Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝན་ཅཱ་པོས་ཆབ་སྲིད་བཅོས་སྒྱུར་གླེང་བའི་བསམ་པའི་འཁྱེར་རྐྱེན།

Posted on 2010-11-212010-11-21 By དབང་ཕྱུག་ No Comments on ཝན་ཅཱ་པོས་ཆབ་སྲིད་བཅོས་སྒྱུར་གླེང་བའི་བསམ་པའི་འཁྱེར་རྐྱེན།

ཁྲན་ཕོ་ཁུང་གིས་བརྩམས།
ནགས་ཤོད་སད་མིས་བསྒྱུར།

ཟླ་བ 8 པའི་ནང་། རྒྱ་ནག་སྲིད་བློན་ཝན་ཅཱ་པོས་ཆབ་སྲིད་བཅོས་སྒྱུར་དགོས་པ་བསྐྱར་བརྗོད་བྱས་པས། མི་རྣམས་ལབ་གླེང་དིར་དིར་དུ་སོང་། ཝན་གྱི་སྐད་ཆ་གཙོ་བོ་འདི་ལྟ་སྟེ། དཔལ་འབྱོར་སྒྲིག་གཞི་སྐུལ་འདེད་བྱ་དགོས་པ་ཙམ་དུ་མ་ཟད། ཆབ་སྲིད་སྒྲིག་གཞི་ཡང་སྐུལ་འདེད་བྱ་དགོས། ཆབ་སྲིད་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་འགན་ཐེག་མེད་ཚེ། དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་བྱས་པའི་གྲུབ་འབྲས་འཆོར་རྒྱུ་ལས་མེད་ལ། དེང་རབས་ཅན་བསྐྲུན་རྒྱུའི་དམིགས་འབེན་ཡང་མངོན་འགྱུར་ཡོང་མི་ཐུབ་ཟེར།

ཝན་གྱི་སྐད་ཆས་སྒྲིག་གཞིའི་ཁོངས་ཀྱི་སྐྱེ་ཁམས་ལྡོག་འཕྲོས་བྱས་འདུག

ཝན་གྱི་ཆབ་སྲིད་བཅོས་སྒྱུར་ཟེར་བའི་རྒྱབ་ལྗོངས་ལ་དབྱེ་ཞིབ་བྱས་ན་ཕལ་ཆེར་དོན་གནད་འདི་གསུམ་ཡིན་དགོས་པ་སྟེ།
གཅིག ཆབ་སྲིད་སྒྲིག་གཞི་བཅོས་སྒྱུར་ཟེར་བའི་སྐད་ཆ་འདིར། དམངས་ཁྲོད་དང་ཀྲུང་ནན་ཧེའེ་རུ་སྔ་མོ་ནས་བཤད་པ་རྩེ་མཐུན་ཡོང་གི་མེད། དམངས་ཁྲོད་ཀྱིས་ཆབ་སྲིད་སྒྲིག་གཞི་བཅོས་སྒྱུར་བཤད་ཚེ། ད་ལྟའི་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་གྱིས་དབང་གསུམ་དབྱེ་འཛུགས་དང་། དམངས་གཙོ་འོས་འདེམས། གསར་འགོད་རང་དབང་བཅས་པར་གོ་འགྲོ ཡང་ཀྲུང་ནན་ཧེའེ་ཡིས་ཆབ་སྲིད་སྒྲིག་གཞི་བཅོས་སྒྱུར་ཟེར་བ་ལས་ཁུངས་ཁུ་བསྡུ་དང་འཛིན་སྐྱོང་བསྐྱར་འགོད། དོ་དམ་གཅིག་སྡུད། མི་སྣ་ལེགས་སྒྲིག་བཅས་པར་འདོད། གནད་འདིར་ཀྲུང་ནན་ཧེེའེ་ཡིས་རྒྱུན་མཐུད་ངང་ཆབ་སྲིད་བཅོས་སྒྱུར་བྱེད་ཀྱིན་ཡོད་པའི་རྣམ་འགྱུར་བསྟན་པ་རེད། གལ་ཏེ་ཝན་ཅཱ་པོའི་གཏམ་བཤད་ད་དུང་ཡང་འདི་ལྟར་ཁ་བཤད་ཀྱི་རོལ་རྩེད་ཙམ་དུ་ལུས་ཚེ། དེ་ནི་དཔོན་པོའི་རྒྱག་གཏམ་ཙམ་ཡིན་དུས་དངོས་དོན་ལ་ཕན་དམིགས་ཅི་གང་མེད། གལ་ཏེ། ཧུའུ་ཝན་གཅིག་མཐུན་ཡིན་པའི་དབང་དུ་བཏང་ནས་སྐད་ཆ་བཤད་ན། ཝན་ཅཱ་པོ་ཧྲིང་ཀྲེང་ལ་ཕྱིན་པའི་རྗེས་ཙམ་ཞིག་ན་ཧུའུ་ཅིང་ཐའོ་ཡང་ཧྲེང་ཀྲིང་དུ་སོང་ནས་སྐད་ཆའི་གསེང་བར་ཞིག་ལས་འདི་དོན་བདེན་རྒྱབ་བྱས་པ་ལྟར་སྣང་ཡོད།

གཉིས། ཅི་སྟེ་ཆེས་བཟང་ཤོས་ཀྱི་རེ་སྨོན་ལས་འདིའི་སྐུལ་སློང་ལ་ཚོད་བཤད་བྱས་ཚེ། ཝན་གྱི་ཆབ་སྲིད་བཅོས་སྒྱུར་ཞེས་པའི་སྐད་ཆ་འདི་ཁོ་པ་འགན་ཡུན་རྫོགས་ལ་ཉེ་བས་དོགས་སྐྲག་མེད་པའི་རྣམ་པ་ཞིག་ཏུ་ངོས་འཛིན་ཆོག་ལ། ཡང་གཅིག་བཤད་ན། མི་རྟག་འཆི་ལ་ཉེ། ( འགན་ཡུན་རྫོགས་ལ་ཉེ ) བས། སྐད་ཆ་བཟང་ཐོག་ཏུ་བཞག་པ་ཡིན། ཝན་འགན་བཞེས་ཀྱི་སྔ་མའི་ཆར་ནུས་ཞན་ན་ཡོད་པས་གོ་དབང་བསྲུངས་ནས་སྐད་ཆ་གང་དྲན་བཤད་ཕོད་མེད། འགན་ཡུན་ཕྱི་མ་མུ་གནས་བྱུང་ཚེ་ཝན་གྱི་སྐད་ཤུགས་རིམ་པས་ཇེ་ཆེར་སོང་ནས་ཉེན་ཁར་སྣང་འཇོག་དེ་ཙམ་བྱེད་ཀྱི་མེད། དེང་སྐབས་ཀྲུང་ནན་ཧེའི་ནང་ཁུལ་དབང་ཆའི་གྲུབ་ཆ་ནི། སུ་གང་ལའང་འབུར་ཐོན་གྱི་དབང་ཤུགས་མེད་པས། སུས་སུ་ཞིག་ལ་བརྩི་འཇོག་མེད་ལ་སུས་སུ་ལའང་བཏང་འཛིན་བྱ་ཐུབ་ཀྱི་མེད། ཏང་ནང་ཁུལ་དུ་སྐད་ཆ་ཚིག་ཁ་ཤས་ཙམ་ཡིན་ནའང་ཉན་འཇོག་བྱ་མཁན་མེད་ལ་དག་ཐེར་བྱ་མཁན་ཡང་མེད། དུས་འདིར་ཁེ་འཚོལ་གྱི་རུ་ཚོགས་འདིའི་ནང་དུ་བྱ་ཐབས་གང་ཡང་མེད་པ་ཤེས་ཡོད་པས། ཝན་གྱིས་སྐད་ཆ་ཚིག་འགའ་བཤད་རྒྱུར་ཐག་བཅད་ནས་ཁོ་པའི་བསམ་ཕྱོགས་མཚོན་སླད་ཕྱིར་བསྒྲགས་བྱས་པ་སྟེ། རང་ཉིད་ལ་དོན་གནད་འདི་སྒྲུབ་པའི་ནུས་པ་མེད་ནའང་འདི་ལྟ་བུའི་བློ་སེམས་ཡོད་ཅེས་འགྲེལ་བརྗོད་བྱས་ནས་ཡར་ལྡན་དཔོན་པོ་ཞིག་གི་རྣམ་པ་བཟུང་ནས་སེམས་ནུས་གང་ཡོད་བཏོན་ཁུལ་བྱས་པ་རེད།

ཝན་གྱིས་ཆབ་སྲིད་བཅོས་སྒྱུར་བརྗོད་དོན་གནོང་འགྱོད་ཀྱི་སེམས་ཚོར་ཡིན་སྲིད།

གསུམ། ཆབ་སྲིད་བཅོས་སྒྱུར་ཟེར་བ་ཝན་ཅཱ་པོའི་གནོང་འགྱོད་ལས་བྱུང་བའི་སྐད་ཆའང་ཡིན་སྲིད། དུས་རབས་གོང་མའི་ལོ་རབས 80 ཙམ་ནས་ཝན་གྱིས་རྒྱ་ནག་དབུས་གཞུང་ལས་ཐིང་གི་མགོ་འཛིན་ལས་ཁུར་བྱས་ཡོད། ཕྱི་ཚུལ་ནས་བལྟས་ན། གོང་མའི་ཕོ་བྲང་གི་སྤྱི་འདོམས་པ་དང་། སྲིད་འཛིན་གྱི་ལས་ཀར་རམ་འདེགས་བྱ་མཁན་ཡིན་པ་ལྟར་སྣང་མོད། དོན་དམ་དུ་ཏེང་ཞོའོ་ཕིང་གི་ལས་ངན་དཔུང་རོགས་ཀྱི་བྱ་བ་བསྒྲུབས་ནས་སྔ་ཕྱིར་ཧུའུ་ཡོ་པང་དང་། ཀྲོའོ་ཙི་ཡང་། (དེ་བཞིན་དུས་ཕྱིས་ཀྱི་ཅང་ཙེ་མེང་བཅས་སྐབས་གསུམ་གྱི་སྲིད་འཛིན་རྣམ ) པའི་བསམ་བློ་དང་བྱ་བྱེད་འགྲོ་སྐྱོད་དུས་གང་ཡིན་ཏེང་ལ་ལྐོག་ཞུ་བྱེད་མཁན་ཞིག་རེད། འདི་ཡང་རྗེས་ཕྱོགས་ནས་ཏེང་གིས་སྲིད་བློན་དུ་བསྐོ་བཞག་བྱས་པའི་རྐྱེན་རྩ་གཙོ་ཆེ་ཤོས་ཤིག་རེད། མི་འགའ་ཤས་ཀྱིས་རྟག་ཏུ་གནམ་བདེ་སྒོ་མོའི་ཐང་སྟེང་གི་འདྲ་པར་དེ་གླེང་གི་ཡོད། 1989 ལོའི་ཟླ་བ 5 པའི་ཚེས 19 ཞོགས་པར་ཀྲོའོ་ཙི་ཡང་གནམ་བདེ་སྒོ་མོའི་ཐང་སྟེང་ན་ཟས་བཅད་ངོ་རྒོལ་བྱེད་ཀྱིན་པའི་སློབ་མ་ཚོར་ཐུག་པར་ཕྱིན། ཝན་ཅཱ་པའོ་ཀྲོའོ་ཡི་རྒྱབ་ཕྱོགས་སུ་འགྲེངས་ཡོད་ལ་ཀྲོའོ་ཡི་ཆེད་དུ་ཉི་གདུངས་ཤིག་ཀྱང་ཐོགས་ཡོད། སྣུམ་བག་གི་འདྲ་པར་འདི་ནས་ཝན་ནི་ཀྲོའི་ཡི་རྒྱུད་འཛིན་ཡིན་པའི་འགྲེལ་བརྗོད་བྱེད་མོད། སྨྱུག་འཛིན་པ་བདག་ནི་རིང་མོ་ཞིག་ནས་འདི་དོན་བློ་བདེ་ཐུབ་ཀྱི་མེད། སྐབས་དེར་ཝན་ཀྲོའི་ཡི་རྗེས་བསྙེགས་ནས་གནམ་བདེ་སྒོ་མོའི་ཐང་ཆེན་དུ་སླེབས་པ་ཡང་ཏེང་ཞའོ་ཕིང་གི་བཀའ་བསྒྲུབས་ནས་ཀྲོའོ་རུ་བྱ་ར་བྱས་པ་ཡོང་བ་རེད། ཉེ་བའི་ཆར་ད་གཟོད་འདི་དོན་དངོས་ར་འཕྲོད་པ་དཔེར་ན། 2010 ཟླ་བ 8 པའི་ནང་ཧོང་ཁུང་གི ༼ སྒོ་དབྱེ ༽དུས་དེབ་ཏུ་སྐབས་དེའི་གནས་ཚུལ་མཁྱེན་རྟོགས་ཡོད་པ་ཞིག་གིས་རྗེས་དྲན་བྱས་དོན། ཀྲོའི་གནམ་བདེ་སྒོ་མིའི་ཐང་ཆེན་དུ་སློམ་མ་ཚོར་ཐུག་འཕྲད་འགྲོ་བར་བརྩམས་པ་ན། ཝན་ནས་མྱུར་སྟབས་ཀྱིས་ཏེང་གི་གཞུང་ལས་ཁང་མགོ་འཛིན་ཝང་རུད་ལིང་བརྒྱུད་འདི་དོན་ཏེང་ལ་ཡར་ཞུ་བྱ་བཅུག ཏེང་ནས་ཀྱང་ཝང་རུད་ལིང་བརྒྱུད་བཀའ་མངགས་བྱས་དོན། ཁོ་འགྲོ་རུ་བཅུག ཁྱོད་ཀྱིས་རྗེས་དེད་ཤིག ཁོ་པས་ཅི་ཞིག་ཤོད་མིན་ཉན་ཤོག་ཟེར། དེ་ནས། ཝན་གྱིས་ཀྲོའོ་ཡི་རྗེས་བསྙེགས་ནས་སོང་། གནམ་སྡེ་སྒོ་མོའི་ཐང་སྟེང་དུ་སླེབས་པ་ན། ཀྲོའི་ཡིས་སློབ་མ་ཚོར་མིང་རྟགས་འགོད་སྐབས་ཝན་གྱིས་ཁོ་པའི་རྒྱབ་ཕྱོགས་ནས་སྐེ་མནར་བཞིན་བལྟས།
འདི་ལྟར་ལོ་མང་ཞིག་གི་རྗེས་ནས་ཝན་སྲིད་བློན་ལ་འཁོས། རིམ་པས་ས་འགུལ་གྱི་གེགས་སེལ་རྒུད་སྐྱོབ་སོགས་བརྒྱུད་པས། དམངས་ཁྲོད་ཀྱི་དཀའ་ཁག་མང་པོ་དག་གོ་རིག་བྱུང་བ་དང་རྒྱུས་མྱོང་ཅུང་ཟད་བྱུང་། ཐོག་མའི་ཆར་ཁོ་པས་མི་གཞན་དག་སེམས་འགུལ་ཐེབས་སུ་འཇུག་འདོད་ཀྱང་། ( ཇོ་བཟང ) གི་བརྟུལ་ཞུགས་འཁྲབ་ཞོར་ཞིག་ནས་ཕྱི་ཕྱིར་དུ་མི་གཞན་གྱིས་རང་ཉིད་སེམས་འགུལ་ཐེབས་སུ་བཅུག དུས་འདིར་སྤྱི་དམངས་ལ་ཤ་ཚ་བྱས་ནས་པུར་སྒམ་ན་གཡུགས་པའི་ཀྲོའི་ཙི་ཡང་དང་། ཧུའུ་ཡོ་པང་སོགས་དྲན་ཚེ་དབང་མེད་ངང་སེམས་རྩ་གནོང་འགྱོད་ཀྱིས་གཟིར་ཡོང་། འདི་ནི་ཕལ་ཆེར་ཝན་གྱི་ཆབ་སྲིད་བཅོས་སྒྱུར་དང་དམངས་གཙོ་བཅས་ཀྱི་སྐད་ཆའི་ཡོངས་ཁུངས་ཡིན་སྲིད། འདི་ལོའི་ཟླ་བ 4 པར་ཝན་གྱིས་ཧུའུ་ཡོ་པང་རྗེས་དྲན་རྩོམ་ཡིག་སྤེལ་ཡོད། ( ཡིན་ནའང་ཀྲོའོ་ཙི་ཡང་མིང་འབོད་ཙམ་བྱ་ཕོད་མེད ) འདི་འདྲ་བའི་བསམ་པའི་འཁྱེར་ཕྱོགས་ལས་ཚུར་མངོན་ཐུབ་པ་ནི་ཝན་གྱི་སེམས་གཏིང་ནས་ནམ་ཞིག་རྒྱ་ནག་གིས་ཧུའུ་དང་ཀྲོའོ་ཡིས་བསྒྲུབས་མ་ཚར་བའི་ཆབ་སྲིད་བཅོས་སྒྱུར་གྱི་ལམ་ཁ་དེར་བསྐྱར་བགྲོད་བྱེད་རྒྱུའི་ཚོར་རྟོགས་ཡོད་པས་རེད།

ཧུའུ་ཝན་དབར་འགལ་འདུ་ག་ཙམ་ཡོད་དམ།

དེ་ཡང་ཝན་གྱི་གཏམ་བཤད་དེའི་རྗེས་ཙམ་ཞིག་ནས་ཧུའུ་ཅིང་ཐའོ་ཡང་ཧྲིང་ཀྲིང་རུ་འབྱོར། ཁོས་ཀྱང ( དམངས་གཙོ ) ཞེས་པའི་ཐ་སྙད་འདི་བོས་བྱུང་། ཡིན་ནའང ( ཁྲིམས་བཞིན ) ཞེས་པའི་ཡིག་འབྲུ་འདི་གཉིས་ནན་བརྗོད་བྱས་ཡོད། ཁོ་པས་ཕྱི་ཕྱོགས་ནས་རེ་སྒུག་བྱས་པའི ( ཆབ་སྲིད་ཀྱི་དམིགས་བསལ་ས་ཁུལ ) ཞེས་པའི་བརྗོད་ཚིག་འདི་སྤྱད་མེད་པ་མ་ཟད། ཐ་ན། ( ཆབ་སྲིད་སྒྲིག་གཞི་བཅོས་སྒྱུར ) ཞེས་པའི་ཡིག་འབྲུ་དྲུག་པོ་འདིའང་གཡོལ་ནས་ཕྱིན་པ་རེད། དེའི་ཕྱིར་ཕྱོགས་ཁག་ནས ( ཆབ་སྲིད་བཅོས་སྒྱུར ) ཞེས་པའི་སྐད་ཆ་འདིའི་སྐོར་ལ་ཧུའུ་ཝན་གཉིས་བློ་རྩེ་མཐུན་མིན་དང་། ཧུའུ་ཝན་གཉིས་འགལ་འདུ་ལྷག་ཡོད་མེད་བཅས་ལ་བློ་དོགས་བྱུང་ཡོད། ཧུའུ་ཝན་གཉིས་རོགས་ཟླ་ཡིན་པའི་ཆ་ནས། ཝན་གྱི་ཧྲིང་ཀྲིང་གཏམ་བཤད་དེ་ཁོ་ཧྲིང་ཀྲིང་དུ་མ་བསྐྱོད་པའི་སྔོན་ཚུད་ནས་ཧུའུ་ཡིས་རགས་ཙམ་ཧ་གོ་ཡོད་དགོས་པ་ཤིག་རེད། ( ཏང་གི་སྒྲིག་ཁྲིམས ) ངོས་ནས་དང་། ཝན་རང་གི་མི་གཤིས་ཆ་ནས་ཁོས་རྒྱུན་པར (ཏང་གི་སྒྲིག་ཁྲིམས ) སྲུང་བརྩི་ཞུ་གི་ཡོད། ཐ་ན། ཝན་གྱིས་ཕལ་ཆེར་ཆབ་སྲིད་ཅུས་རྒྱུན་ལས་སམ་ཆབ་སྲིད་ཅུས་ཡོངས་ལ་ངག་ཐོག་ནས་བརྡ་སྦྱོར་བཏང་ཡོད་སྲིད། ཧུའུ་ཡི་བརྡ་ལན་ནི་ཕལ་ཆེར་འདི་ལྟ་ཡིན་དགོས་པ་སྟེ། ( ཁྱོད་ཀྱིས་གླེངྲཆོག་ན། ངས་ཀྱང་ཚོད་ལྟ་ཙམ་བྱས་ནས་རྣམ་འགྱུར་ག་འདྲ་འདུག་མིན་བལྟ་དགོས་ཟེར་བ་རེད། ) གལ་ཏེ། ཧུའུ་ཝན་གཏན་ནས་གཅིག་མཐུན་མེད་ན། དེ་ནས་དབུས་གཞུང་ལ་གནས་ཚུལ་ལྷག་པ་རེད། ( ཁ་བྲལ ? )
ཡིན་ནའང་། ཕ་གིར་གནས་ཚུལ་ལྷག་པའི་མངོན་རྟགས་ཅི་གང་མཐོང་རྒྱ་མེད། ཝན་གྱིས་ཏང་ནང་ཁུལ་དུ་ཕལ་ཆེར་འགྲེལ་བཤད་འདི་འདྲ་རྒྱག་གི་ཡོད། ངས ( ཆབ་སྲིད་བཅོས་སྒྱུར ) བཤད་ཀྱི་ཡོད་པ་དེ་ནི། ང་ཚོའི ( ཆབ་སྲིད་བཅོས་སྒྱུར ) གླེང་གི་ཡོད། དེ་ནི ( རྒྱ་ནག་གི་ཁྱད་ཆོས་ལྡན་པ ) ཟེར་གྱི་ཡོད་པ་ལས། ནུབ་ལུགས་ལ་ཟེར་གྱི་མེད། ཡང་། ཝན་གྱིས་ཏང་ཕྱི་རུ་སྤྱི་དམངས་ལ་བག་ཆགས་བཟང་པོ་འཇོག་སླད། ངས་བརྗོད་ཀྱིན་པའི ( ཆབ་སྲིད་བཅོས་སྒྱུར )ཟེར་བ་དེ་ནི། ནུབ་ཕྱོགས་པའི་ལུགས་ཀྱི (དབང་གསུམ་དབྱེ་འཛུགས)ལ་ཟེར་གྱི་ཡོད་ཅེས་བརྗོད་འདོད།གལ་ཏེ་ཧུའུ་ཝན་གཉིས་ཅིས་ཀྱང་གཅིག་མཐུན་མེད་པ་ཤོད་དགོས་ན། ཧ་ལས་ནའང་འཁྲབ་སྟོན་གྱི་རྣམ་པ་རྩེ་མཐུན་ཡོང་གི་མེད་པ་ཙམ་ཞིག་རེད། གཅིག་གིས་གངུག་པའི་ཚུལ་བསྟན་པ་དང་། ཅིག་ཤོས་ཀྱིས་བཟང་པོའི་ཉམས་བསྟན་ཡོད། གཅིག་གིས་མཁྲེགས་པོའི་རྣམ་པ་བཟུང་བ་དང་། ཅིག་ཤོས་ཀྱིས་ཞི་འཇམ་གྱི་བརྟུལ་ཞུགས་བཟུང་བ་རེད།
གཅིག་གིས་རྩུབ་མོའི་རྣམ་འགྱུར་བཟུང་བ་དང་། ཅིག་ཤོས་ཀྱིས་སྙིང་རྗེའི་གར་སྟབས་བཟུང་བ་རེད། འདི་འདྲ་ཙམ་ཞིག་རེད།

ཁ་སྟོང་པའི ( ཆབ་སྲིད་བཅོས་སྒྱུར ) ཡར་རྒྱས་སུ་བགྲང་མི་རུང་།

( དྲུག་བཞིའི ) རྗེས་ནས། ཀྲུང་ནན་ཧེའེ་ལ་ཆབ་སྲིད་བཅོས་སྒྱུར་གྱི་བློ་སེམས་མེད་ལ་སྤྱི་ཡོངས་སུ་སྒྱིད་ལུགས་ཀྱི་རྣམ་འགྱུར་མངོན་ཡོད། སྐབས་རེ་ཆེད་དུ ( འཛིན་སྐྱོང་བཅོས་སྒྱུར ) དང ( སྒྲིག་གཞི་བཅོས་སྒྱུར ) མཉམ་བསྲེས་བྱེད། འདི་ལྟར་བྱས་པས ( ཆབ་སྲིད་བཅོས་སྒྱུར ) ཟེར་བའི་ཐསྙད་འདིའི་གོ་དོན་འགྱུར་གྱི་ཡོད་དུས། གཡོ་ཟོལ་གྱིས་འགག་སྒྲོལ་ཐབས་བྱེད་ཀྱི་ཡོད། དོན་དམ་པའི་ཆབ་སྲིད་བཅོས་སྒྱུར་གྱིས་སྒྲིག་གཞིའི་རྩ་བ་ལ་རེག་གི་ཡོད། ཆབ་སྲིད་བཅོས་སྒྱུར་གླེང་དུས། གལ་ཏེ་དོན་དམ་གྱི་བྱ་སྤྱོད་མེད་ཚེ། ཇི་ལྟར་བྱས་ནས་འགྲེལ་བརྗོད་བྱ་དགོས་པ་རེད། དེ་ཚོ་དོན་སྙིང་ཡོད་པ་མ་རེད། གལ་ཏེ། ཡར་རྒྱས་ཕྱིན་པ་ལབ་དགོས་ན། དེ་ནི་དོན་དག་ངོ་མའི་སྒང་ནས་ཆབ་སྲིད་བཅོས་སྒྱུར་བྱས་ན། ད་གཟོད་ཡར་རྒྱས་ཞེས་འབོད་
ཐུབ་ཀྱི་ཡོད། གལ་ཏེ་ཆབ་སྲིད་བཅོས་གླེང་སློང་ཙམ་ཡིན་ན་དེར་ཡར་རྒྱས་སུ་བགྲང་ཐུབ་ཀྱི་མེད་ལ། ཐ་ན། རྗེས་ལུས་སུའང་བགྲང་
ཆོག གང་ལྟར་ཀྱང་ཁ་བཤད་སྟོང་པ་དང་། དངོས་དོན་མེད་པ་རང་རེད། ཐ་ན། མཐོང་ཐོས་མག་མོག་ཅན་དུ་སྒྱུར་ནས་མངོན་མཚན་མིན་པའི་སྒོ་ནས་དབུགས་ཆད་ལ་ཁད་པའི་དབང་སྡུད་སྒྲིག་གཞིར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡང་གཅིག་བཤད་ན། ཝན་གྱིས ( ཆབ་སྲིད་བཅོས་སྒྱུར ) གླེང་བ་དེས་ཁོ་པ ( རྒོལ་སྲུང་མདུན་མ་བ ) ཞིག་ཆགས་ཀྱི་མེད། གང་ཞེ་ན། མི་ལོ་ཉེར་ལྔའི་སྔོན་སྟེ། སྤྱི་ལོ 1985 ལོར་སྨྱུག་ཐོགས་པ་ཕྲན་ཚུད་པའི ( ཐུན་ཅིས་སློབ་ཆེན ) གྱི་ཉམས་ཞིབ་སློབ་མ 10 ཡིས་དེའི་སྐབས་ཀྱི་དབུས་གཞུང་སྤྱི་ཁྱབ་སྲིད་འཛིན་ཧུའུ་ཡོ་པང་ལ་སྙན་ཞུ་ཕུལ་ཏེ་འགྲེལ་བརྗོད་འདི་འདྲ་དག་བྱེད་མྱོང་བ་སྟེ། ( ཆབ་སྲིད་སྒྲིག་གཞི་བཅོས་སྒྱུར་མེད་ཚེ། དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་ལམ་ལྷོང་ཡོང་མི་ཐུབ་ལ། དེང་རབས་ཅན་གྱི་རྒྱ་ནག་ཀྱང་མངོན་འགྱུར་ཡོང་མི་ཐུབ་ཅེས་བརྗོད་མྱོང་།་་་་་་་་་་ ) དངོས་གནས ( རྒྱལ་ཁབ་ཆེན་པོ ) ཞིག་གི་སྲིད་བློན་ཡིན་ནའང་། དུས་རབས 21 པར་སླེབས་ཚེ་གཞི་ནས་ཨ་ན་ཨུ་ཚུགས་ཀྱིས་མི་ལོ་ཉེར་ལྔའི་སྔོན་དུ་མགོ་འབུར་མ་ཐག་པའི་ལོ་གཞོན་ཁྱུ་ཚོགས་ཤིག་གི་བསམ་བློའི་ཆུ་ཚད་ཟིན་ཙམ་རེད་པས་ག་འདྲ་བྱས་ནས་ཡར་རྒྱས་སུ་འབོད་དགོས་པ་རེད། མི་རེ་འགས་འདི་ལྟར་འདྲི་སྲིད། ཝན་ཅཱ་པོ་རྗེས་ལུས་ཡིན་ན། འོ་ན་ཧུའུ་ཅིང་ཐའོ་ག་ན་འཇོག་དགོས་པ་རེད་ཅེས་འདྲི་སྲིད། དེའི་ལན་ནི། ཁོ་ལོག་སྤྱོད་པར་བརྩི་དགོས་པ་རེད་ཅེས་ལན་འདེབས་དགོས། ངོ་གདོང་ལ་འཛུམ་གྱི་གཡའ་མེད་ལ་དཔོན་ཉམས་ཀྱིས་ཁེངས་བསྡད་པའི་ཧུའུ་ཅིང་ཐའོ་ནི་སྔོན་མ་རོ་མན་དམར་ཤོག་མགོ་པ་ཅིས་ཨོ་སེ་སི་ཁོལ་འདྲ་ཇེ་ཆེ་རེད། ཨུ་ཚུགས་ཀྱིས་དམར་ཤོག་ཁེ་འཚོལ་རིང་ལུགས་བསྲུངས་ནས་མི་དམངས་མང་ཚོགས་ལ་ཁྲག་གྲང་བརྩེ་མེད་ཅན་དུ་ཆགས་ཡོད།
2010/10/06

འགྱུར་རྩོམ།

Post navigation

Previous Post: བོད་ཡིག་འཕེལ་རྒྱས་གཏོང་བའི་ཐབས་ལམ་བཅུ།
Next Post: ཚོར་བའི་སྐད་ཆ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme