད་ན་སེལ་མི་ཐུབ་པའི་སྡིག་པ་ཆེ་ཤོས་དེ་རེད་ཟེར། ངས་ཁོང་ལ་དངོས་གནས་རེད་དམ་ཞེས་ལབ་པས་ཁོས་དེ་འདྲ་རེད་ཟེར། གལ་སྲིད་འདི་ཚབས་ཆེན་ཞིག་མིན་ཚེ་ངས་ངེས་པར་དུ་ལི་ནག་འགོང་པོ་དེ་ཚོ་གསོད་རྒྱུའི་དམ་བཅའ་ཡིན་ལབ་ཀྱང་། ཁོས་རྟག་པར་ང་ལ་བཀག་སྡོམ་བྱས། ཡང་བསྐྱར་ཉིན་ཞིག་ལི་ནག་འགོང་པོ་དེས་ང་ཚོའི་ཞི་མིར་རྒོལ་རྡུང་བྱས་ཏེ། སྤོ་བོ་ལགས་ཀྱིས་ལག་ཏུ་དབྱུག་པ་གཅིག་ཁུར་ཏེ་ལི་ནག་གི་རྗེས་འདེད་བྱས་སོང་།

སྐབས་དེ་ནས་ང་ཚོའི་ཞི་མི་དཀར་པོ་གར་སོང་ཆ་མེད་དུ་གྱུར་ཏེ། ཐ་ན་རིན་པོ་ཆེ་ཞིག་ལ་གསུང་རྟགས་སོགས་ཞུས་པ་དང་། ང་ཚོས་ས་ཆ་གང་སར་བཙལ་ཀྱང་མ་རྙེད་། དེའི་རྗེས་སུ་བུད་མེད་ཞིག་གིས་ཐེངས་གཅིག་མཐོང་བྱུང་ཡང་བཟུང་ཐུབ་མ་སོང་ཞེས་པའི་གཏམ་འཆལ་ཙམ་ལས་ཚུར་རྙེད་སོན་རྩ་བ་ནས་མ་བྱུང་། ང་ཚོའི་ཧ་ཅང་མཛའ་བརྩེ་ལྡན་པའི་ཞི་མི་དཀར་པོ་བོར་བརླག་ཏུ་ཕྱིན་པའི་སྡུག་བསྔལ་ནི་ཕལ་ཆེར་ལོ་འཁོར་གསུམ་ཙམ་གྱི་རྒྱུད་རིམ་དང་། ལྷག་པར་གུས་རང་ལ་མཚོན་ན་ཧ་ཅང་གི་སྡུག་ཤོས་ཤིག་ཡིན། དེ་ནི་ང་རང་གི་ཆུང་བྱིས་དུས་ཀྱི་གྲོགས་པོ་ཡག་ཤོས་ཤིག་བརླགས་པ་ནང་བཞིན་རེད། ཐ་ན་ངས་མཚམས་རེར་ཅི་ཡང་ཟ་ན་མི་འདོད།

ངའི་ནང་མིས་ང་ལ་སེམས་གསོའི་ཆེད་དུ་ལི་ཕྲུག་ནག་པོ་ཆུང་ངུ་ཞིག་འཚོལ་སྒྲུབ་བྱས་སོང་ཡང་། དེ་ནི་དཔེ་སུན་སྣང་སྐྱེད་བྱེད་ཙམ་ལས་ཐ་ན་ངས་ཁོ་ལ་བལྟ་ན་ཡང་མི་འདོད། འདིར་ངས་རྩོམ་སྒྲུང་འདིའི་མཇུག་སྡོམ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་ཡང་ངའི་སེམས་གཏིང་ནས་སྒྲུང་ཐུང་འདི་ནམ་ཡང་མཇུག་མི་སྒྲིལ། ཞི་མི་་་་་། ངས་ད་དུང་ཁྱེད་རང་གསོན་པོར་འཚོ་ཡོད་པའི་སྣང་བ་ཞིག་འདུག་ལ། དངོས་གནས་ཁྱེད་རང་རྒྱལ་ཁམས་གཞན་ཞིག་ཏུ་གནས་ཡོད་ན་ཡང་། ད་དུང་ངས་ཁྱེད་རང་དྲན་གྱི་འདུག་ལ་ཚེ་རྗེས་མར་འུ་གཉིས་ཡང་བསྐྱར་མ་ཐུག་གི་བར་དུ་ངས་ཁྱེད་ཀྱི་ཆེད་དུ་བསྔོ་སྨོན་ཞུ་རྒྱུ་ཡིན།
ལིའུ་ཕྲུག །

འགྱུར་རྩོམ།

Post navigation

Previous Post: སྤེལ་ལྗམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་མཇུག་སྒྲིལ་བ།
Next Post: འཆར་ཚུལ་ཞིག

Comments (4) on “ཞི་མི་་་ངས་ད་དུང་ཡང་ཁྱོད་རང་དྲན།”

  1. དཔྱིད་འགོའི་མེ་ཏོག says:
    2012-09-22 at 11:56 am

    ཀློག་འདོད་ཀི་་་་ཡག་གི་་་ཧ་ཧ་ཧ་ཧ་

  2. བློ་བཟང་གྲགས་པ། says:
    2012-09-22 at 12:36 pm

    སྒྲུང་དེ་སྙིང་པོ་འདུག་ལ་་་་་གོ་རྒྱུའང་འདུག་་་་་ཡག་གི་་་་་

  3. ཀླུ་སྨྱོན། says:
    2012-09-22 at 12:46 pm

    ང་ཡང་ཆུང་དུས་ཞི་མི་དཀར་ཆུང་ཞིག་ཡོད་མྱོང་། ཡིན་ཡང་ངའི་ཞི་མི་དང་ངའི་བར་གྱི་སྒྲུང་ནི་རྦད་དེ་ལོགས་ཀ་ཞིག་ཡིན། ཁོས་དབྱར་ཁ་ཤར་ཐེངས་རེ་རེར་ངའི་ལུག་ཤ་རྡོག་པོ་དེ་ཚོ་བརྐུས་ནས་བཟའ་གི་རེད་ལ་བསླབ་བྱ་ག་ཚོད་བརྒྱབ་ཀྱང་ཉན་གི་མ་རེད། མཐའ་མཇུག་ངས་ཁོ་ཡག་ཐག་ཆོད་བརྡུངས་ཏེ་ནང་ནས་མཐར་སྐྲོད་བཏང་བ་ཡིན། ཟླ་ཤས་རྗེས་སྤྱི་ལེ་བཞིའི་མཚམས་ཀྱི་ལམ་ཁ་ཞིག་ནས་ངས་ཁོའི་རོ་རྙེད་སོང་ལ། དེ་དུས་ང་ལ་འགྱོད་པ་ཏོག་ཙམ་སྐྱེས་སོང་།

  4. ཐུ་བ་རྒྱ་མཚོ། says:
    2012-09-22 at 6:53 pm

    སྙན་པོ་བྱུང་།
    སྒྲུང་འདི་ཀློག་མ་ཐག་ངས་རང་གི་གསེར་མིག་གངས་ལྷར་མིག་གིས་བལྟས། མིང་ནས་བོས། བང་ལ་བླངས། ལག་པས་མགོ་ལ་བྱིལ་བྱིལ་བྱེད། སེམས་ནས་འདང་ཇེ་ཆེར་སོང་། ཤ་རྡོག་ཆུང་ངུ་ཞིག་སྔུན་ལ་གཡུག་ཏེ་འདི་ཟོ་ཞེས་བཤད།
    ཨོ་རེད། གསེར་མིག་གངས་ལྷ་ནི་ངའི་ཞི་མི་ཆུང་ཆུང་ཁོའི་མིང་རེད། ལོ་གཅིག་ལྷག་ཙམ་ཡིན། མཚོན་མདོག་རི་མོ་སྟག་ཕྲུག་ཞིག་དང་འདྲ་བ་ཡིན། ཁོ་དགའ་ཤོས་ཟ་མ་ནི་ཚོང་ཁང་ནས་ཉོས་པའི་ཐོག་ན་ཞི་མིའི་མགོ་ཡོད་པའི་ཤོག་ཐུམ་དེ་རེད། ཁོ་དགའ་ཤོས་རྩེད་མོ་ནི་ཁང་པའི་ནང་གི་སྦྲང་ནག་མ་འཛིན་རྒྱུ་དང་། ཕེན་ཕིང་སྤོ་ལོ་ཡོད་པའི་ཤིང་སྒམ་དྲ་མིག་ཅན་གྱི་ནང་ནས་སྤོ་ལོ་ཕྱིར་འདོན་རྒྱུ་དེ་རེད།
    ཁོ་ཉོབ་ཤོས་ནི་ཉིན་གུང་ང་ཕྱི་ལོགས་སུ་སོང་ཤུལ་ཏུ་ཁོ་གཅིག་པུ་སྡོད་རྒྱུ་དང་། ཐོག་བརྩེགས་ལྔ་པའི་སྒེ་ཁུང་ནས་ཕྱི་རོལ་གྱི་བྱ་བྱྰེའུ་སེམས་ཅན་མཐོང་རིགས་རྣམས་འཛིན་འདོད་ཀྱང་གོ་སྐབས་མེད་པ་དེ་རེད། གྲོགས་པོ་ཁ་ཤས་ཀྱིས་ཁྱོད་ལ་ཞིམ་ཕྲུག་ཅིག་ཡོད་པ་དང་ཁོའི་མིང་ལ་གསེར་མིག་གངས་ལྷ་ཟེར་གི་ཟེར། གཅིན་པ་དང་རྟུག་པ་སོགས་ག་ས་གང་དུ་བཏང་ནས་སུན་པོ་མི་འདུག་གམ་ཞེས་འདྲི། དེ་ཡི་ལན་དུ་ངས་སུན་པོ་གང་ཡང་མི་འདུག ཁོ་རང་ལ་ཁོ་རང་གི་གཙང་སྤྱོད་ཡོད་པ་རེད། གཙང་སྤྱོད་ནང་མ་གཏོགས་ཕྱི་ལོགས་སུ་ནམ་ཡང་གཏོང་གིན་མ་རེད་ཟེར་བཤད་དུས་གྲོགས་པོ་ཁ་ཤས་ཀྱིས་ཡིད་མི་ཆེས་པའི་ངང་ནས་དེ་འདྲ་དངོས་ནས་རེད་པས་ཟེར་ཡང་དང་བསྐྱར་དུ་འདྲི་གི་རེད། ངས་ཁོང་ཚོར་གསེར་མིག་གངས་ལྷའི་གཙང་སྤྱོད་ཁོ་ཚོ་ལ་དངོས་སུ་མིག་གིས་བསྟན་དུས་ཁོ་ཚོ་ལ་ལ་ཧ་ལས་མདོག་བྱེད་ཀི་རེད།
    ངས་ཟ་མ་བཟའ་སྐབས་གསེར་མིག་གངས་ལྷ་རྒྱུན་དུ་ཡིན་གཅིག་ངའི་ཅོག་རྩེ་སྒང་ཡོང་ནས་ངའི་གདོང་ལ་མིག་བཅེར་ནས་འདུག་པ་དང་། ངའི་ཁ་ལག་གི་ཟ་འཕྲོ་འཐུང་འཕྲོ་ག་ཚད་བྱིན་ན་མི་ཟ་བར་ཡིན་གཅིག་ཚོང་ཁང་ནས་ཉོས་པའི་ཞི་མི་མགོ་ཅན་གི་ཤོག་ཐུམ་དེ་ལ་སྒུག་ནས་སྡོད། རྒྱུག་པ་མགོ་ལ་བཤར་དེ་རྡུང་བྲབ་བྱེད་ཀྱང་མི་རྡུང་བ་ཧ་གོ་ནས་རྒྱང་དུ་ཁྱོན་ནས་བྲོས་འགྲོ་གི་མ་རེད། གང་ཡིན་ཟེར་ན་ངས་ནི་གསེར་མིག་གངས་ལྷར་མཛུབ་གུ་ཞིག་གིས་ཀྱང་གཅར་རྡུང་བཏང་མྱོངས་མེད་ཙང་རྫིགས་རྫིགས་ག་ཚད་བྱས་ཡང་ཞེ་སྣང་ཁྱོན་ནས་ཡོང་གི་མ་རེད། གྲོགས་ཁ་ཤས་ཀྱིས་ཁྱེད་ཀྱིས་གསེར་མིག་གངས་ལྷ་གཅེས་ལངས་གཏོང་རྒྱུ་མང་དྲག་འདུག་ཟེར། ངས་དེ་ལ་གསེར་མིག་གངས་ལྷ་འདི་སྲོག་ཆགས་དུད་འགྲོ་ཆུང་ཆུང་མི་སྐད་མི་གོ་བ་མ་གཏོགས་རྣམ་རིག་ཙ་ཅང་གསལ་བོ་ཅན་ཞིག་རེད། ཁོས་ང་ལ་རྐང་བཙུགས་ནས་ངན་པ་གཅིག་ཀྱང་མི་བྱེད་པས་ངས་ཁོ་ལ་ནམ་ཡང་གཅར་རྡུང་མི་བྱེད་རྒྱུ་སེམས་གྱི་ཁས་ལེན་ཡིན། གསེར་མིག་གིས་མ་ཤེས་པར་ཅོག་རྩེ་སྒང་དང་སྟེགས་ཐོག་གི་ཅ་ལག་ཆུང་ཆུང་རེ་སྐྱོན་ཆག་བཏང་ཡང་དེ་ལ་བཟོད་སྒོམ་མི་ཐུབ་པ་ག་རེ་ཡོད་རེད་ཟེར་ལན་བཏབས། གསེར་མིག་གངས་ལྷ་ཁོ་ནམ་རྒྱུན་ང་མ་ཉལ་སྔོན་ལ་མི་ཉལ་པ་དང་། ང་གང་ནས་ཉལ་ན་དེ་ཡི་འགྲམ་དུ་ཉལ་གི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme