Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚའོ་ཁྲང་ཆིན་གྱི་རྩོམ་ཡིག་ཅིག་ལས་འཕྲོས་པའི་བསམ་ཚུལ།

Posted on 2015-03-312015-04-01 By སྙན་བཟང་གཡུང་དྲུང་ཚེ་རིང 17 Comments on ཚའོ་ཁྲང་ཆིན་གྱི་རྩོམ་ཡིག་ཅིག་ལས་འཕྲོས་པའི་བསམ་ཚུལ།

སྙན་བཟང་གཡུང་དྲུང་ཚེ་རིང་།

ཉིན་ཤས་སྔོན་བདག་གིས་རྒྱ་རིགས་མཁས་པ་སྐུ་ཞབས་ཚའོ་ཁྲང་ཆིན་ལགས་ཀྱིས་བྲིས་པའི་རྩོམ་ཡིག་ཅིག་སྟེ་“བོད་མིའི་རྨི་ལམ་ནི་རང་བཙན་ཡིན་”ཞེས་པ་ཞིག་སྐར་ཁུང་དྲ་བ་ལས་བཀོག་སྟེ་ཁ་བརྡ་དྲ་བར་བཀོད་པ་ཡིན། རྩོམ་ཡིག་དེ་ནི་རྒྱ་རིགས་མཁས་པ་ཞིག་གིས་རང་བཙན་རྩོད་དགོས་ཞེས་གསུངས་འདུག་པས། ང་ཚོས་ཀྱང་ངེས་པར་དུ་བོད་རང་བཙན་རྩོད་དགོས་ལྟ་བུའི་ཀུན་སློང་བཅངས་ནས་དྲ་ཐོག་ཏུ་བཞག་པ་མིན། རྩོམ་ཡིག་དེའི་ནང་དུ་དྲང་བདེན་དང་གནས་ལུགས་ཀྱི་ཆ་མང་པོ་ཡོད་པས་ང་ཚོས་དེ་ལ་དོ་སྣང་བྱས་ཏེ་བསམ་བློ་གཏོང་དགོས་པ་ཞིག་ཏན་ཏན་འདུག་དྲན་པ་རེད།

༡༩༩༥ ལོར་ཚའོ་ཁྲང་ཆིན་གྱིས་“བོད་དེ་ནམ་ཞར་ཡང་རྒྱ་ནག་གི་མངའ་ཁོངས་ཆ་ཤས་མིན་”ཞེས་པའི་རྩོམ་ཡིག་ཅིག་བྲིས་ཡོད་པ་དེའི་ནང་དུའང་བོད་ནི་ཐང་རྒྱལ་རབས་དང་། སུང་། ཡོན། མིང་རྒྱལ་རབས་བཅས་ཀྱི་སྐབས་སུ་རྒྱ་ནག་གི་ཆ་ཤས་མིན་སྐོར་ལུང་དང་རིགས་པས་བསྒྲུབས་ཏེ་གསེད་བཀྲོལ་གནང་འདུག་པས། ཚའོ་ཁྲང་ཆིན་ནི་དྲང་བདེན་ལ་གཞོལ་བའི་མཁས་པ་ཞིག་དང་། དུས་ཚོད་ཅི་ཙམ་འགོར་ཡང་ཁོང་གི་བོད་དོན་ལྟ་ཚུལ་དེ་རྟག་བརྟན་འགྱུར་མེད་ཅིག་རེད་འདོད་བྱུང་།

བདག་གིས་ཁོང་གི་རྩོམ་ཡིག་དེ་དྲ་བར་བཀོད་རྗེས། རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་“སྐུ་ཞབས་ཚོ་ཁྲང་ཆིང་ལྟ་བུའི་དྲང་བདེན་གྱི་བསམ་བློ་ཡོད་པ་དང་དྲང་བཤད་ཕོད་པའི་རྒྱ་རིགས་མཁས་པ་འདི་དག་དེང་སང་ངྷ་རམ་ས་ལས་མི་ཉེན་ཁ་ཅན་ལ་བརྩིས་ནས་འགོག་ཅི་ཐུབ་དང་གཡོལ་གང་ཐུབ་བྱེད་ཀྱིན་པའི་ཁར། ཁོང་ཚོ་རྒྱལ་བ་རིན་པོ་ཆེ་ལ་མཇལ་འཕྲད་ཀྱང་འགོག་ཀྱིན་པར་ཚང་མས་བསམ་ཚུལ་གསུང་རོགས།”ཞེས་མཆན་ཞིག་བཀོད་འདུག སྐབས་དེར་མཆན་དེར་དོ་སྣང་དེ་ཙམ་མ་བྱས་ཀྱང་། དེ་དགོང་གཞི་ནས་བསམ་བློ་ཞིག་གཏོང་སྐབས་གལ་སྲིད་དོན་དག་འདི་བདེན་ཚེ་གནད་འགག་ཆེ་ཙམ་ཡོད་པར་སྣང་། སྤྱིར་ནུབ་ཕྱོགས་སུ་ཡོད་པའི་རྒྱ་རིགས་མཁས་པ་ཚོའི་ཁྲོད་དུ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་ཉུང་ཞིག་སྟེ། དཔེར་ན་ཚའོ་ཁྲང་ཆིན་དང་། ཡོན་ཧོང་པེན། ཁྲིན་པོ་ཁུང་། ཐང་ཏིན་ཧོང་། ཀྲོའི་རེའི་སོགས་མི་བཞི་བཅུ་ལྷག་ལས་མེད་ཀྱང་། ཉུང་ཉུང་ཞིག་ཡོད་པ་འདི་ང་ཚོའི་གཟི་བརྗེད་རེད་ལ། བདེན་པའང་རེད།

འོན་ཀྱང་ངྷ་རམ་ས་ལའི་སྒྲིག་འཛུགས་ཀྱིས་དྲང་བདེན་ལ་དགའ་བའི་རྒྱ་རིགས་མཁས་པ་ཚོ་ཉེན་ཁ་ཅན་དུ་བརྩི་དོན་ག་རེ་ཡིན་ནམ། ཁོང་ཚོ་རྒྱལ་བ་རིན་པོ་ཆེ་ལ་མཇལ་འཕྲད་འགོག་མཁན་གྱི་བྱེད་པོ་དེ་སུ་ཡིན་ནམ། གནས་སྟངས་འདི་རྒྱལ་བ་རིན་པོ་ཆེས་མཁྱེན་ནམ། བདག་ལ་འདི་ལྟར་དྲི་བ་རེ་ཡོད་པར་གྱུར། རང་བཙན་གླེང་ན་མི་འདོད་པ་དང་རང་སྐྱོང་གླེང་ན་ངོ་སོ་ཡོད་པའི་གནད་དོན་འདི་ནི་ཡ་མཚན་རེད་ལ། དེ་ལས་ཚིག་གཞན་པ་ཞིག་བེད་སྤྱོད་བཏང་ན་“སྐྱི་གཡའ་བ་”ཞེས་པ་དེ་རེད། སྐྱི་གཡའ་བའི་གནད་དོན་འདི་ནི་ཕལ་ཆེར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་། དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་སོགས་ལ་འབྲེལ་བ་ཡོད་པས། ཚོར་བ་དང་ལྟ་གྲུབ་ཀྱི་ཐོག་ནས་ལས་ཀ་བྱེད་མཁན་གྱི་སྒྲིག་འཛུགས་དང་མི་དག་གིས་འདི་ལ་ངེས་པར་དུ་གསལ་བཤད་ཅིག་གནང་དགོས་པར་མཐོང་།

བོད་རང་བཙན་གླེང་མཁན་གྱི་རྒྱ་རིགས་འདི་ཚོས་རང་བཙན་གླེང་བ་ཡིན་ན་འཐོབ་འབྲས་ཅི་ཡང་མེད་ཀྱང་། ཁོ་ཚོས་དྲང་བདེན་དང་ཤ་ཚ་བའི་སྒོ་ནས་རྩོམ་ཡིག་སྤེལ་གྱིན་ཡོད། ཚའོ་ཁྲང་ཆིན་ལྟ་བུས་རང་བཙན་གླེང་བཞིན་དུ་རྒྱལ་བ་རིན་པོ་ཆེར་“ཏཱ་ལའི་བླ་མ་སྐུ་ཕྲེང་འདིའི་ཐུགས་གཤིས་དང་། མི་ལ་ཁེངས་སྐྱུང་གུས་ཞབས་བྱེད་ལུགས། གཞན་ལ་ཐུགས་ཁུར་གནང་སྟངས། གཞུང་དྲང་ཟོལ་མེད། ཐུགས་དགོངས་ཡངས་ཤིང་སྤྲོ་སྣང་གིས་ཕྱུག་པ། ད་དུང་གཞན་དང་གསུང་བཤད་གནང་དུས་ཀྱི་འགུག་ཤུགས་སོགས་སུས་ཀྱང་ལད་ཟློས་བྱེད་མི་ཐུབ་པའི་ཐུན་མོང་མ་ཡིན་པ་ཞིག་ཡིན། འདི་ལྟ་བུའི་འཛམ་གླིང་ཧྲིལ་བོར་མཚན་སྙན་ཁྱབ་ཅིང་ཀུན་གྱིས་དད་མོས་བྱེད་པའི་ཏཱ་ལའི་བླ་མ་ཞིག་མ་འོངས་བར་ཡོང་མི་སྲིད་་་།”ཅེས་གསུངས་འདུག སྤྱིར་བཏང་བཤད་ན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་རིགས་མཁས་པ་འདི་ཚོར་བཀའ་དྲིན་ཞུ་འོས་ཤིང་། གཟེངས་རྟགས་ཀྱང་སྤྲོད་དགོས་པ་ཞིག་ཆགས་ཡོད། འོན་ཀྱང་ལོ་ཁ་ཤས་ཀྱི་སྔོན་ལ་“བཙན་བྱོལ་བོད་གཞུང་”གིས་ལྦང་ང་ལི་ཞོང་ལྟ་བུར་སྣེ་ལེན་གྲ་རྒྱས་པོ་གནང་བ་མ་ཟད། རྒྱལ་བ་རིན་པོ་ཆེའི་རྗེས་སུ་འཁྲིད་དེ་བྱང་ཨ་རིར་ཕེབས་ནས་གཟེངས་རྟགས་སྤྲད་པ་མཐོང་བྱུང་ནའང་། སྐབས་དེར་དྲང་བདེན་དང་གནས་ལུགས་ལ་གཞོལ་བའི་ཚའོ་ཁྲང་ཆིན་དང་ཡོན་ཧོང་པེན་སོགས་མཐོང་རྒྱུ་མེད། ཕྱོགས་གཞན་ཞིག་ནས་བཤད་ན། ལམ་དབུ་མར་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་རིགས་ཚང་མ་བོད་ལ་ཤ་ཚ་ཡོད་མེད་སུས་ཤེས། དགོས་མཁོ་ཞིག་ལ་རྐྱེན་བྱས་ཏེ་བོད་དོན་གླེང་། དགོས་མཁོ་མེད་དུས་བོད་ཀྱི་བདེན་པ་འཁྱོག་བརྗོད་བྱས་ཡོད་པ་“བྱང་ཨ་རིའི་བོད་རྒྱ་མཛའ་འབྲེལ་གྱི་གསང་བ་”ལྟ་བུའི་རྩོམ་ཡིག་བཀླགས་ན་ཤེས་ནུས་པ་ཞིག་རེད།

སྐབས་རེར་བདག་གི་སེམས་ལ་རྒྱ་རིགས་ཚོའི་ནང་ན་ཁ་ཞེ་གཉིས་མེད་ཀྱི་ངང་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཅི་ཙམ་ཡོད་མེད་དང་། རྒྱ་རིགས་འདི་ཚོས་ལམ་དབུ་མར་རྒྱབ་སྐྱོར་བྱེད་དོན་ཅི་ཡིན་ནམ་སྙམ་པའི་དྲི་བ་ཞིག་ཀྱང་འཁོར། དེ་ནི་གཅིག་བྱས་ན་རྒྱ་རིགས་ཚོར་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་པས་ལོས་ཡིན། དེས་ན་ང་ཚོར་མི་རིགས་རིང་ལུགས་ཀྱི་ལྟ་བ་ཅི་ལ་མེད་པ་རེད། ལམ་དབུ་མའི་ལྟ་བ་ནི་རང་བདེ་གཞན་སྐྱིད་ཟེར་བ་བདེན་ཡང་། ང་ཚོས་རྒྱ་རིགས་ཚོར་བོད་རྒྱལ་ཁབ་སྤྲད་ནས་སྐྱིད་པོ་ཅིའི་ཕྱིར་གཏོང་དགོས་འཇུག་པ་རེད། སྐབས་རེར་འདས་པའི་ལོ་རྒྱུས་ནང་དུ་ང་ཚོས་ལམ་དབུ་མ་གླེང་བའི་སྟོབས་ཀྱིས་ལམ་དབུ་མའི་དྲི་མ་རྒྱ་རིགས་ཚོའི་སེམས་ལ་འགོས་པ་མིན་ནམ་སྙམ་པའི་ཚོར་བ་ཞིག་ཀྱང་སྐྱེས་བྱུང་། གང་ལྟར་ཡང་། ༡༩༧༨ལོ་ནས་ང་ཚོས་རང་སྐྱོང་མ་གླེང་བར་ད་ལྟའང་རང་བཙན་གླེང་གི་ཡོད་ན། དོན་དངོས་སུ་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚའོ་ཁྲང་ཆིན་དང་ ཡོན་ཧོང་པེན་ལྟ་བུའི་རྒྱ་རིགས་བཞི་བཅུ་ལྷག་ལས་མེད་པ་རེད་དམ། འདི་ལ་ཐུགས་གཟབ་གནང་དགོས་པར་མཐོང་ལ། མ་གཞི་ནས་ང་ཚོའི་སྤྱི་ཚོགས་ཁྲོད་དུ་རང་བཙན་གླེང་མཁན་ཚོར་དགྲ་ལྟར་བརྩི་བ་འདི་ཕྱོགས་གཅིག་ནས་ང་ཚོའི་སྒྲིག་འཛུགས་ཆུང་ཆུང་དེ་ཉམས་རྒུད་དུ་འགྲོ་བའི་སྔ་ལྟས་ཡིན་ལ། མ་གཞི་ནས་བླ་སྲོག་ཡལ་ཟིན་པའི་ང་ཚོའི་སྒྲིག་འཛུགས་ཀྱི་རུས་ཀོག་དེ་དག་ཀྱང་འཐོར་ལ་ཉེ་བའི་མཚམས་སུ་སླེབས་ཡོད་དོ།

བསམ་ཚུལ།

Post navigation

Previous Post: རྗེ་ཙོང་ཁ་པ་དང་ལྷོ་བྲག་གྲུབ་ཆེན་གྱི་འབྲེལ་བའི་སྐོར་གླེང་བ།
Next Post: རུས་རྐང་མཁྲེགས་པའི་མི་ཕོ།

Comments (17) on “ཚའོ་ཁྲང་ཆིན་གྱི་རྩོམ་ཡིག་ཅིག་ལས་འཕྲོས་པའི་བསམ་ཚུལ།”

  1. ལྷ་སྡེ་གནམ་ལོ་ཡག says:
    2015-03-31 at 8:09 pm

    རྩོམ་པ་པོ་ལགས་ཀྱིས་ཕྲན་གྱི་སྦྱར་མཆན་ལ་བོང་བ་གཟིགས་གནང་པར་བཀའ་དྲིན་ཤིན་ཏུ་ཆེ། འདི་ནི་དུས་སུ་བབས་པའི་བརྗོད་གཞི་ཞིག་དང་། བོད་རྒྱའི་གཞི་རིམ་འབྲེལ་གཏུག་བོད་ལ་ཕན་པའི་ཕྱོགས་སུ་བསྐུལ་འདེད་བྱེད་ཀྱི་ཡིན་ནམ། ཡང་ན། རྒྱ་དམར་གཞུང་གི་དམིགས་བྱའི་འོག་ཏུ་འཇུག་རྒྱུ་ཡིན་མིན་གྱི་གནད་དོན་ཞིག་རེད། ཚང་མས་དགོངས་ཚུལ་གསུང་རོགས།

  2. འཕྲུལ་གྱི་བཙན་པོ། says:
    2015-03-31 at 11:06 pm

    རྩོམ་པ་པོ་མཆོག་གིས་གསུངས་པ་ལ་ཤིན་ཏུ་འཐད། བཙན་བྱོལ་བོད་གཞུང་གིས་རང་བཙན་ནས་རང་སྲིད་རང་སྐྱོང་ལ་བསྒྱུར་བ་དང་བཙན་བྱོལ་བོད་གཞུང་ཡང་དབུས་བོད་མིའི་སྒྲིག་འཛུགས་ལ་བསྒྱུར། དེ་དང་དེ་བཞིན་དུ་སྔ་རབས་གཞུང་གི་ཐ་སྙད་མང་དག་ཅིག་དམར་གཞུང་དང་བསྟུན་ནས་བསྒྱུར་ཅི་ཐུབ་དང་། རྒྱ་རིགས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ག་ལེ་ག་ལེ་གཞུང་དང་ཐག་ཇེ་རིང་དང་། གཞུང་ཞབས་མགོ་གཉིས་ལ་ལ་ཞིག་གིས་གོ་སྐབས་འདི་དང་བསྟུན་ནས་རང་གི་ཁེ་ཕན་གང་ཡིན་ཆ་འཚལ་མོད། དགྲ་དགའ་གཉེན་སྡུག་གི་ལས་མང་པོ་བགྱིས་པ་གོ་ན་སེམས་ཤིན་ཏུ་སྐྱོ།

  3. རྒྱང་མིག says:
    2015-03-31 at 11:50 pm

    རྒྱ་རིགས་མཁས་པ་ཚའོ་ཁྲང་ཆིན་ནི་ང་རང་ཆེས་དགའ་སའི་དྲང་བདེན་གྱི་རྩོམ་པ་པོ་དང་དཔྱད་བརྗོད་པ། བསམ་བློ་བ་བཅས་ཡིན། ཁོང་གིས་བོད་ཐོག་བྲིས་པ་ནི་གཞན་གང་ཡང་མ་ཡིན་པར་ལོ་རྒྱུས་ཀྱི་བདེན་དོན་ལ་འགན་ཞིག་ཁྱེར་ནས་དངོས་ཡོད་ཀྱི་གནས་ལུགས་རྐྱང་བ་བརྗོད་ཀྱིན་འདུག

    ཁོང་གི་ལྷག་བསམ་དག་པའི་རྩོམ་ཡིག་དེ་འདྲ་ཞིག་རང་རེ་བོད་མི་ཚོའི་ཁྲོད་ནས་ཀྱང་ཐོན་དཀའ་ཚོད་རེད། “བོད་མིའི་རྨི་ལམ་ནི་རང་བཙན་ཡིན་”པ་དངོས་ཡོད་ཡིན། རྨི་ལམ་འདིའི་ཆེད་དུ་༧གོང་ས་མཆོག་གིས་དབུས་པའི་བོད་མི་མང་པོ་བཙན་བྱོལ་ལ་ཡོང་དགོས་བྱུང་བ་སྔོན་གྱི་ཡིག་ཆ་མང་པོའི་ནང་གསལ་བོར་འཁོད་ཡོད།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-04-01 at 1:32 am

    ་་་་་་་་་་ ༡༩༩༥ ལོར་ཚའོ་ཁྲང་ཆིན་གྱིས་“བོད་དེ་ནམ་ཞར་ཡང་རྒྱ་ནག་གི་མངའ་ཁོངས་ཆ་ཤས་མིན་”ཞེས་པའི་རྩོམ་ཡིག་ཅིག་བྲིས་ཡོད་པ་དེའི་ནང་དུའང་བོད་ནི་ཐང་རྒྱལ་རབས་དང་། སུང་། ཡོན། མིང་རྒྱལ་རབས་བཅས་ཀྱི་སྐབས་སུ་རྒྱ་ནག་གི་ཆ་ཤས་མིན་སྐོར་ལུང་དང་རིགས་པས་བསྒྲུབས་ཏེ་གསེད་བཀྲོལ་གནང་འདུག་པས། ཚའོ་ཁྲང་ཆིན་ནི་དྲང་བདེན་ལ་གཞོལ་བའི་མཁས་པ་ཞིག་དང་། དུས་ཚོད་ཅི་ཙམ་འགོར་ཡང་ཁོང་གི་བོད་དོན་ལྟ་ཚུལ་དེ་རྟག་བརྟན་འགྱུར་མེད་ཅིག་རེད་འདོད་བྱུང་། ་་་་་་་་་་་་་

  5. དཔལ་དོན། says:
    2015-04-01 at 1:49 am

    གཞི་རིམ་མང་ཚོགས་ཀྱིས་བསམ་བློ་འདི་ལྟར་བཏང་། འཁང་ར་འདི་ལྟར་བྱེད་ན་ཆོག་གི་རེད། བབ་རླིང་བརྟན་གསུམ་གྱིས་སྲིད་དོན་གྱི་ཕྱག་ལས་གནང་མཁན་ཞིག་ཡིན་ན། ཚོར་བའམ་བརྩེ་སེམས་ཀྱི་ངོས་ནས་རྣམ་པ་འདྲ་མིན་གྱི་སྒོ་ནས་ཤ་ཚ་བྱེད་མཁན་ཚང་མར་འཛམ་གླིང་ཡོངས་གསལ་དུ་གློ་རྒྱུ་མ་ཆ་ཚང་སྟོན་ཐབས་ཡོད་པ་མ་རེད། ཧ་ཧ་ཧ་ཧ་ཧ་ཧ

  6. དཔལ་དོན། says:
    2015-04-01 at 2:09 am

    ལྷ་སྡེ་གནམ་ལོ་ཡག་ལགས་ཀྱི་བསམ་བློ་གཏོང་སྟངས་ལ་རྒྱའི་ཤུགས་རྐྱེན་ཧ་ཅང་ཟབ་མོ་ཡོད། བོད་ཀྱི་བཤད་སྟངས་ལྟར་བྱས་ན་ཐམས་ཅད་མཁྱེན་པ་འཁྲབ་རྒྱུར་དགའ་ཙམ་འདུག ངས་དེ་སྔ་བོད་ལ་མགོ་བཏགས་པའི་རྒྱ་བློ་བཟང་བཀྲ་ཤིས་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་བོད་ཡིག་གི་དེབ་ཅིག་ལ་བལྟས་མྱོང་། བལྟས་ཀྱིན་བལྟས་ཀྱིན་གེ་སར་སྒྲུང་ཡིད་ལ་ཤར་ནས་ཡོང་གི་འདུག ཇི་ལྟར་ཟེར་ན་ས་ཁུལ་ག་གེ་མོ་རུ་གུང་དམག་དང་འཐབ་པ་ཡིན། མ་འཐབ་སྔོན་ལ་ཁོ་ཚོའི་བསམ་པར་འདི་ནས་ཡར་སོང་བ་ཡིན་ན་ང་ཚོའི་འཇབ་དམག་ཡོད་པ་མ་རེད་དྲན་ཡོད་རེད་ལྟ་བུ། ཡང་། གུང་དམག་གིས་འདི་ལྟར་བསམ་ནས་ཅིག་བྱས་པས་ང་ཚོས་ཕར་རྒོལ་ཡག་པོ་བྱེད་ཐུབ་སོང་ལྟ་བུ། འབྲེལ་འདྲིས་གང་ཡང་མེད་པའི་དགྲ་ཁ་གཏད་ཕན་ཚུན་གྱི་བྱུང་བ་འབྲི་དུས་ཕར་ཕྱོགས་ཀྱི་བསམ་བློ་འདི་རེད། གན་རེད་ཅེས་ཚང་མ་མཁྱེན་ཡོད་པ་ལྟ་བུ་ཞིག་ཡིན། ཡིན་ཡང་། དེ་ལ་ཁུངས་སྐྱེལ་ཡང་མི་འདུག དཔེར་ན་སྐད་གྲགས་ཅན་གྱི་རྩོམ་པ་པོ་ཟེར་བའི་ལྷ་སྡེ་གནམ་ལོ་ཡག་གི་མཆན་ལྟ་བུ་རེད། ཧ་ཧ་ཧ

    སྐུ་ཞབས་ཚོ་ཁྲང་ཆིང་ལྟ་བུའི་དྲང་བདེན་གྱི་བསམ་བློ་ཡོད་པ་དང་དྲང་བཤད་ཕོད་པའི་རྒྱ་རིགས་མཁས་པ་ཟེར་བ་འདི་དག་དེང་སང་ངྷ་རམ་ས་ལས་མི་ཉེན་ཁ་ཅན་ལ་ཇི་ལྟར་བརྩི་བཞིན་པ་དང་། སུ་ཞིག་དེའི་དངོས་དཔེ་རུ་གྱུར་ཡོད་པ་རེད་དམ། ཞེས་སྐུ་ཞབས་གནམ་ལོ་ཡག་ལ་ཚ་འདེད་ཀྱི་བཀའ་འདྲི་ཞིག་ཞུས་པ་ཡིན་ན་ལན་ཡོད་དམ། ཕལ་ཆེར་ཁོང་གིས་མཆན་འདི་མ་མཐོང་ཁུལ་བྱས་ནས་ཁ་ཁུ་སིམ་པོར་སྐུ་ཞབས་ཡན་ཧུང་ཕེན་མཉམ་དུ་ཞལ་རག་མཆོད་ནས་བཞུགས་སྲིད། ཧ་ཧ་ཧ་་

    ངས་བལྟས་ན་རྡ་སའི་བོད་གཞུང་གིས་ཁོ་ཚོར་འབྲེལ་བ་མི་བྱེད་པ་གནས་ལུགས་དང་མཐུན་པ་ཞིག་རེད། ཡིན་ཡང་། གཡོལ་མྱོང་འེ་ཡོད། དེ་ལའང་ཁུངས་སྐྱེལ་ཅིག་ཡོད་དམ།

    དེ་ལས་གཞན་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་རྒྱ་རིགས་ཡི་གེ་འབྲི་མཁན་ཁག་ཅིག་ཡོད་པ་དག་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་བྱེད་དགོས་དོན་ཡོད་དམ། གལ་སྲིད་ཁོ་ཚོ་བོད་རིགས་ཁྲོད་མཇལ་འཕྲད་གནང་ས་ཞིག་དགོས་ན་གཞོན་ནུ་ཚོགས་པའི་ཚོགས་གཙོ་ཡོད་ཡོད་པ་རེད། སྲིད་ཇུས་ལངས་ཕྱོགས་ཀྱང་མཐུན་པོ་རེད། དེ་མིན་ན་སྲིད་སྐྱོང་ལ་མཇལ་ཀྱང་འཐུས་པ་རེད། ཅིའི་ཕྱིར་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་ཚུལ་དང་མི་མཐུན་བཞིན་དུ་མཇལ་བཅར་ལ་འཚང་ཁ་རྒྱག་བཞིན་ཡོད་པ་རེད། འདི་མགོ་མི་ཚོས་པ་ཞིག་རེད།

    ད་དུང་ཚའོ་སྐུ་ཞབས་ཀྱིས་བཤད་ཡམས་ཤིག་ལ་ཅིག་བཤད་བསམ་ཡང་བཤད་ས་བོད་ཡིག་སྟེང་མིན་པ་འདྲ། ཧ་ཧ་ཧ་་་་དྲི་བ་འདི་སྐུ་ཞབས་གནམ་ལོ་ལགས་ལ་རྩོམ་སྐུལ་ཞིག་ཏུ་འགྱུར་བར་སྨོན།

  7. ཁུ་བྱུག says:
    2015-04-01 at 3:47 am

    རང་བཙན་བཤད་མཁན་གྱི་རྒྱ་རྒན་ཚོའང་བོད་ལ་ཤ་ཚ་དང་བསམ་པ་རྣམ་དག་རེད་ཅེས་གླེང་མི་ཐུབ་སྟེ། བོད་ཀྱི་གནད་དོན་ལ་འགན་ཁུར་བཞིན་ཡོད་ན། ༸གོང་ས་མཆོག་གི་རླབས་ཆེའི་དགོངས་བཞེད་དང་། བོད་མི་མང་ཆེ་བའི་མངོན་འདོད་རང་སྐྱོང་དང་། རྒྱལ་སྤྱིའི་རྒྱབ་སྐྱོར་བཅས་གང་ལ་ཡོད་པ་ཤེས་ནས་ལངས་ཕྱོགས་དང་བལྟ་བའི་སྐོར་བསམ་ཚུལ་སྤེལ་དགོས། རྒྱལ་རབས་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་རྒྱལ་ཁབ་མང་པོ་ཞིག་རང་སྐྱོང་འོག་གནས་ན་དགེ་མཚན་མཐོང་ནས་རང་བཙན་བསྐྱུར་ཞིང་། གདོད་མ་ནས་རྒྱལ་ཁབ་གཅིག སྐད་ཡིག་གཅིག ཡུལ་སྲོལ་གོམས་གཤིས་སོགས་གཅིག་ཡིན་བཞིན་དུ་རྒྱལ་ཁབ་དེ་དང་ཁ་བྲལ་ནས་རང་བཙན་བྱས་པའི་རྒྱལ་ཁབ་ཀྱང་མི་ཉུང་བ་ཞིག་ཡོད་ན། རང་བཙན་དང་རང་སྐྱོང་གང་རུང་མིའི་མངོན་འདོད་དང་མཐུན་པར་སྒྲུབ་སླ་ཞིང་། གཞན་གྱི་རྒྱབ་སྐྱོར་ཚད་མཐོ་ལྡན་ཕྱིར། བསྒྲུབ་དགོས་པར་མཐོང་། ལྷག་ཏུ་རྒྱ་གུང་ཁྲན་གྱི་མེ་ལྕེ་རྒྱ་ནག་ནང་དུ་ཤུགས་ཆེར་འབར་འགོ་འཛུགས་དུས་ནས་ཁྱིམ་མཚེས་རྒྱ་གར་དང་། མཐུན་གྲོགས་ཨ་རི་སོགས་ཀྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ནི། རང་བཙན་གཙང་མའི་རྒྱལ་ཁབ་རང་ཡིན་ཀྱང་། བོད་མིར་རང་བཙན་བྱེད་རྒྱུའི་ནུས་པ་མེད་པ་ཤེས་འཕྲལ་རྒྱ་འོག་ཡིན་པའི་རྫུན་དེ་བཙན་སྒྲིག་མ་བྱས་མཐུ་མེད་གྱུར་བའི་གནད་འགག་དེ། བདག་གིས་ཁུངས་མེད་ཅ་ཅོ་སྒྲོག་པ་མིན་པར་དབྱིན་ཇིའི་རྒྱལ་ཆ་ལོན་གྲོན་གྱི་དཔེ་ཁང་ནང་ཡིག་ཆ་དེ་དག་འདུག་ཟེར། རང་བཙན་ལ་འདོད་མོས་དང་རྒྱབ་སྐྱོར་མཁན་ཚང་མས་ཞིན་འཇུག་གིས་རང་བཙན་གླེང་ན་རེད།

  8. ཁུ་བྱུག says:
    2015-04-01 at 4:15 am

    དབྱིན་ཇིའི་རྒྱལ་ཆ་ཞེས་པ་༼རྒྱལ་སར༽བཅོས་གནང་།

  9. ཀརྨ་བློ་གསལ་ says:
    2015-04-01 at 4:24 am

    གལ་སྲིད་བོད་ལ་སྔར་གྱི་རང་བཙན་བསྐྱར་གསོ་བྱེད་པར་རྒྱབ་བསྐྱོར་ཡོད་མཁན་ཚོར་ནོར་འདུག་ན། སྔར་བཙན་བྱོལ་གནང་མཁན་དེ་དག་ནོར་སོང་བ་རེད་མ་གཏོགས་གཞན་ཅང་མ་རེད། རང་སྐྱོང་འོག་ནས་དགེ་མཚན་ཡོད་པ་བདེན་ན་སྔར་ག་རེ་བྱས་ནས་རང་སྐྱོང་འོག་མ་བསྡད་པར་བོད་པ་ས་ཡ་ལྷག་གི་གཅེས་སྲོག་དོན་མེད་དུ་མེད་བརླག་བྱེད་དུ་བཅུག་པ་རེད། ད་ཡེ་ཤེས་དབྱིངས་དཔྱད་མཚམས་འཇོག་རན་མེད་དམ། ཁ་སང་ཞིས་ཅིན་ཕིང་གིས་བལ་གཞུང་ལ་བཀའ་ཕབ་ནས་བོད་པ་གཉོམ་ཆུང་ཚོས་རྡུང་རྡེག་གཟེད་དགོས་པ་བཟོས་འདུག་ག ད་བོད་པ་ཚོ་མ་གྱུར་སེམས་ཅན་གྲལ་དུ་མེད་ཀྱང་ཤ་ཁྲག་འབུལ་མཁན་གྱི་གྲས་ཡིན་པས། སྙིང་རྗེ་ཏིལ་ཙམ་འཁོར་རན་མེད་དམ།

  10. ཀརྡོ་གཉེར་ཕྱག་པ་ says:
    2015-04-01 at 5:30 am

    བོད་སྐད་སྡེ་ཚན། | གསར་འགྱུར།

    བལ་ཡུལ་གཞུང་གིས་བོད་མིར་དམ་དྲག་བྱེད་རྒྱུ་རྒྱ་ནག་ལ་ཁས་ལེན།
    2015-03-31 གློག་འཕྲིན། མཆན། འགྲེམ་སྤེལ། པར་བཀོད།
    པར་བཀོད། འགྲེམ་སྤེལ། མཆན། གློག་འཕྲིན། བལ་ཡུལ་ཉེན་རྟོག་པས་བོད་མི་ལས་འགུལ་བ་འཇུ་བཟུང་བྱེད་བཞིན་པ། ༢༠༠༨།༨།༡༤
    བལ་ཡུལ་ཉེན་རྟོག་པས་བོད་མི་ལས་འགུལ་བ་འཇུ་བཟུང་བྱེད་བཞིན་པ། ༢༠༠༨།༨།༡༤
    ཀླུ་འབུམ།
    རྒྱ་ནག་གིས་བལ་ཡུལ་ལ་དཔལ་འབྱོར་གྱི་རོགས་རམ་བྱེད་རྒྱུའི་ཁས་ལེན་དང་བལ་ཡུལ་གྱིས་བོད་མིར་དམ་དྲག་བྱེད་རྒྱུའི་ཁས་ལེན་བྱས་འདུག
    དེ་ཡང་རྒྱ་ནག་གཞུང་གིས་བལ་ཡུལ་ལ་རྨང་གཞིའི་འཛུགས་བསྐྲུན་དང་ཆུ་ཤུགས་གློག་འདོན་གྱི་ལས་འཆར་ཆེད་དཔལ་འབྱོར་གྱི་རོགས་རམ་ཆེན་པོ་བྱ་རྒྱུའི་ཁས་ལེན་བྱས་པ་དང་། བལ་ཡུལ་གཞུང་གིས་བལ་ཡུལ་ནང་བོད་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་མུ་མཐུད་དམ་བསྒྲགས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་PTIརྒྱ་གར་དབུས་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག དེ་ནི་རྒྱ་ནག་གི་སྲིད་འཛིན་ཞེ་ཅེན་ཕེན་དང་བལ་ཡུལ་གྱི་སྲིད་བློན་Ram Baran Yadavགཉིས་ཉེ་ཆར་རྒྱ་ནག་གི་ཧུའུ་ནན་ཞིང་ཆེན་གྱི་ནང་ཚུགས་པའི་ཨེ་ཤི་ཡའི་གནད་དོན་ཐད་ཀྱི་སྦའོ་གླེང་སྟེགས་ཞེས་པའི་ཚོགས་འདུའི་ཞོར་དུ་མཇལ་འཕྲད་གནང་བ་དང་། རྒྱ་ནག་གི་སྲིད་འཛིན་ཞེ་ཅེན་ཕེན་གྱིས་བལ་ཡུལ་ལ་རྒྱ་སྒོར་ས་ཡ་དགུ་བརྒྱ་ཐམ་པའི་རོགས་རམ་བྱ་རྒྱུའི་ཁས་ལེན་གནང་ཡོད་འདུག བལ་ཡུལ་ཕྱི་སྲིད་ལྷན་ཁང་གི་མི་སྣས་བརྗོད་དོན་ལྟར་ན། རོགས་དངུལ་དེ་དག་བལ་ཡུལ་དང་བོད་དབར་གྱི་རྒྱང་ཐག་སྤྱི་ལེ་༡༡༥ཙམ་ཡོད་པ་ཨ་ར་ནི་ཀོ་ཟེར་བའི་ལམ་ཆེན་ཉམས་གསོ་དང་། བལ་ཡུལ་ནང་གི་རྨང་གཞིའི་འཛུགས་བསྐྲུན་གྱི་ལས་གཞི། གཞན་ཡང་ཆུ་ཤུགས་གློག་འདོན་ལས་འཆར་སོགས་ཀྱི་ཐོག་གཏོང་རྒྱུ་ཡིན་པ་བརྗོད་འདུག
    ལས་འཆར་རོགས་རམ་གྱི་དངུལ་འབོར་འདི་ནི་རྒྱ་ནག་གིས་བལ་ཡུལ་ལ་ལོ་ལྟར་ཨ་སྒོར་ས་ཡ་ཉི་ཤུ་རྩ་བཞི་སྤྲོད་བཞིན་པ་དེ་ཚུད་ཀྱི་མེད་པ་རེད།
    རྒྱ་ནག་གི་སྲིད་འཛིན་དང་བལ་ཡུལ་གྱི་སྲིད་བློན་མཇལ་འཕྲད་སྐབས་རྒྱ་ནག་གི་སྲིད་འཛིན་གྱིས་བལ་ཡུལ་གྱི་ངོས་ནས་བོད་དང་ཐེ་ཝན་ལ་སོགས་པའི་དགག་རྩའི་རང་བཞིན་ཅན་གྱི་རྒྱ་ནག་གི་སྲིད་ཇུས་ཁག་ལ་རྒྱབ་སྐྱོར་བརྟན་པོ་གནང་པར་དགའ་བསུ་ཡོད་ཅེས་བརྗོད་འདུག་ལ། ལྷག་པར་དུ་ཞེ་ཅིན་ཕེན་གྱིས་བལ་ཡུལ་གྱི་ངོས་ནས་བལ་ཡུལ་གྱི་ས་ཐོག་ནས་རྒྱ་ནག་ཁ་བྲལ་གྱི་ལས་དོན་རིགས་སྤེལ་མ་འཇུག་པར་ཐུགས་རྗེ་ཆེ་ཞུས་འདུག འདི་ནི་བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་བོད་མི་ཚོར་བལ་ཡུལ་གྱི་ས་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པར་རྒྱ་ནག་གི་སྲིད་འཛིན་གྱིས་དགའ་བསུ་ཞུ་དོན་མཚོན་པ་ཞིག་ཏུ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད། བལ་ཡུལ་གྱི་སྲིད་བློན་གྱི་ངོས་ནས་ཀྱང་བལ་ཡུལ་གཞུང་གིས་མུ་མཐུད་ལས་དོན་དེ་རིགས་སྤེལ་མི་འཇུག་རྒྱུའི་ཁས་ལེན་ཡང་བྱས་ཡོད་འདུག

    གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

  11. ཅོ་རི་ཉི་མ། says:
    2015-04-01 at 8:20 am

    སྙན་བཟང་གཡུང་དྲུང་ཚེ་རིང་ལགས། ཁྱོད་ཀྱིས་གསུངས་པའི་བཀའ་མོལ་ལ་རྒྱབ་སྐྱོར་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་མི་དྲང་བདེན་ཅན་འདི་དག་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་འབྲེལ་བ་ཡོད་པ་ཞིག་བཟོ་ཐུབ་ན་ཡག་པོ་ཡོད་ས་རེད་བསམས་ཀྱི་འདུག རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་རིགས་འདི་དག་ལ་ཐུགས་རྗེ་ལེགས་འབུལ་ཞུ་དགོས་ནའང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་མིང་ཐོག་ནས་བྱེད་ན་ཡག་པོ་ཡོང་ས་བསམས་བསམས་དྲན་གྱི་འདུག བསམ་ཚུལ་ཙམ་ཡིན།

  12. གངས་ལྡོམ། says:
    2015-04-01 at 9:20 am

    རང་བཙན་རྒྱབ་སྐྱོར་རྒྱ་རིགས་མཁས་དབང་དག་ལས་བསླབ་བྱ་ལེན་དགོས་བསམ།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-04-01 at 9:28 am

    ་་་་་་་་་་་་་ བལ་ཡུལ་གཞུང་གིས་བལ་ཡུལ་ནང་བོད་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་མུ་མཐུད་དམ་བསྒྲགས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་PTIརྒྱ་གར་དབུས་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ་་་་་་་་་་་་་་་་
    ་་་་་་་་་་་་་་ བལ་ཡུལ་ཕྱི་སྲིད་ལྷན་ཁང་གི་མི་སྣས་བརྗོད་དོན་ལྟར་ན། རོགས་དངུལ་དེ་དག་བལ་ཡུལ་དང་བོད་དབར་གྱི་རྒྱང་ཐག་སྤྱི་ལེ་༡༡༥ཙམ་ཡོད་པ་ཨ་ར་ནི་ཀོ་ཟེར་བའི་ལམ་ཆེན་ཉམས་གསོ་དང་། བལ་ཡུལ་ནང་གི་རྨང་གཞིའི་འཛུགས་བསྐྲུན་གྱི་ལས་གཞི། གཞན་ཡང་ཆུ་ཤུགས་གློག་འདོན་ལས་འཆར་སོགས་ཀྱི་ཐོག་གཏོང་རྒྱུ་ཡིན་པ་བརྗོད་འདུག
    ལས་འཆར་རོགས་རམ་གྱི་དངུལ་འབོར་འདི་ནི་རྒྱ་ནག་གིས་བལ་ཡུལ་ལ་ལོ་ལྟར་ཨ་སྒོར་ས་ཡ་ཉི་ཤུ་རྩ་བཞི་སྤྲོད་བཞིན་པ་དེ་ཚུད་ཀྱི་མེད་པ་རེད། ་་་་་་་་་་་་་་་་

  14. ཀརྡོ་གཉེར་ཕྱག་པ་ says:
    2015-04-01 at 9:30 am

    རྒྱ་གཞུང་དང་བལ་གཞུང་གཉིས་ཀྱིས། རྒྱལ་སྤྱིའི་སྟེང་དུ་ཞབས་འདྲེན་ཞུ་སྟངས་ལ་གཟིགས་དང་། བོད་མི་ཚོ་སེམས་ཤུགས་མ་ཆག་ཅིག

  15. ཀརྨ་བློ་གསལ་ says:
    2015-04-02 at 5:47 am

    ད་ཡིན་ན་ག་འདྲ་འདུག ཞིས་ཅིན་ཕེན་གྱིས་བཙན་བྱོལ་མཐོ་རིམ་སྐུ་དྲག་ཚོར་འགྲམ་ལྕག་བཞུས་འདུག་ག གོང་ས་མཆོག་གིས་ཀྱང་མ་ཐོས་མ་མཐོང་ཚུལ་མི་གནང་བར་སྐྱབས་འཇུག་ཞུ་མཁན་ལ་སྤྱི་འཐུས་ཚོ་ཡོག་མ་རེད་དམ།

  16. གངས་ཕྲུག། says:
    2015-04-02 at 7:38 am

    རྒྱ་ནག་གཞུང་གིས་བལ་ཡུལ་ལ་གནང་སྟངས་འདི་དབུ་མའི་ལམ་གྱིས་བོད་རྒྱའི་དཀའ་སེལ་མྱུར་ལམ་འཆར་ཡོང་བ་རེེད་དམ།

  17. ིརིག་པའི་བུ says:
    2015-04-06 at 7:59 am

    དྲང་བདེན་ལ་དགའ་མཁན་གྱི་བོད་མི་ཞིག་དང་། བོད་ཀྱི་ཚོགས་པ་ཞིག་ཡིན་ཕྱིན་ཚའོ་ཁྲོང་ཆིན་དང་ཝ་རི་སི་མན་གྱི་རྩོམ་ལ་བྱ་དགའ་སྤྲད་དགོས་ཀྱིན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme