Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཟུར་གནས་བློ་གསར་དགྱེས་པའི་གཏམ་ཐུང་།

Posted on 2014-08-192014-08-19 By ཁ་བརྡ་ 9 Comments on གཟུར་གནས་བློ་གསར་དགྱེས་པའི་གཏམ་ཐུང་།

གངས་སེང་།
 

ཞང་ཞུང་སྐད་དུ་སངས་གྱིན་ཞེས་པའི་གོ་དོན་བཀྲོལ་བ་གཟུར་གནས་བློ་གསར་དགྱེས་པའི་གཏམ་ཐུང་།

དེང་སང་མཁས་བླུན་མང་པོ་ཞིག་ནས་ཞང་ཞུང་སྐད་ལ་སངས་རྒྱས་ཞེས་པའི་ཚིག་མེད་པ་དང་དེ་དུས་རབས་བརྒྱད་པར་གསར་བཟོ་བྱས་པར་བཤད་མཁན་འགའ་ཤས་སྣང་བས། དེ་ནི་བཤད་མཁན་རང་ཉིད་ལ་མཐོང་རྒྱ་དང་ཐོས་རྒྱ་ཆུང་བའི་དབང་གིས་མ་རྟོགས་པ་ཡིན་པ་ལས་བོན་པོའི་གཞུང་ལུགས་རྣམས་སུ་དེ་མེད་པ་མ་ཡིན་ཏེ། མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལས་ཆེས་གསལ་བའོ། དེ་ཡང་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། ཞང་ཞུང་སྐད་དུ། ཨུ་ཡེ་ཐ་ཙན་མ་ཏྲ་ཤེ་རྐྱ་ཉི་རི་ཀུ་ཤུ་ཧ་སངས་གྱིན་ཏན་ཏྲ། བོད་སྐད་དུ། གསང་ཆེན་མཐར་ཐུག་མ་རྒྱུད་ཐུགས་རྗེ་ཉི་མ། གཞི་ཡེ་སངས་རྒྱས་པའི་རྒྱུད། ཅེས་དང་།
ལམ་མངོན་སངས་རྒྱས་པའི་རྒྱུད་ལས། ཞང་ཞུང་སྐད་དུ། ཨུ་ཡེ་པྲ་ཏོག་ཐ་ཙོན་ཡ་པྲ་ཤེ་རྐྱ་ཉི་རི་སཾ་རྒྱུ་ད་སངས་གྱིན་ཏན་ཏྲ། བོད་སྐད་དུ། གསང་མཆོག་མཐར་ཐུག་མ་རྒྱུད་ཐུགས་རྗེ་ཉི་མ། ལམ་མངོན་སངས་རྒྱས་པའི་རྒྱུད། ཅེས་དང་། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ལས། ཞང་ཞུང་སྐད་དུ། ཨུ་ཡེ་ཐ་ཙོན་ཀ་ཏྲ་ཤེ་རྐྱ་ཉི་རི་ཁྲི་ཙེ་སླིག་སངས་གྱིན་ཏན་ཏྲ། བོད་སྐད་དུ། གསང་མཆོག་མཐར་ཐུག་མ་རྒྱུད་ཐུགས་རྗེ་ཉི་མ། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད། ཅེས་གསུངས་པ་༼བཀའ་འགྱུར་ནང་གི་མ་རྒྱུད་ལྟར་བཤུས། དཔེ་འགར་གྱིན་དོད་ཀྱིན་བྲིས་འདུག་པ་ཤེས་དགོས།༽དང་། དེ་ཡང་ཡེ་སངས་རྒྱས་པ་ལ་ཧ་སངས་གྱིན་དང་། མངོན་སངས་རྒྱས་པ་ལ་ད་སངས་གྱིན་དང་། རྫོགས་སངས་རྒྱས་པ་ལ་སླིག་སངས་གྱིན་ཞེས་བཞེད་དོ།།

དོན་དུ་ཧ་སངས་གྱིན་ལ་དཔེར་མཚོན་པ་ཡིན་ན། ཧ་ནི་ཡེ་ཞེས་པའི་དོན་དང་། སངས་གྱིན་ནི་སངས་རྒྱས་ཀྱི་སྐད་དོད་ཡིན་པ་ཆེས་གསལ་བས་དེ་ལ་ཐེ་ཚོམ་དགོས་དོན་གང་ཡང་མེད། མ་རྒྱུད་སངས་རྒྱས་རྒྱུད་གསུམ་ནི། ཞང་ཞུང་ཕུགས་པའི་སྣང་བ་མདོག་ཅན་དང་། བར་པའི་ཨ་ནུ་འཕྲག་ཐག སྒོ་པའི་སད་ནེ་གའུ་ནས་རིམ་པས་བརྒྱུད་པའི་བོན་པོའི་སྔགས་ཀྱི་གཞུང་ལུགས་རྩ་ཆེན་ཞིག་ཡིན། སངས་གྱིན་གྱི་དོན་ཅུང་ཟད་བཤད་ན། སངས་ཞེས་པ་ནི། ས་མཐའ་ཡོད་པ་དང་མེད་པ་ཅི་རིགས་སུ་སྣང་ནའང་དོན་དུ་ཞང་སྐད་དང་དེའི་དོན་རྣམ་པར་དག་པ་ལ་འཇུག་པའི་ཚུལ་ནི། ཞུ་ཉི་མ་གྲགས་པའི་ཞང་བོད་སྒྲ་སྡེབ་ལས། ཨ་ཀྱོ་སངས། (སྒྲིབ་པ་དག་) ཅེས་དང་། ཡི་གེ་བརྒྱ་པའི་འགྲེལ་བ་ལས། སང་ངེ་དག་དང་རྣམ་པར་དག །ཅེས་དང་། སང་ངེ་ཡ་ཡིས་རྣམ་སང་བྱེད། ཅེས་དང་། ཆུ་གཏོར་རྩིས་འགོ་བདུན་པ་ལས། ཏི་སངས་གུ་ཤུད་ཝེར་སྨར་ཞེས་པ། དག་པ་རྣམ་པ་གསུམ་ལ་ཞུགས་ནས། ཞེས་གསུང་པ་དང་། ནམ་མཁའི་ནོར་བུས་བརྩམས་པའི་བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ནོར་བུའི་དོ་ཤལ་ལས། ར་ཞེས་པ་ནི་ཞང་སྐད་དུ་དམར་པོའོ་དོན་ལ་འཇུག་མོད།
སྐབས་འདིར་རིགས་ཀྱི་མིང་ཡིན་པར་སྣང་ཞིང་། སངས་ཞེས་པ་ནི། གསལ་བ་དང་། དག་པ་དང་། སྟོང་པ་དང་། འཕགས་པ་སོགས་ལ་འཇུག་པས་ཆེ་བ་སྟོན་པའི་ཚིག་ཏུ་ངེས་ཤིང་། ཞེས་གསུང་པ་ཡང་དོན་ལ་གནས་སོ།

གྱིན་ཞེས་པ་ནི། ཞང་སྐད་དུ་དེའི་དོན་མང་དུ་ཡོད་དེ། སྟོན་པ་དང་། རྒྱ་ཆེ་བ་དང་། འཇིགས་པ་མེད་པ་དང་། གནས་པའམ་ཡོད་པ་དང་། ཡིན་པ་ལ་འཇུག་པ་སོགས་ཡོད་དེ། དང་པོ་ནི། སྲིད་པའི་མཛོད་ཕུགས་ལས། ད་དོད་ཀུ་ར་ཉེ་ལོ་གྱིན། (དེ་བཞིན་ཀུན་ལ་མཉམ་པར་སྟོན།) ཞེས་དང་། གི་གང་སྟེ་ཅི་ཡོ་ཅི་གྱིན། (གང་ནས་བཅལ་ཀྱང་ཡོད་པར་སྟོན།) ཞེས་དང་། དམུ་ཏིག་ནམ་ལུ་ཀ་རི་གྱིན། (རྟོགས་པའི་དབང་པོའི་ཡུལ་བསྟན་པ།) ཞེས་དང་། ཁ་རི་ནམ་ལུ་ཀ་རི་གྱིན། (རིག་པའི་དབང་པོའི་ཡུལ་བསྟན་པ།) ཞེས་དང་། ཞང་བོད་སྒྲ་སྡེབ་ལས། འགིར་ཆུ་གྱིན། (བྱེ་བྲག་སྟོན།) ཞེས་སོགས་མང་དུ་ཡོད་དོ།
གཉིས་པ་ནི། མཛོད་ཕུགས་དེ་ཉིད་ལས། རྐྱེལ་ལེག་ཏི་མུང་ཏི་དྷ་ལིབ། ཡ་ཡོང་ཏི་ཏར་ཐ་ཙན་གྱིན། (སྣང་སྲིད་མང་ཞིང་རྒྱ་ཆེ་ལ། ཡོངས་སུ་ཐ་དད་ཕྱིར་ཡང་ཁམས།) ཞེས་ཐ་ཙན་གྱིན་ནི། ཁམས་ལ་འཇུག་པ་དང་ཁམས་ཀྱི་གོ་དོན་རྒྱ་ཆེ་བ་ཡིན།
གསུམ་པ་ནི། དེ་ཉིད་ལས། ཁོད་རྩལ་གྱིན་ནི་ཅུ་སུམ་པ། (མི་འཇིག་སྟོབས་ནི་བཅུ་གསུམ་གྱི།) ཞེས་པས་ཁོད་རྩལ་ནི་སྟོབས་དང་གྱིན་ནི་མི་འཇིག་ཅེས་པའི་དོན་དུ་གོའོ།
བཞི་པ་ནི། ཝེར་ཞི་སད་ལ་ནམ་ལུ་གྱིན། (རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་གནས།) ཞེས་དང་། རི་རྦང་དོག་ཅི་གྱད་ཁྲུན་གྱིན། (རི་རྒྱལ་ངོས་ལ་བརྒྱད་ཁྲི་ཡོད།) ཅེས་སོ།
ལྔ་པ་ནི། ཞང་བོད་སྒྲ་སྡེབ་ལས། དེ་ཕྱིར་སད་ཀྱི་མུ་ཙོ་གྱིན། (ཕྱི་རོལ་ལྷ་ཡི་རྩེད་ས་ཡིན།) ཞེས་དང་། ལི་སེང་གྱིན། (ངང་ཉིད་ཡིན།) ཞེས་བཤད་དོ།
མདོར་ན་ཞང་ཚིག་དེ་ནི་ཕུན་སུམ་ཚོགས་པའི་མིང་ཚིག་ཅིག་ཡིན་པ་དང་། སྐབས་འགར་འཕྲད་དང་བྱ་ཚིག་ཅི་རིགས་བེད་སྤྱོད་བྱ་ཚུལ་ཡང་གསལ།

དེས་ན་སངས་གྱིན་ཞེས་པའི་གོ་དོན་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་སངས་ནས་རྟོགས་པའི་ཡོན་ཏན་རྒྱ་ཆེ་བ་དང་། འཇིགས་པ་མེད་པ་དང་། དེའི་དོན་གཞན་ལ་སྟོན་པར་བྱེད་པ་བཅས་ཚིག་དོན་ཤིན་ཏུ་གྱ་ནོམ་པ་ཞིག་ཡིན། དེའི་མིང་གི་རྣམ་གྲངས་ཡང་ཡོད་དེ། སྤུངས་སོ་༼སྤུངས་ཀྱིན་བྲིས་པའང་སྣང་།༽ཞེས་པ་སྟོན་པ་དང་། ཧ་ར་ཏིག་ཀ་ཞེས་པ་ཐམས་ཅད་མཁྱེན་པ་ལ་འཇུག་པའོ།
དང་པོ་ནི། གསེར་གྱི་ལུང་ནོན་ཆེ་བ་ལས། དེ་ལ་སྟོན་པ་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པས། འགྲོ་དྲུག་གི་སེམས་ཅན་ལ་ཡང་དག་པའི་དོན་མ་འགག་པར་སྟོན་པས་སྟོན་པའོ། ཞེས་གསུངས་སོ།
གཉིས་པ་ནི། མཛོད་ཕུགས་ལས། ཏ་ཀྱོ་ཧ་ར་ཏིག་ཀ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཡི། ཞེས་གསུངས་སོ། སྔར་གཉའ་ཁྲི་ཡབ་སྲས་ནས་བཟུང་གནམ་གྱི་ཁྲི་བདུན་རིང་ཞང་ཞུང་ནས་མཁས་པ་རྩ་བརྒྱད་བོད་དུ་སྤྱན་དྲངས་ནས་སངས་རྒྱས་གཤེན་རབ་མི་བོའི་བཀའ་གཞུང་དང་དེའི་སྲས་ཀྱི་བཀའ་བརྟེན་དུ་མ་ཞང་སྐད་ལས་བོད་སྐད་དུ་བསྒྱུར་བ་དང་། ལྷག་པར་སྲིད་པའི་མཛོད་ཕུགས་འདི་ཉིད་ནི། ཐོག་མར་སངས་རྒྱས་གཤེན་རབ་མི་བོས་འོད་ཀྱི་ལྷ་རི་སྤོ་མཐོན། ཏི་སེ་གངས་ཀྱི་ལྷོ་ཤར། ཞིམ་ཕོད་ངད་ལྡན་གྱི་རི་བོ་ལ་གསུངས་ཞིང་། འདི་ལ་ལེའུ་བཅུ་བདུན་དང་ཚིག་རྐང་ལྔ་སྟོང་བརྒྱད་བརྒྱ་ལྷག་དང་ཤོ་ལོ་ཀ་གཅིག་སྟོང་བཞི་བརྒྱ་ལྔ་བཅུ་ལྷག་ཡོད།
དེ་རྗེས་ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་བོད་ཀྱི་མཁས་པ་ཤ་རི་ཨུ་ཆེན་གཉིས་ཀྱིས་ཞང་བོད་ཀྱི་ས་མཚམས། བྱེ་མ་ལ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་མགོ་བོར་ཞང་སྐད་ལས་བོད་སྐད་དུ་བསྒྱུར་བ་དང་། གནའ་དཔེ་འདི་ཉིད་ཀྱི་ཁྱད་བོན་གཙོ་བོ་ནི། མགོ་མཇུག་བར་གསུམ་དུ་ཞང་སྐད་ཀྱིས་ཁྱབ་ཅིང་། ཚིག་སྦྱོར་དང་བརྗོད་བྱ་གང་ཐད་ནས་བལྟས་ཀྱང་གནའ་ཉམས་ཀྱི་དྲི་མ་ཐུལ་ལེ་བ་ཞིག་ཡོད།

སྐབས་དེར་ཞང་ཞུང་གི་མཁས་པ་རྣམས་ཀྱིས་སངས་གྱིན་ཞེས་པ་དེ་སངས་རྒྱས་ཞེས་པར་བསྒྱུར་ཚུལ་ནི། སངས་ཞེས་པ་ནི། གོ་དོན་གཅིག་པའི་ཞང་བོད་ཐུན་མོང་གི་ཚིག་ཅིག་ཡིན་པས་རང་སོར་བཞག་ནས་གྱིན་ཞེས་པའི་གོ་དོན་སྟོན་པ་དང་རྒྱ་ཆེ་བ་འཇིགས་པ་མེད་པ་ལ་འཇུག་པ་ཡིན་པས། དེ་ལྟ་བུའི་བོད་ཚིག་ཅིག་རྙེད་དུ་མེད་ནའང་། རྒྱས་ཞེས་པ་ལ་བསྒྱུར་ན་འོས་ཤིང་འཚམས་པ་དང་། གོ་དོན་ཡང་རྟོགས་པའི་ཡོན་ཏན་རྒྱས་པ་ལ་དགོངས་པས་སོ། དེ་ལྟར་ཡིན་ཏེ། རྗེ་མཉམ་མེད་ཆེན་པོའི་ས་ལམ་ལས། སྤངས་པ་ཕུན་སུམ་ཚོགས་པས་སངས། རྟོགས་པ་ཕུན་སུམ་ཚོགས་པས་རྒྱས། ཞེས་བྱའོ། ཞེས་གསུངས་སོ།
ད་དུང་ཞང་སྐད་ལ་སངས་རྒྱས་ཀྱི་སྐད་དོད་གཞན་ཞིག་ནི། མུ་སངས་ཞེས་ཞང་བོད་སྒྲ་སྡེབ་ལས་གསུང་ངོ་། མུ་སྒྲ་ནི་འཇུག་ཚུལ་མང་དུ་ཡོད་དེ། ནམ་མཁའ་དང་། མཛོད་ལ་འཇུག་པ་ནི། མཛོད་ཕུགས་ལས། མུ་རི་ཕྱོད་སངས་གྱེར་མུ་གུང་། (མཁའ་ལ་གསལ་རྫོགས་བོན་གྱི་མཛོད།) ཞེས་དང་། དྲོད་མིན་དྲུང་མུ་གྱེར་མུ་ཡེ། (སྐྱེ་མེད་གཡུང་དྲུང་བོན་གྱི་དབྱིངས།) ཞེས་པས་ནམ་མཁའ་ལ་མུ་ལ་དང་། མཛོད་ལ་མུ་གུང་། དབྱིངས་ལ་མུ་ཡེ་ཞེས་བཤད་དོ། བླ་མེད་ལའང་འཇུག་པ་ནི། དཔལ་ཆེན་པོའི་མངོན་རྟོགས་རྒྱན་ལས། ཏྲི་ཤན་མུ་ཡེ་མུ་ཏོག་ནི། ཞེས་གསུངས་པས། ཏྲི་ཤན་ནི་ཤེས་རབ་དང་། མུ་ཡེ་མུ་ཏོག་ནི་བླ་ན་མེད་པར་ཕྱིན་པ་ཞེས་སོ། མཛོད་ཕུགས་ལས། མུ་ཡེ་དེ་རུན་ཏིག་ཏི་ནི། (བླ་མེད་འབྲས་བུའི་མཚན་ཉིད་ནི།) ཞེས་སོ།

དེ་ནས་མུ་སངས་ཞེས་པའི་དོན་ནི་བླ་ན་མེད་པ་དང་རྣམ་པར་དག་པ་ལ་གོ་དགོས། དེ་ནི་སངས་གྱིན་གྱི་མིང་གི་རྣམ་གྲངས་སུ་ཤིན་ཏུ་འཐད་དོ། ཡང་སྐབས་འགར་མུ་སངས་གྱིན་ཞེས་བཤད་པའང་ཡོད་དེ། བྱམས་མའི་གཟུངས་སྒྲུབ་ལས། གྱེར་ཝང་མུ་སངས་གྱིན་སྭཧཱ། (བོན་གྱི་སྐུ་རུ་སངས་རྒྱས་པར་གྱུར་ཅིག) ཅེས་དང་། མཛོད་ཕུགས་ལས། ཏ་ཀ་ཁྲི་ཙེ་མུ་སངས་གྱིན། (ཐམས་ཅད་འབྲས་བུ་སངས་རྒྱས་སོ།) ཞེས་གསུང་པའི་གོ་དོན་ཤིན་ཏུ་གོ་སླ་སྟེ། བླ་ན་མེད་པའི་སངས་རྒྱས་ཞེས་པའོ། ཁ་ཅིག་ན་རེ། སངས་དང་གྱིན་ཞེས་པ་གཉིས་ཀ་བོད་ཀྱི་ཚིག་ཡིན་པས་དེ་དག་ཞང་སྐད་དུ་མི་འགྱུར་ཞེ་ན། སྐྱོན་མེད་དེ་བོད་པས་དེ་དག་བེད་སྤྱོད་བྱས་ནའང་ཞང་སྐད་མིན་པར་ཐལ་བ་མེད་དེ། ཞང་བོད་ཐུན་མོང་གི་མིང་ཚིག་མང་དུ་ཡོད་པས་སོ།
སངས་ཞེས་པ་ནི་ཞང་བོད་ཐུན་མོང་གི་སྐད་ཅིག་ཡིན་ཡང་སྲིད་པ་དང་གོ་དོན་ཕལ་ཆེར་གཅིག་མཚུངས་སུ་གནས་པར་སེམས། གྱིན་ཞེས་པ་བོད་པས་བེད་སྤྱོད་གཏོང་ནའང་བྱ་བ་ལ་འཇུག་བཞིན་པའི་ཚིག་འཕྲད་ཅིག་ལས་གཞན་པའི་གོ་དོན་གང་ཡང་མེད་པས་ཞང་སྐད་དང་གཏན་ནས་མི་འདྲའོ། ཞང་བོད་གཉིས་ཀྱི་རྩ་བའི་སྐད་ཁ་ཁ་ཡིན་ནའང་ཞང་བོད་ཐུན་མོང་གི་མིང་ཚིག་མང་དུ་ཡོད་ན་སྐྱོན་མེད་དེ། དཔེར་ན། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་རྩ་བའི་སྐད་མི་གཅིག་ནའང་མིང་ཚིག་མང་པོ་ཐུན་མོང་དུ་བེད་སྤྱོད་བྱེད་པ་ལྟ་བུའོ།

འདིར་ཞང་བོད་ཐུན་མོང་གི་མིང་ཚིག་གཅིག་གཉིས་ཙམ་དཔེ་མཚོན་ཞུས་པ་ཡིན་ན། དབྱིག་ཅེས་པ་ནི། ཞང་སྐད་ཡིན་ནའང་བོད་པས་བོད་ཀྱི་བརྡ་རྙིང་ཞིག་ཏུ་ངོས་འཛིན་བྱས་པ་དང་དེའི་གོ་དོན་ཞང་བོད་གཉིས་ཀས་ནོར་བུ་ལ་འཇུག་པ་ནི། དཔེར་ན། ཞང་སྐད་དུ། ཐིག་སྨར་ནི་ཅི་དབྱིག་མར་གྱིན། བོད་སྐད་དུ། ཞིང་བཟང་མི་ཡི་ནོར་བུ་ཡིན། ཞེས་པ་ལྟ་བུའོ། དེ་བཞིན་གཡུ་འབྲང་ཞེས་པ་བདུད་རྩིའི་སྐད་དོད་དང་། དེ་ཡི་ཐོག་མའི་བྱུང་ཁུངས་ཞང་ཞུང་ཡིན་ནའང་བོད་པས་བེད་སྤྱོད་བཞིན་པ་དེ་འདྲ་ཡིན་ནོ།
དེ་ཙམ་མ་ཟད་ཞང་ཞུང་སྐད་དང་སཾ་སྐྲྀ་ཏའི་སྐད་ཐུན་མོང་གི་ཚིག་མང་དུ་ཡོད་དེ། ཞང་སྐད་དུ་ཏ་ཐ་ག་ཏ་དང་། སཾ་སྐྲྀ་ཏའི་སྐད་དུ་ཏཐཱགཏཿདང་། དེ་བཞིན་ཏན་ཏྲ་དང་ཏནྟྲ། ཀ་ཡ་དང་ཀཱ་ཡ། པྲཛྙ་དང་པྲཛྙཱ། སིདྷི་དང་སིདྡྷི། ཧས་ཏི་དང་ཧསྟི། ས་མ་ཡ་དང་ཨ་མྲྀ་ཏ་དང་ཨ་ཏི་ལྟ་བུ་ཆེས་མང་ངོ་། དེའི་རྒྱུ་མཚན་ནི། ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་ལས། ཙི་ཏ་ཞེས་པ་ནི་ཞང་ཞུང་གི་སྐད་དུ་སྙིང་ཞེས་པའི་དོན་ཏེ་ལེགས་སྦྱར་སྐད་དུ་ཙིཏྟ་ཞེས་པ་དང་མཐུན་ལ་ཞང་ཞུང་གི་སྐད་ནི་ཆེས་རྙིང་པའི་སྐད་ཅིག་ཡིན་པར་བརྟེན། ལེགས་སྦྱར་དང་ཐུན་མོང་དུ་གྱུར་པའི་ཚིག་རྒྱལ་པོ་ལ་ར་ཙ་ཟེར་བ་ལྟ་བུ་མང་དུ་སྣང་བ་དེ་དག་ནི་སྐད་རྙིང་མ་ཡིན་པའི་ཁུངས་སྟོན་བྱེད་ཅིག་ཡིན་པ་ལས་ལེགས་སྦྱར་གྱི་སྐད་ཕྱིས་སུ་འདྲེས་པའི་དོན་མིན་པ་ཤེས་དགོས་པ་གལ་ཆེ། ཞེས་གསུངས་པ་ནི། ཕྱོགས་ལྷུང་རིས་སུ་ཆད་པའི་མིག་དཀྱུས་ཐུང་ངུ་རྒྱང་དུ་བསྲིངས་ནས་གཟུར་གནས་མཁས་པའི་སྤྱན་བརྒྱ་བསྒྲད་པའི་གཏམ་དུ་འཁུམས་པས་ཀུན་གྱིས་དང་དུ་ལེན་པར་རིགས་སོ།

བྱུང་ཁུངས་ཡང་སཾ་སྐྲྀ་ཏའི་སྐད་ཡོད་ཚད་རྒྱ་གར་ཡིན་པའི་ངེས་པ་མེད་དེ། བོན་པོའི་སྔགས་རྫོགས་ཀྱི་གཞུང་འགའ་ཞིག་སུམ་ཅུ་རྩ་གསུམ་ནས་བྱུང་བ་ཡིན་པས་སུམ་ཅུ་རྩ་གསུམ་ཀྱི་སྐད་སཾ་སྐྲྀ་ཏའི་སྐད་ཡིན་པ་བན་བོན་གཉིས་ཀའི་ལོ་རྒྱུས་ལས་ཆེས་གསལ། དཔེན་ན། མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལྟ་བུ་ནི་སྐད་རིགས་མི་འདྲ་བ་བཞིར་བརྒྱུད་པར་བཤད་དེ། མ་རྒྱུད་དབུ་འཆད་ལེའུ་ལས། དེ་ལ་དང་པོ་གཡུང་དྲུང་ལྷ་ཡི་སྐད་དུ་བྱུང་བ་ཡིན་ཏེ། བོན་ཉིད་གཡུང་དྲུང་གི་དབྱིངས་སུ་ཀུན་ཏུ་བཟང་པོ་ལ་ཀུན་ཏུ་བཟང་མོ་ལས་སོགས་མཁའ་འགྲོ་མ་རྣམས་ཀྱི་ཞུས་སོ། དེ་ནས་སང་ཀྲི་ཏ་ཡི་སྐད་དུ་བྱུང་སྟེ། སུམ་ཅུ་རྩ་གསུམ་གྱི་གནས་སུ་ཡུམ་བཟང་ཟ་རིང་བཙུན་ལ་བརྒྱུད་དོ།
དེ་ནས་སྟག་གཟིག་བོན་གྱི་སྐད་དུ་བྱུང་བ་ཡིན་ཏེ། གཤེན་ཡུལ་འོལ་མོ་ལུང་རིང་དུ་གསང་བ་འདུས་པ་ལ་བཤད་དོ། ཞེས་སོ། དེ་ཡང་འདིར་གསལ་ཁ་དགོས་པ་ཞིག་ནི་འོལ་མོ་ལུང་རིང་དུ་སྟག་གཟིག་བོན་གྱི་སྐད་ཟེར་བ་དེ་ཡིན་པས་དེའི་ཚུལ་ནི། འོལ་མོ་ལུང་རིང་ཞང་ཞུང་སྒོ་ཕུགས་བར་གསུམ་ལས་ཕུགས་པ་ཡིན་པས་དེའི་སྐད་ཞང་སྐད་ཡིན་དགོས་སོ།
དེ་ནས་རྒྱུད་གསུམ་པོ་འདི་དང་དེའི་འགྲེལ་བཅས་ཞང་ཞུང་གི་མཁས་ཤིང་གྲུབ་པ་ཐོབ་པའི་བླ་མ་ནམ་མཁའི་སྐར་ཚོགས་དང་མཉམ་པར་བྱུང་བའི་ནང་ནས་ཞང་ཞུང་སྒོ་པའི་མཁས་པ་ལོ་ཙ་བ་ཆེན་པོ་སད་ནེ་གའུས་བོད་སྐད་དུ་བསྒྱུར་བ་ནི། དེ་ཉིད་ལས། དེ་ནས་སྤུ་རྒྱལ་བོད་ཀྱི་སྐད་དུ་གྲགས་པ་ཡིན་ཏེ། ཞང་ཞུང་གི་པཎ་ཆེན་སད་ནེ་གའུས་བོད་ལ་བསྒྱུར་བའོ། ཞེས་གསུངས་སོ། སད་ནེ་གའུ་ནི་བོད་རྒྱལ་གྲི་གུམ་བཙན་པོའི་སྐབས་སུ་འཚོ་བཞུགས་གནང་བའི་ཞང་ཞུང་གི་མཁས་པ་གྲགས་ཅན་ཞིག་ཡིན།

18/8/2014 ཉིན་བྲིས།

དཔྱད་རྩོམ།

Post navigation

Previous Post: བོད་ཀྱི་ན་གཞོན་ཚོར་བསྲིངས་བའི་སྙིང་གཏམ།
Next Post: སྐུ་ཞབས་སེང་རྡོར་ལ་སྤྲིངས་པ།

Comments (9) on “གཟུར་གནས་བློ་གསར་དགྱེས་པའི་གཏམ་ཐུང་།”

  1. ཨ་ཕྱི་ཆོས་སྒྲོན says:
    2014-08-19 at 1:27 pm

    དོག་དོག་བཤད་ན་བོན་གཞུང་དག་བོད་སྐད་ལ་མེད་པར་གསལ་པོ་བྱས་སོང་། རྒྱ་གར་ལ་མཚོན་ན་མཁན་གྲུབ་དག་གི་གདན་ས་སོགས་འབྱུང་ཁུངས་གསལ་བོ་ཡོད་པ་རེད། གཞོང་གཞོང་ལ་དེ་མེད་བཞིན་རྫུན་སྒྲིག་ལ་བླུན་པོ་མཁས་པ་དག་ཡིད་ཆེས་མི་སྲིད་པ་རེད།རྒྱ་ནག་སྐད་དུ་་་ཧྥོ་་རྒྱ་གར་སྐད་དུ་་བུདྡྷ་དབྱིན་ཇིའི་སྐད་དུ་་ཨེན་ལ་མན་དྀ་་བོད་སྐད་དུ། སངས་རྒྱས།xxxxx

  2. བན་དེ་བ། says:
    2014-08-19 at 1:35 pm

    ཡང་འདྲེ་མོའི་མིག་ལ་ཐལ་བ་དང་དམར་ཚ་བླུགས་སོང། སྔོན་མའི་ལས་དབང་རེད། ཞག་མིག་ཅན་ལ་ཉི་མ་ནག

  3. ནུབ་ཕྱོགས་གངས་ཕྲུག says:
    2014-08-19 at 5:05 pm

    ཞང་ཞུང་སྐད་དུ། བོད་སྐད་དུ་ཟེར་ཡོང་དུས། ་ཞང་སྐད་དེ་བོད་སྐད་མ་ཡིན་པ་གསལ་པོ་རེད། དེས་ན་ཞང་སྐད་དུ་བྲིས་པའིབོན་པའི་བསྟན་བཅོས་ཆ་ཚང་ཡོད་དམ་མེད། མེད་ན་ནི་མགོ་བརྗོད་ཙམ་དཔེ་བཤུས་པ་ནང་བཞིན་རེད། ཡོད་ན་ནི་བྲི་ཚུལ་བོད་བརྒྱུད་ནང་བསྟན་ལྟར་ལོ་པཎ་རྣམས་ཀྱིས་བསྒྱུར་བཏང་ལ་དཔེ་བླངས་པ་འདྲ། དེ་ཡང་ཐོན་མིས་བོད་ཡིག་བཟོས་ཚར་བའི་རྗེས་སུ་བོན་བསྟན་རྣམས་ཞང་ཡིག་་ནས་་བོད་ཡིག་ལ་བསྒྱུར་བ་ཡིན་པ་འདྲ། དེའི་སྔོན་ལ་ཐོན་མིས་བཟོས་པའི་བོད་ཡིག་ནི་མེད།

  4. མྱི་དཀར། says:
    2014-08-19 at 8:36 pm

    ཞང་ཞུང་སྐད་དུ་ཧ་སངས་གྱིན། བོད་སྐད་དུ་སངས་རྒྱས། དབྱིན་སྐད་དུ་ཨིས་ལེས་མན་ཏྲུ། བྲུ་ཤའི་xxxxxx

  5. ཁྱི་ནག་ says:
    2014-08-19 at 11:20 pm

    ཞང་ཞུང་གི་སྐད་ཡིག་སླར་གསོ་བྱེད་དགོས་ཚེ། དེ་མཁྱེན་མཁན་གྱི་མི་ས་སྟེང་འདི་རུ་ཡོད་དམ།

  6. གངས་སེང་ says:
    2014-08-20 at 2:39 am

    ཁྱི་ནག
    ཐོན་མིའི་རྣམ་ཐར་སླར་གསོ་བྱེད་དགོས་ཚེ། དེ་མཁྱེན་མཁན་གྱི་མི་ས་སྟེང་འདི་རུ་ཡོད་དམ་།

  7. བན་དེ་བ། says:
    2014-08-20 at 4:31 am

    སྐྱབས་སུ་མཆིའོ། དྷ་སར་གནས་བཞུགས་ཀརྨ་པ་དུས་གསུམ་མཁྱེན་པ་མཆོག ཁོང་ལ་ཕྲག་དོག་མེ་ལྟར་འབར་མཁན་རྣམས་ནི་རང་སྐྱོན་ལས་གང་གི་འཁྲུལ་སྐྱོན་མིན།

  8. ཁ་བའི་ཡུལ་གྱར་བ། says:
    2014-08-20 at 10:19 pm

    ནུབ་ཕྱོགས་ལགས་ཁྱེད་ཀྱི་ཐོན་མི་ཟེར་བ་ཞིག་དངོས་ཡོད་མི་ཞིག་བྱུང་ཡོད་པའི་དཔང་རྟགས་ག་རེ་ཡོད།
    གཅིག་གསུང་གནང་དང།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-08-22 at 4:01 am

    སྟག་གཟིག་དང་། ཏ་ཟིག ཏ་ཞིག། དེ་དག་ཡུལ་གཅིག་གམ་གཞན་པ་སོ་སོར་ཡོད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme