Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚན་རིག་དང་སེམས་གཤིས་ཀྱིས་གོ་ལར་བསྐྲུན་པའི་འཇིགས་སྔངས།

Posted on 2013-03-302013-03-30 By ཁ་བརྡ་ 10 Comments on ཚན་རིག་དང་སེམས་གཤིས་ཀྱིས་གོ་ལར་བསྐྲུན་པའི་འཇིགས་སྔངས།

སེར་ཤུལ་རིན་ཆེན་དོན་གྲུབ།

སྤྱི་ལོ་༢༠༡༢ ལོའི་ཟླ་༡༡ པའི་ཚེས་༣༡ ནས་ཟླ་༡༢ པའི་ཚེས་༣ བར་དུ་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་པ་ཆེན་པོའི་གླིང་དུ་ཕྱི་རྒྱལ་ནས་ཆེད་དུ་གདན་ཞུས་བྱས་པའི་ཚན་རིག་གི་ཆེད་མཁས་པ་ཁག་ཅིག་དང་བོད་ཀྱི་ཚན་རིག་ཆེད་སྦྱོང་གི་སློབ་ཐོན་པ་ཁག་ཅིག་དང་མཉམ་དུ་དངོས་ཁམས་ཚན་རིག་གི་ནང་ཚན་(སྣོད་བཅུད་རྟེན་འབྲེལ་རིག་པའི)་སྐོར་གྱི་ཟབ་སྦྱོང་ཞིག་ལ་ཞུགས་པའི་སྐལ་བ་བྱུང་། ཐེངས་འདིའི་ཟབ་སྦྱོང་དེ་ནི་གདན་ས་ཁག་གི་དགེ་འདུན་པ་ཚོར་ཆེད་དུ་ཚན་རིག་གི་ཟབ་སྦྱོང་སྤྲད་པ་ཐེངས་བཞི་བ་དེ་རེད་འདུག ནང་གསེས་བརྗོད་བྱ་ཁག་ནི།
༡༽ མིས་དབང་སྒྱུར་བྱས་པའི་དུས་རབས་དང་སྣོད་བཅུད་རྟེན་འབྲེལ་རིག་པ།
༢༽ གནམ་གཤིས་རིག་པའི་དགོས་ངེས།
༣༽ ནང་ཆོས་དང་སྣོད་བཅུད་རྟེན་འབྲེལ་རིག་པ།
༤༽ ཁོར་ཡུག་གི་ཀུན་སྤྱོད་རྣམ་བཞག
༥༽ སྐྱེ་ལྡན་རྫས་སྦྱོར་རིག་པའི་འཁོར་འགྱུར།
༦༽ སྲོག་ལྡན།
༧༽ སྣོད་བཅུད་རྟེན་འབྲེལ་རིག་པའི་ངོ་སྤྲོད་བཅས་རེད། བརྗོད་གཞི་འདི་དག་གི་སྐོར་ངོ་སྤྲོད་དང་བགྲོ་གླེང་ལྷུག་པོར་བྱས་པ་བརྒྱུད་ང་ལ་གོ་རྟོགས་ཤིག་རྙེད་པ་ནི་སྣོད་བཅུད་རྟེན་འབྲེལ་རིག་པའི་གོ་བའི་ཟབ་ཚད་ཀྱི་རྒྱ་ཁྱོན་དུ་ནང་དོན་བསམ་བློ་རིག་པའི་གཡོ་འགུལ་གྱི་སྒུལ་ཤུགས་ཁྱབ་ཡོད་པ་དང་ཚན་རིག་པ་ཚོར་བསམ་བློའི་སྒུལ་ཤུགས་ཀྱི་རིག་གནས་འདིའི་ཤེས་ཚད་མ་ལོངས་པའི་དབང་གིས་གང་ཞིག་ན་འགག་བཞིན་པ་དང་གང་ཞིག་ན་སློབ་སྟོན་གྱི་ནུས་ཤུགས་འཛད་བཞིན་པའི་་གནས་ལུགས་ཇེ་གསལ་ནས་ཇེ་གསལ་དུ་འགྱུར་བཞིན་པ་འདི་རེད། ཚན་རིག་པ་དག་གིས་འགྲེལ་བཤད་ལྟར་ན་སྣོད་བཅུད་ཀྱི་ནུས་ཤུགས་སྐྱེ་འཕེལ་གྱི་སྒོ་མོ་ཡོངས་རྫོགས་འགྲོ་བ་མིའི་འདོད་རྔམ་དང་ཧམ་ཤེད་ཀྱིས་རྩ་གཏོར་བཏང་བ་དང་དུས་མཚུངས་སུ་བཟོ་གྲྭ་དང་འཕྲུལ་ལས་རིག་པའི་མིའི་འདོད་རྔམས་ཀྱི་མེ་ལྕེ་ལ་སྐུལ་ལྕག་གིས་ནུས་ཤུགས་བསྐྲུན་ཏེ་ད་སྐབས་འགྲོ་བ་མིའི་འཚོ་རྟེན་སྣོད་ཀྱི་གོ་ལ་དང་ཁོང་ཅག་གིས་འདོད་པའི་སྲོག་ལྡན་གྱི་གོ་ལ་ཡོངས་རྫོགས་ཉམ་ཉེས་ཀྱི་ཀློང་དུ་ཚུད་ཡོད་པར་བཤད།

ངས་ཁོ་ཚོར་ཡང་དང་བསྐྱར་དུ་ཅིའི་ཕྱིར་ཚན་རིག་པ་དག་གིས་ཤེས་བཞིན་དུ་འཕྲུལ་ལས་དར་སྤེལ་དང་། དེ་ལ་བརྟེན་པའི་གོ་ལ་སྦགས་བཙོག མིའི་འགྲོ་བ་དག་གི་འཚོ་གནས་གཏོར་སྐྱོན་གྱི་ལས་གཞི་འདི་ལྟར་བརྩམས་པ་རེད་དམ་ཞེས་དྲིས་པ་ཡིན། ཁོང་ཚོའི་དེ་ལ་ལན་གཅིག་རང་གཅིག་ཡོད་པ་ནི་དེ་ནི་མིའི་སེམས་ཁམས་ཀྱི་ཆོས་ཉིད་རང་བཞིན་གྱི་འདོད་རྔམ་ལ་ཐུག་ཡོད་པས་ཅི་བྱ་ཟེར། ད་གཟོད་ངེས་ཤེས་གཏིང་ཟབ་མོ་ཞིག་རྙེད་པ་ནི་མིའི་འགྲོ་བ་དག་གི་དགོས་མཁོའི་རང་བཞིན་གྱི་དོན་དངོས་ལག་ལེན་གྱི་ཁྲོད་ནས་དངོས་གཙོ་རིག་པའི་སྒྲོམ་གཞིའི་ཁ་གསབ་ཏུ་སེམས་གཤིས་རིག་པའི་གྲུབ་ཆ་དགོས་ངེས་ཡིན་པའི་གནས་ལུགས་དམར་རྗེན་རྗེན་དུ་འགྱུར་བཞིན་པ་དེའོ།། ང་ཚོས་སེམས་སྦྱོང་བརྡར་གྱི་ལས་རིམ་འདི་ནང་བའམ་ཡང་ན་ཆོས་པ་དང་གྲྭ་བཙུན་གྱི་སྒེར་ཆོས་ཙམ་དུ་མ་བཞག་པར་སྤྱི་ཚོགས་རང་བཞིན་གྱི་རིག་གཞུང་ཞིག་དང་ཚན་རིག་རང་བཞིན་གྱི་རིག་གཞུང་ཞིག་གི་ངོ་བོར་བཞེངས་བསྐྲུན་ཀྱིས་ལས་འཆར་སྤེལ་ཐུབ་པ་ཡིན་ན་ད་གཟོད་དངོས་གཙོ་སྨྲ་བ་དང་ཚན་རིག་པས་ཉེན་ཁར་ངོས་འཛིན་བྱས་པའི་འདོད་རྔམ་རིང་ལུགས་ཀྱི་ནུས་པ་ཆུང་དུ་གཏོང་ཐུབ་པ་དང་། སེམས་གཤིས་ཚོད་འཛིན་གྱི་རིག་གཞུང་ལག་ལེན་དུ་འགེལ་བའི་སྟོབས་ཤུགས་འདི་སྣོད་བཅུད་རྟེན་འབྲེལ་རིག་པའི་ཁྱབ་ཚད་ཀྱི་སྒྲོམ་གཞིར་མཐུད་འབྲེལ་ཐུབ་པ་ཡིན་ན་འགྲོ་བ་མིའི་དགོས་མཁོའི་རང་བཞིན་གྱི་འཚོ་བཅུད་ལ་ཁ་གསབ་ཡང་དག་པ་ཞིག་བྱེད་ངེས་པའི་རྒྱུ་མཚན་གྱི་གནས་ལུགས་ཅི་ཡང་མཐོང་ཡོང་།
སྤྱིར་བཏང་སེམས་གཤིས་ཚོད་འཛིན་དང་། སེམས་ལེགས་བཅོས། སེམས་ཀྱི་ནུས་པའམ་ཁ་ཕྱོགས་གོང་འཕེལ་བཅས་ཀྱི་སྒོ་ནས་འདོད་རྔམ་རིང་ལུགས་ཀྱི་ནུས་པ་ཉམས་དམས་སུ་གཏོང་བ་དང་ཆབས་ཅིག་ཏུ་ཞི་བདེ་དང་། འགྲོ་བ་མིའི་བདེ་དོན་གོང་འཐོར་གཏོང་ཐུབ་པའི་གནས་ལུགས་རྟོགས་མཁན་ནི་ཧང་ཅང་ཉུང་ཉུང་ཞིག་ལས་མེད་ལ། དེ་ལས་ཀྱང་སེམས་ཀྱི་ཉམས་ལེན་ཁ་ནས་བཤད་པ་ལས་དོན་དངོས་ཀྱི་ལག་ལེན་པ་ཆེས་ཉུང་ཉུང་ཞིག་ལས་མེད་པས་རྒྱུ་མཚན་གྱིས་སེམས་ཀྱི་ཉམས་ལེན་དང་། སྒོམ་སྒྲུབ་ཀྱིས་མིའི་བདེ་སྐྱིད་རྩོད་ལེན་གྱི་འདུ་ཤེས་དེ་ནི་རྟོག་སྣང་གི་རི་མོ་མཛེས་ཤིང་སྡུག་པ་ཞིག་ཏུ་བསམ་མཁན་ཡང་ཇེ་མང་ནས་ཇེ་མང་དུ་གྱུར།

འོན་ཀྱང་བླ་ན་མེད་ནང་བསྟན་ཆོས་ལུགས་ཀྱི་ཡང་དག་པའི་དབུ་འཁྲིད། འཇིག་རྟེན་ཞི་བདེའི་འདྲེན་པ་ཆེན་པོ་མཆོག་གི་ཡང་དག་པའི་ལམ་སྟོན་འོག་ནས་དུས་རབས་ཉི་ཤུ་རྩ་གཅིག་པའི་ལང་ཚོའི་འཛུམ་ཞལ་ཁྲོད་དུ་སེམས་ནུས་རིག་པའི་དགེ་མཚན་གྱི་རིན་ཐང་མངོན་མཐོར་གྱུར་བ་དང་། དངོས་ཁམས་རིག་པའི་ནུས་ཤུགས་ཁོ་ནས་འཚོ་གནས་རིན་ཐང་གི་ནུས་པ་ཕྱོགས་ཡོངས་ནས་ཆ་ཚང་བའི་ཕྱོགས་སུ་འདེགས་ཐབས་མེད་པའི་བདེན་དཔང་ཇེ་མང་དུ་གྱུར། དུས་མཚམས་དེ་འདྲ་ཞིག་ལ་ད་བར་སུས་ཀྱང་བསམ་པ་དང་། བཤད་མ་ཕོད་པའི་ནང་བསྟན་རིག་པའི་གཞུང་ལུགས་ཀྱི་གྲུབ་དོན་ཏེ་སེམས་དང་འདུ་ཤེས་བཅོས་སྒྱུར་གྱི་ལས་བྱ་འདིར་ཚན་རིག་པ་དག་གིས་དོ་སྣང་ཆེས་ཆེར་བྱས་པ་དང་དུས་མཚུངས་སུ་བླ་ན་མེད་པའི་ལམ་སྟོན་གྱི་བཀའ་དྲིན་ཡང་ཡང་ཆེ་བའི་ནུས་ཤུགས་ཁོ་ནས་མཚན་ཉིད་རིག་པའི་མ་ཡུམ་གདན་ས་ཆེན་པོ་ཁག་དུའང་དངོས་ཁམས་རིག་པའི་ཚན་རིག་གི་གོ་རྟོགས་གསར་བ་དེ་ཚོར་དོ་སྣང་དང་། རྒྱུས་ལོན་གྱི་ཚ་རླབས་འཕྱུར་འགོ་བརྩམས། སེམས་དང་དངོས་པོའི་གནས་ལུགས་འཚོལ་ཞིབ་ཀྱི་ལམ་ནས་འགྲོ་བ་མིའི་བདེ་དོན་སྒྲུབ་ཕྱོགས་ཀྱི་ཐབས་ལམ་མང་དུ་གཏོང་བ་འདི་ནི་ཆོས་ལུགས་བྱེ་བྲག་པ་དང་། མི་རིགས་བྱེ་བྲག་པ་རེའི་འདོད་མོས་ཙམ་གྱི་ཆེད་དུ་མ་ཡིན་པར་བདེ་སྐྱིད་འཚོལ་སྙེག་བྱེད་པའི་སྲོག་ལྡན་ཡོངས་ཀྱི་དགོས་ངེས་རང་བཞིན་གྱི་ལས་སུ་བྱ་ཉིད་དུ་ངེས་ན་ཡང་གོ་རྟོགས་འདིས་དབུལ་བའི་ཆེ་གེ་མོ་ལ་ནི་ཕྱོགས་ཞེན་ཉི་ཚེ་བ་རེའི་སྐྱབས་འོག་ནས་ད་དུང་ང་ཁོ་ན་མཆོག་གོ་ཟེར་ནས་ལོང་ལྡིང་བྱེད་བཞིན་འདུག དེ་ཚོ་གུ་ཡངས་ཀྱི་འདུ་ཤེས་སྟོང་ཞིང་། ཕྱོགས་ཞེན་གྱིས་དབང་སྒྱུར་ཁོ་ནར་སྐྱབས་བཅོལ་དྲགས་པས་རེད། དེ་བས་ང་ཚོས་རིན་ཐང་དང་ཕྱོགས་ཞེན་གྱི་ལྗིད་ཚད་ཤེས་པའི་ཐོག་ནས་སྤྱི་སྨན་གྱི་ཟུང་འབྲེལ་ཐབས་ལམ་འདིར་ཡང་དག་པའི་ལམ་སྟོན་བཞིན་སྐྱོད་པར་བརྩོན་དགོས། འདི་ནི་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་བཞིན་བསྟུན་ཐབས་རང་བཞིན་གྱི་འགྲོ་བའི་བདེ་དོན་སྒྲུབ་ཕྱོགས་ཡང་དག་པ་ཞིག་ཡིན། ༢༠༡༣/༣/༡༩ ལ།

རྩོམ་རིག

Post navigation

Previous Post: བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་བཀའ་རྒྱུད་པ་ཡོངས་རྫོགས་ཀྱི་བསམ་ཚུལ་མཚོན་པ་ཡིན་ནམ།
Next Post: སྐད་འཕྲིན་དང་དཀའ་ངལ།

Comments (10) on “ཚན་རིག་དང་སེམས་གཤིས་ཀྱིས་གོ་ལར་བསྐྲུན་པའི་འཇིགས་སྔངས།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-30 at 10:26 pm

    སེར་ཤུལ་རིན་ཆེན་དོན་གྲུབ། ཅེས་པ་ལན་མང་དུ་ཁ་བརྡར་མཐོང་བ། མདོ་སྨད་པ་ཞིག་ཡིན་པ་ཡིད་ལ་འཁོར་ཡོད། ད་ལྟའི་རྩོམ་ཡིག་འདི་སྒྲོགས་པ་ན། ཕལ་ཆེར་སེ་ར་ཐེག་ཆེན་གླིང་གི་དཔེ་ཆ་པའམ། དགེ་བཤེས་སློབ་མ་འགའ་སྐྱོང་མཁན་ཞིག་ཡིན་ནས་སྙམ། ཚན་རིག་པ་རྣམས་དང་། ནང་རིག་པར་འཆད་མཉན་མཛད་མཁན་དག་མཉམ་དུ་བགྲོ་གླེང་བྱེད་པའི་དུས་སྐབས་ནི། ད་བར་ཛམ་གླིང་ཆོས་ལུགས་འཛིན་པའི་མཁས་པ་དག་དང་མཉམ་དུ་མ་བྱུང་བ། སྔོན་མེད་གསར་པ་ཞིག་སྟེ། བོད་ཀྱི་མཚན་ཉིད་པ་ཀུན་གྱིས་སྤོབས་པ་ཆེར་མཛད་དགོས་པ་ཞིག་ཏུ་ངེས།
    ་
    ཞར་དུ་བདག་ནི། སྔོན་གྱི་་བོད་སྐད་དེ། བཀའ་བསྟན་གསུང་འབུམ་རྣམས་ན་ཡོད་པ་དེ་དག་སྲུང་བར་དམ་བཅས་ཤིང་། ཉམས་པ་སོར་ཆུད་མི་ཉམས་གོ་འཕེལ་ལ་འབད་པས། རྩོམ་པ་པོའི་མིང་བརྡ་འགའ་ཞིག་ལ་དཔྱད་པར་བྱ་སྟེ།
    “ཤེས་ཚད་མ་ལོངས་པའི་དབང་གིས།” ཞེས་པར་ཁ་སྐད་གཙོ་བོར་འཛིན་པ་རྣམས་ཀྱིས། “ཤེས་ཚད་མ་འདངས་་པའི་དབང་གིས།” ཞེས་འགོད་པར་བྱེད་ཀྱང་། དེ་ལྟར་མ་བྲིས་པར་སྤྲོ་བ་བརྟས། འོན་ཀྱང་ཆེས་དག་པར་འབྲི་ན། “ཤེས་ཚད་མ་ལྡངས་པའི་དབང་གིས།” ཞེས་འབྲི་དགོས་པར་བསམས།
    “ཐེངས་བཞི་བ་དང་། མངོན་མཐོར་གྱུར་བ་དང་།” ཞེས་པ་སོགས་ཀྱིས་རྩོམ་པ་པོ་རང་ཉིད་བོད་་ཀྱི་ལུང་པ་ག་ནས་བྱོན་པ་གསལ་བར་བྱེད། ཅེས་སོ།།

  2. བློ་བཟང་གྲགས་པ། says:
    2013-03-30 at 11:03 pm

    ཡག་པོ་བྲིས་འདུག་་་་་དངོས་གནས་ཡག་པོ་བྲིས་འདུག་་་་ཐུགས་རྗེ་ཆེ

  3. BONPO says:
    2013-03-30 at 11:30 pm

    ནང་ཆོས་ཀྱི་ཁུངས་ནི་རྒྱ་གར་དང་རྒྱ་གར་གྱི་པན་གྲུབ་རྣམས་ལ་ཐུག་ཡོད་ཟེར་དུས་རྒྱུན་ཁྱེད་ཚོས་གསུངས་སྲོལ་འདུག། དཔེར་ན་ཎ་ལེན་ཊའི་པན་གྲུབ་བཅུ་བདུན་པོ་རྣམས་བོད་བརྒྱུད་ནང་བསྟན་གྱི་ཕུགས་ཁུངས་གཙོ་བོ་དེ་ཡིན་པར་སྒྲོག་བཞིན་པ་ལྟ་བུ་རེད། དེ་འདྲ་ཡིན་དུས་ཕྱི་ལོགས་རྒྱ་གར་ནས་དྲངས་འོང་བའི་ནང་ཆོས་འདི་གཅིག་པུས། ནང་ལོགས་བོད་མི་རིགས་རང་གི་སྐྱེས་སྟོབས་ཀྱི་ཤེས་རབ་ལས་བྱུང་བའི་རིག་གནས་ཤིག་ཡིན་པར་མཚོན་པར་གཞིར་བཞག་ནས། ཁྱེད་རྣམ་པས་ཕྱི་རྒྱལ་གྱི་ཚན་རིག་མཁས་པ་ཚོ་དང་ལྷན་དུ་གོ་བསྡུར་དང་འགྲེལ་བཤད་ག་འདྲ་བྱེད་ཀྱི་ཡོད་དམ། བདེན་པའི་བཀའ་ལེན་ཞིག་ཡོད་པ་ཞུ། །

  4. མེ་ཏོག་དཀར་པོ། says:
    2013-03-31 at 12:42 am

    དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་སོགས་རྣམ་དཔྱོད་དང་ལྡན་པའི་བོད་པ་དག་གིས་རང་གི་རྒྱལ་ཁབ་ཏུ་ཉེ་བར་མཁོ་བ་དག་ཅི་འདུག་གཟིགས་པ་ན་ཚོང་དང་། དམག་དང་། ཆོས་དང་། སྲིད་སོགས་ལས་རང་གི་ཉེ་བར་ཡོད་པའི་རྒྱལ་ཁབ་དག་ལས་རྙིང་ཞེན་བག་ཁུམས་ཀྱི་རང་བཞིན་དོར་ཞིང་། གསར་བརྗེའི་བློ་སྟོབས་གོང་དུ་བསྐྱེད་དེ། ཉེ་བར་མཁོ་བ་ལས་ཨང་དང་པོ་ཡི་གེའི་རྣམ་གཞག་དེ་ཡིན་པར་གཟིགས་ཏེ་ཡི་གེ་བཟང་པོ་རྒྱ་གར་བའི་ཡི་གེ་ལས་དཔེ་བླངས་སྟེ་བོད་ཡིག་གཞུང་འབྲེལ་གྱིས་གཏན་ལ་ཕབས། གཉིས་པ་གདོད་མའི་ཆོས་སམ་བོན་ནི་ཞང་ཞུང་ངམ་ཞིག་ནས་འཁྱལ་ཏེ་འོངས་བ་ལས་མཁས་པས་དཔྱད་དེ་འབོད་པའི་མགྲོན་མ་ཡིན་པའི་ཕྱིར་ན་ཇི་མ་ཡིན་པར་སྟངས་སྙོམས་སུ་བཞག་ཏེ་ཞི་བསིལ་དམ་པའི་བདག་ཉིད་གཽ་ཏ་མའི་རིང་ལུགས་གསེར་དང་དངུལ་གྱི་འགྲོ་གྲོན་བཏང་། དད་པ་དང་དགའ་བའི་ཕྱག་གིས་གདན་ཞུས་ཏེ་བོད་དཀར་པོ་ཡུག་གཅིག་ཏུ་བྱས་པ་ནས་བཟུང་སྟེ་ད་བར་བོད་ནི་ནང་ཆོས་ཀྱི་ལྟེ་གནས་ཤིག་ཏུ་གྱུར་ཟིན་པས་བོད་ཀྱི་ནང་བསྟན་བོད་པའི་འོ་ཟེར་བ་ལ་ཡ་ང་བ་དང་། བག་ཚ་བ། ཁུ་འཁྲིག་པ་བྱར་ག་ལ་ཡོད་དེ། བློ་བག་ཕོབས་ནས་བཞུགས་ཤིག་གོ

  5. བན་དེ་བ། says:
    2013-03-31 at 2:34 am

    མེ་ཏོག་ལགས་སྙིང་ཁྲག་རྒྱས་ཏེ་ཁྲག་ཤེས་འཕར་ཏེ་སྙུང་གཞི་ཕོག་ཉེན་ཆེ་ཐུགས་ཡངས་པོར་བཞུགས་མི་དགོས་པའི་སེམས་ཁྲལ་དེ་ཚོས་ཚེ་ཐུང་དུ་གཏོང་གི་རེད། ནང་པའི་ལྟ་སྤྱོད་བཟང་པོ་དང་གཞན་ཕན་གྱི་ལྟ་སྤྱོད་ཡག་པོ་གཅིག་ཡོད་ན་འདི་འདྲ་ཡོང་དྭོགས་མེད། ཆོས་ལུགས་ཡག་མི་ཡག་དེ་ལ་སྤྱོད་ཅིང་རྗེས་སུ་འཇུག་པའི་མི་དག་གི་གཤིས་རྒྱུད་ལ་དཔྱད་པ་བྱེད་དགོས། དེ་ལས་ཧ་གོ་ངེས་རེད།

  6. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2013-03-31 at 2:44 am

    དྲ་གྲོགས་ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཕེབས་ནས་བསམ་ཚུལ་གསུང་བར་དགའ་བསུ་ཞུ། འོན་ཀྱང་ཉིད་ཀྱི་ཚོད་དཔག་དེ་ད་རེས་ཏག་ཏག་རེད་མ་སོང་། གང་ཡིན་ཟེར་ན་ང་ནི་མདོ་ཁམས་ཕྱོགས་ནས་ཡོང་བའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་པ་ལས་དགེ་བཤེས་དང་སློབ་དཔོན་གང་ཡང་མིན་ལ་མདོ་སྨད་པའམ་ཨམ་མདོ་ཡང་མིན་པར་ཁམས་ཕྲུག་སྤྱིར་བཏང་བ་ཞིག་ཡིན། “ཐེངས་བཞི་བ་དང་། མངོན་མཐོར་གྱུར་བ་དང་།” ཞེས་པ་སོགས་ཀྱིས་རྩོམ་པ་པོ་རང་ཉིད་བོད་་ཀྱི་ལུང་པ་ག་ནས་བྱོན་པ་གསལ་བར་བྱེད། ཅེས་སོ།། འདིས་ཁྱེད་རང་གིས་ང་ངོས་འཛིན་བྱེད་སྟང་གསལ་བོ་ཤེས་མ་སོང་།

    དྲ་གྲོགས། BONPO ལགས་ལ་ཞུ་རྒྱུར། བོད་ཀྱི་ནང་ཆོས་དེ་ཁུངས་རྒྱ་གར་ལ་གཏུགས་པ་རེད། ཡིན་ཡང་ད་ལྟའི་སྐབས་སུ་བོད་གངས་ཅན་པས་རྒྱ་གར་ལས་ཀྱང་ལྷག་པའི་འཛིན་སྐྱོང་བྱེད་བཞིན་པ་དང་། གཤིས་གོམས་ཀུན་སྤྱོད་གང་གི་ཆ་ནས་ཀྱང་འགྱུར་བ་ཐེབས་ཟིན་དངོས་ཡོད་ཡིན་པ་འདིས་ནང་ཆོས་འདི་ང་ཚོས་རིག་གཞུང་ཞིག་གི་ངོ་བོར་འགྲེལ་བཤད་བྱེད་པ་ལ་དཀའ་ངལ་གང་ཡང་མི་འདུག

  7. མེ་ཏོག་དཀར་པོ says:
    2013-03-31 at 3:38 am

    བན་དེ་བས་ང་ལ་སེམས་ཁུར་བྱས་པར་དགའ་སོང་། ཆོས་ཡག་མི་ཡག་དེ་སུ་དང་སུ་ལ་འཕྲོད་མ་འཕྲོད་རེད། དེ་ཡིན་དུས་ངས་ནམ་ཡང་ནང་ཆོས་ལས་གཞན་པའི་ཆོས ལུགས་ལ་ངན་སྨྲས་ཤོར་ན་ལས་སེམས་གཏིང་ནས་དེ་ལྟར་མ་བརྗོད། རང་ཉིད་སྐྱེ་བ་འདིར་ནང་པའི་ཁུངས་སུ་གཏོགས་པས་ན་དེའི་ཕྱོགས་ལ་ཞེན་པ་དང་དགའ་བ་ཡོངས་རྒྱུ་ཆོས་ཉིད་ལ་སོང་། དེའི་ཁ་འཛིན་ཡང་བྱས་དང་བྱེད་བཞིན་བྱ་འགྱུར་ལགས་ན་གྲོགས་ཁྱོད་ཀྱང་ཐུགས་སེམས་བག་ཕོབས་ལ་རང་གི་དད་ཡུལ་གྱི་ཆོས་ལ་དགའ་ཞིང་སྤྲོ་བས་འཇུག་པས་རིགས་སོ།།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-31 at 6:33 am

    སྟངས་སྙོམས་ཞེས་པ་ལ་བཏང་སྙོམས་དགོས་ཏེ། དེ་ཡང་། རྒྱ་གར་སྐད་དུ། ཨུ་པེཀྶཱ། (འདིར་ཤ་ལོག་འབྲི་མ་ཐུབ།) ཞེས་པར་དོན་དག་གཉིས་ཡོད་པ་ན། བོད་མིང་འདོད་རྒྱལ་གང་ཡིན་པ་རྣམས་དབྱངས་ཡིག་གཅིག་པ་ཅན་ཁོ་ནར་ངེས་ཏེ། དེས་ན། བཏང་སྙོམས་དང་། ས་ཏྟྭ། སེམས་དཔའ། དོན་གཉིས་རེ་ཡོད་པ། འདི་ལྟར་སྦྱིན་པའི་དུས་དག་ཏུ། ཚུལ་ཁྲིམས་བཏང་སྙོམས་ལགས་པར་གསུངས། ཞེས་སོགས་ཀྱི་སྐབས་སུ་བཏང་བའི་དོན་དང་། ཚད་མེད་པ་བཞི་སྒོམ་པའི་དུས་ན། སྙོམས་པའིདོན་ཡོད། དེ་བཞིན་བྱང་ཆུབ་སེམས་དཔའ། ཞེས་པའི་སྐབས་སུ་སེམས་ཀྱི་དོན་དང་། གྲངས་ཅན་གྱི་རྡུལ་མུན་སྙིང་སྟོབས་གསུམ་ཞེས་པའི་སྐབས་སུ། དཔའ་ཞེས་པ་ཡོད་ཀྱང་། དཔའ་ཞེས་པ་གསལ་བར་བྱས་ཏེ། སྙིང་སྟོབས། ཞེས་བསྒྱུར།
    སེར་ཤུལ་རིན་ཆེན་དོན་གྲུབ་མཆོག་ནས་ལན་གསུངས་པར་དགའ་བསུ། བདག་ལ་བློ་བསྐྱེད་གསར་པ་ཞིག་བྱུང་། དེ་ནི་བསྟན་བཅོས་ན་པ་ཡིག་ཡོད་པའི་ཚིག་དག་ལ་ཡང་བ་ཡིག་འབྲི་བ་མདོ་སྨད་པ་རྣམས་ཡིན་བསམས་ཀྱང་། མདོ་སྟོད་པ་འགའ་ཞིག་གིས་ཀྱང་། དེ་ལྟར་འབྲི་བ་ཡོད་པ་དེ་ཡིན།
    “ཕལ་ཆེར་སེ་ར་ཐེག་ཆེན་གླིང་གི་དཔེ་ཆ་པའམ། དགེ་བཤེས་སློབ་མ་འགའ་སྐྱོང་མཁན་ཞིག་ཡིན་ནས་སྙམ།” འདམ་ཁ་བྲིས་ཡོད་པ་ལ་ཁྱེད་དང་པོའི་གྲས་དང་ཡང་མ་ཡིན་ན། ངས་དེ་ལྟར་བྲིས་པ་ནོར། ངས་ཐོས་པ་ལྟར་ན། གྲྭ་རྐྱང་དཀྱུས་མས་དཔེ་ཆ་ལེགས་པར་ལྟ། ཞེས་སོ།།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-31 at 8:23 am

    དང་པོའི་གྲས་དང་ཡང་མ་ཡིན་ན། དང་པོའི་གྲས་ཀྱང་མ་ཡིན་ན། ཞེས་ཀློག་པར་མཛོད།

  10. BONPO says:
    2013-04-02 at 1:17 am

    སེར་ཤུལ་རིན་ཆེན་དོན་གྲུབ་ལགས།
    བཀའ་ལན་བསྩལ་བར་བཀའ་དྲིན་ཆེ། ཁྱེད་ཀྱིས། ༼གཤིས་གོམས་ཀུན་སྤྱོད་གང་གི་ཆ་ནས་ཀྱང་འགྱུར་བ་ཐེབས་ཟིན་དངོས་ཡོད་ཡིན་པ་འདིས་་་ནང་ཆོས་འདི་ང་ཚོས་རིག་གཞུང་ཞིག་གི་ངོ་བོར་འགྲེལ་བཤད་བྱེད་པ་ལ་དཀའ་ངལ་གང་ཡང་མི་འདུག༽གསུངས་འདུག། དེ་འདྲ་ཡིན་ན་བོད་ལུགས་བན་དེའི་བཀའ་འགྱུར་དང་བསྟན་འགྱུར་ཚང་མ་རྒྱ་གར་སྐད་ཐོག་ལ་ཕར་བསྒྱུར་ནས་རྒྱ་གར་ཚང་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་རབས་ཤིག་གོ་སོང་། གཤིས་གོམས་ཀུན་སྤྱོད་གང་གི་ཆ་ནས་ཀྱང་འགྱུར་བ་ཐེབས་ཟིན་པའི་བཀའ་འགྱུར་དང་བསྟན་འགྱུར་རྣམས་རྒྱ་གར་ལ་རྒྱ་གར་ཡིན་པར་རྩིས་སྤྲོད་བྱས་ན་དོན་དང་མཐུན་པ་ཞིག་ཡོང་ངམ། མ་གཞི་བན་དེའི་བཀའ་འགྱུར་དང་བསྟན་འགྱུར་རྣམས་བོད་ལ་སླེབས་ནས་དེ་འདྲ་འགྱུར་བ་ཆེན་པོ་ཞིག་ཐེབས་དགོས་པའི་རྒྱུ་མཚན་གང་ཡིན་ནམ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme