Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚེ་སྲོག་དོན་མེད་བྱེད་མཁན་སུ་རེད།

Posted on 2012-07-24 By ཁ་བརྡ་ 30 Comments on ཚེ་སྲོག་དོན་མེད་བྱེད་མཁན་སུ་རེད།

མི་ཕམ་ཚངས་ཐིག་གིས།

འཛམ་གླིང་འདིའི་རང་སྲོག་གཏོང་མཁན་རྣམས་བོད་པའི་རང་སྲོག་གཏོང་མཁན་ལ་བསྡུར་ན་བརྒྱ་སྟོང་གི་འགྱུར་གྱིས་མང་། ད་ལྟ་བོད་ཀྱི་ན་གཞོན་གཙོས་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེ་བ་མེད་པས་རང་སྲོག་གཞན་དོན་དུ་བཏོང་བཞིན་པ་ཡང་མི་རིགས་དང་རྒྱལ་ཁབ་གཞན་ལ་བསྡུར་ན་ཤིན་ཏུ་ཉུང་། འོན་ཀྱང་བོད་མི་ཚོས་རང་སྲོག་མཆོད་མེ་ལ་ཕུལ་བའི་ངོ་བོ་དང་རྣམ་པ་ནི་འཛམ་གླིང་ན་ཆེས་རྨད་དུ་བྱུང་ཞིང་མངོན་པར་མཐོ་བའི་འགྲན་བྲལ་དང་ལོ་རྒྱུས་གསེར་གྱིས་འབྲི་འོས་པ་ཞིག་རེད། འོན་ཀྱང་ཆེས་སྨད་འོས་པ་ཞིག་ནི། དེའི་ཚོད་ཀྱིས་འཛམ་གླིང་ལ་ཤུགས་རྐྱེན་བཟང་པོ་ཞིག་ཐེབས་པ་ཕར་ཞོག འོས་བབས་ཡིད་ཚིམ་གྱི་བོད་དོན་འཐབ་རྩོད་ཙམ་ལ་ཡང་འགྲོ་ཐུབ་ཀྱི་མེད། དེས་ན་ཆབ་སྲིད་ཆེད་མཁས་པས་རམ་འདེགས་ངེས་ཅན་ཞིག་དང་ཁོར་ཡུག་བཟང་པོའི་རམ་འདེགས་ཤིག་མ་ཡོད་པར་དུ་རང་སྲོག་མི་གཏོང་བའི་ཐབས་ལམ་ལ་འབད་པའི་དུས་ལ་བབས་ཡོད། མ་ཟད་ཆེས་མངོན་པར་མཐོ་ཞིང་གཟི་བརྗིད་ཆེ་བའི་མཛད་པ་དེ་དག་གིས་ཤུགས་རྐྱེན་དེ་ཙམ་མ་ཐེབས་པའི་རྒྱུ་མཚན་གང་དག་ལ་ཐུག་ཡོད་པར་དཔྱད་བསྡུར་ཞིག་ཞིབ་ཏུ་བྱེད་རན་ཡོད།
རང་ཉིད་ཀྱི་ལུས་སྲོག་ལང་ཚོ་བདེ་སྐྱིད་དང་བཅས་པ་གཞན་དོན་སྤྱིའི་ཆེད་དུ་བཏང་བ་ལས་ཁྱད་དུ་འཕགས་པའི་བྱ་བ་ཞིག ཆོས་དང་འཇིག་རྟེན་གང་གི་ཕྱོགས་ནས་མིའི་འགྲོ་བ་ཞིག་གིས་བྱེད་རྒྱུ་མེད། ངོ་བོ་དེ་འདྲའི་ཐོག་ཏུ་དུས་ཡུན་ཤིན་ཏུ་ཐུང་ངུའི་ནང་དུ་རང་སྲོག་གཏོང་མཁན་བོད་མི་ལས་མང་བ་ཞིག་འཛམ་གླིང་ཐོག་ད་སྔོན་བྱུང་མྱངས་མེད། འོན་ཀྱང་དེའི་ཚོད་ཀྱིས་ཤུགས་རྐྱེན་ཐེབས་མ་ཐུབ་པའི་བོད་པའི་གནས་སྟངས་སྐྱོ་བོ་འདི་འདྲ་ཞིག་འཇིག་རྟེན་འདི་ན་མེད། ཟླ་བྲལ་བླ་ན་མེད་པའི་མཛད་པ་དེ་དག་གིས་ཤུགས་རྐྱེན་བཟང་པོ་ཐེབས་མི་ཐུབ་པ་ལ་རྒྱུ་རྐྱེན་གཙོ་གཉིས་ཡོད།
གཅིག་ནུབ་ཕྱོགས་པ་དང་ལྷག་པར་དུ་རྒྱ་ནག་གི་ཁོར་ཡུག་འདི་གཞན་དོན་དུ་རང་སྲོག་གཏོང་བར་མི་འོས་ཤིང་མ་འཚམས་པ་དང་། ཆབ་སྲིད་ཀྱི་བློ་གྲོས་དང་བརྩོན་འགྲུས་ཀྱི་ཆོད་སེམས་གཉིས་ལྡན་གྱི་དབུ་ཁྲིད་དང་སྒྲིག་འཛུགས་ཡང་དག་ཅིག་མ་ཡོད་པ་དང་གཉིས་ཀྱིས་རེད། གནས་སྟངས་དེ་དག་གི་དབང་གིས་ཆེས་བློ་ཕམ་དང་ཐབས་སྡུག ངོ་ཚ་བ་དང་ཡིད་མུག་པ་ཞིག་ཏུ་ཆགས་པ་རེད། དེའི་ཕྱིར་ཇི་སྲིད་རྒྱུ་རྐྱེན་དེ་གཉིས་ཀ་ལ་ཡར་རྒྱས་ཤིག་མ་ཐོན་པ་དེ་སྲིད་དུ་རང་སྲོག་མེ་མཆོད་དུ་ཕུལ་ན། སེམས་དཔའ་དེ་དག་ཁོང་ཚོའི་ལྷག་བསམ་གྱིས་ཚོགས་ཆེན་རྫོགས་པ་མ་གཏོགས། བོད་དོན་ཆབ་སྲིད་ལ་ཕན་ཐོགས་ཆེན་པོ་ཞིག་གནས་སྐབས་སུ་མི་འབྱུང་བས་དེ་གསལ་བོ་བྱེད་དགོས་ལ། དེའི་འོས་འགན་བོད་མིའི་སྒྲིག་འཛུགས་དང་དབུ་ཁྲིད་ཁག་ལ་ཡོད་པ་རེད། འགན་དེ་མ་བླངས་ན་ཚེ་སྲོག་དོན་མེད་གཏོང་མཁན་སུ་ཞིག་ལ་སོང་ཡོད་པ་ཤེས་སླ།
༡ དང་པོ་ཁོར་ཡུག་རྣམས་མི་འཚམས་པ་ནི། འཛམ་གླིང་སྤྱིས་ཧོབ་ཏེ་བལྟས་དུས་རང་སྲོག་གཏོང་བ་ནི་ངོ་མཚར་བ་དང་ཡིད་འདུན་པ་ཞིག་མ་ཡིན་པར། ཆེས་ཉན་མི་འདོད་ཅིང་བལྟ་མི་ནུས་ས་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་ནི། ད་ལྟ་ཕྱིའི་འདོད་ཡོན་གྱི་འགྲན་རྩོད་དང་གནོན་ཤུགས་ཆེ་དྲགས་པས་རང་སྲོག་གཏོང་མཁན་ནི་བཅོས་མེད་ཀྱི་ནད་རིགས་ཁག་གིས་ཤི་བ་ལས་ཀྱང་མང་པོར་ཆགས་ཡོད། དཔེ་གཅིག་བཞག་ན། ཨ་རི་ལ་མཚོན་ན། མི་༣༠༦༢༢ ལས་༡༠་༨ རེ་རང་ཤི་རྒྱབ་ཀྱི་ཡོད། མདོར་ན་༨༣༥ ཡས་མས་རེ་ལོ་རེར་རང་སྲོག་གཅོད་ཀྱིན་ཡོད། དེ་བཞིན་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཁག་ལ་འདྲ་མཚུངས་རེད། དེའི་ཕྱིར་མི་རྣམས་གནས་སྟངས་དེ་དག་ལ་ཞེན་ལོག་དང་སུན་སྣང་ངང་དུ་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མཚོན་ན་འདི་དག་གང་བསམ་དུ་བརྙན་འཕྲིན་སོགས་སུ་སྟོན་མི་ཆོག་པར་གྱུར་ཡོད། རྒྱས་སྤྲོས་ཀྱི་ཁུངས་ལུངས་འདི་དག་ལ་ལྟོས་དང་ཤེས་ཐུབ། USA 10.8% per 100,000 –total of 30,622 per year (resource from http://www.suicide.org/suicide-statistics.html) Between 2008 and 2009, the suicide rate in the United States rose by 2.4%, with a reported 36,909 suicide deaths, according to a report by the CDC-the U.S. Centers for Disease Control and Prevention. (from http://www.medicalnewstoday.com/articles/241911.php).
བོད་ཀྱི་བྱང་སེམས་དཔའ་རྒོད་རྣམས་ཀྱིས་ལྷག་བསམ་དང་དཔའ་སྙིང་ཆོད་སེམས་སོགས་ཅི་ཙམ་བཟང་ཡང་། འཛམ་གླིང་མི་མང་གིས་དེ་མི་ཤེས་ལ། རྒྱུན་ལྡན་ཀྱི་རང་སྲོག་གཏོང་བ་ཞིག་ལ་ངོས་འཛིན་བྱེད་ཅིང་། དེ་དག་ནི་ཆེས་རྒྱུན་ལྡན་དང་དོ་སྣང་མེད་ས་ཞིག་ཏུ་གྱུར་ཡོད་པས། ངོ་བོ་མི་འདྲ་བ་དང་རང་དོན་མ་ཡིན་པར་གཞན་དོན་ཡིན་པ་སོགས་ཤིན་ཏུ་རྟོགས་དཀའ།
རྒྱ་ནག་མི་མང་ལ་ནི་དེ་བས་ཀྱང་ཤུགས་རྐྱེན་ཅི་ཡང་ཐེབས་མི་སྲིད། རྒྱུ་མཚན་ནི། གཙོ་བོ་མི་མང་མང་ཆེ་བར་ད་ལྟ་ཆོས་མེད་སྨྲ་བར་གྱུར་ཡོད་པས་མིའི་བཟང་སྤྱོད་ཀྱི་དབུལ་ཞིང་། ཆོས་ལུགས་པ་བརྒྱ་ཆའི་ཉུང་ཙམ་ཡོད་པ་མང་ཆེ་བ་རྨོངས་དད་པ་དང་། ལྟ་ལོག་པ་ཡིན་པ་ལས་ཤེས་ཡོན་དང་བཟང་སྤྱོད་ལྡན་པའི་ཆོས་ལུགས་པ་ནི་ཤིན་ཏུ་ཉུང་། རྒྱ་ནག་ནི་ཕྱིའི་དངོས་པོ་ཁྲ་ཁྲ་ཟིང་ཟང་ཙམ་ཁོ་ནའི་སྒོ་ནས་ཅུང་ཙམ་ཡར་རྒྱས་ལ་སོང་ཡོད་པ་ཙམ་ལས། ནང་བསམ་བློའི་འདུ་ཤེས་ཀྱི་ཆ་ནས་ཆོས་དད་དང་མིའི་བཟང་སྤྱོད་གང་གི་ཆ་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བསམ་བློའི་གོ་རྟོགས་ལ་གཞལ་ན་ཤིན་ཏུ་དམན།
དེའི་དབང་གིས་རང་སྲོག་གཅོད་མཁན་འཛམ་གླིང་གི་མང་ཤོས་སུ་གྱུར་ཡོད་མ་ཟད། དེ་ནི་ནུབ་ཕྱོགས་པ་ནང་བཞིན་སུན་སྣང་འབྱུང་བ་དང་ལྟ་མི་བཟོད་པའི་ཚབས་ཏུ། ཕག་དང་ཉ་སོགས་གསོད་པ་ནང་བཞིན་དུ་འཇིགས་སྣང་དང་ཕངས་སེམས་སོགས་ཅི་ཡང་མེད་པར་གྱུར་ཡོད་པ་ནི། ༢༠༡༡ ལོ་བུ་མོ་ཆུང་ངུ་ཞིག་ལམ་ཁར་ཡོད་པའི་ཐོག་རླངས་འཁོར་རྣམས་ཀྱིས་རིམ་བཞིན་གཅིག་ཐོག་གཉིས་བཞག་བྱས་ནས་འགྲོ་བ་ལས་སུས་ཀྱང་སྲོག་སྐྱོབ་ལ་མ་འབད་པ་འཛམ་གླིང་གི་བརྙན་འཕྲིན་ཁག་གི་གསརའགྱུར་ཆེན་པོར་གྱུར་པ་དེས་ཅུང་ཙམ་མཚོན་ཐུབ།
རྒྱ་ནག་ལ་མཚོན་ན། མི་འབུམ་གཅིག་གི་ནང་ལ་མི་༢༣ རེ་ལོ་ལྟར་རང་ཤི་རྒྱབ་ཀྱི་ཡོད་ཅིང་། དེ་རྒྱལ་ཡོངས་ལ་མཚོན་ན། རྒྱ་གཞུང་གིས་གསར་བསྒྲགས་བྱས་པ་ནི་ལོ་གཅིག་ལ་རང་ཤི་བའི་མི་གྲངས་༢༨༧༠༠༠ ཡིན་ལ། དེ་ཡང་གཞུང་དང་མ་འབྲེལ་པའི་པའི་ཁུངས་ལྡན་པ་ཁག་གིས་དེ་ལས་ལྡབས་འགྱུར་གྱིས་མང་བར་བཤད་ཡོད། དུས་ཚོད་དང་བསྡུར་ནས་བཤད་ན། སྐར་མ་གཉིས་ཀྱི་ནང་དུ་རྒྱ་ནག་གི་མི་གཅིག་གིས་རང་སྲོག་གཏོང་གི་ཡོད། དེ་སོགས་རྒྱས་པར་ཤེས་འདོད་ན་འདི་དག་ལ་ལྟོས།
Beijing Suicide Research and Prevention Centre, Chinese suicide rate(1999) 23% per 100,000- total of 287 000 per year. (M R Phillips MD, X Li MD,Y Zhang MD); Department of Social Medicine, Harvard Medical School, Boston, MA, USA (M R Phillips) Correspondence to: Dr Michael R Phillips
(e-mail: phillips@public3.bta.net.cn)
དེ་ཙམ་གྱིས་མི་ཚད། རྒྱ་ནག་གི་མི་མང་ད་ལྟ་བསམ་བློ་དང་བཟང་སྤྱོད་རྗེས་ལུས་ཐེབས་ཡོད་པས། མི་སུས་ཀྱང་རང་སྲོག་གཞན་དོན་དུ་གཏོང་མཁན་ནི་ཁོང་ཚོའི་ཤེས་བྱ་དང་གཞལ་བྱ་མིན་ལ། བློ་ཡུལ་བྱ་རུང་ཡང་མིན། དེའི་ཕྱིར་རྒྱ་མི་མང་གིས་བོད་མི་བྱང་སེམས་དཔའ་རྒོད་དག་གིས་ལྷག་བསམ་དང་སྙིང་སྟོབས་ཤེས་རྒྱུ་དང་། དེས་ཤུགས་རྐྱེན་གྱིས་བོད་མིའི་སྡུག་བསྔལ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་བྱེད་པ་ནི་ད་དུང་ཐག་ཤིན་ཏུ་རིང་བའི་གནས་ན་ཡོད།
༢ བོད་མིའི་སྒྲིག་འཛུགས་ཀྱིས་གལ་ཏེ་རང་སྲོག་ཕུལ་མཁན་ཚོའི་མཛད་རྗེས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་བསམ་ན། རྒྱ་གཞུང་གིས་ཅི་ཟེར་དང་ཅི་བྱེད་ལ་མི་འཇིགས་མི་དངངས་པར། འཆར་གཞི་དང་སྒྲིག་འཛུགས་ལྡན་པའི་གསང་བའི་མི་སྣ་མང་པོས་བོད་ནང་དུ་དབུ་ཁྲིད་དང་མཐུན་འགྱུར་རམ་འདེགས་དགོས་ཤིང་། དེ་དག་ལ་ཐབས་ལམ་སྣ་དགུ་ལྡན་པའི་སྣེ་ཁྲིད་འགན་ལེན་ཅན་གྱི་སྒྲིག་འཛུགས་ཚགས་ཚུད་དགོས་པ་ལས། ཕྱི་ལོགས་ནས་རང་སྲོག་གཏོང་མཁན་ཚོར་རྣ་ཉན་བྱས་ནས་གཞན་ལ་འབོད་བསྐུལ་ཙམ་དང་མར་མེ་ཁྲོམ་སྐོར་ཙམ་གྱིས་གར་ཡང་མི་ཕྱིན། ད་ལྟའི་དབུ་ཁྲིད་དག་དེའི་ཚད་ཀྱི་ཤེས་འཇོན་ལྷག་བསམ་འབད་བརྩོན་ཀུན་གྱིས་རྒྱལ་གཅེས་དཔའ་བོ་ཚོའི་མཛད་རྗེས་གསེར་སྲང་འབུམ་ལ་དཔེ་བཞག་ན། ཆབ་སྲིད་མི་སྣས་གསེར་ཞོ་གང་ཙམ་ལས་སྒྲུབ་ཐུབ་མེད། འཆར་གཞི་དང་གྲ་སྒྲིག་སོགས་ལ་འཐུས་ཤོར་ཆེས་ཆེན་པོ་ཤོར་ཡོད། དེའི་ཕྱིར་རང་སྲོག་གཏོང་བ་པོའི་ཆེས་རྨད་དུ་བྱུང་བའི་མཛད་རྗེས་ལ་འོས་ཤིང་འཚམས་པའི་མཐུན་རྐྱེན་བསྐྲུན་མ་ཐུབ་པ་ནི། དཔེར་ན་ཆེས་ཆུང་ས་ཞིག་ནས་བསམ་ན། བོད་ནང་དུ་གསང་བའི་སྒོ་ནས་ཆབ་སྲིད་ལམ་སྟོན་གྱི་བརྒྱུད་ལམ་དང་གསང་བའི་སྒྲིག་འཛུགས་ཚགས་ཚུད་མེད་པར་ཕྱི་ལོགས་ནས་རྒྱ་གཞུང་གིས་གྲོས་མི་བྱེད་པར་སྐད་ངན་ཙམ་བསྒྲགས་པས་རྒྱལ་ཁ་ལོན་དུ་རེ་བ་ནི་རྨི་ལམ་ཡུལ་གྱི་རྟ་མཆོག་རེད། ཆེས་མ་མཐའ་རུ་ཡང་བོད་ནང་གི་གནས་ཚུལ་ཁག་བརྙན་ཕབ་ཚགས་ཚུད་ལེན་མཁན་དང་། དེ་ཉིད་ཤར་གཏོང་བྱེད་ཡུལ་དང་། དེ་ཉིད་འགྲེམ་སྤེལ་བཟང་པོ་ཞིག་བྱེད་རྒྱུ་ནི་ད་ལྟའི་གཞོན་སྐྱེས་ཚོའི་ལག་རྩལ་ལ་ཆེས་ལས་སླ་བོ་ཞིག་ཡིན་ཡང་། དེ་ཙམ་ཞིག་ཀྱང་མེད་པ་ཀུན་གྱིས་ཤེས་གསལ་རེད།
༣ རྒྱལ་ཁབ་མང་པོ་རྒྱ་ནག་ལ་ཚོང་འབྲེལ་ཆེ་བ་དང་། ཚོང་འབྲེལ་ཅན་ཚོར་བདག་ལས་གཞན་གཅེས་མེད་པས་བོད་དོན་ལ་རྒྱབ་སྐྱོར་དེ་ཙམ་མེད་པ། རྒྱལ་ཁབ་ཉམ་ཆུང་རྣམས་རྒྱ་ནག་ལ་འཇིགས་ཤིང་བསྟུན་དགོས་པ་སོགས་ནི་སྲོག་ལྡན་སེམས་ཅན་སྤྱིའི་གནས་ལུགས་ཤིག་ཡིན་པས་ཤེས་སླ་ལ། དེ་ཙམ་ཞིག་བོད་པའི་ཆབ་སྲིད་དོན་ཕན་ལ་འགོག་རྐྱེན་གཙོ་བོར་བརྩིས་ན་བླུན་རྟགས་རེད།
༤ བོད་བཙན་པོའི་གདུང་རྒྱུད་ཡིན་པའི་མཚོན་རྟགས་དང་ཐེག་ཆེན་བྱང་ཆུབ་སེམས་དཔའ་ཆོས་པ་ཡིན་པའི་མཚོན་རྟགས་ངོ་མ་ཐོན་ནས། བོད་གངས་ཅན་གྱི་སྤྱི་དོན་དུ་རང་ལུས་མེ་མཆོད་དུ་ཕུལ་མཁན་རྣམས་ཀྱིས་བླ་ན་མེད་པའི་ཤུགས་རྐྱེན་ཆེས་ཆེན་པོ་ཞིག་བྱུང་ཟིན་ཡོད་པ་ནི། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་སྙིང་ནང་དུ་སྔར་མེད་ཀྱི་ཆིག་སྒྲིལ་དང་ལ་རྒྱ་གསོན་པོ་དྲོན་པོ་ཞིག་བཞག་ཡོད་ལ། དེ་ནི་སྔོན་མར་ཞ་ཉེ་ཡི་གོང་བུ་ཙམ་ཞིག་ཡིན་པའི་དབང་དུ་བཏང་ན། ད་ནི་རྡོ་རྗེ་ཕ་ལམ་ལས་གྲུབ་པ་ཞིག་ཏུ་གྱུར་ཡོད། དེ་ནི་ནམ་ཡང་ཅི་ཡིས་འཇིག་ཐབས་མེད་པར་གྱུར་ཡོད། རྨང་གཞི་དེ་ལ་བརྟེན་ཏེ་མ་འོང་བོད་གངས་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བའི་རྨང་གཞི་བསྐྲུན་ཡོད་པ་ལ་ཐེ་ཚོམས་མེད། ཁོང་ཚོའི་སྙིང་སྟོབས་དང་ཆོད་སེམས་ཀྱི་གྲུབ་འབྲས་གྲུབ་ཟིན་པ་རེད། ད་ནི་རེ་ཞིག་དེ་ལས་ལྷག་པ་ཞིག་བྱ་རྒྱུ་མེད་སྙམ།
མ་ཟད་ད་ལྟ་ནི་བོད་རང་གི་སྤྱི་ཚོགས་སུ་ཡང་རྒྱ་ནག་དང་ཆ་འདྲ་བར་རང་སྲོག་ཕུལ་བ་རྒྱུན་ལྡན་ཙམ་དང་ཐ་ན་ཚོར་གདུང་དྲག་པོ་ཙམ་ཡང་མེད་པའི་གནས་སུ་གྱུར་འདུག དེས་ན་ཁོར་ཡུག་དང་ཆབ་སྲིད་མི་སྣ་རྣམས་ལ་ཡར་རྒྱས་ཤིག་མ་ཕྱིན་བར་དུ། རིན་ཐང་བྲལ་བའི་ལུས་སྲོག་ལོངས་སྤྱོད་བདེ་སྐྱིད་དང་དང་བཅས་པ་མི་གཏོང་བའི་རེ་བསྐུལ་སྙིང་ནས་ཞུ་རྒྱུ་ཡིན་ལ། གཞུང་དང་སྒྲིག་འཛུགས་ཁག་གིས་ཀྱང་ཁོང་ཚོས་རང་སྲོག་ཕུལ་བའི་རིན་ཐང་ལོན་པའི་གདེང་ཚོད་དང་གྲ་སྒྲིག་འདྲ་ཡོད་ན་མ་གཏོགས། ཁ་ཙམ་མ་ཡིན་པའི་འབོད་བསྐུལ་ཤུགས་ཆེན་ཞུ་རན་འདུག་ལ། བོད་ཀྱི་བླ་ཆེན་སོགས་མཐོང་དང་ཆ་འཇོག་བྱེད་ཡུལ་ཀུན་གྱིས་དེ་ལ་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱ་རན་ཡོད་པར་སྙམ་མོ། །

སྣ་ཚོགས།

Post navigation

Previous Post: སྙིང་སྡུག་དང་ཁ་བྲལ་སོང་།
Next Post: ལྕམ་རེ་སྦི་ཡ་ཁཱ་ཌིར་དང་མཉམ་དུ་གླེང་མོལ།

Comments (30) on “ཚེ་སྲོག་དོན་མེད་བྱེད་མཁན་སུ་རེད།”

  1. སྤོ་ཕྲུག says:
    2012-07-24 at 12:54 pm

    རེད་རེད་ཧ་ཅང་ཡག་པོ་བྲིས་འདུག་

  2. ནུབ་ཕྱོགས་གངས་ཕྲུག་ says:
    2012-07-24 at 1:07 pm

    ཁྱེད་རང་གི་གསུངས་པ་དེ་ཚངས་ཐིག་ལྟར་རེད་འདུག རྒྱབ་སྐྱོར་ཡོད། ཐུགས་རྗེ་ཆེ།

  3. གདོང་དམར་གྱི་གངས་ཕྲུག says:
    2012-07-24 at 1:35 pm

    དངོས་གནས་ཡག་པོ་གསུངས་འདུག རྒྱབ་སྐྱོར་ཡོད། བོད་ཀྱི་བླ་ཆེན་དང་མི་ཆེན་སོགས་མི་སྨྲ་བའི་དབྱེན་ལས་བཞེངས་ཏེ་མཚམས་འཇོག་བྱེད་དགོས་པའི་འབོད་བསྐུལ་ཞུ་རན་འདུག

  4. རྟ་བདུན་དབང་བོ says:
    2012-07-24 at 1:39 pm

    ཡག་པོ་བྲིས་གནང་འདུག་པས་རྒྱབ་སྐྱོར་ཡོད། ད་ལྟའི་སྐབས་འདིར་མི་ཅི་ཙམ་གྱིས་རང་སྲོག་དོར་ཡང་གྲུབ་འབྲས་འབྱུང་རྒྱུ་དཀའ་བར་གནང་། རང་དབང་རྩོད་པ་ལ་རང་སྲོག་ངེས་པར་དུ་འཚོ་དགོས་པ་རེད།
    ཆབ་སྲིད་ཀྱི་གནད་འགག་ཅི་ཡང་མི་ཤེས་མཁན་ཚོས་འདི་ལྟ་བུའི་བསླབ་བྱ་ལ་ངོ་རྒོལ་བྱེད་སྲིད་པ་རེད། །

  5. རང་དབང་ཨ་རྡུ་མན་ says:
    2012-07-24 at 4:04 pm

    མི་ཕམ་ཚངས་ཐིག་་་་་་་རང་རེད་ཤག སྙིང་ཉེ་བའི་བོད་རིགས་སྤུན་ཟླ་རྣམས་མི་ཕམ་པའི་ཐབས་ལམ་ཁྱེད་ཀྱི་རྣམ་དཔྱོད་ཀྱི་ཚངས་ཐིག་དྲང་པོ་དེ་སྙན་ཚིག་གི་ལམ་ནས་དྲངས་ཏེ་་་་ཁ་བརྡའི་དྲ་བའི་ཐང་ཆེན་དུ་བཏབས་པ་དེར་མངོན་པོར་བསྟོད་ཏོ། །

  6. རིག་པའི་བུ says:
    2012-07-24 at 5:05 pm

    རྒྱ་དང་ཨ་རིའི་ནང་རང་སྲོག་བཅད་ལ་ནི་རང་དོན་ཡིན་པ་ལས་མི་སེར་སྤེལ་བའི་ལམ་ལུགས་དང་། མི་རིགས་དབྱེ་འབྱེད་ཀྱི་ཆེད་དུ་མིན་པས་ཞྭ་དཔེ་ལྷམ་བཀབ་རེད། རང་དོན་ཆེད་རང་སྲོག་བཅད་མཁན་ནི་ཉིན གོང་མང་ཤོས་སུ་གྲགས། དེ་ནི་ཆབ་སྲིད་འགྲོ་སྟངས་ཟུར་ཙམ་མ་ཤེས་བའི་དན་རྟགས་རེད། འཐབ་རྩོད་་ཟེར་བ་ནི་ལས་སླ་པོ་ཞིག་ག་ལ་ཡིན། རང་ལུས་མེ་མཆོད་ལ་དེ་ཙམ་གྲུབ་མ་ཐོན་པའི་འབྱུང་རྐྱེན་གཅོ་པོ་བོད་པ་རྣམས་ཀྱིས་གཅིག་གྱུར་རྒྱབ་སྐྱོར་མ་བྱེད་པས་རེད། སྐྱོབ་སྐྱོར་ཡོད་ན་རང་ལུས་མེ་ཕུལ་ཁོ་ནའི་སྒང་འདུག་མི་དགོས་ཤིང་། རྒྱ་ནག་གི་ཚོང་དོན་ལྟེ་གནས་གྲོང་ཁྱེར་ཁ་ཤས་ལ་ཁ་ཆེར་ལྟར་གཏོར་སྐྱོན་བཏང་ཚེ། ཕྱི་རྒྱལ་དང་ཞི་མཐུན་ངང་ཚོང་རྒྱབ་མི་ནུས་པས་འཛམ་གླིང་པས་རྒྱ་ནག་དང་ཚོང་དོན་ལམ་ལྷོང་ཆེད་བོད་དང་ཞི་གྲོས་མི་བྱེད་ཐབས་མེད་རེད།

  7. རང་དབང་། says:
    2012-07-24 at 5:47 pm

    རྒྱ་དང་ཨ་རིའི་ནང་རང་སྲོག་བཅད་པ་ནི་རང་དོན་ཡིན་པ་ལས་མི་སེར་སྤེལ་བའི་ལམ་ལུགས་ལ་ངོ་རྒོལ་ཆེད་དུ་མིན་པས་ཞྭ་དཔེ་ལྷམ་བཀབ་རེད། ཏུ་ཉི་ཤི་ཡ་ནས་མི་གཅིག་གི་མེ་སྲེག་བཏང་བ་དེས་ཨ་རབ་ཕྱེད་གླིང་འགུལ་སྐྱོད་བཏང་བ་རེད། དེ་དུས་ཨ་རིའི་དང་རྒྱ་ནག་ནང་རང་ཤི་རྒྱག་མཁན་མེད་སོང་བ་ཨ་རེད། ཏུ་ཉི་ཤི་ཡ་མི་གཅིག་ལ་འཛམ་གླིང་མི་མང་དོ་སྣང་དེ་ཙམ་སྤྲད་པ་ལ། བོད་ཀྱི་བྱང་སེམས་དཔའ་རྒོད་རྣམས་ཀྱི་ལྷག་བསམ་དང་དཔའ་སྙིང་ཆོད་སེམས་རྣམས་འཛམ་གླིང་མི་མང་གིས་མི་ཤེས་པ་དང་ཞས་རྒྱུན་ལྡན་དང་དོ་སྣང་མེད་པ་གྱུར་དོན་གང་ཡིན་ནམ། ཁྱེད་ཀྱི་རྒྱུ་མཚན་དེ་ཚོ་ཕྱོགས་གཅིག་རང་ཆགས་མ་སོང་ངམ།

  8. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-07-24 at 7:46 pm

    རྒན་མི་ཕམ་ཚངས་ཐིག་གིས་གནད་ལ་འཁེལ་བ་ཞིག་གསུངས་འདུག། དངོས་འབྲེལ་དེ་ག་རང་རེད། སྐབས་དང་དུས་ལ་བསྟུན་དགོས་པ་ཤིན་ཏུ་ནས་གལ་ཆེ།

  9. བྱ་གླག་རྒོད་པོ་ says:
    2012-07-24 at 8:17 pm

    འོ་རེད་ཡ། ཚངས་ཐིག་དང་རིག་བུ་གཉིས་ཀའི་སྐད་ཆར་་རྒྱུ་མཚན་ཆེན་པོ་རེར་འདུག འོན་ཀྱང་ཨ་རི་སོགས་ཀྱི་རང་སྲོག་གཅོད་མཁན་དང་ད་ལྟའི་བོད་པའི་རང་ལུས་མེར་བསྒྲོན་ཏེརང་སྲོག་འབུལ་མཁན་གཉིས་
    རྒྱུ་རྐྱེན་དང་ངོ་བོ་དང་དམིགས་ཡུལ་བཅས་གཏན་མི་འདྲ། འོན་ཀྱང་འདི་ལ་གྲུབ་འབྲས་མ་སོན་པ་ནི་བོད་མི་
    མང་གིས་སྐྱོར་མ་བྱས་པ་ཞིག་མ་ཡིན་པར། གཅིག་ནས་རྒྱ་ནག་མི་མང་གིས་སྐྱོར་མ་རག་པ་དང་། གཉིས་ནས་ཨ་རི་སོགས་ཕྱི་རྒྱལ་ཁག་གི་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོན་དམ་པའི་རྒྱབ་སྐྱོར་མ་བྱས་པ་འདི་
    རང་ལ་ཐུག་ཡོད་སྙམ། དེ་ནི་རྒྱ་དམར་གཞུང་གིས་དྲིལ་བསྒྲགས་ལོག་པ་བྱས་ཏེ་རྒྱ་ནག་མི་མང་རྣམས་མགོ་
    འཐོམ་དགོས་བཟོས་པ་དང་། དཔལ་འབྱོར་དང་དམག་དོན་གྱི་སྟོབས་ཤུགས་ངོམ་སྟེ་ཨ་རི་སོགས་རྒྱལ་ཁབ་
    ཁག་དང་མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་གནོན་ཤུགས་སྤྲད་པས། ཨ་རི་སོགས་ཐམས་ཅད་སྐྲག་ནས་བླ་གྱར་
    དགོས་བཟོས་པ་ལ་བརྟེན་ནས་ང་ཚོར་གྲུབ་འབྲས་ཡག་པོ་ཞིག་མ་སྨིན་པ་རེད། ད་ང་ཚོ་འཚེ་བའི་ལམ་ག་ལ་
    འབུད་རན་པ་རེད།

  10. གངས་ལྗོངས་རྒྱལ་སྲས says:
    2012-07-24 at 8:33 pm

    བོད་ཡིག་དང་གཞན་ཡིག་མ་སྲེ་བོད་སྐད་དང་གཞན་སྐད་མ་སྲེ་རོགས་ཞུ།
    །

  11. མི་ཉག་དུང་བརྡ says:
    2012-07-25 at 12:12 am

    དོན་ལ་མི་ཕམ་ཚངས་ཐིག་བདེན་བདེན་འདྲ། །
    ཚིག་ལ་མི་ཕམ་ཀྱོག་ཐིག་ཉེས་ཉེས་འདྲ། །
    སྐབས་བབ་གླེང་གཞི་དོན་གྱི་ཡང་སྙིང་འདི། །
    ཧ་ཅང་བདེན་ནོ་སེམས་སོ་གུས་ཕྱག་འཚལ། །

  12. ཁ་བ་དཀར་པོ་ཕོ་གསར། says:
    2012-07-25 at 3:15 am

    རང་སྲོག་གཏོང་མཁན་ཆབ་སྲིད་བཙོན་ཟུར་དགའ་ལྡན་བག་གྲོ་ལགས དེང་སང་མེ་ལོ་གྷན་ཇི་ལ་ཁྱི་སྨྱོན་རྒྱུག་རྒྱུག་བྱེད་ཀྱི་འདུག གནས་ཡོད་མི་སྣ་རྣམས་ལ་ཁ་འདྲ་གཏོང་ནས་སྡོད་འདུག དེ་ལ་བསམ་ཚུལ་ག་རེ་ཡོད་གཅིག་གསུངས་རོགས་གནང་དང་དྲ་གྲོགས་ལྷན་རྒྱས་ཚོ།

  13. རང་དབང་ཨ་རྡུ་མན་ says:
    2012-07-25 at 3:24 am

    ཨ་ཙི་་་ཆབ་སྲིད་བཙོན་ཟུར་ཞིག་ལ་དེ་འདྲའི་སེ་ལབ་ན་་་་་ཡག་པོ་རང་ཨ་ཡོད། མ་འོང་ཕུག་རྒྱང་རིང་པོའི་ཐོག་ལ་བསམ་བློ་གཏོང་དགོས་ཀྱི་མ་རེད་པས།

  14. ལྷ་མོ་ཆོས་སྒྲོན། says:
    2012-07-25 at 4:03 am

    ཀླག་རྒྱུ་མ་བྱུང་ཡང་། ཡག་བཟོ་འདུག་ཟེར་

  15. བོད་ལ་ཞེན། says:
    2012-07-25 at 5:03 am

    མི་ཕམ་ཚངས་ཐིག་ལགས་ཀྱིས་གསུངས་པ་ལ་ངོས་ལེན་མེད། ད་ལྟའི་དུས་ཚོད་དེར་ང་དང་ང་འདྲ་བ། ཁྱོད་དང་ཁྱོད་འདྲ་བ་འཐབ་རྩོད་གཞན་གྱིས་གནང་རྒྱུར་སྒུག་ནས་བསྡད་པའི་སྐྱོན་ཡོད་པ་ལས། བློས་གཏོང་མཁན་མང་དྲགས་མེད། གང་ལྟར་སྒུག་ནས་བསྡད་དགོས་པར་བཤད་པ་ནི་རྒྱ་ནག་གི་ཁ་དཔེར་གནམ་ནས་བག་ལེབ་ཟག་རྒྱུར་སྒུག་ཟེར་བ་དེ་རང་རེད།

  16. ལུང་རྟོགས། says:
    2012-07-25 at 6:43 am

    སྒུག་ནས་སྡོད། བོད་མི་རིགས་རྩ་མེད་མ་སོང་བར་དུ་སྒུག་ནས་སྡོད། བོད་ཀྱི་ཆོས་དང་རིག་གཞུང་མིང་ཙམ་མེད་པར་མ་གྱུར་བར་དུ་སྒུག་ནས་སྡོད། མི་ལོ་ལྔ་བཅུ་ང་གྲང་བར་དུ་སྒུག་པ་རེད། ད་དུང་བསྐལ་པ་མ་གཏོང་བར་དུ་སྒུག་ནས་སྡོད་དང་དེ་ནས་རྒྱ་ནག་གཞུང་གིས་དངོས་གྲུབ་ཞིག་གནང་ཡོང་ན་ཐང་།

  17. གནམ says:
    2012-07-25 at 8:38 am

    མི་ཕམ་ཚངས་ཐིག་འདྲ་འདྲའི་རྨོང་རོ་བ་འཇིག་རྟེན་འདི་ན་ག་ཚོད་ཡོད་ན། ངོ་མ་ཁྱོས་ཅི་ཞིག་བཤད་ཁུལ་བྱེད་བཞིན་ཡོད། རང་སེམས་མ་ཐང་པའི་རང་ཤི། རང་སྡུག་མ་ཆོག་པའི་རང་ཤི། བཟའ་སྡུག་མ་ཆོག་པའི་རང་ཤི བྱས་ཉེས་མ་ཐེག་པའི་རང་ཤི། མདོར་ན་རང་གཙོ་པོ་འཛིན་པའི་རང་ཤི་དང་ང་ཚོའི་དཔའ་པོ་དཔའ་མོས་མ་གྱུར་འགྲོ་བ་བོད་མི་ཡོངས་ཀྱི་ཆེད་དུ་སྐུ་ལུས་བདེན་དོན་གྱི་བདེ་རྩ་ལ་ཕུལ་བ་འདི་གཞན་དང་གཅིག་མཚུངས་སུ་འཛིན་པ་ནི་ཅི་འདྲའི་བསམ་བློ་མེད་པའི་མི་བུ་དགོས་མེད་ཞིག།
    རྒྱ་དཔོན་དེ་ཚོ་ལ་སྙིང་རྗེ་མེད་ཙང་ང་ཚོའི་མི་རིགས་འདི་འདི་ལྟར་འགྲོ་དགོས་བྱུང་པ་རེད། རྒྱ་སྐྱག་ཚང་ལ་སྒུག་ནས་སྙིང་རྗེ་ཞིག་རྒྱུད་ལ་སྐྱེ་ནིའི་ཉིན་མར་ང་ཚོ་ཡངསྲེག་དགོས་འི་མ་རེད། ཉི་མ་དེ་འདྲ་ཡོང་ཡ་ཡོད་པ་རེད་པེ།
    ཨ་རིའི་རྒྱལ་ཁབ་དང་ཨ་རིའི་མི་དམངས་བདེ་འཇོག་ཆེད་དམགས་མི་ག་ཚོད་ཀྱིས་རང་སྲོག་ཤོར་བ་རེད། དེ་དག་གི་རོ་ཕོང་ལ་གུས་ཞབས་ག་ཚོད་ཅིག་ཞུ་བཞིན་འདུག་པ་མཐོང་མ་སོང་ངམ། སོ་སོའི་རྒྱལ་ཁབ་གྱི་དོན་དུ་རང་ལུས་ཤོར་བར་མི་དགའ་ནིའི་མི་རིགས་ཞིག་ཁྱོ་ལ་གང་ཞིག་ནས་ཐུག་སོང་ངམ། ཨ་རི་བ་དང་ཕྱི་གླིང་བ་རྣམས་ག་རེ་བཅས་ནས་ང་ཚོས་འཚེ་བ་མེད་པའི་བདེན་པ་བརྩད་ན་མི་དགའ་བ་རེད།

  18. བོད་ལ་ཞེན། says:
    2012-07-25 at 12:21 pm

    རེད།་གཞན་གྱིས་ཚོང་དང་དགའ་རོགས་སོགས་ཀྱི་ཆེད་དུ་རང་ཤི་རྒྱག་པ་དང་ང་ཚོའི་དཔའ་བོ་རྣམས་ཀྱིས་བློས་བཏང་གཉིས་གཅིག་ཏུ་བརྩི་བ་ནི་ངོ་མ་སྨྱོན་པ་རང་རེད།

  19. འདྲེ་རྐང་ཐོ། says:
    2012-07-25 at 1:03 pm

    མེ་སྲེག་གནང་བར་མཚམས་འཇོག་ལབ་ན། །
    སྟག་ཤ་ལ་ལའི་སེམས་ལ་གནོད་འགྲོ། །
    མེ་སྲེག་མཚམས་འཇོག་མ་གནང་གླེང་ན། །
    སྡར་མ་ལ་ལའི་སྙིང་ཡང་གས་འགྲོ །
    ཨ་ཨ་ད་ཅི་ཡེད།

  20. ཞུས་ཆེན་པ། says:
    2012-07-25 at 3:17 pm

    ཐོག་མར་དྲ་གྲོགས་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ང་མཆན་འགོད་པ་གསར་བ་ཞིག་ཡིན།

  21. ཁྱུང་དཀར says:
    2012-07-25 at 4:55 pm

    ཚེ་སྲོག་མེ་ལ་མ་བསྲེག་ན་བསམ་ཀི་ཡ།

  22. བོད་ལ་ཞེན། says:
    2012-07-25 at 11:07 pm

    རྒྱལ་ཁ་ནི་འཐབ་ནས་ཡོང་དགོས་པ་ལས་སྒུག་ནས་གནང་སྦྱིན་དུ་རེ་བ་ནི་ངོ་མ་བསམ་ན་རྒྱལ་ཁ་འདོད་པ་ཞིག་མ་ཡིན།

  23. ལྷ་དབང་། says:
    2012-07-26 at 1:29 am

    མཆན་འཇོག་མཁན་ཁ་ཤས་ཀྱིས་གཞན་གྱིས་རང་སྲོག་གཏོང་མཁན་དང་བོད་མའི་རང་སྲོག་གཏོང་མཁན་ཚོ་མི་འདྲ་ཟེར་ནས། མི་ཕམ་ཚངས་ཐིག་ལ་མ་རིང་བའི་ཚིག་བཤད་འདུག་པ་ནི་མི་འོས་པ་ཞིག་རེད་སྙམ། རྒྱུ་མཚན་ནི་ཁོང་གིས་དེ་དག་གཏན་ནས་མི་འདྲལ་ཚུལ་མང་དུ་གསུང་ཟིན་པས། དེ་ཙམ་ཡང་མ་གོ་བཞིན་དུ་མ་རིང་བ་བཤད་འདུག
    གཞན་འགའ་རེས་རྒྱལ་ཁ་ནི་རྩོད་དགོས་པ་ལས་རྒུག་ནས་ལོན་རྒྱུ་མེད་པར་གསུང་འདུག དེ་གཉིས་ག་ཡང་ཚངས་ཐིག་གིས་གསུངས་མེད་པའི་དོན་མ་གོ་བཞིན་དུ་བབ་ཅོལ་དུ་གསུང་ན་མ་ལེགས་པས་བག་ཡོད་གནང་རོགས་ཞུ།
    ཕྲན་གྱིས་བསམ་ན་ནི། མི་ཕམ་ཚངས་ཞིག་གསུང་ནི་བདེན་ཚིག་རྡོ་རྗེའི་མདུད་པ་རང་རེད། གཞུང་དམངས་གཉིས་ཀྱིས་དེ་ལ་བསམ་ཞིག་བྱེད་རིགས་སྙམ།

  24. ཞུས་ཆེན་པ། says:
    2012-07-26 at 3:58 pm

    གོང་གི་མི་ཕམ་ཚངས་ཐིགས་ཀྱི་རྩོམ་ཡིག་འདིའི་ཚིག་སྦྱོར་དེ་ཙམ་ཡག་པོ་མི་འདུག་ལ་དག་ཆའི་ཐད་ལའང་སྐྱོན་ཆ་མང་བོ་ཤོར་འདུག ལྷག་པར་དུ་བོད་རྩོམ་ནང་དུ་དབྱིན་ཡིག་གི་དུམ་མཚམས་ཤིག་སྦྱར་བ་ནི་རས་དཀར་བོའི་གྱོན་པ་ཞིག་ལ་ལྷན་པ་ནག་པོ་སྦྱར་བ་དང་གཉིས་སུ་མ་མཆིས་ལ། དེ་ལས་ཀྱང་ནང་དོན་གྱི་ཆ་ནས་མདའ་ཡི་རྩེ་མོ་ཕར་ཕྱོགས་ལ་གཟས་པ་ལས་ཚུར་ཕྱོགས་ལ་སྐྱོགས་ཐལ་ཆེས་འདུག་ལ། དཔེར་ན་ཟེར། ཁ་བྱང་དང་ནང་དོན་གཉིས་གཞི་གཅིག་ཏུ་སྒྲིལ་མ་ཐུབ་པར་ཉ་ཉོག་མཉམ་བསྲེས་བྱས་འདུག །

  25. ཞུས་ཆེན་པ། says:
    2012-07-26 at 4:34 pm

    གོང་གི་མཆན་དེའི་དཔེར་ན་ཟེར་བ་དེེར་མཐུད། དཔེར་ན་ཟེར

  26. ཞུས་ཆེན་པ། says:
    2012-07-26 at 4:42 pm

    དཔེར་ན་༼བོད་དོན་ཆབ་སྲིད་ལ་ཕན་ཐོགས་ཆེན་པོ་ཞིག་གནས་སྐབས་སུ་མི་འབྱུང་བས་དེ་གསལ་བོ་བྱེད་དགོས་ལ། དེའི་འོས་འགན་ལ་བོད་མིའི་སྒྲིག་འཛུགས་ལ་དང་དབུ་ཁྲིད་ཁག་ལ་ཡོད་པ་རེད༽ཟེར།

  27. བསྟན་འཛིན་དཔལ་བཟང་ says:
    2012-07-27 at 1:56 am

    རྒྱ་དམར་རང་གི་དོན་དུ་ཡང་།།
    ཡ་ང་མེད་པར་གཞན་སྲོག་བཅད།།
    ཁྱོད་ཀྱིས་ཡུལ་དང་རྩ་དོན་ཆེད།།
    གཅེས་སྲོག་ཞུགས་ལ་ཕུལ་བ་མཚར།།

    ལུས་ཀྱི་བུད་ཤིང་འཚིག་གྱུར་མོད།།
    སྙིང་སྟོབས་ཆེ་རྣམས་མི་འགྱོད་འཚལ།།
    དཀའ་བའི་རྒྱུ་ཚོགས་དང་བཅས་ཏེ།།
    ནམ་ཞིག་དགོངས་དོན་གྲུབ་ལ་ངེས།།

    སྙིང་སྟོབས་གོ་ཆའི་བརྩོན་འགྲུས་ནི།།
    གོ་མཚོན་ངལ་བས་གང་མི་གཡོ།།
    ནམ་མཁའ་མ་ཟད་གནས་དགོངས་པའི།།
    བླ་མའི་ཐུགས་རྗེ་བསླུ་བ་མེད།།

  28. ཆོས་ལྡན། says:
    2012-07-27 at 4:12 am

    ཞུ་ཆེན།
    ཁྱེད་ཀྱིས་སྐྱོན་བརྗོད་བྱེད་རྒྱུ་མ་ཚུད་པ་རེད་དམ། མི་ཕམ་ཚངས་ཐིག་གི་ཚིག་སྦྱོར་ཧ་ཅིང་ཡག་པོ་འདུག་ཏེ། གལ་ཏེ་མ་ཡག་ན། ཁོང་གིས་ཚིག་བརྩོམ་འདྲན་བསྡུར་བྱེད་ཀྱི་མེད་པས་དེ་བརྗོད་ནས་ཅི་བྱ། ཁོང་གིས་མཛེས་ཆོས་སྤྲེ་ཀྱི་མེད་པས། མིག་ལམ་དུ་ཡག་རྩོག་བཤད་ནས་ཅི་བྱ། དབྱིན་ཡིག་དེ་ཁུང་ལུང་གི་གནས་ཚུལ་རེད། དེ་དག་བོད་ཡིག་ཐོག་ལ་འབྲི་ཐབས་མེད་པ་ཙམ་ཡང་མ་ཤེས་སམ།
    ཁ་ཕྱོགས་རང་གི་མ་འདང་བའི་ཕྱོགས་སུ་བསྐོར་ནས་ཡར་རྒྱས་བཏང་དགོས་པ་ལས། དགྲ་ལ་གྱང་རྒྱབ་སྡུག་མས་འདོན་ནས་ཡོང་རྒྱུ་མེད་པ་མི་ཤེས་སམ། ཁྱེད་འདྲ་བོ་བཅུ་ཡོད་ན་བོད་མི་རིགས་རྩ་མེད་གཏོང་ཐུབ་ས་རེད།

  29. བསྟན་འཛིན་དཔལ་བཟང་ says:
    2012-07-27 at 8:24 pm

    ཆོས་ནི་འཚེ་བ་མེད་པར་བསྡུས།།
    དེ་ལ་ལུས་ངག་ཡིད་གསུམ་མོ།།
    ལུས་ངག་ཕྱི་ཚུལ་ཡིད་གཙོ་བས།།
    དེ་ཡང་གཞན་ལ་མི་འཚེ་གལ།།

    གཞན་ཆེད་རང་ཉིད་གཏོང་བ་འོས།།
    རང་ཆེད་གཞན་བཀོལ་ག་ལ་འཚམས།།
    སྲོག་མང་སྐྱོབ་དོན་སྲོག་གཅིག་བླངས།།
    དེད་དཔོན་སྙིང་རྗེ་ཆེན་པོ་བཞིན།།

    མི་འཚེས་འཚེ་བ་བྱས་གྱུར་ཞེས།།
    ཆོས་ལ་ཁག་འདོགས་ཅི་ཞིག་ཡོད།།
    སྤྱོད་པ་འཚེ་མེད་མཐར་གཏུགས་ན།།
    རྟེན་འབྱུང་རིགས་ཚུལ་ཟབ་མོས་དྲིན།།

    དུག་གསུམ་དྲག་པོའི་གཞན་དབང་གིས།།
    ཉེས་བྱས་མི་བྱ་གང་ཞིག་ཡོད།།
    ྄ཐུགས་བརྩེའི་ཉེ་བར་བཟུང་གྱུར་ན།།
    དོན་མེད་བཞུགས་སྐབས་མ་མཆིས་སོ།།

    ང་ཚོའི་སྟོན་པ་སྙིང་རྗེས་ཕྱེས།།
    ང་ཚོའི་བླ་མ་སྙིང་རྗེའི་བདག །
    ང་ཚོའི་ལག་ལེན་སྙིང་རྗེ་ཡིན།།
    ང་ཚོའི་སྙིང་ནི་སྙིང་རྗེར་ཐིམས།།

  30. ཞུས་ཆེན་པ། says:
    2012-07-28 at 3:10 pm

    དྲ་གྲོགས་ཆོས་ལྡན་ལགས་ང་ལ་སྐྱོན་བརྗོད་བྱེད་པར་དགའ་བསུ་ཡོད། འོན་ཀྱང་ཁྱོད་ཀྱིས་སྐྱོན་བརྗོད་བྱེད་པ་དེ་ཕྲག་དོག་དང་འགྲན་སེམས་ཀྱིས་ཀུན་ནས་བསླངས་པའི་སྐྱོན་བརྗོད་ཞིག་ལས་དོན་ལ་གནས་པའི་སྐྱོན་བརྗོད་ཞིག་ཡིན་མིན་བློ་གཟུ་བོར་གནས་པའི་རང་རིའི་སྐད་ཡིག་ལ་བྱང་ཆུབ་པ་ཞིག་གིས་མཁྱེན་གསལ་རེད། དང་བོ་ཁྱོད་རང་གིས་ང་ལ་སྐྱོན་བརྗོད་བྱེད་ཁུལ་གྱི་མཆན་དེའི་ནང་ན་ཡིག་ནོར་དང་ཚིག་སྐྱོན་བཅུ་གྲངས་ཤིག་ཡོད་པ་དེ་ཚོ་ཧ་གོ་བ་བྱོས། ཐིགས་འཕྲང་བདུན་བརྒྱད་ཅན་གྱི་ཚིག་གྲུབ་ཞིག་ལ་ཡིག་ནོར་བཅུ་གྲངས་འབྲི་བའི་ཁྱོད་འདྲ་བ་ཞིག་ལ་ཁ་སློང་བ་ནི་དུས་ཚོད་ཆུད་ཟོས་རེད། ཐུང་རྒྱ་ཆུང་བའི་གླན་པའི་སྐད་ཆ་མ་བཤད་རོགས། ཁྱོས་གོང་གི་ཚངས་ཐིགས་ཀྱིས་རང་གི་རྩོམ་ཡིག་ནང་དུ་དབྱིན་ཡིག་བཅུག་པ་ནི་ཁུངས་ལུང་དྲངས་པ་རེད་ཟེར། སུས་དཔྱད་རྩོམ་འབྲི་དུས་ཡིག་རིགས་སྣ་ཚོགས་བསྲེས་ནས་འབྲི་བཞིན་འདུག་དགོད་བྲོ་བའི་སྐད་ཆ་དེ་འདྲ་མ་རོགས། ཁྱོད་ཀྱི་རྨོངས་བཤད་ལྟར་ན་དཔྱད་རྩོམ་ཞིག་འབྲི་དུས་ཁུངས་ལུང་གང་ཡིན་ཀྱང་ཡིག་རིགས་ངོ་མ་འབྲི་དགོས་ན་ངས་བོད་ཡིག་གི་དཔྱད་རྩོམ་ཞིག་འབྲི་བའི་དབང་དུ་བཏང་ན་དཔྱད་གཞིའི་ཡིག་རིགས་དབྱིན་ཡིག་དང་རྒྱ་ཡིག་རྒྱ་གར་ཡི་གེ་སོགས་ཚང་མ་མཉམ་དུ་བསྲེས་ནས་འབྲི་དགོས་པ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme