Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོགས་ཆང་མ་བཞེས་གོང་གི་སྐད་ཆ།

Posted on 2011-01-162011-01-17 By ཡེ་ཤེས་ 39 Comments on ཚོགས་ཆང་མ་བཞེས་གོང་གི་སྐད་ཆ།

wine_glass_reflection_img_47641
ཀླུ་སྨྱོན།

མི་ཚེའི་ནང་བརྗེད་ཐབས་བྲལ་བའི་ཉིན་མོ་ཞིག་ནས་བཟུང་སྟེ།

གནའ་བོའི་སྙན་ངག་པ་སྐོར་ཞིག་གི་བྱེད་སྟངས་བཞིན།

ཟླ་འོད་དཀར་ཞིང་བསིལ་རླུང་ལྡང་པའི་མཚན་མོ་རེ་རེ་བཞིན།

སྒེའུ་ཁུང་འཁྲིས་ཀྱི་ལྗོན་ཤིང་དེའི་འོག་ཏུ་བསྡད་དེ།

རྒུན་ཆང་དམར་པོའི་བྲོ་བ་མྱོང་བཞིན།

རང་སེམས་སྐྱིད་པོ་དགུང་ལ་བཏེགས་ཏེ།

ཆགས་སྡང་འབར་བའི་སྙན་ངག་རེ་འབྲི་རྒྱུ་དེ་ནི་ངའི་གོམས་གཤིས་ཤིག་ཏུ་གྲུབ་ཡོད།

ཉིན་འདི་ཚོར་ལུས་ཕུང་དེ་འདྲའི་བདེ་རྒྱུ་ཞིག་མེད་ལ།

སེམས་པ་ཡང་དེ་ཙམ་སྐྱིད་རྒྱུ་མེད་ན་ཡང་།

ཁ་སང་ཕྱི་དྲོར།

རང་སེམས་ཤོར་བའི་སྙན་ངག་མ་ཞིག་དང་མཉམ་དུ་ཆུ་ཚོད་གཅིག་གི་དྲ་ལམ་སེམས་གཏམ་བཤད་རེས་བྱས་པས།

མདང་དགོང་མཚན་གང་བོར་ངའི་རྨི་ལམ་འཁྲུགས་སོང་ལ།

དེ་རིང་ཉིན་གང་བོར་ངའི་རྩ་བཞི་ལྷོད་སོང་།

འཇིག་རྟེན་འདི་སྐྱིད་ཀྱི་ཞིང་ཁམས་ཤིག་མིན་ལ།

འཇིག་རྟེན་འདི་སྡུག་གི་ཕ་ས་ཞིག་ཀྱང་མིན་པས།

ངས་ནམ་རྒྱུན་ཆང་ཕོར་ལག་ཏུ་ལེན་ཐེངས་རེ་རེ་བཞིན།

སྐད་གསེང་མཐོན་པོའི་ངང་ནས་རང་གིས་རང་ལ།

སེམས་སྐྱིད་པོ་བྱོས་ཞེས་རྗོད་བཞིན་ཡོད།

སེམས་མི་སྐྱིད་ཀི་ཟེར་བའི་སྙན་ངག་མ་གང་དེར་ཡང་།

ངས་སེམས་སྐྱིད་པོ་བྱོས་ཞེས་བརྗོད་དགོས་བྱུང་ལ།

སྙན་ངག་མ་དེའི་སེམས་སྐྱིད་ན་ངའི་སེམས་ཀྱང་སྐྱིད་པོ་རེད།

བུད་མེད་ཀྱི་སེམས་དང་ནམ་མཁའི་སྤྲིན་གཉིས་འདྲ་ཞེས་བརྗོད་སྲོལ་ཡོད་ན་ཡང་།

སྙན་ངག་མཁན་གྱི་སེམས་པ་དང་ནམ་མཁའི་སྤྲིན་པ་གཉིས་ལ་འདྲ་ས་ཧ་ཅང་མང་།

སྤྲིན་པ་སྲབ་བུ་དག་གིས་ནམ་མཁའི་ངོས་སུ་འཆར་ཡན་གྱི་རྒྱུ་ལམ་ཕྱེ་བ་དང་།

སྤྲིན་པ་སྟུག་པོ་དག་གིས་སྙན་ངག་མཁན་གྱི་སེམས་ཚོར་ཇེ་དྲག་ཏུ་གཏོང་བར་བྱེད།

ཐ་ན་ཆང་ཕོར་ནང་གི་དགུན་ཆང་གི་ཁ་དོག་ཀྱང་སྤྲིན་པའི་འཕོ་འགྱུར་དང་བསྟུན་ནས་བརྗེ་བར་བྱེད་པ་མ་ཡིན་ནམ།

ཞོགས་པ་རེ་རེ་དང་དགོང་དྲོ་རེ་རེར།

སྙན་ངག་མ་ཞིག་གིས་ཁ་པར་གྱི་བུ་ག་ལས་ཆེས་མཛེས་པའི་ཡུལ་ལྗོངས་ཤིག་གི་རོལ་མྱོང་གླེང་ཞིང་།

སྙན་ངག་པ་ཞིག་གི་ཆེས་གཉོམ་པའི་སེམས་ཁམས་དཀྲུགས་ཐེངས་རེ་རེ་བཞིན།

ཁེར་རྐྱང་དང་སུན་སྣང་གི་སྡུག་བསྔལ་མ་ལུས་ཁ་བ་བཞིན་ས་ལ་བསྙིལ་ན་འདོད་ཅིང་།

སྐྱོ་གདུང་དང་ཞེན་ཆགས་ཀྱི་མིག་ཆུ་ཡོད་ཚད་དྲག་ཆར་བཞིན་གང་སར་བྱོ་ན་ཡང་འདོད།

མ་གཞི་ནས་མི་ལུས་བླངས་པ་འདི་ནི་ནོར་འཁྲུལ་དང་ནག་ཉེས་ཤིག་ཡིན་པས།

འདོད་གདུང་དང་ཧམ་སེམས་ཀྱིས་དོན་སྣོད་ཡོངས་རྫོགས་བསྲེགས་ཏེ་ནག་པོར་གྱུར་ཚར་ཡོད་ལ།

འཇིགས་སྣང་དང་རེ་དོགས་ཀྱིས་མི་ཚེའི་འོད་སྣང་མ་ལུས་མོག་པོར་བསྒྱུར་ཚར་ཡོད་པས།

ངས་སྙན་ངག་མ་དེའི་སེམས་པ་ཆུ་ཐིགས་ལྟ་བུ་དེར་བདག་སྐྱོང་བྱེད་རྒྱུ་དེ་ལས་སླ་བོ་ཞིག་ག་ལ་ཡིན།

ལང་ཚོ་དང་དངུལ་ལོར་སོགས་ཡོད་དགོས་པ་གང་མང་ཞིག་འཛོམས་ན་ཡང་།

མི་སེམས་ཀྱི་སྨྲེངས་པའི་སྨུག་པ་འདི་དྭངས་ཐབས་ཡེ་ནས་མེད་ཅིང་།

ཤེས་རབ་དང་ཡོན་ཏན་སོགས་མི་ཚེའི་རིན་ཐང་དུ་བརྩི་བ་མང་པོ་ཞིག་ལྡན་ན་ཡང་།

མི་ཚེ་ཡི་ཆོས་ཉིད་བཙན་པོའི་གོ་རིམ་འདི་ལས་སླ་བོར་བསྒྱུར་ཐབས་ཤིག་གང་ན་ཡོད།

སྐད་ཆ་འདི་དག་ནི་ངས་ཆང་རག་བཙན་པོ་མ་འཐུངས་སྔོན་གྱི་སྐད་ཆ་ཚིག་འགའ་ཡིན་ལ།

སྙན་ངག་འདི་ནི་ངས་དོན་ལྔ་སྣོད་དྲུག་མ་བསྲེགས་གོང་གི་སེམས་གཏམ་ལྡོམ་པོ་ཞིག་ཀྱང་ཡིན།

སྙན་ངག Tags:ཨཨཨ

Post navigation

Previous Post: གནམ་ལོ་ཡག གནམ་ས་ཆ་ལིང་མ་རྡེབ་རོགས།
Next Post: ཨ་ཚོགས་ཚང་གི་གཏམ་ཚོགས་དང་དེའི་བདག་པོ་གླེང་བ།

Comments (39) on “ཚོགས་ཆང་མ་བཞེས་གོང་གི་སྐད་ཆ།”

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2011-01-16 at 9:29 pm

    ངེད་ཀྱི་དོ་སྣང་ལ། བོད་རིགས་རྩོམ་པ་པོ་ཕལ་ཆེ་བས། ལོ་རྒས་གི་རྒས་གི། སྙན་ངག་འབྲི་མཚམས་འཇོག་གི་འདུག
    ཁྱོད་འདི། རྒས་གིན་རྒས་གིན། སྙན་ངག་མ་གཏོགས་མི་འབྲི་ཟེར་མཁན་འདྲ་ཟིག་ཆགས་ཡོང་གིན་འདུག
    ད་། ཁྱོས། གཟན་ཤམ་དམར་པོ་དེ་ཕར་ལ་གཡུགས་ནས་མཁའ་འགྲོ་མ་ཞིག་བསུས་ན་མ་གཏོགས། སྙན་ངག་འབྲི་མཚམས་འཇོག་ས་མ་རེད།

  2. མགོ་ལོག་གངས་བུ་བསམ་འགྲུབ། says:
    2011-01-16 at 10:10 pm

    གཟན་ཤམ་དམར་པོ་གཡུག་ན་སྙན་ངག་འབྲི་མཚམས་དགོས་པའི་རྒྱུ་མཚན་གང་། རྣ་བར་མི་འགྲོ་བའི་བླུན་གཏམ་དེ་འདྲ་གད་སྙིགས་ནང་གི་འབུ་རོ་ལྟ་བུ་རེད་ཡ།།

  3. ཟླ་བ་ཆོས་འཛོམས། says:
    2011-01-16 at 10:33 pm

    ཡེ་ཤེ་རྒྱ་མཚོ་ལགས།འདི་རང་མོས་སྙན་ངག་རེད།ལྷུག་རྩོམ་རེད།ལྷུག་རྩོམ་ནང་ནས་སྒྱུ་རྩོམ་ཁོངས་གཏོགས་རེད་དམ།ཅི་ཞིག་རེད།འདིའི་རྩོམ་ལུས་ཅི་ཞིག་རེད།ཤེས་ན་འདོད་ཀིགསུང་རྒྱུ་ཡོད་ན་གསུང་རོགས།དྲ་བ་འདི་ལ་ཁྱོད་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་ས་རེད།ཁྱོད་རང་གིས་ཅིག་བྲིས་ཁྱོད་རང་གིས་ཡར་འཇོག་གི་ཡོད་ས་རེད།དེ་རེད་དམ།

  4. གཅན་བཟོད་རྒྱམ། says:
    2011-01-16 at 10:51 pm

    ཁྱོད་ཀྱི་སྙན་ངག་འདི་ཅན་པོ་མང་པོ་ཀློག་ཉན་ས་མ་རེད། ང་ཡང་འཆོལ་འགྲོ་ས་རེད།
    ད་ཁྱོས་ར་སྐད་ཆ་སྐོར་ནས་བཤད་ཀིན་མ་འདུག དེ་བས་ཁ་ཐུག་ལ་ཤོད་དང་དེའི་དགའ་ནི་རེད་ཀོ
    ཉིན་འདི་དག་ལ་ལྡི་ལི་མན་ཇུན་ཀྲེ་ལར་སོང་ནས་ཁྱི་ལྡོམ་བཞིན་ཞི་ལི་ཞི་མོ་རྒན་དར་གཞོན་གསུམ་ཁྱད་ཀྱི་མགོ་ནས་རྐུབ་བར་ཞིབ་ལྟ་ཡག་ཐག་ཆོད་ཅིག་བྱས་ནས་ད་སོ་མ་ཕྱི་རང་གནས་དྷ་སར་འབྱོར་བ་ཡིན། ད་ཁྱོད་ཀྱི་སྙན་ངག་དག་ག་ལེར་ཀློག་གི་ཡིན།
    ཁྱོད་སྙན་ངག་མ་དེ་དང་ངའི་ཆེད་དུ་སྐུ་ཚེ་རིང་དགོས། གོང་དུ་སེམས་མི་སྐྱིད་ཀི ལུས་མི་བདེ་གི་ཐེངས་འགར་བྲིས་འདུག་པས་ང་མི་སྐྱིད་པ་འདྲ་ཞིག་འདུག ད་དེ་འདྲ་མ་གསུང་བར་སྙན་ངག་ཕྲིས། སེམས་སྐྱིད་པོ་བྱོས། ལུས་བདེ་མོ་བྱོས། འསི་ཁྱོད་ཀྱི་སྐད་ཆ་རེད།

  5. ཤར་ཕྱོགས་ཁུག་རྟ། says:
    2011-01-17 at 12:48 am

    ཚིག་འགྲོས་ཁ་ནང་དུ་ལྷུངས་འགྲོ་བ་ཞིག་དང། དོན་དག་ཡང་རག་ཙམ་རེ་གོ་སོང་བ་འདྲ་བའི་སྣང་བ་སྟེར་གྱི་འདུག
    སྙན་དངགས་ནི་ཅི་ཡིན་ཁྱོན་ནས་མི་ཤེས་ཀྱང། ཁྱེད་ནས་དངོས་གནས་སྙན་དངགས་ཀྱི་རྒྱུན་མཐུད་ཐ་ཞུ་རྒྱུ་ཡིན་ལགས།

  6. ཕ་ལམ་སྔོན་པོ། says:
    2011-01-17 at 12:52 am

    ཨ་ཀླུ་ལགས།
    ཆང་མ་འཐུང་གོང་ལ་ཆང་སྐྱོན་བཤད། རག་མ་བཟི་གོང་ལ་བཟི་གཏམ་བཤད།
    ཅི་རེད།
    རང་ཡུལ་ནས་རང་མ་མཐོ། རང་གིས་རང་ལ་ཞེ་ས་མ་རྒྱག
    སུ་རེད།
    བཞེས། མཆོད། བཞེངས། བཞུགས། ཕེབས། ཚིག་འདི་ཚོ་སྤྱིར་བཏང་ཞེ་ས་ཡིན་པས་རང་གིས་རང་ལ་སྤྱད་ན་མཛེས་པོ་རང་ཡོད་མ་རེད། དེ་ལས།
    ཐེངས་རྗེས་མར་ཕལ་ཆེར།
    འདོད་བདེ་མ་མྱོང་གོང་གི་ཆགས་སེམས་་་ཞེས་པ་ཞིག་བྲིས་ན་་་ག་འདྲ་འདུག

  7. མུ་ཏིག་དཀར་བོ། says:
    2011-01-17 at 9:16 am

    ཨ་ཁུ་ཀླུ་སྨྱོན་ལགས།
    ཁྱོད་རང་རྒས་རྒྱུ་མེད་པའི་སྙན་དག་འབྲི་མཁན་ཞིག་ཡིན་པར་རྗེས་སུ་ཡི་རངས་བྱེད་བཞིན་ཡོད། འོན་ཀྱང། ཁྱོད་ཀྱི་སྙན་ངག་ལ་རང་བཞིན་ལྷན་སྐྱེས་ཀྱི་བཞུར་འོངས་པའི་ཚོར་ཤུགས་ངོ་མ་དེ་མི་འདུག འདི་ནས་བརྩིས་པའི་བགྲང་བྱ་བརྒྱ་དང་ལྔ་བཅུ་ལྷག་གི་གོང་དུ་ཧེ་ཐེ་མིན་གྱིས་སྙན་ངག་དང་སྙན་དག་པ་དབྱེར་མེད་དུ་འདྲེས་དགོས་པའི་ལྟ་གྲུབ་དེ་ཞིབ་ཚགས་ཤིག་ཀློག་རྗེས་མུ་མཐུད་འབྲི་རོགས། གསང་སྔགས་ནས་བཤད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་བཞིན་ཁྲིད་འོངས་པའི་ཁྱོད་ཀྱི་སྙན་ངག་ཐར་ཐོར་དེ་ཚོའི་ཁྲོད་ཀྱི་རྒུན་ཆང་དང་། ཆགས་སྤྱོད་ཀྱི་རོལ་མྱོང་སོགས་མང་པོ་ཞིག་ཁྱོད་ཀྱི་སྙུག་རྕེས་ཟིན་ནའང་ཚོར་བས་ཟིན་ཐུབ་མེད།

  8. གཞོན་ནུ་ཟླ་མེད། says:
    2011-01-17 at 9:42 am

    ཀྭ་ཡེ་ཡེ་ཤེས། ཀླུ་སྨྱོན སྤྲུལ་སྐུ།
    བུས་པ་ཆུང་ཆུང་སྐབས་སུ།།
    རྩེད་མོ་སྙན་ངག་ལ་རྩེ།
    ཆོས་སྒོར་ཐོག་མར་ཞུགས་དུས།
    དོར་མ་འདོམ་མེད་དེ་སྙན་ངག་གིས་གཡུག
    རལ་བ་ཟད་པོ་དེ་ཡང་སྙན་ངག་གི་ལམ་ནས་བཅད་ཅིང་།
    འདོན་ལྟ་དབྱངས་གསུམ་སྙན་ངག་དང་ལྡོང་ནས་སྦྱང་།
    ཐོག་མའི་ཐོས་བསམ་སྙན་ངག་གི་ལམ་ནས་སྦྱང་།
    བར་དུ་སྒོམ་སྒྲུབ་སྙན་ངག་གི་ལམ་ནས་བསྒོམས།
    ཐ་མར་ཟུང་འཇུག་སྙན་ངག་གི་ལམ་ནས་བརྙེས།
    གཟུང་བ་དང་འཛིན་པ་ཡོད་ཚད།
    དམ་ཚིག་དང་སྡོམ་པ་ཡོད་ཚད།
    རྣམ་རྟོག་དང་ཞེན་པ་ཡོད་ཚད།
    སྙན་ངག་གི་ལམ་ནས་རྩ་ནས་རྫོགས་ཞིང་རྩད་ནས་ཕྱུང་།
    ད་དུང་དེའི་ག་ལ་ཚད།
    འཇིག་རྟེན་ལྟ་ཚུལ་སྙན་ངག་གི་ལམ་ནས།
    འཇིག་རྟེན་ལས་འདས་པ་ཡོད་ཚད་སྙན་ངག་གི་ལམ་ནས་བལྟས།
    ཐ་ནས་སངས་རྒྱས་ཀྱི་ཞིང་ཁམས་ཡང་སྙན་ངག་གི་ལམ་ནས་སྦྱང་པས།
    བདེ་བ་ཅན་དང་འོད་ཟེར་ཅན་མའི་ཞིང་ཁམས་ཡོད་ཚད།
    ཁྱོད་ལ་སྙན་ངག་གི་ཞིང་ཁམས་ཞིག་ལས་གཞན་དུ་མེད།
    ཁྱོད་ནི་སྙན་ངག་རྟོགས་པ་བརྙེས་པའི་གྲུབ་ཐོབ་གྱི་རྒྱལ་བོ་ཞིག

  9. གཞོན་ནུ་ཟླ་མེད། says:
    2011-01-17 at 10:07 am

    འོན་ཀྱང་།
    ཚུལ་ཁྲིམས་ཀྱི་དྲི་ངད་ལྡིང་བ་ཉེ་བར་འཁོར་ནས།
    སྐྱེས་སྨན་ཡོད་ཚད་ཀྱི་སྒོ་འགྲམ་རྡུང་བ་དགེ་སློང་འཆར་ཀའི་བར་དུ།
    ༼ཉེས་པ་ལ་ཉེས་པར་མཐོང་ངམ་༽ཟེར་ན།
    ༼ཉེས་པ་ལ་ཉེས་པར་མཐོང་ལགས་༽ཟེར་དགོས།
    དེ་ནི་རང་ཉིད་ལ་རྟོགས་པ་མེད་པའི་རྒྱུ་མཚན་གྱི་མ་ཡིན།
    ༼དེ་ནི་རྟོགས་པ་ལྷ་དང་མཉམ་ཡང་།
    སྤྱོད་པ་མི་དང་བསྟུན་དགོས་༽ཟེར་བ་དེ་ཡིན།
    ཁྱོད་ཀྱི་སྙན་ངག་ལ་བཟང་ཆ་ཞིག་ཡོད་པ་ནི།
    གཞན་ལ་བླང་དོར་གྱི་ཆེད་དུ་མ་ཡིན་པར།
    རང་ཉིད་ཀྱི་རྟོགས་པའམ་ཚོར་བ་མཚོན་པ་ཙམ་ཡིན་པས།
    ང་ནི་དུས་ནམ་ཡང་ཁྱེད་ཀྱི་སྙན་ངག་ལ་ཡིད་རངས་ཡོད།
    ད་དུང་དེའི་ག་ལ་ཚད།
    ཁྱོད་ལ་རང་ཉིད་ཀྱི་ཚོར་བ་མཚོན་པའི་བརྩོག་བཤད་མང་ན་ཡང་།
    ཁྱོད་ཀྱིས་སྤྱི་ཚོགས་ཀྱི་ནང་དུ་དཀྲུགས་པའི་ཚིག་གཅིག་ཀྱང་བྲིས་མྱོང་མེད།
    དཔེར་ན་བུ་མོ་གཅིག་གི་སྟུ་སྒོ་དཀྲུགས་མ་མྱོང་བ་ཅི་བཞིན།
    ཁྱོད་ཀྱི་མི་གཅིག་ལ་སྐྱོན་བརྗོད་བྱས་མྱོང་མེད་པ་སྟེ།
    དཔེར་ན་ཕྱུགས་ཆུང་མ་ཞིག་གི་སྟུ་སྒོ་དང་མཚུངས།

  10. ཀརྡོ་རབ་འབྱམས་པ་ says:
    2011-01-17 at 11:45 am

    ཨོམ་
    ཨའ་
    ཧྰུང་།

    ལན་གསུམ་གྱིས།
    ཚོགས་ཆང་ཡེ་ཤེས་ཀྱི་
    བདུད་རྩི་རྒྱ་མཚོར་གྱུར།
    ད་ང་ཡང་སྙན་་་་་་་་་འདོད་ཀྱང་་་་་་་་

  11. ཀླུ་སྨྱོན། says:
    2011-01-17 at 1:57 pm

    གྲོགས་པོ་དག་གི་སྐུ་ངལ་ལ་མ་འཛེམས་པར་དྲང་ལྡོག་གང་རུང་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། སྐབས་རེར་གོ་སླ་བ་ཞིག་དང་ལན་རེར་ཚོར་བ་གཙོར་འཛིན་གྱིས་ཅིག་འབྲི་ཁུལ་བྱས་པ་ཡིན་མོད། སྙན་ངག་ལེགས་པོ་ཞིག་འཁྱོངས་པར་ད་དུང་ཡང་ཐག་ཧ་ཅང་ཅིང་། དེ་ནི་ང་ལ་འཚོ་བའི་རྨང་གཞི་དེ་མེད་པས་མ་ཡིན་པར་ངའི་རྣམ་ཤེས་ལྡོམ་པོ་དེ་འཚོ་བའི་ནང་དུ་འཁྱམ་པར་ཚོད་བཀག་ཐེབས་པས་རེད། ས་འདིའི་དགུན་ཁའི་གནམ་གཤིས་གྲང་བས་རྩོག་བཤད་རེ་མ་བྲིས་ནས་ལུས་པོ་འཁྱག་ནས་བཟོད་ཐབས་མི་འདུག ས་འདིར་ང་རང་ཁེར་རྐྱང་ཡིན་པས་སྙན་ངག་ཡིན་ལ་མིན་ལ་རེ་མ་བྲིས་ན་ཉི་མ་འཁྱོལ་ཐབས་མི་འདུག

  12. ཀླུ་སྨྱོན། says:
    2011-01-17 at 1:58 pm

    དག་གིས་་་

  13. ཀླུ་སྨྱོན། says:
    2011-01-17 at 3:30 pm

    ཧ་ཅང་རིང་།

  14. གཞོན་ནུ་ཟླ་མེད། says:
    2011-01-17 at 9:39 pm

    མཆོད་ཁྲིའི་སྟེང་གི་ཤེལ་དམ་མཐོང་བ་ན།།
    ཚོགས་ཆང་ཡིན་པ་གསལ་ལེར་ཤེས་པ་ན།།
    དྲི་མ་སྣ་ལམ་མ་ཁྱབ་གོང་རོལ་ན།།
    བཟི་བའི་གོམས་ཁ་ཁྱོད་ཀྱི་ཕྱོགས་སུ་འཁྱོར།།

    མིག་གི་དམ་བུར་བལྟས་ནས་མདུན་ལ་སོང་།།
    གོམས་ཁ་ལྕི་མོ་ཀ་བའི་ཕྱོགས་སུ་རྒྱུ།།
    ལག་པ་ཕར་ལ་བསྲིངས་ནས་ཚུར་བསྡམ་དུས།།
    དེ་ནི་ཤིང་གི་ཀ་བ་ཡིན་པར་རྟོགས།།

  15. ཉི་མ། says:
    2011-01-17 at 10:58 pm

    ཆང་ནི་ཉེས་པ་ཀུ་གྱི་རྩ་བ་ཡིན།
    རྩ་རྩེའི་ཟིལ་བ་ཙམ་ཡང་སྤངས་པར་བྱ།

  16. ཀརྡོ་རབ་འབྱམས་པ་ says:
    2011-01-18 at 5:02 am

    ཤེས་རབ་ཅན་གྱིས་ཆང་དེ་འཐུང་། །
    རྙིང་རྗེ་ཅན་གྱིས་ཤ་དེ་ཟ། །ཞེས་པ་ཡང་ཡོད།

  17. གཞོན་ནུ་ཟླ་མེད། says:
    2011-01-18 at 11:23 am

    ཆང་ནི་འབྲུ་དྲུག་བཙོས་པའི་ཉིང་བཅུད་ཡིན།།
    བཟི་ཁ་ལུས་ཀྱི་རྩ་ལམ་ཡོངས་སུ་ཁྱབ།།
    མདུན་གྱི་ལམ་ཁ་བདེ་བའི་མལ་དུ་མཐོང་།།
    འཇིག་རྟེན་ཀྱག་ཀྱོག་ཡོད་ཚད་བརྗེད་པར་གྱུར།།

    འཇིག་རྟེན་སྡུག་བསྔལ་བདུད་ཀྱི་དུག་གི་རླབས།།
    བཅོམ་པའི་རྩི་མ་གྷི་ལ་ངེས་པས་ན།།
    བདུད་རྩི་ཞེས་སུ་དཔའ་བོ་མཁའ་འགྲོའི་ཚོགས།།
    མགྲིན་པའི་རོལ་མོ་དབྱངས་གཅིག་བསྒྲགས་པ་ཐོས།།

    ཐོད་པའི་ནང་དུ་བལྟམས་པའི་བདུད་རྩི་འདི།།
    མདུན་དུ་གཤམ་ནས་བསྟོད་པ་བྱེད་པ་ལས།།
    ལག་ཏུ་བླངས་ནས་མགྲིན་པའི་ཁུག་སོ་ནས།།
    རྩ་ཕྲན་ཉིས་ཁྲི་ཆིག་སྟོང་འགེངས་པར་བྱ།།

  18. ལ་སྟོད་བུ། says:
    2011-01-18 at 11:41 am

    འབྲུ་དྲུག་པོ་དེ་གང་ཡིན་ནམ།

  19. ཕ་ལམ་སྔོན་པོ། says:
    2011-01-18 at 12:01 pm

    ཇོ་བོ་རིན་པོ།
    ཟླ་མེད་འདིས་ཁ་ནས་་་་སྙན་ཚིག་ཟེར་ནོ་ཐོ་རོ་རོ་་་་ཐ་ར་ར་་་་་རྟི་ལི་གཏོང་གཏོང་རེད། ཧཧཧ

  20. གཞོན་ནུ་ཟླ་མེད། says:
    2011-01-18 at 1:43 pm

    ཡང་རྟོག་ལྡན་ཚང་གིས
    ༼ས་འདིའི་དགུན་ཁའི་གནམ་གཤིས་གྲང་བས
    རྩོག་བཤད་རེ་མ་བྲིས་ན
    ལུས་པོ་འཁྱག་ནས་བཟོད་ཐབས་མི་འདུག ༽
    སྙན་ངག་གི་ལམ་ནས་ལྟེ་བའི་གཏུམ་མོ་སྦར་ཞིང་།
    བདེ་དྲོད་ཀྱི་ལུས་ཁམས་འབར་ནས།
    དགའ་བཞི་རིམ་པ་རྣམས།
    ཡས་བབས་མས་བརྟན་གྱིས།
    ཐོག་མ་ནས་འབྱར་བསྡད་པའི་དབུ་མའི་རྒྱུ་ལམ།
    འཕུར་ལ་ཁད་པའི་འོད་ཕུང་སྟེ།
    ཁྲག་གི་དྭངས་མས་སྒོ་འཕར་ཕྱེས་ནས།
    སྙིང་གའི་རྩ་མདུད་གྲོལ་བའི་སྨོན་འདུན་ཞུ།
    ད་དུང་དེའི་ག་ལ་ཚད་སྟེ་སྐུ་ཉིད་ཀྱིས།
    ༼ ས་འདིར་ང་རང་ཁེར་རྐྱང་ཡིན་པས
    སྙན་ངག་ཡིན་ལ་མིན་ལ་རེ་མ་བྲིས་ན
    ཉི་མ་འཁྱོལ་ཐབས་མི་འདུག༽ཟེར།
    འདུལ་བའི་དམ་ཚིག་གིས་བསྡམ་པའི་རྐང་ལག་རེ་རེ།
    འགུལ་བསྐྱོད་བྲལ་ན་ཡང་།
    གནང་བཀག་གི་བཅས་མཚམས་རེ་རེ།
    ཚིག་གིས་སྦྱང་ཞིང་།
    སྙན་ངག་གི་ཚིག་རྐང་རེ་རེས།
    མཁའ་འགྲོའི་ཚོགས་རྣམས་སྐུ་མགྲོན་ལ་བསུས་ནས།
    ཚོགས་ཆང་དང་ཚོགས་རྫས་ལ་རོལ་ན།
    སྟོན་པ་ཐུབ་པའི་དབང་བོས་ཀྱང་།
    དགྱེས་འཛུམ་ཁྱོད་ལ་སྟོན་ངེས།

  21. ཆུ་སྐྱེས་སྒྲོལ་མ། says:
    2011-01-18 at 6:22 pm

    དྲ་ལམ་གློག་གི་རོལ་རྩེད་ཕྱེས་པས་ན།།
    མཁའ་དབྱིངས་འཁོར་སྐར་འཁོར་བའི་རྒྱུ་ལམ་ནས།།
    སྙན་ངག་རོ་བཅུད་རྒྱས་པའི་ཟླ་བ་ཞིག།
    དྲ་ལམ་དེ་ནས་འཛུམ་བཅས་ཕེབས་པ་ཁྱེད།།

    སྙིང་ཁམས་གཏིང་དུ་སྦས་བའི་གསང་བ་དག།
    ཉམས་ཆུང་ཤུ་བུར་བདོ་བའི་སྐད་སྒྲ་ཞིག།
    མ་བསྐུལ་རང་གྲོལ་རྣ་བའི་བུ་ཁ་རུ།།
    བདག་སེམས་དམ་གྱིས་བཅིངས་འདི་ཨེ་མ་རྨད།།

    སོར་འདབ་ལྕུག་ཕྲན་གར་སྟབས་འཇོག་སྒེག་གིས།།
    དྲ་ལམ་འདི་ཀོ་བརྒྱན་པ་ཕྱོགས་བཅུར་གྲགས།།
    གྲགས་པ་དེ་ཡང་ཡིད་ཀྱི་དགའ་བ་ཉིད།།
    དགའ་བ་དུ་མས་ནམ་ཡང་དམ་དུ་བཅིངས།།

  22. ཀླུ་སྨྱོན། says:
    2011-01-18 at 7:42 pm

    ཆུ་སྐྱེས་ལགས་སོགས་བུད་མེད་སྙན་ངག་པ་དག་གིས་ནམ་ཡང་སེམས་པའི་ཡུལ་ལྗོངས་སུ་དཔྱིད་དཔལ་གསར་བ་རེ་སྩོལ་བཞིན་འདུག

  23. གཞོན་ནུ་ཟླ་མེད། says:
    2011-01-18 at 7:55 pm

    ཀླུ་སྨྱོན་ལགས།
    ཁྭ་ཏ་ཞིག་དང་འདྲ་སྟེ།
    བུད་མེད་ཞིག་གི་མིང་གོ་བ་དང་བློ་བུར་དུ་སླེབས་ཡོང་།
    བུད་མེད་ཚོ།
    མུ་མཐུད་དུ་གཏོར་མ་གཡུག
    ཁྭ་ཏ་དེ་ཚོ་ག་ས་གང་ནས་ཐོན་ཡོང་།
    ང་ཡང་ཁྭ་ཏ་ཞིག་ཡིན་པས།
    གཏོར་མ་ལ་རེ།

  24. ཀླུ་སྨྱོན། says:
    2011-01-18 at 7:59 pm

    ང་ནི་ཁྭ་ཏ་མིན། ཆུ་ངོགས་གཏམ་རྒྱུད་ནས་བཤད་པའི་འཁྲིག་པའི་ཡི་དྭགས་ཟེར་བ་དེ་ཡིན། ཁྱོད་དེ་ཡིན་མིན་མི་ཤེས། མིན་པའི་སྨོན་ལམ།

  25. གཞོན་ནུ་ཟླ་མེད། says:
    2011-01-18 at 8:09 pm

    ཨོ་ཡ། ང་ནི་ཝ་ཤིན་ཀྲོན་ན་མཛེས་མ་མང་པོས་མཐའ་ལ་སྐོར་ནས་བསྡད་ཡོད་པ་རེད། སང་ཉིན་ཡང་མཛེས་མ་མང་པོ་མཉམ་དུ་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱེད་དུ་འགྲོ་དགོས། ཅུང་ཟད་འཁྱགས་རྒྱུ་རེད། འོན་ཀྱང་མཛེས་མ་མང་པོས་དྲོད་འཇམ་གྱིས་ལུས་སེམས་ཡོངས་སུ་རྫོགས་པ་ཚ་ལམ་ལམ་བྱེད་རྒྱུ་ཡིན་པ་དེ་རིང་ནས་དཔོག་ནུས།

  26. ཀརྡོ་རབ་འབྱམས་པ་ says:
    2011-01-18 at 8:14 pm

    སང་ཉིན་ངོ་རྒོལ་དུ་མཛེས་མ་མང་པོ་ཨེ། འོ། ང་ཡང་་་་

  27. གཞོན་ནུ་ཟླ་མེད། says:
    2011-01-18 at 9:02 pm

    ཨ་རོགས་ཚོ། གོང་གི་ཆུ་སྐྱེས་སྒྲོལ་མ་ཟེར་བ་འདི་ཞི་ལི་རེད། ཡང་ན་ཞི་མོ་རེད། ངས་བལྟས་ན་སྒྲོལ་མའི་མིང་འཛིན་པའི་ཞི་ལི་ཞིག་ཡིན་པ་འདྲ་འདུག མ་ནོར་བ་བྱས་མ་གཏོགས། ཁྱོད་ཚོས་ཞི་ལི་ཞིག་ཞི་མོར་སྒོམ་བཞིན་པ་འདྲ་འདུག ཀླུ་སྨྱོན་ཁྱོད་གཟབ་གཟབ་བྱས་མ་གཏོགས། བུ་མོའི་མིང་བཏགས་པའི་ཞི་ལི་མང་པོ་དྲ་ལམ་ན་ཡོད་ས་རེད་འདུག

  28. ཀླུ་སྨྱོན། says:
    2011-01-18 at 9:15 pm

    དཔལ་ལྷའི་རི་ཁྲོད་སོགས་འབྲི་མཁན་དེ་ནི་ནོར་གླིང་རྡོ་རྗེ་དབང་ཕྱུག་ལགས་ཀྱི་སྐུ་ཟླ་ཆུ་སྐྱེས་སྒྲོལ་མ་ཞུ་བའི་ལྷ་ས་བ་བུད་མེད་རྩོམ་པ་མོ་ཞིག་རེད། གོང་གི་མཆན་བུ་དེ་ཡང་མོས་བཏབ་པ་རེད་བསམས།

  29. གཞོན་ནུ་ཟླ་མེད། says:
    2011-01-19 at 10:03 am

    ལ་སྟོད་བུ། འབྲུ་དྲུག་ནི། གྲོ་ནས་སྲན་གསུམ། འབྲས། སོ་བ། བྲ་བོ༼བྲའོ༽། བཅས་སོ། འོན་ཀྱང་བསངས་མཆོད་ཀྱི་ཆོ་ག་ལ་ལ་ན། འབྲུ་སྣ་ལྔ་ཞེས་བྲིས་པའང་ཡོད།
    ཕ་ལམ་སྔོན་པོ་ལགས། ཐུགས་རྗེ་ཆེ།

  30. གཞོན་ནུ་ཟླ་མེད། says:
    2011-01-19 at 10:14 am

    སྤྱིར་བོད་ཡུལ་གྱི་སྟོན་ཐོག་འབྲུ་རིགས་ལ་འབྲུ་དྲུག་ཏུ་མ་ངེས་དེ། ནས་དང། སྲན་མ། གྲོ། རྒྱ་སྲན།༼སྲན་ཆེན༽ བྲའོ༼བྲ་བོ༽། རྒྱ་བྲ། སོ་བ། སྲན་ཆུང་༼རྡ་ལི༽། པད་ཁ༼ལོག་ཀར། ཡང་ན་ཀེ་ཚེ༽། ཡུངས་དཀར། སོ་མ་ར་ཙ༼བརྩོ་མ༽། ཤོ་ས། འབྲས། མ་རྨོས་ལོ་ཏོག ཟེར་མ་སོགས་ཡོད་དོ། ཞྭ་སྒབ་པས་རྒྱལ་རབས་ནང་དུ་ཟེར་མ་སོགས་གྲངས་འདྲེན་བྱས་མི་འདུག ད་དུང་ས་ཆ་སོ་སོའི་ཐོན་ཁུངས་མི་འདྲ་བའི་དབང་གིས་དེ་ལས་མང་བའི་འབྲུ་རིགས་ཡོད་སྲིད།

  31. ལ་སྟོད་བུ། says:
    2011-01-19 at 10:14 am

    དྲྭ་གྲོགས་གཞོན་ནུ་ཟླ་མེད་ལགས་ལན་གནང་བར་ཐུགས་རྗེ་ཆེ།
    ང་ལའང་དེ་འདྲ་བ་ཞིག་འཇོག་རྒྱུ་ཡོད།
    ངས་འབྲུ་དྲུག་ཅེས་པ་ཞིག་གོ་མྱོང་བའི་དྲན་པ་མི་འདུག
    ངས་གོ་བ་ནི་འབྲུ་བདུན་ཅེས་པ་ཞིག་གོ་མྱོང།
    འབྲུ་བདུན་ནི་་་་་ཁྲེ་དང། འབྲས། གྲོ། སྲན་མ། ནས། སོ་བ། བྲ་བོ། བཅས་བདུན་དང།
    འབྲུ་ལྔ་ཞེས་པ་ཞིག་ཀྱང་བཤད་སྲོལ་ཡོད་འདུག
    འབྲུ་ལྔ་ནི།་་་་་་འབྲས། ཇུ་ཙེ། ནས། ཁྲེ། ཙ་མ་ཧེའི་འབྲུ་བཅས་ལྔ་ལ་བཤད་པ་ཞིག་ཡོད་འདུག
    ཡང་ནས་དཀར་མོ་འབྲུ་བདུན་ཅེས་པ་ཞིག་ཀྱང་ཡོད་འདུག
    ཁྱེད་ལ་ཐུགས་མཁོ་འདྲ་ཡོད་ན་འབུལ་ཆོག

  32. གཞོན་ནུ་ཟླ་མེད། says:
    2011-01-19 at 10:23 am

    འོ་ལ་སྟོད་བུ་ཐུགས་རྗེ་ཆེ་ལན་གནང་བ། སྟོན་འབྲས་ཀྱི་སྐོར་འདི་མང་ཙམ་ཤེས་རྟོགས་ཡོང་ཐུབ་ན་ཡག་པོ་འདུག བོད་ལ་འབྲུ་རིགས་ག་ཚོད་ཡོད་པ་རེད་ཅེས་དྲིས་ན། ང་ཚོས་ཆ་ཚང་ཞིག་ལན་རྒྱག་ཐུབ་ཀྱི་མེད། དེ་ནི་ཡིག་ཆ་རྣམས་སུ་འབྲི་བའི་སྲོལ་མེད་པའམ། ཡོད་ཀྱང་ཆོས་ཕྱོགས་ཀྱི་ཆོ་ག་དེ་ཚོ་ན་གྲངས་འདྲེན་ཁ་ཤས་ཡོད་པ་ཙམ་རེད། དེ་བཞིན་དུ་མི་སོ་སོ་ལ་མཚོན་ན་ཡང་རང་གི་ལུང་ཚན་གྱི་ཐོན་འབྲས་མ་གཏོགས་ཆ་རྒྱུས་མེད་པས། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་རྒྱལ་རབས་ནང་དུའང་། སྟོན་འབྲས་འབྲི་སྐབས་ཁ་ཤས་ཞིག་མ་གཏོགས་གྲངས་འདྲེན་བྱེད་ཐུབ་མི་འདུག

  33. ལ་སྟོད་བུ། says:
    2011-01-19 at 10:26 am

    སྐྱེམས་པ་ཆང་བས་ངོ་ཆེ་མེད།
    སྔོན་མོ་ནས་བས་འཕེལ་ཆེ་མེད།
    མཚོ་རོག་གཡུ་བས་འོད་ཆེ་མེད།
    རིན་ཆེན་གསེར་བས་རིན་ཆེ་མེད།

  34. ལ་སྟོད་བུ། says:
    2011-01-19 at 10:50 am

    གཞོན་ནུ་ལགས་ངོ་མ་རེད།
    ང་ཚོ་བོད་ཀྱི་ཞིབ་འཇུག་པ་ཚོས་དཔྱད་ཞིབ་བྱེད་ས་ནི་མཐོན་པོ་ཤ་སྟག་རེད།
    མོ་མངོན་པའི་དཔྱད་གནས། སངས་རྒྱས། ཞིང་ཁམས། ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་བྱུང་བའི་དུར་ས་སོགས་ལྟ་བུ་རེད།
    དོན་ངོ་མ་ང་ཚོས་སོ་སོའི་ལུང་པར་སྐྱེ་བའི་འབྲུ་རིགས་ཀྱི་རྣམ་གྲངས་དང།རྩི་ཤིང་གི་རིགས་མི་འདྲ་བ།རི་སྐྱེས་སྲོག་ཆགས་འདྲ་མིན་གྱི་རྣམ་གྲངས་དང།ས་ཆའི་གནས་བབས།དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་ལྡོག་ལས་སོགས་ཀྱི་ལོ་རྒྱུས་ཁ་གསལ་མེད་ཁར།
    ཐ་ན་རྩམ་པ་དང་བོད་ཇ་ཆང་སོགས་བཟོ་སྟངས་ཇི་ཡིན་གྱི་གནས་ཚུལ་གསལ་ཁ་དོད་ལ་ཆ་ཚང་བ་ཞིག་ཡིག་ཐོག་ཏུ་བཀོད་པ་ཕལ་ཆེར་མེད་པ་རེད་ཅེས་ནའང་མ་འགྲིག་པ་མེད།
    ཕྱི་རྒྱུལ་ནུབ་ཕྱོགས་པ་ཚོས་བྱ་དང་རི་དྭགས་འབུ་རིགས་ལས་སོགས་རང་གི་ལུང་པར་ཡོད་པ་རྣམས་ཀྱི་གནས་སྟངས་ཇི་ཡིན་དེབ་ནང་དུ་འཁོད་པ་མ་ཟད་དམངས་འཁྲོད་དུའང་མི་ཚོར་ཤོད་རྒྱུ་ཡོད་འདུག
    དེས་ན་ང་ཚོས་ཀྱང་འདི་ཚོར་སྣང་ཆུང་དུ་མི་གཏོང་བར་མི་རབས་རྗེས་མ་ཚོར་ངོ་སྤྲོད་ཆེ་ཆུང་ལ་མ་ལྟོས་པར་འབྲི་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ།
    ཉིན་གཅིག་ཕྱི་རབས་བོད་རིགས་གཞོན་སྐྱེས་ཚོས་ རྩམ་པ་དང་བོད་ཇ་ གཡག་དང་འབྲི། རྟ་དང་རྐྱང་ལས་སོགས་ཀྱང་ངོ་མི་ཤེས་པའི་དུས་སྐབས་ཤིག་ཤར་ངེེས་ཡིན་པར་ད་ལྟ་ནས་ཚོད་དཔག་བྱེད་ཐུབ་པ་འདུག

  35. ལ་སྟོད་བུ། says:
    2011-01-19 at 10:53 am

    མི་མངོན་པའི་དཔྱད་གནས་་་་་ཞེས་པར་བཅོས་རོགས།

  36. གཞོན་ནུ་ཟླ་མེད། says:
    2011-01-19 at 10:59 am

    སྤྱིར་བོད་ཀྱི་འབྲུ་རིགས་ལ་༡ ནས་དང། ༢ སྲན་མ། ༣ གྲོ། ༤ རྒྱ་སྲན།༼སྲན་ཆེན༽ ༥ བྲའོ༼བྲ་བོ༽། ༦ རྒྱ་བྲ། ༧ སོ་བ། ༨ སྲན་ཆུང་༼རྡ་ལི༽། ༩ པད་ཁ༼ལོག་ཀར། ཡང་ན་ཀེ་ཚེ༽། ༡༠ ཡུངས་དཀར། ༡༡ སོ་མ་ར་ཙ༼བརྩོ་མ༽། ༡༢ ཤོ་ས། ༡༣ འབྲས། ༡༤ མ་རྨོས་ལོ་ཏོག ༡༥ ཟེར་མ། ༡༦ ཁྲེ། ༡༧ ཇུ་ཙེ། ༡༨ ཙ་མ་ཧེའི་འབྲུ། སོགས་ལས་ལྷག་ཡོད་སྲིད་ན་ཡང་། བསངས་མཆོད་དང་གསེར་སྐྱེམས་ཀྱི་ཆོ་ག་དེ་ཚོའི་ནང་དུ་འབྲུ་དྲུག་དང་། ཡང་ན་འབྲུ་བདུན། ཡང་ན་འབྲུ་སྣ་ལྔ་དང་སྦྱར་བའི་གཏོར་མ་འདི། སོགས་གསུངས་འདུག་པ་གང་ཡིན་ཟེར་ན། དེ་ནི་རྩོམ་པ་པོ་སུ་ཞིག་གི་རང་གི་འཁོར་ཡུག་དེའི་མཆོད་འབུལ་འཛོམས་ཚོད་ཀྱི་དབང་དུ་བྱས་པ་དང་། དེ་བཞིན་དུ་འཁོར་ཡུག་དེར་ཆང་བཙགས་སྲོལ་ཡོད་པའི་འབྲུ་རིགས་དག་ལ་དཔག་ནས་ཆོ་ག་དེ་དག་རྩོམ་པ་ལོས་ཡིན་སྙམ།
    ལ་སྟོད་ཀྱིས། ཇུ་ཙེ་དང་ཙ་མ་ཧེའི་འབྲུ་གཉིས་བོད་ཀྱི་ལུང་ཚན་གང་ཞིག་ནས་སྐྱེས་པ་གསལ་བྱེད་གནང་རྒྱ་དང་། ད་དུང་དཀར་མོ་འབྲུ་བདུན་སོགས་ཀྱང་ངོ་།

  37. གཞོན་ནུ་ཟླ་མེད། says:
    2011-01-19 at 11:14 am

    ཁྲེ་ཟེར་བ་འདི་ང་ཚོ་གྲོང་གསེབ་ཀྱི་འོག་ན་སྐར་མ་ཐང་ཟེར་བའི་གྲོང་གསེབ་ཅིག་ཡོད། དེ་ནས་མང་པོ་འདེབས་ཀྱི་འདུག རྒྱ་སྐད་ལ་ཀྲུའུ་ཟེར་གྱི་ཡོད་པ་དེ་རེད། ཁ་དོག་ནག་པོ། དབྱིབས་ཟུར་གསུམ་ལྟ་བུ་རེད། ཁོང་ཚོས་ཀྲུའུ་ཉོག་ཟེར་བ་བའི་ཁ་ཟས་བཟོ་གི་རེད། ང་རྒྱ་གར་ལ་ཡོང་པའི་ལམ་བར་དུ། ནེ་པལ་ལེ་ཤར་བའི་ཁྱིམ་ཚང་ཞིག་ནས་ཀྲུའུ་ཉོག་དང་གཅིག་པ་གཅིག་རྐྱང་ཞིག་ཟོས་མྱོང་། ཕལ་ཆེར་ཁོང་ཚོ་ལའང་ཁྲེ་འདིའི་ཐོན་ཁུངས་ཡོད་པ་འདྲ་འདུག དེ་ནས་སོ་མ་ར་ཙ་འདི་ཆང་མ་བཙགས་ན་ཡང་འབྲས་བུ་ལ་བཟི་ཁ་ཡོད་པ་རེད། ཡུལ་མི་ཚོས་སོ་མ་ར་ཙས་བཟི་མི་ཟེར་བར། བརྩོ་སྨྱོན་ཆགས་འདུག་ཟེར་གི་རེད། ཡིན་པ་ནི་སོ་མ་ར་ཙའི་སྟེང་ན་ཐ་མ་ནག་པོའི་རྒྱུ་ཆ་ཡོད་ས་རེད་འདུག

  38. ལ་སྟོད་བུ། says:
    2011-01-19 at 11:26 am

    ནས་དཀར་མོ་འབྲུ་བདུན་ཅེས་པ་ནི།
    ཀྱེ་ངར་གླུད་དང་པོ་གང་ནས་བྱུང།
    ངར་གླུད་དང་པོ་འབྲུ་ལས་བྱུང།
    དང་པོ་འབྲུ་རྩལ་གང་ནས་རྩལ།
    ནས་འབྲུ་ཆ་གཅིག་བྱ་རྒྱལ་ཁྱུང་གི་ལག་ནས་བྱུང།
    ནས་འབྲུ་ཆ་གཅིག་སུམ་ཅུ་རྩ་གསུམ་ལྷ་ཡི་ཡུལ་ནས་བྱུང།
    ནས་འབྲུ་ཆ་གཅིག་ལྷ་ཡི་དབང་པོ་རྒྱ་བྱིན་གྱི་རིན་ཆེན་ཁང་བཟང་ནང་ནས་བྱུང།
    ནས་འབྲུ་ཆ་གཅིག་ནི་ལྷ་མ་ཡིན་གྱི་ཁང་བཟང་ནང་ནས་བྱུང།
    ནས་འབྲུ་ཆ་གཅིག་ནི་སྤ་བཀྲ་སྒྲོམ་བུའི་ནང་ནས་བྱུང།
    ནས་འབྲུ་ཆ་གཅིག་ནི་ཞིང་པ་རྒན་རྒོན་གྱི་བང་མཛོད་ནང་ནས་བྱུང།
    ནས་ཀྱི་ཕ་ནི་གནམ་ཡིན་ལ།
    ནས་ཀྱི་མ་ནི་ས་ཡང་ཡིན།
    བུ་ནི་ལོ་ཐོག་འབྲས་བུ་སྨིན།
    ནས་དཀར་མོ་འབྲུ་བདུན་གཅིག་ཏུ་སྐྱེས།
    དཔྱིད་ཟླ་གསུམ་ལ་བརླན་དང་དྲོད་ཀྱིས་བསྐྱེད།
    དབྱར་ཟླ་གསུམ་ལ་གཟུགས་སུ་སྐྱེས།
    སྟོན་ཟླ་གསུམ་ལ་འབྲུ་རུ་སྨིན།
    དགུན་ཟླ་གསུམ་ལ་འཕྲུལ་རྗེའི་ཕྱག་ཏུ་ཕུལ།

    ནས་དཀར་མོ་འབྲུ་བདུན་ཅེས་པ་ནི།
    ནས་དཀར་མོ་ཕྱེ་སྙིང་དང།
    ནས་སྔོན་མོ་ཉ་རྒྱབ་དང།
    ནས་སྨུག་མོ་མཆོང་མིག་དང།
    ནས་དྲེལ་ཐུང་མཆུ་འདུམ་དང།
    ནས་ཁྲ་བོ་གཟི་མིག་དང།
    ནས་གྲོ་དཀར་འཛུམ་བུ་དང།
    ནས་སྲན་མ་འབྲི་མིག་དང་བདུན་ནོ།

    ཇུ་ཙེ་དང་ཙ་མ་ཧེའི་འབྲུ་གཉིས་ནི་ལ་སྟོད་སྟེ་བོད་ཀྱི་སྟོད་མངའ་རིས་ཀྱི་ཁུངས་གཏོགས་ས་སྨད་པུ་རང་གི་ཕྱོགས་སུ་སྐྱེས་ཡོད།
    ཇུ་ཙེ་ནི་ཁྲེ་དང་ཆེ་ཆུང་དང་དབྱིབས་ཁ་དོག་སོགས་ཤིན་ཏུ་ནས་འདྲ་ཆེན་པོ་ཡོད།
    འོན་ཀྱང་བཙོས་ནས་བཟའ་དུས་ཅུང་མངར་ཆེ་བ་ཡོད།
    ཆེ་ཆུང་ཡུང་དཀར་ལས་ཅུང་ཆེ་ཙམ་ཡོད།
    འཚོད་སྟངས་ནི་འབྲས་དང་གཅིག་མཚུངས་རེད།
    འགའ་ཞིག་གིས་ཇི་ཙེ་ཡང་བརྗོད།

  39. ལ་སྟོད་བུ། says:
    2011-01-19 at 11:29 am

    ནས་སྔོན་མོ་འབྲུ་བདུན་ནམ་དཀར་མོ་འབྲུ་བདུན་ཞེས་རྩི་སྲོལ་གཞན་ཞིག་ཏུ།
    ནས་སྔོན་མོ་གཡུ་མདོག་དང།
    ནས་གསེར་པོ་གསེར་མདོག
    ནས་དཀར་མོ་དུང་མདོག
    ནས་དམར་མོ་ཟངས་མདོག
    ནས་ནག་པོ་ལྕགས་མདོག
    ནས་ཁྲ་བོ་གཟི་མདོག
    ནས་ཁམས་པ་དངུལ་མདོག
    ཅེས་བདུན་ལའང་བཤད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme