Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚིགས་བརྒྱ་མ།

Posted on 2013-10-072013-10-08 By ཁ་བརྡ་ 1 Comment on ཚིགས་བརྒྱ་མ།

______ལོ་མ་རྒྱལ།

Untitled༡

ཁྱོད་ནི་འོད་དུ་འཚེར་བའི་ཆུ་ཐིགས་ཤིག །

ང་ཡི་རྒྱ་མཚོ་ནང་དུ་ཟགས་ནས་བྱུང་།།

ཁྱོད་ནི་འཇམ་མཉེན་ལྡན་པའི་མཚོ་རླབས་ཤིག །

ང་ཡི་མཚོ་མོའི་ངོགས་སུ་བྱིལ་བྱིལ་བྱེད།།

༢

དུས་ནི་ཁུ་སིམ་འཆར་ཀའི་ཕང་བ་ལ།།

རླུང་གི་རལ་གྲི་རྩྭ་ལོའི་གསེབ་ལ་གཡུགས།།

ཟིལ་ཆར་མིག་ཆུ་བཞིན་དུ་གཏོར་བ་ན།།

ཁྱོད་ཀྱིས་གཏམས་པའི་སེམས་འདི་ལྗིད་ཏིག་ཏིག །

༣

མུ་ཏིག་འདྲ་བའི་ཁྱོད་ཀྱི་མིག་གི་ཆུས།།

བལ་དཀར་ལྟ་བུའི་སེམས་འདི་རྨང་ནས་བངས།།

དེ་བཞིན་ཁྱོད་ཀྱི་གདོང་གི་འཛུམ་པའི་མདངས།།

ནམ་དུ་ང་ཡི་བཞིན་ན་ལྷམ་མེར་བཞད།།

༤

ཚེ་འདིར་ཁྱོད་ཀྱི་ར་ལས་བརྒལ་བར་དཀའ།།

ང་ནི་རྡོ་ལྟར་ཁྱོད་ཀྱི་འོབས་སུ་ལྷུང་།།

མུན་པ་གྲང་ངར་ཇི་ལྟར་རྒོལ་ན་ཡང་།།

སྒྲོན་མེ་སྦར་ཏེ་ཁྱོད་ཀྱི་གམ་ནས་འཚོ།།

༥

ཕྱེ་མ་ལེབ་ཀྱི་གཤོག་ཟུང་གཉོན་དུང་དུང་།།

ཁྲ་ཁྲ་འདབ་མའི་ཚོགས་ཀྱི་གསེབ་ན་གཡོ།།

ཀེམ་ཀེམ་གཡོ་བའི་ཁྱོད་ཀྱི་མིག་ཟུང་དེ།།

སེམས་ཀྱི་མེ་ཏོག་སྟེང་ན་ཡང་ཡང་འགུལ།།

༦

རླུང་བུ་ཤུག་ཤུག་རྣ་བའི་ཁ་ནས་གཡུགས།།

རྩྭ་དང་ལོ་མ་ཁུར་ནས་རྒྱང་ལ་བཞུད།།

མཛའ་བརྩེ་ལྕང་སྡོང་འོག་ནས་སྙན་ངག་བྲིས།།

མྱུར་དུ་མཇལ་བའི་སྨོན་ལམ་བརྗོད་བྱ་ཡིན།།

༧

 ནམ་ཡང་སྒེའུ་ཁུང་ནང་ནས་ལྟ་བའི་དུས།།

ཁྱོད་ཀྱི་ངོ་གདོང་སེམས་ཀྱི་གཏིང་ལ་འཆར།།

མེ་ལོང་ལྟ་བུའི་སྒེའུ་ཁུང་གྲུ་བཞི་འདི།།

ཁྱོད་ལ་མཇལ་སའི་ལྡུམ་ར་གཞན་ཞིག་གོ

༨

གཙང་བོ་དལ་གྱིས་འབབ་པའི་གཞས་དབྱངས་ཁྲོད།།

ཁྲ་ཆིལ་མེ་ཏོག་གཡོ་བའི་གར་ངོགས་ནས།།

མེ་ཏོག་རྐང་གསུམ་བརྩེ་བས་ལག་ཏུ་བཏོགས།།

ཁྱོད་ཀྱི་ལན་བུར་སྙིང་ནས་གསེབ་ན་འདོད།།

༩

ཉ་གང་ཟླ་བ་དགུང་ན་རབ་ཏུ་མཛེས།།

ཁྱོད་ལ་འཁོར་བའི་སེམས་ཀྱི་དམ་རྟགས་ཡིན།།

མཚན་མོའི་ལུས་ལ་དངུལ་གྱིས་བརྒྱན་པ་འདི།།

སྙིང་ཁམས་ཁྱོད་ཀྱིས་གཡོགས་པའི་མཚོན་རྟགས་ཡིན།།

༡༠

ཉི་མ་རི་ལ་ནུབ་དུས་ཉིན་ཐོ་བྲིས།།

ཉི་མ་རི་ནས་ཤར་དུས་སྨོན་ལམ་བཏབས།།

རི་དང་གཙང་བོས་བཅད་པའི་བར་ཐག་གིས།།

སེམས་ཀྱི་སྦྲེལ་ཐག་དམ་པོ་གཅོད་མི་ཐུབ།།

༡༡

ཁེར་སྡོད་བྱས་ཏེ་དཔེ་ཆ་ཀློག་པའི་དུས།།

ཡི་གེའི་གསེང་ནས་ཁྱོད་ཉིད་ཟླ་ལྟར་མངོན།།

ཤོག་གུའི་ཐང་ནས་སྨྱུག་བུ་བགྲོད་པའི་དུས།།

སྨྱུག་བུའི་རྩེ་ནས་ཁྱོད་ཉིད་ཤུར་ཤུར་སླེབས།

༡༢

ཆར་བ་ཤག་ཤག་འབབ་པའི་ནམ་ཚོད་འདིར།།

མེ་ཏོག་ལོ་མ་ཆར་གྱིས་བངས་དང་ཐལ།།

རྣ་བས་ཆར་སྒྲར་གཏད་ནས་བསྡད་པ་ན།།

ཁྱོད་ཀྱིས་བཞག་པའི་ཁ་སང་ད་ལྟ་དྲན།།

༡༣

མཆོད་རྟེན་ཆེན་མོར་སྐོར་ར་ལན་གསུམ་བྱས།།

སྟོན་པའི་སྐུ་ལ་ཕྱག་ནི་ལན་གསུམ་འཚལ།།

བརྩེ་བའི་སླད་དུ་སྨོན་ལམ་ལན་གསུམ་བཏབས།།

མྱུར་དུ་ལྷན་འཛོམས་བྱུང་ན་དགའ་བ་ལ།།

༡༤

རྫ་ཆུ་ལྷུང་ལྷུང་དལ་གྱིས་འབབ་པ་དེ།།

ཁ་དོག་དམར་བའི་བརྩེ་བ་འདི་ཡི་དོད།།

ནམ་ཡང་མཚམས་ཚུགས་ཡ་ཡོར་མེད་པ་ཡིས།།

ཁྱོད་ཀྱི་རྒྱ་མཚོར་ལྷང་ལྷང་འབབ་དང་འབབ།།

༡༥

གལ་ཏེ་ང་རང་ནམ་མཁའ་ཡིན་པ་ན།།

ཁྱོད་ནི་དེ་ན་འཚེར་བའི་ཉི་ཟླ་ལགས།།

གལ་ཏེ་ང་རང་ལྡུམ་ར་ཡིན་དང་ན།།

དེ་ན་ཁྱོད་ལས་མེ་ཏོག་གཞན་ནི་མེད།།

༡༦

ཁྱོད་ཀྱིས་བཤད་པ་རྣ་ཡི་གཏིང་ལ་ཟུགས།།

ཁྱོད་ཀྱི་འཇམ་ཤ་ང་ཡི་ཁྲག་ལ་བབས།།

མདོར་ན་ང་ནི་ཁྱོད་དང་ཁྱོད་ནི་ང་།།

ཁྱོད་དང་ང་གཉིས་རྣམ་ཤེས་གཅིག་ལ་འཐིམས།།

༡༧

ལོ་མའི་མདུན་ལ་ཁྱོད་ཀྱི་མིང་ཡིག་བྲིས།།

དེ་ཡི་རྒྱབ་ལ་སྙིང་གི་ཚིག་གསུམ་བྲིས།།

དེ་ནི་ཉིན་ཐོའི་བར་ལ་དམ་པོར་སྦྱར།།

དྲན་དུས་དྲན་དུས་ཡང་ནས་ཡང་དུ་ལྟོས།།

༡༨

བྱ་གཉིས་ཨ་སྔོན་དབྱིངས་ནས་རྒྱང་ལ་འཕུར།།

སྤྲིན་པ་དཀར་རོ་སུ་ཡི་ཕོ་ཉ་ཡིན།།

གལ་ཏེ་ཁྱོད་རང་བྱང་དུ་བགྲོད་པ་ན།།

སྙིང་གི་ཚིག་འདི་ཁྱེར་ན་དགའ་བ་ལ།།

༡༩

མི་ཚོགས་ཁྲོད་ལ་འདུ་འཛི་ཆེ་ན་ཡང་།།

ཁྱོད་རང་མེད་པས་ང་ནི་ཁུ་སིམ་ཡིན།།

ང་ཡི་ཁུ་སིམ་ཁྱོད་ཀྱིས་མི་མཐོང་ཕྱིར།།

ཁྱོད་ཉིད་མེད་དུས་ང་ནི་ཁུ་སིམ་མོ།།

༢༠

མགོ་བོ་སྔས་སུ་འཇོག་དུས་ཁྱོད་ཉིད་དྲན།།

ནང་མོ་མིག་ནི་ཕྱེ་དུས་ཁྱོད་ཉིད་དྲན།།

ཁྱོད་ནི་ནམ་ཡང་ང་ཡི་སྙིང་ཁ་ན།།

མཚམས་ཚུགས་མེད་པར་དྲག་ནས་དྲག་ཏུ་ལྡིང་།།

༢༡

དོན་གྱི་ཁྱོད་ནི་ང་ཡི་སུ་ཞིག་ཡིན།།

ང་ནི་ཅི་ཕྱིར་ཁྱོད་ལ་བརྩེ་ཞིང་དུང་།།

འདི་ནི་སུ་ཡིས་བཀོད་སྒྲིག་ཡིན་ནམ་ཞེས།།

སུ་ལ་དྲིས་ན་སུ་ཡིས་ང་ལ་བཤད།།

༢༢

གདུང་བ་སེལ་ཕྱིར་ཐོག་སོ་སྟེང་ལ་བུད།།

དགོང་ཁའི་མཚམས་སྤྲིན་དམར་པོ་སྙིང་ལྟར་དམར།།

མིག་ཟུང་རྒྱང་ན་ཡོད་པའི་རྒྱང་ལ་ཤོར།།

སེམས་འདིས་ཁྱོད་དང་ང་ཡི་སང་ཉིན་དྲན།།

༢༣

མཛེས་མའི་སྐེད་ཀྱི་ལན་བུ་ལྷབ་ལྷུབ་ངང་།།

མིག་གི་མདུན་ནས་ཀྱག་ཀྱོག་འགྲོ་བ་མང་།།

ཁྱོད་ལ་གོམས་པའི་མིག་གི་རྒྱ་མོ་ལ།།

ཁྱོད་ལས་གཞན་པའི་གཟུགས་ཤིག་བདེ་མ་ཡིན།།

༢༤

གངས་དང་རི་བོ་མེད་པའི་ས་ཆ་ན།།

གངས་དང་ཁ་བ་ལྟ་བུ་ཁྱོད་ཉིད་ཡིན།།

རྡོ་དང་བྱེ་མས་བྲང་ཁོག་སྲེག་པའི་དུས།།

ཁྱོད་ནི་ལྗང་གུ་སྟོབ་པའི་སེམས་ཀྱི་ཆར།།

༢༥

ཁྱོད་ཀྱིས་མིག་གི་བཀྲག་མདངས་ང་ལ་གཏད།།

ང་ཡི་གདོང་གི་ནག་ཐིག་ཐོལ་གྱིས་གསལ།།

འོད་དང་ཆ་རིག་བཀྲ་བའི་མིག་དེ་གཅེས།།

ང་ནི་ཁྱོད་ཀྱི་རྫི་མ་ཡིན་ན་བསམ།།

༢༦

ཁྱོད་ནི་ལག་པའི་མཐིལ་གྱི་རི་མོ་ཡིན།།

ནམ་ཡང་ང་ཡི་སེམས་ན་ནམ་ཡང་གནས།།

དུས་ཀྱི་སྐད་ཅིག་ཆ་ཤས་རེ་རེ་ལ།།

ཁྱོད་རང་སྟོང་བའི་སེམས་ཤིག་ཡོད་མ་ཡིན།།

༢༧

གོམ་པ་རེ་རེ་སྤོས་ནས་འགྲོ་བའི་དུས།།

ང་ཡི་རྐང་རྗེས་ཀུན་ན་ཁྱོད་རང་གསལ།།

ལོ་མ་རེ་རེ་མིག་གིས་མཐོང་དུས་སུ།།

ཁྱོད་ཉིད་ལོ་མའི་གདོང་ནས་ཝ་ལེར་མངོན།།

༢༨

དགའ་བའི་སེམས་འདི་རྡོ་ལྟར་རྡོག་རྡོག་ཅིག །

ཉིན་མཚན་མེད་པར་བྲང་ལ་ཡང་ཡང་རྡེག །

ཡིན་ཡང་ཁྱོད་ལ་གཏད་པའི་སྒོ་ཆེན་དེ།།

ནམ་ཡང་སྲ་མོར་མཁྲེགས་པོར་གཏན་མི་སྲིད།།

༢༩

ང་ནི་ཁྱོད་ཀྱི་ཁང་པའི་སྒེའུ་ཁུང་ཡིན།།

ཁྱོད་ཀྱི་གྲང་ངར་མུན་པ་ང་ཡིས་སེལ།།

ང་ནི་སྒེའུ་ཁུང་དེ་ཡི་ཤེལ་སྒོ་ཡིན།།

ཕྱི་ཡི་རླུང་དང་ཁ་བ་ང་ཡིས་འགོག །

༣༠

ཞོགས་པའི་ཉི་ཟེར་དལ་གྱིས་དལ་གྱིས་ཤར།།

ཟིལ་བའི་འོད་ཐིག་འཚེར་ནས་འཚེར་དུ་ཕྱིན།།

འོད་དུ་འཚེར་བའི་སེམས་ཀྱི་སྐད་ཆ་དེ།།

ནམ་དུ་ཁྱོད་ལ་བརྗོད་པའི་སྐལ་བཟང་ཞིག །

༣༡

རྨི་ལམ་ཁྲོད་ནས་རྟག་པར་ཁྱོད་དང་མཇལ།།

མེ་ཏོག་གསེབ་ན་ངེད་གཉིས་དགོད་པ་རྨིས།།

གླུ་དབྱངས་ཁྲོད་ན་ངེད་གཉིས་གཤིབ་པ་རྨིས།།

རྨི་བའི་རྨི་ལམ་མཚན་ཐག་རིང་ན་བསམ།།

༣༢

ཁྱོད་ཀྱི་སྐེད་པའི་གཡས་ན་སྨེ་ཞིག་ཡོད།།

ཁྱོད་ཀྱིས་ཡོད་མེད་ཤེས་ཡོད་ཆ་མ་འཚལ།།

དེ་ནི་ང་ཡི་བྲང་གི་སྨེ་བ་དང་།།

ཁ་དོག་ཆེ་ཆུང་འདྲ་བས་ངོ་མཚར་ཆེ།།

༣༣

སྟོན་གྱི་ཟླ་གང་དགུང་ནས་ཤར་ལ་ཉེ།།

གལ་ཏེ་དེ་རིང་ཡུལ་ན་ཡོད་རྒྱུ་ན།།

སྤང་གི་རི་ཅོག་སེམས་ཀྱིས་བཏོགས་པ་དང་།།

ཁྱོད་ལ་ཞྭ་བཟོ་དེ་ནི་ང་ཡི་སེམས།།

༣༤

མགོ་བོ་དགྱེས་ནས་གནམ་ལ་ལྟ་བའི་དུས།།

ཡལ་གའི་སྟེང་ན་བྱེ་འུ་ཀྱི་ཀྱི་གྲགས།།

དགོད་ཀྱིན་དགོད་ཀྱིན་ཁྱོད་ཀྱིས་བཤད་པ་དེ།།

བྲག་ཅ་བཞིན་དུ་སེམས་ན་ཡང་ཡང་འཁོར།།

༣༥

ཁྱོད་ནི་མེད་ན་ང་ནི་ཕྱེད་ཀ་དང་།།

ཁྱོད་རང་ཡོད་པས་ང་རང་རྫོགས་པ་འོ།།

རྫོགས་པའི་མི་ཚེ་ཚེ་ཡི་དམིགས་པ་དེ།།

ཁྱིམ་པ་ང་ཡི་གཏན་ཚིགས་སྲ་མོ་འོ།།

༣༦

བརྩེ་དུང་གསེར་གྱི་མེ་ཏོག་དམར་བོ་འདི།།

གཟུགས་པོ་ལུས་ལ་འདོགས་པའི་རྒྱན་ཆ་མིན།།

སེམས་ཀྱི་བཀྲོས་སྐོམ་སེལ་བའི་བདུད་རྩེ་དེ།།

བརྩེ་དུང་བཞིན་གྱི་རང་མདངས་རྗེན་པ་ལགས།།

༣༧

ཁྱོད་ལ་དགའ་བའི་རྒྱུ་མཚན་ཅི་དང་ཅི།།

ང་ཡི་ཁ་ནས་བཤད་རྒྱུ་ཅི་ཡང་མེད།།

ནམ་ཞིག་ཁྱོད་ལ་དགའ་བའི་དུས་ནི་ནམ།།

མི་ཤེས་གང་ལྟར་ཁྱོད་ལ་དགའ་བ་ཤེས།།

༣༨

ཉ་གང་ཟླ་བ་སྤྲིན་གྱི་སྟེང་ན་མེད།།

ཟིལ་བ་འཚེར་པོ་རྡོ་ཡི་ངོས་ན་མེད།།

སྙིང་དམར་གསོན་པོ་བམ་པོའི་ཁོག་ན་མེད།།

ང་ཡི་སེམས་པ་གཞན་གྱི་ཕྱོགས་ན་མེད།།

༣༩

ཁྱོད་ཀྱི་པར་ཅིག་ང་ཡི་མདུན་ལ་སྦྱར།།

དེ་ལ་ལྟོས་ཏེ་སྙན་ངག་ཡང་ཡང་བྲིས།།

མིག་ཟུང་བཙུམ་ནས་བསམ་བློ་བཏང་བ་ན།།

ཁྱོད་ནི་ང་ཡི་མཁའ་ན་ལྡིང་སྐོར་བྱེད།།

༤༠

མཚོ་མོའི་ནང་ལ་རྡོ་ཞིག་ལྷོད་ཀྱིས་འཕངས།།

དེ་ཡི་རླབས་རིས་ཆེ་ནས་ཆེ་རུ་ཕྱིན།།

མཚོའི་ཁའི་ངང་མོའི་གཤོག་སྒྲོ་མཐོང་བ་ན།།

ཁྱོད་ཀྱི་རུམ་ལ་འཕུར་ནས་ཡོང་ན་བསམ།།

༤༡

མཚན་མོ་གནམ་གྱི་སྐར་ཚོགས་ལམ་ལེམ་འཚེར།།

མུན་པ་ཁུ་སིམ་ང་ཡི་མཐའ་ནས་བསྐོར།།

བྱང་ལ་ཕྱོགས་པའི་སྐར་མདའ་ཕྲ་མོ་དེ།།

ཁྱོད་ལ་འཁྲེང་བའི་སེམས་པ་གཉོམ་པོ་དེ།།

༤༢

མཚམས་རེར་ཐག་ཉེ་གྲོང་ནས་ཁྱི་སྐད་གོ །

མཚམས་རེར་རླུང་བུ་ལྡིང་ཏེ་སྐྲ་ལོ་སྤུར།།

བྲང་ན་གནས་པའི་སྙིང་གི་འཕར་སྒྲ་ཡིས།།

ཁྱོད་རང་དྲན་པའི་སྨྲེ་ངག་ཁ་རུ་བསྐྱུགས།།

༤༣

ཐ་མག་སྦར་ཏེ་སེམས་ཀྱི་ལམ་ཁ་གསལ།།

གདུང་བ་ཁུར་ནས་ལམ་ལ་འཁྱམས་སུ་སོང་།།

ལོ་མ་ལམ་ལ་ཟགས་པ་མང་དྲག་སྟབས།།

ཤག་ཤག་གོམ་སྒྲས་མཚན་མོའི་ལྷིང་འཇགས་དཀྲོགས།།

༤༤

གློག་གཞུ་འོག་ནས་ངལ་གསོ་བྱེད་པའི་དུས།།

ཕྱེ་ལེབ་འབུ་སྲིན་དེ་ཡི་མཐའ་ལ་འཚང་།།

དེ་ནི་ལོ་མ་ལྟ་བུའི་སེམས་པ་འདི།།

ཁྱོད་ཀྱི་ཕྱོགས་ལ་འཚང་དང་འཕྱང་མོ་ཉུག །

༤༥

དོ་ནུབ་སྨག་གི་རྔམ་ཁ་རབ་ཏུ་མཐུག །

དེ་ནི་ཁྱོད་ལ་དགའ་བའི་དགའ་ཚད་ཡིན།།

དོ་ནུབ་ཁ་ཁུ་སིམ་པོ་ཧ་ཅང་ཆེ།།

དེ་ནི་ཁྱོད་རང་མེད་པའི་གདུང་ཚད་ཡིན།

༤༦

མུན་པའི་ཁྲོད་ནས་སྨག་ལས་མི་མཐོང་ཡང་།།

ཁྱོད་ཀྱི་ཡོད་ཚད་ང་ཡི་མིག་ལ་ཤར།།

མཚན་མོ་འདི་ནི་སྨག་གི་མེ་ལོང་ཞིག །

དེ་ལས་མཐོང་བ་ཁྱོད་ཉིད་ཁོ་ན་འོ།།

༤༧

མུན་པ་སྟུག་པོ་ང་ཡི་ནང་ལ་ཟུག །

ཕྱི་ཡི་འཇགས་པས་ནང་ལ་འདུ་འཛི་བྱིན།།

ཁྱོད་ལ་མ་ཐུགས་སེམས་ལ་ཁ་བ་བབས།།

དོ་ནུབ་མཚན་སྨག་གྱོན་ནས་ཁེར་སྡོད་བྱས།།

༤༨

མཚན་མོའི་གྲོང་གི་གློག་འོད་རྣམ་པར་བཀྲ །།

གྲོང་གི་མི་ཡི་སེམས་ལ་མུན་པ་འཐིབས།།

བརྩེ་དུང་ཕྱི་ཡི་གོས་ལ་འཇམ་ཤ་ཆེ།།
གདུང་བའི་དྲན་པའི་ཡིད་ནི་ཇི་འདྲའི་རྩུབ།།

༤༩

མཚན་གྱི་སྨག་གིས་ཁྱོད་རང་གཡོགས་པ་ན།།

ང་ནི་དགུང་གི་ཟླ་བ་ཁོ་ཐག་ཡིན།།
སྐྱོ་བའི་ཁུ་སིམ་ཁྱོད་ལ་མི་སྟེར་ཏེ།།

ང་ནི་ཁྱོད་ཀྱི་གླུ་དབྱངས་ཁོ་ན་འོ།།

༥༠

འཇགས་པའི་མཚན་མོས་མུན་པ་གོས་སུ་བཀླུབས།།

སྐྱོ་བའི་བྲང་ལ་རླུང་གིས་བྱིལ་བྱིལ་བྱེད།།

ཁྱོད་ཀྱིས་ཁེངས་པའི་མཚན་མོ་འདི་ཡི་མཁའ།།

ཁྱོད་ཀྱི་སྐར་འོད་མེད་པའི་ཡིད་སེམས་སྐྱོ།།

༥༡

ལོ་མའི་སྟེང་ནས་ཆར་ཟིན་ཐིགས་པ་འདི།།

ཁྱོད་རང་དྲན་པའི་གདུང་བའི་མཆི་མ་ཡིན།།

ལྷན་འཛོམས་ཤར་གྱི་ཉི་མ་མ་ཤར་ན།།

ལོ་མའི་གདོང་གི་བརླན་ཤ་སྐམ་པ་མེད།།

༥༢

ལོ་མ་རླུང་བའི་ཁྲོད་ཀྱི་གར་མཁན་ཡིན།།

ཤག་ཤག་གཡོ་བའི་ལོ་མའི་སྒྲ་དབྱངས་ཀྱང་།།

རླུང་བུ་ཁྱོད་ཀྱིས་བྱིན་པའི་སྐད་ངག་ཡིན།།

ལོ་མ་རླུང་བུ་འཛོམས་ན་མཛེས་སྡུག་གོ །

༥༣

ཁྱོད་ཀྱི་སྟོན་ཁ་རྒས་ནས་འགྲོ་དུས་སུ།།

ལོ་མ་སེར་པོ་སེམས་ལ་ཤག་ཤག་བབས།།

ཡིན་ཡང་སེམས་འདི་སྐྱོ་བས་མི་མནར་ཏེ།།

དཔྱིད་རླུང་ལྡིང་དུས་ལོ་མ་ལྗང་གུ་ཡོད།།

༥༤

ལྗོན་པའི་སྟེང་ན་ལོ་མ་མང་ན་ཡང་།།

ཁྱོད་ནི་ང་ཡི་ལོ་མ་ཁོ་ན་ཡིན།།

ནམ་ཞིག་མཚོན་གྱིས་ལྗོན་པ་མ་བཅད་ན།།

ང་ཡི་ལོ་མ་ནམ་ཡང་སྐམ་མི་འགྱུར།།

༥༥

ལོ་མའི་གསེང་ནས་གནམ་ལ་འཁོར་བ་ན།།

འཁོར་བའི་ཚད་མ་གཞན་ཞིག་དེ་ནས་རྟོགས།།

ཁྱོད་ནི་ང་ཡི་སེམས་སུ་འཛུལ་པ་ནས།།

སེམས་ཀྱི་སྒོ་གླེགས་གཞན་ཞིག་ཕྱེ་ནས་བྱུང་།།

༥༦

ལོ་མའི་བར་ནས་ཟླ་བ་མཐོང་དུས་སུ།།

མཚན་མོའི་འབུ་སྲིན་ལོ་མའི་གསེབ་ན་གྲགས།།

མགོ་བོ་སྒུར་ནས་མདུན་ལ་བལྟས་པ་ན།།

ཁྱོད་ཀྱི་ལོ་མ་ང་ཡི་གམ་ན་འགུལ།།

༥༧

ལོ་མའི་ངོགས་ཀྱི་ཐིག་རིས་ཕྲ་མོ་དེ།།

ཁྱོད་ལ་བགྲོད་སའི་ལམ་གྱི་ས་ཁྲ་ཡིན།།

ལོ་མའི་ཕྱི་ནང་ཁྱད་པར་ཡོད་ན་ཡང་།།

ཁྱོད་ཀྱི་སྙིང་གི་ཁུ་བ་ལྗང་གུ་ཡིན།།

༥༨

གང་དུ་སོང་ཡང་ལོ་མ་དེ་ན་ཡོད།།

གང་དུ་ཡོད་ཀྱང་ཁྱོད་རང་སེམས་ན་ཡོད།།

སེམས་ན་ཡོད་པས་སེམས་པ་ཁེངས་ནས་ཡོད།།

ལོ་མ་ཡོད་པས་བསིལ་བའི་གྲིབ་མ་ཡོད།།

༥༩

ཉི་འོད་ལོ་མ་འཕྲོས་ན་བཀྲག་མདངས་ཤིག །

ང་རང་ཁྱོད་ལ་ཐུགས་ན་མཛུམ་མདངས་ཤིག །

ཉི་འོད་ལོ་མ་འཕྲད་པའི་ཁོར་ཡུག་འདི།།

ཁྱོད་དང་ང་ཡིས་བསྐྲུན་པའི་མེ་ཏོག་ཅིག །

༦༠

ལོ་མའི་ངོགས་ནས་ང་ཡིས་བལ་དཀར་འཐུ།།

ལོ་མའི་འབུས་ལྷུང་སེམས་ཀྱི་གོ་རྟོགས་ཤིག །

དོན་གྱི་ལོ་མའི་འཇིག་རྟེན་འོད་དཀར་ཅིག །

འདི་དག་ཁྱོད་ཀྱིས་བསྟབས་པའི་གཏན་ཚིགས་ཉིད།།

༦༡

ཉི་མ་ནུབ་མཐའ་བཞུད་པའི་ནམ་ཚོད་དེར།།

མེ་འཁོར་བགྲོད་པའི་དུང་སྒྲ་ལྷང་ལྷང་གྲགས།།

ཁྱོད་རང་དྲན་པའི་སེམས་ཀྱི་དུང་བ་འདི།།

དེ་ཡིས་ཁྱེར་ཏེ་ཁྱོད་ཀྱི་ཕྱོགས་སུ་རྒྱུགས།།

༦༢

མགོ་བོ་གནམ་ལ་འཁོར་ཏེ་ཉལ་བ་ན།།

ཧྲག་ཧྲག་འཁོར་བའི་རླུང་འཁོར་གསལ་ལེར་མཐོང་།།

རླུང་འཁོར་གནམ་ནས་ཇི་ལྟར་འཁོར་ན་ཡང་།།

དྲན་པའི་རྔུལ་ཆུ་དྭངས་མོ་ཁྲོམ་ཁྲོམ་བཞུར།།

༦༣

མེ་ལོང་མདུན་ནས་རང་གི་གདོང་ལ་བལྟས།།

ང་ཡི་གདོང་ན་ཁྱོད་ཀྱི་བཞིན་རས་གསལ།།

ཁ་ཡི་ཁ་སྤུ་རིང་ནས་རིང་དུ་རེད།།

ཁྱོད་རང་དྲན་པ་ཟབ་ནས་ཟབ་ཏུ་ཕྱིན།།

༦༤

ཚ་གདུང་ཆེ་བས་གྲང་མོ་ཡང་ཡང་འཐུང་།།

རྔུལ་གྱིས་བརླན་པས་གཟུགས་པོ་ཡང་ཡང་བཀྲུས།།

དྲན་པའི་རྔུལ་དང་སེམས་ཀྱི་ཚ་གདུང་དེ།།

ཉིན་མ་རེ་ལ་ཆེ་ནས་ཆེ་རུ་འགྲོ །

༦༥

གློག་རྒོད་འཕུར་གྱིན་འཕུར་གྱིན་ནམ་འཕང་བསྟོད།།

རང་གི་གཤོག་ཟུང་རང་གི་སེམས་ལ་བཙུགས།།

ཁྱོད་ཀྱི་ནམ་མཁའ་ཇི་ལྟར་ཡངས་པ་ན།།

ང་ཡི་གཤོག་ཟུང་ཁྱོད་ཀྱི་ནམ་མཁའི་ཡིན།།

༦༦

ང་ནི་ལྡུམ་ར་སྐྱོང་གི་ཁྱིམ་པ་ཞིག །

མེ་ཏོག་ཁྱོད་ནི་ལྡུམ་ར་ང་ཡི་རྒྱན།།

ཆུ་ལུད་འཛོམས་པའི་ང་ཡི་ལྡུམ་ར་ནས།།

ཁྱོད་ཀྱི་འདབ་མ་ནམ་ཡང་ལྷུང་མི་སྲིད།།

༦༧

མཛུབ་མོར་བསྐོན་པའི་དངུལ་གྱི་མཛུབ་དཀྲིས་འདི།།

མཚན་མོ་དེ་ལ་ང་ཡི་མཛུབ་མོར་བསྐོན།།

སེམས་ལ་བསྐོན་པའི་ཁྱོད་ཀྱི་མཛུབ་དཀྲིས་དེ།།

སེམས་ཀྱི་མཛུབ་མོའི་སྟེང་ནས་ལྷོད་པ་མེད།།

༦༨

སྒོ་གླེགས་རྡུང་ཏེ་ཁྱོད་ཀྱི་ནང་ལ་འཛུལ།།

ནང་གི་བཀོད་པ་འདབ་མའི་ངོགས་དང་འདྲ།།

ང་ཡི་སེམས་ཀྱིས་དེ་ལ་ཡང་ཡང་རག །

མགོ་བོ་བརྙས་ཏེ་ཁྱོད་ཀྱི་རྨི་ལམ་འགྲིམས།།

༦༩

ཁྱོད་ཀྱིས་སྒེའུ་ཁུང་ཕྱེ་ནས་ང་ལ་བལྟས།།

ང་ཡིས་སྒོ་མོ་ཕྱེ་ནས་ནང་ལ་སོང་།།

ནང་ནས་ངེད་གཉིས་ལྷན་འཛོམས་བྱུང་བ་དང་།།

འོ་ཇ་འཐུང་ཞོར་སྙིང་གཏམ་གླེང་ན་བསམ།།

༧༠

ནམ་ཡང་ཁྱོད་ཀྱི་ལོ་མ་མཐོང་དུས་སུ།།

དེ་ཡིས་ཁྱོད་ལ་ང་ཡི་སྙིང་གཏམ་བཤད།།

ནམ་ཡང་ཁྱོད་ཀྱིས་སྤྲིན་དཀར་མཐོང་དུས་སུ།།

དེ་ཡིས་ཁྱོད་ལ་ང་ཡི་སྦྲང་ཆར་འབེབས།།

༧༡

དེ་རིང་གངྒའི་འགྲན་ན་འཁྱམས་སུ་སོང་།།

ཆུ་མོ་གངྒ་དལ་གྱིས་ལྷོད་ཀྱིས་བཞུར།།

གྲུ་ཆུང་བསྡད་དེ་ཆུ་ལ་བརྒལ་བ་ན།།

ཁྱོད་རང་མཉམ་དུ་ཡོད་ན་ཧ་ཅང་བསམ།།

༧༢

མེ་ཏོག་བཙོང་བའི་བུ་མོ་ཆུང་ཆུང་དེ།།

མེ་ཏོག་ཁྱེར་རེ་ང་ཡི་གམ་ལ་སླེབས།།

མེ་ཏོག་རྐང་གསུམ་སེམས་ཀྱིས་ཉོས་པ་དང་།།

མེ་ཏོག་ཆུ་ལ་བསྐུར་ཏེ་སྨོན་ལམ་བཏབས།།

༧༣

འདི་ན་མགོ་དཀྲིས་དམར་པོ་མེད་ན་ཡང་།།

རྒྱ་གར་བུ་མོའི་གདུ་བུ་ཧ་ཅང་མང་།།

མཛེས་པའི་ཁྲ་ཆིལ་གདུ་བུ་ཉོས་པ་དང་།།

ཁྱོད་ནི་ང་ཡི་གདུ་བུའི་བདག་མོ་ཡིན།།

༧༤

ནུབ་ཁའི་ཉི་མ་གངྒའི་ངོགས་ན་འཚེར།།

གྲུ་ཆུང་ཡོམ་ཡོམ་བགྲོད་པའི་ངང་ཚུལ་མཛེས།།

གངྒའི་ཀློང་ནས་ནུབ་ཁ་འཁོར་བ་ནི།།

ཁྱོད་ལ་གཤིབ་ཏེ་རྒྱ་མཚོར་ལྟ་བ་འདྲ།།

༧༥

གངྒ་གངྒ་ཁྱོད་ནི་གང་ནས་ཡོང་།།

གངྒ་གངྒ་ཁྱོད་ནི་གང་དུ་འགྲོ །

ཁྱོད་ནི་མཛའ་མོའི་མིག་ཆུ་ཡིན་ན་ནི།།

ང་རང་ཁྱོད་ལ་ཞུགས་ཏེ་བཞུད་ན་བསམ།།

༧༦

རྐང་རྗེན་བུད་དེ་གངྒའི་བྱེ་མར་བརྒལ།།

བྱེ་མ་ལག་ཏུ་བླངས་ཏེ་རླུང་ལ་བསྐུར།།

སེམས་པ་དེ་ལ་འདྲེས་ཏེ་ཤིག་ཤིག་ཐོར།།

བྱེ་མའི་ཀློང་ནས་ཁྱོད་ཀྱི་རྩྭ་ཐང་དྲན།།

༧༧

བྱེ་མའི་ཀློང་ནས་རྒྱང་ལ་བལྟས་པ་ན།།

ཤོག་བྱ་མང་པོ་རྒྱང་ནས་རྒྱང་ལ་སྤུར།།

གལ་ཏེ་ཁྱོད་ནི་ཤོག་བྱ་ཡིན་པ་ན།།

ང་ནི་ཁྱོད་རང་འདེགས་པའི་རླུང་བུ་ཡིན།།

༧༨

རྒྱ་གར་བུ་མོའི་གདོང་གི་མིག་ཟུང་ལས།།

ཀེམ་ཀེམ་གཡོ་བའི་ཁྱོད་ཀྱི་མིག་དཀྱིས་དྲན།།

ཁྱོད་ནི་རྒྱ་གར་བུ་མོ་མིན་ན་ཡང་།།

ང་ཡི་སེམས་ན་ཁྱོད་རང་མཛེས་མ་ཡིན།

༧༩

སཱ་རེ་རླུང་གི་ཁྲོད་ན་ལྷབ་ལྷུབ་གཡོ།།

ལན་བུ་སྐེད་ཀྱི་སྟེང་ན་ལྡེམ་ལྡེམ་འགུལ།།

སཱ་རེ་ཅན་གྱི་བུ་མོ་འཛུམ་པ་ཡིས།།

ཁྱོད་ཀྱི་ཡོད་ཚད་ང་ཡི་སེམས་ལ་དྲངས།།

༨༠

ཁ་པར་ནང་གི་ཁྱོད་ཀྱི་དགོད་སྒྲ་ཡིས།།

ང་ཡི་སྙིང་ཁར་འོད་ཀྱི་མེ་ཏོག་བཙུགས།།

བརྩེ་བའི་ཟླ་དཀར་དགུང་ནས་འཚེར་བྱས་ཏེ།།

ནམ་ཡང་ནུབ་པ་མེད་ན་བསམ་པ་ལ།།

༨༡

སྒེའུ་ཁུང་སྟེང་ན་ཕུག་རོམ་ཆ་ཆ་ཡོད།།

འཁོར་འཁོར་བྱས་ནས་ཆུ་དག་སྦྱོར་བ་ཡིས།།

ཡིད་ཀྱི་སྣང་བ་གཞན་ལ་དྲངས་བྱས་ཏེ།།

ཁྱོད་རང་དྲན་ན་ཐོལ་གྱིས་ཁོག་འཛུམ་ཤོར།།

༨༢

སྔ་མོ་ལངས་ནས་ལྡུམ་རའི་ནང་ལ་སོང་།།

ལྗོན་པའི་གསེབ་ནས་དཔེ་ཆ་དབྱངས་སུ་གྱེར།།

འདབ་མའི་ངོགས་ཀྱི་ཟིལ་ཐིགས་མཐོང་བའི་ཚེ།།

ཡིད་ཀྱི་གནམ་ལ་ཁྱོད་ཀྱི་ཉི་ཟླ་ཤར།།

༨༣

ལོ་མའི་སྟེང་གི་ས་རྡུལ་ནག་པོ་དེ།།

ཆར་བ་བབས་ནས་ཡོངས་སུ་དག་པར་གྱུར།།

ཁྱོད་ལ་འཁོར་བའི་སེམས་པ་དཀར་པོ་དེ།།

ཆར་རླུང་གིས་ཀྱང་བསུ་ན་བསུ་ཐབས་མེད།།

༨༤

ས་དང་རྡུལ་གྱིས་རྒྱང་གི་ཡུལ་ལྗོངས་བསྒྲིབས།།

ཁྱོད་དང་ང་གཉིས་ལེ་དབར་སྟོང་གིས་བཅད།།

གོམ་སྣེ་ལམ་ལ་ཆས་པའི་ཞོགས་པ་ནས།།

ངེད་གཉིས་འཛོམས་ཀྱི་སྐྱིད་པའི་ནུབ་མོ་ནམ།།

༨༥

གལ་ཏེ་ཁྱོད་རང་བྱ་ཞིག་ཡིན་དང་ན།།

ང་ནི་ཁྱོད་རང་འབབ་སའི་ལྗོན་པ་ཡིན།།

གལ་ཏེ་ཁྱོད་རང་ཉ་ཞིག་ཡིན་པའི་ཚེ།།

ང་ནི་ཁྱོད་རང་འཁྱུག་སའི་ཆུ་བོ་ཡིན།།

༨༦

ཆར་བ་ཤག་ཤག་འབབ་པའི་མཚན་མོ་དེར།།

ང་ཡིས་སེམས་ཀྱི་སྐད་ཆ་བཤད་མ་ཕོད།།

ཁྱོད་ཀྱིས་སྙིང་གི་སྐད་ཆ་གླེང་མ་ཐུབ།།

ཁུ་སིམ་ཁྲོད་ནས་གཅིག་སེམས་གཅིག་གིས་རྟོགས།།

༨༧

ཁྱམས་རའི་སྣེ་ན་ཐིགས་པ་ལྷོད་ཀྱིས་ཐིགས།།

ས་ལ་ས་དོང་ཡང་ཡང་ཟབ་མོ་བཟོ།།

རྟག་པར་ཁྱོད་རང་སེམས་ཀྱིས་དྲན་པ་ཡིས།།

དྲན་པའི་ས་དོང་གཏིང་ནས་གཏིང་དུ་ཕྱིན།།

༨༨

སྒེའུ་ཁུང་འགྲན་ནས་ཉིན་ཐོ་འབྲི་བའི་དུས།།

བྱེའུ་ཆུང་ཆུང་སྒེའུ་ཁུང་ཁ་ལ་བབས།།

བྱེའུ་ལྟོས་ནས་སྙན་ངག་ཚིག་གསུམ་བྲིས།།

ཚིག་གསུམ་གཤོག་སྒྲོར་བཏགས་ནས་ཁྱོད་ལ་བསྐུར།།

༨༩

འདབ་མའི་ཚོགས་རྣམས་ལྷན་དུ་འཛོམས་པ་ན།།

དེ་ལ་ཡིད་དུ་འོང་བའི་མེ་ཏོག་བརྗོད།།

ཁྱོད་རང་ང་གཉིས་མཉམ་འཛོམས་བྱུང་བ་ན།།

དེ་ནི་ཁྱོད་དང་ང་ཡི་འཛུམ་མདངས་ཡིན།།

༩༠

རྟག་པར་ཁྱོད་རང་དྲན་དུས་ལྡུམ་རར་སོང་།།

དེ་ན་ཁྱོད་རང་མཐོང་བའི་མེ་ལོང་མང་།།

མཚམས་རེར་ནགས་བྱི་ཤིང་ལ་འཛེག་པ་ཡིས།།

དྲན་པའི་སྐྱོ་བ་ཉུང་ཙམ་ཁད་ཀྱིས་སེལ།།

༩༡

ཡེ་གེའི་གསེང་ནས་རུས་པའི་ཤ་ཡང་སྐམ།།

དྲན་པའི་ཀློང་ནས་སེམས་ཀྱང་ཉམས་ནས་ཉམས།།

གལ་ཏེ་ཁྱོད་རང་འཁྲིས་སུ་ཡོད་པ་ན།།

མགོ་བོ་སྔས་ཏེ་ངལ་གསོ་ཅུང་ཙམ་བྱ།།

༩༢

ཁྱམས་ར་འོག་ནས་ཁམས་གསེང་བྱེད་པའི་དུས།།

གནམ་གྱི་ཆར་བ་ས་ལ་ཟིམ་ཟིམ་བབས།།

སེམས་ཀྱི་ས་ལ་འབབ་པའི་ཁྱོད་ཀྱི་ཆར།།

ནམ་ཡང་ཆད་པ་མེད་ན་བསམ་པ་ལ།།

༩༣

ཁོ་བོ་ལམ་གྱི་འགྲན་ནས་བགྲོད་པའི་དུས།།

ལམ་གྱིས་ང་ལ་ང་ཡི་ལམ་སྣེ་བསྟན།།

ས་དང་རྡུལ་ལོང་སྤྲིན་ནག་བཞིན་དུ་འཁྲིགས།།

ཁྱོད་རང་དྲན་ན་ང་ཡི་གོམ་ཁ་བྲལ།།

༩༤

ནམ་ཞིག་ཁྱོད་དང་མཇལ་བའི་དུས་ཚོད་དེར།།

དང་པོ་ཁྱོད་ཀྱི་གདོང་ལ་མེ་ཏོག་འདེབས།།

གཉིས་པ་ཁྱོད་ཀྱི་སེམས་ནས་ལུ་གུ་འཚོ།།

མཐའ་མ་སེམས་པ་གཤིབ་ཏེ་ཟླ་བར་བལྟ།།

༩༥

སེམས་ནས་དགའ་ས་ཉུང་ནས་ཉུང་ན་ཡང་།།

སེམས་འདི་ཁྱོད་ལ་དགའ་བ་ང་ཡི་འཛུམ།།

ཁྱོད་ཀྱི་མེ་ཏོག་སེམས་ནས་མ་སྐམ་ན།།

གདོང་གི་འཛུམ་པ་རྟག་ཏུ་ལྷོད་པ་མེད།།

༩༦

མཚན་མོ་མ་གཉིད་ནམ་གུང་ཡར་ལ་ལངས།།

ཁྱོད་རང་དྲན་ཏེ་ཁྱོད་ལ་ཁ་པར་བཏང་།།

ཁ་པར་བཏང་ཡང་ཁ་སྒོ་བརྒྱབ་ནས་འདུག །

མུན་ནག་ནང་ནས་ཐ་མག་ཡང་ཡང་སྦར།།

༩༧

དེརིང་ནམ་མཁའ་སྔོ་ཞིང་སངས་པ་འདི།།

ཡུལ་གྱི་ནམ་མཁའི་མདངས་དང་གཅིག་པ་རེད།།

མ་འོངས་ལས་ཀྱི་བསྐལ་བ་འཛོམས་སོང་ན།།

ཡུལ་གྱི་ནམ་མཁའི་མཚར་སྡུག་ཁྱོད་ལ་སྟོན།།

༩༨

ང་ལ་སྙིང་ནས་བརྩེ་བའི་མི་ནི་ཁྱོད།།

ང་ཡི་སྙིང་ནས་བརྩེ་བའི་མི་ནི་ཁྱོད།།

ཁྱོད་ལ་སྙིང་ནས་བརྩེ་བའི་མི་ནི་ང་།།

ཁྱོད་ཀྱི་སྙིང་ནས་བརྩེ་བའི་མི་ནི་ང་།།

༩༩

ང་ཡི་བྲང་གི་སྨེ་བ་དམར་པོ་དེ།།

ཁྱོད་ཀྱིས་ང་ལ་བཞག་པའི་དམ་བཅའ་ཡིན།།

ཁྱོད་ཀྱི་འགྲམ་པའི་མཛེས་པའི་མཛེས་ཁུང་དེ།།

ང་ཡིས་ཁྱོད་ལ་བཞག་པའི་དམ་བཅའ་ཡིན།།

༡༠༠

བརྩེ་དུང་གསེར་གྱི་ཉི་མ་ལམ་ལེམ་འདི།།

མི་འདོད་སྤྲིན་གྱིས་སྒྲིབ་པ་མེད་པར་ཤོག །

བརྩེ་དུང་དངུལ་གྱི་ཟླ་བ་དཀར་པོ་འདི།།

བར་ཆད་གཟའ་ཡིས་བཟུང་བ་མེད་པར་ཤོག །

2013.09.20 ཉིན་རྫོགས་པར་བྱས།

སྙན་ངག

Post navigation

Previous Post: བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་༤༤འཁོར་བ།
Next Post: དེང་དུས་བོད་ཀྱི་སྐད་ཡིག་སྤྱོད་ཚུལ་དང་འབྲེལ་བའི་མཐོང་སྣང་།

Comments (1) on “ཚིགས་བརྒྱ་མ།”

  1. དྲན་དཀར་དཔལ་ཡོན་ says:
    2013-10-08 at 12:04 am

    ཤིན་ཏུ་ལེགས། སྒེའུ་ཁུང་འགྲམ་ན་མིག་གི་རྒྱལ་མོ་འདི་ཚོར་དྲན་ཤེས་རེ་བསྟེན་ན་དེ་ག་རང་རེད། སྙིམ་པའི་གླུའམ་གླུ་་ཐར་སྦྱར་མ་དད་པ་དང་ལྟ་གྲུབ་ཚད་མཐོན་པོ་མེད་ན་ལེན་ས་མི་འགྲོ་བར་བཤད་པ་མ་གཏོགས་པ། སྡེབ་སྦྱོར་ནི་ཚིགས་བརྒྱ་མ་ལས་ལྷག་མ་རེད་ཡ། མུ་མཐུད་ནས་བྲིས་ཨ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme