Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མོན་གྷོ་འདོད་རྒུ་གླིང་དུ་ཚོགས་པའི་སྐབས་དང་བོའི་བོད་ཀྱི་གདངས་སྙན་ངག་གྱེར་འདོན་འགྲན་ཚོགས།

Posted on 2011-06-142011-06-14 By ཁ་བརྡ་ 5 Comments on མོན་གྷོ་འདོད་རྒུ་གླིང་དུ་ཚོགས་པའི་སྐབས་དང་བོའི་བོད་ཀྱི་གདངས་སྙན་ངག་གྱེར་འདོན་འགྲན་ཚོགས།

dsc_0020
བསྟན་འཛིན་ཤེས་རབ་ནས།

འོད་དཀར་དྲ་བའི་གཙོ་སྐྱོང་འོག་ཟླ་འདིའི་ཚེས་ ༡༣ ཉིན་མོན་གྷོ་འདོད་རྒུ་གླིང་དུ་ས་གནས་ཀྱི་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་དང་བོའི་བོད་ཀྱི་གདངས་སྙན་ངག་གྱེར་འདོན་འགྲན་ཚོགས་ཞེས་པའི་སྙན་ངག་གི་འདུ་ཚོགས་དེ་དངོས་སུ་ཚོགས་ཡོད་པ་རེད། ཐེངས་འདིའི་སྙན་ངག་གྱེར་འདོན་འདུ་ཚོགས་སྟེང་སྙན་ངག་གྱེར་འདོན་པ་ཉེར་གཉིས་དང་། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་སློབ་གྲྭ་ཁག་གི་སློབ་སྤྱི། དགའ་འབྲས་བླ་སྤྱི་དང་གྲྭ་ཚང་ཁག་གི་ཕྱག་མཛོད་རྣམ་པ། གཞན་ཡང་སྐུ་མགྲོན་དང་གཟིགས་མོ་བ་སོགས་མི་སུམ་བརྒྱ་ལྷག་འདུ་ཚོགས་འདིར་མཉམ་ཞུགས་གནང་། ལས་རིམ་འགོ་འཛུགས་སྐབས། འོད་དཀར་དྲ་ཚིགས་ཀྱི་དྲ་བདག་ཨ་ལགས་ཤིང་བཟའ་རིན་པོ་ཆེ་མཆོག་གིས་གསུངས་དོན། ང་ཚོས་དམིགས་ཡུལ་ཆེན་པོ་ཞིག་བཟུང་སྟེ་ལས་རིམ་འདི་སྤེལ་བ་ཡིན་ལ། ལས་རིམ་འདིའི་ཁྲོད་སྙན་ངག་གྱེར་འདོན་འགྲན་ཚོགས་དང་། སྙན་ངག་དང་སྙན་ངག་པར་བྱ་དགའ་འབུལ་རྒྱུ། སྙན་ངག་རྩོམ་རིག་གི་ཚོགས་ཆེན་བསྡུ་རྒྱུ་སོགས་ཡོད། སྙན་ངག་གྱེར་འདོན་གྱི་ལས་རིམ་འདིའི་ཐད་ནས་བཤད་ན། ད་ཐེངས་ཀྱི་འདི་བཞིན་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་བདུན་བརྒྱད་ཅིག་ནས་སྔོན་འགྲོའི་འགྲན་བསྡུར་བསྡུ་རྒྱུ་ཡིན་ལ། མཐའ་མར་འདེམས་གསེས་བྱས་ཟིན་པའི་གྱེར་འདོན་པ་ཡོངས་མཉམ་དུ་འཛོམས་ཏེ་རྟིང་རྩོད་ཀྱི་འགྲན་བསྡུར་བྱ་རྒྱུ་དང་། རྟིང་རྩོད་ཀྱི་འགྲན་བསྡུར་སྐབས་ཨང་དང་བོར་ཧིན་སྒོར་དྲུག་ཁྲི་དང་། ཨང་གཉིས་པར་གཉིས་ཁྲི། ཨང་གསུམ་པར་ཆིག་ཁྲི་བཅས་ཀྱི་བྱ་དགའ་འབུལ་རྒྱུ་ཡིན། dsc_0038གཞན་ཡང་འབོད་སྐུ་ཞུ་རྒྱུ་ཞིག་ལ། སྙན་ངག་དང་སྙན་ངག་པར་བྱ་དགའ་འབུལ་ཕྱོགས་ཐད། རྩོམ་རིགས་སྒྱུ་རྩལ་ཕྱོགས་ལ་དོ་སྣང་དང་ཐུགས་འཁུར་གནང་བའི་དཔྱོད་ལྡན་པ་རྣམས་ཀྱིས་ཕུལ་དུ་བྱུང་བའི་སྙན་ངག་དང་སྙན་ངག་པ་ང་ཚོ་ལ་ངོ་སྤྲོད་དང་མཚམས་སྦྱོར་གནང་སྟེ་རམ་འདེགས་གང་ཐུབ་གནང་རོགས། ཞེས་སོགས་གསུངས། ས་གནས་ཀྱི་ལས་རིམ་གོ་སྒྲིག་པས་འདུ་ཚོགས་འདིའི་ཐད་བརྗོད་དོན། སྤྱིར་མི་སྒེར་རེ་ཟུང་ཞིག་གིས་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཞིག་ཐེབས་སུ་འཇུག་པའི་ལས་དོན་ཞིག་སྤེལ་བར་དཀའ་ངལ་སྣ་ཚོགས་ཡོད་ཅིང་། ལྷག་པར་དུ་སྐད་ཡིག་རིག་གནས་ཀྱི་འཕེལ་འགྱུར་གནད་དོན་ཐད། འདུ་ཚོགས་འདི་ལྟ་བུའི་ལས་རིམ་ཞིག་སྤེལ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ཅེས་དང་། ང་ཚོས་ཆོལ་ཁ་ཆོས་ལུགས་དང་སྐྱ་སེར་ཕོ་མོ་སུ་འདྲ་ཞིག་དཔྱད་འདེམས་པ་དང་འགྲན་ཞུགས་པར་སླེབས་མིན་བསམ་བློ་འཁོར་མ་བྱུང་ལ་ཐོག་མ་ནས་བསམ་བློ་གཏོང་རྩིས་ཀྱང་བྱས་མེད། གཙོ་བོ་ཆེས་སྤུས་དག་ཅིག་གྲ་འགྲིག་མོ་ཞིག་ཡོང་བར་འབད་བརྩོན་བྱས་ཡོད། གཙོ་འགན་འཁུར་བའི་དཔྱད་འདེམས་པ་རྣམ་པར་མཚོན་ན། སྐད་ཡིག་སྣ་འཛོམས་དང་གནའ་དེང་གི་ཤེས་བྱའི་གནས་ལ་མཁྱེན་རབ་རྒྱས་པ། བོད་དང་ཕྱིའི་རིག་གནས་སྣ་ཚོགས་ལ་མཁྱེན་དཔྱོད་ཡངས་པ། ལྷག་པར་དུ་དེང་རབས་སྙན་ངག་སྒྱུ་རྩལ་གྱི་གནས་ལ་གཟིགས་རྒྱུ་ཆེ་ཞིང་མྱོང་བ་ཐོན་པའི་དཔྱོད་ལྡན་པ་རྐྱང་ཡིན་ཞེས་དང་། ཁོས་མུ་མཐུད་བརྗོད་དོན། སྙན་ངག་གྱེར་འདོན་ཞེས་པ་ནི་རིག་གནས་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་གཏོགས་པའི་ངག་རིག་ཅིག་ཡིན་པ་ལས་གླུ་གར་འཁྲབ་སྟོན་གྱི་རིགས་ཤིག་མ་རེད། སྙན་ངག་གྱེར་འདོན་ཞེས་དུས། ནང་སེམས་གྱི་ཚོར་འདུ་སྐད་ངག་གི་རྣམ་པའི་སྟེང་ནས་ཕྱིར་འདོན་པའི་རིག་གནས་ཤིག་སྟེ། མདོར་བསྡུས་ན་ཡིག་ཐོག་ལས་བརྒལ་ཏེ་ངག་ཐོག་ནས་སྟོན་པའི་སྙན་ངག་ཅིག་རེད་ཟེར།
dsc_0043

སྙན་ངག་གྱེར་འདོན་དངོས་ཀྱི་གོ་རིམ་ཁྲོད། མདོ་འཛིན་པའི་གོ་སྒྲིག་དང་། དཔྱད་འདེམས་པ་དང་ཟུར་དཔང་བའི་ལྟ་རྟོགས་འོག སྙན་ངག་གྱེར་འདོན་པ་རྣམས་ཀྱིས་གཅིག་ལས་གཅིག་ལྷག་གི་གྱེར་འདོན་གནང་ཞིང་། བརྩོན་འགྲུས་རྒྱ་མཚོས་ཁ་བའི་རྣམ་ཤེས་དང་། འཇིགས་མེད་ལེགས་བཟང་གིས་བཙན་པོའི་རལ་གྲི་ཐོགས་དང་བདག་གི་གདོང་དམར་བ། ཀུན་བཟང་བསྟན་འཛིན་གྱིས་འཇགས་མི་སྲིད་པའི་བཞུར་རྒྱུན། ཚུལ་ཁྲིམས་རྒྱ་མཚོས་འདི་ནའང་དྲག་ཏུ་མཆིང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་ཅེས་པ་རྣམས་སོ་སོར་གྱེར་འདོན་གནང་བས། ཚད་འདས་ཀྱི་སྐད་གདངས་ཉམས་འགྱུར་གྱིས་མི་དམངས་རྣམས་འུར་ཆིལ་ལེར་བཏང་ཞིང་ཧ་ལས་སུ་བཅུག་པ་དང་། མདོ་འཛིན་པ་དང་དཔྱད་འདེམས་པ་རྣམས་ཀྱིས་ཚད་མཐོ་བའི་གདེང་འཇོག་གནང་ཞིང་ཡ་མཚན་པའི་རྣམ་འགྱུར་བསྟན། བར་མཚམས་སུ་དཔྱད་འདེམས་པ་སྐུ་ཞབས་བསྟན་འཛིན་སྐལ་ལྡན་ལགས་ཀྱིས་མདོ་འཛིན་པའི་དྲི་བར་ལན་གནང་དོན། སྙན་ངག་གྱེར་འདོན་གནང་སྟངས་ཐད། dsc_0108དཔེར་ན་ད་གིན་གྱི་ཤར་གངས་རི་མ་གྱེར་སྟངས་དེ་སྲོལ་རྒྱུན་གྱི་སྙན་ངག་གྱེར་སྟངས་ཤིག་སྟེ་ལྟ་མགུར་དང་མགུར་གླུའི་རྣམ་པ་འབུར་དུ་ཐོན་པ་ཞིག་རེད། དགེ་འདུན་པ་ཞིག་གིས་དགེ་འདུན་པ་ཞིག་གི་ཚོར་བ་དང་རྣམ་པའི་སྟེང་ནས་གྱེར་ཡོང་དུས། དེ་ནི་དེ་བཞིན་ནོ་སྙམ་པའི་ཚོར་བ་ཡིད་ལ་འབབ་པོ་ཞིག་འདུག དེ་བཞིན་དུ་རང་མོས་སྙན་ངག་ལ་མཚོན་ན། དེ་ནི་གནའ་སྔ་མོ་ནས་རང་རེའི་རིག་གནས་ཀྱི་ཁྲོད་ཡོད་པ་ཞིག་རེད་ཅེས་ཁ་གསལ་བོ་ཞིག་མི་འདུག་མོད། གང་ལྟར་ཕྱི་ནང་གི་ལེགས་པའི་ཆ་ཚུར་བསྡུ་བྱས་པའི་རང་རེའི་རིག་གནས་ཤིག་རེད་ཅེས་གསུངས། དཔྱད་འདེམས་པ་རྔ་བ་ཆོས་གྲགས་ལགས་ཀྱི་དྲི་ལན་གནང་དོན། སྙན་ངག་གྱེར་འདོན་ཞེས་པ་ནི་དེང་རབས་རིག་གནས་ཀྱི་ཆ་ཤས་ཤིག་རེད། འདི་ཨ་རི་ནས་དར་ཡོང་བ་ཞིག་ཡིན་ཞིང་། ཐོག་མར་ཨ་རིའི་རྒྱལ་ས་ཝ་ཤོན་ཊོན་ནས་ཡུག་སི་བྷུ་ར་སི་༼ཁོང་གིས་གསུངས་པའི་མིང་ཇི་བཞིན་དུ་ཡིག་ཐོག་ལ་ཕབ་ཐུབ་མ་སོང་༽ཟེར་བ་ཁོང་གིས་སྲོལ་གཏོད་ཅིང་ཁྱབ་བརྡལ་དུ་སོང་བ་དང་། རྗེས་སུ་ཨེ་ཤ་ཡའི་ནང་དར་ཡོང་སྟེ་སྤྱི་ལོ་༡༩༡༦ ལོར་རྒྱ་ནག་གི་སྙན་གྲགས་ཅན་གྱི་རྩོམ་པ་པོ་ཀོ་མོ་རོ་ཡིས་དམར་ཕྱོགས་ཀྱི་ལྟ་བ་དྲིལ་བསྒྲགས་སླད་ནན་ཅིན་དང་ཧྲང་ཧེ་སོགས་སུ་སྙན་ངག་གྱེར་འདོན་གྱི་ཚོགས་འདུ་མང་བོ་བསྐོང་ཞིང་ཁྱབ་སྤེལ་བཏང་བ་རེད། དེ་འདྲའི་ཤུགས་རྐྱེན་དེ་བོད་ལ་ཁྱབ་སྟེ་ང་ཚོའི་རིག་གནས་ཁྲོད་དུ་དར་བ་རེད་ལ་ད་ལྟ་ང་ཚོའི་རིག་གནས་ཀྱང་ཆགས་ཡོད་པ་རེད། ཅེས་སོགས་དང་། སྙན་ངག་གྱེར་འདོན་ཟེར་དུས། སོ་སོའི་ཚོར་བ་དེ་ལུས་ངག་གི་རྣམ་པའི་སྟེང་ནས་ནས་ཕ་རོལ་བོར་གོ་རུ་འཇུག་པའམ་ཕ་རོལ་བོའི་རྒྱུད་ལ་ཚོར་བ་ཞིག་བསླེབ་ཏུ་འཇུག་པ་ཞིག་དགོས་ཅེས་གསུངས།

མཇུག་མཐར་གྱེར་འདོན་པ་ཆེས་ཆུང་ཤས་རྡོ་རྗེ་རྣམ་རྒྱལ་ལ་བརྒྱ་ཆ་ ༩༨་༡༩ ཐོབ་སྟེ་ཨང་དང་བོ་དང་། ཚེ་རིང་སྟོབས་རྒྱལ་ལ་བརྒྱ་ཆ་ ༩༥་༧༠ ཐོབ་སྟེ་ཨང་གཉིས་པ། འཇིགས་མེད་ལེགས་བཟང་ལ་བརྒྱ་ཆ་ ༩༥་༤ ཐོབ་སྟེ་ཨང་གསུམ་པ་བཅས་སོ་སོར་ས་གནས་ཀྱི་བྱ་དགའ་ཕུལ་ཡོད་པ་རེད། མི་རིང་བར་ཨང་རིམ་དང་བོ་ནས་བཅུ་བ་བར་ཐོབ་མཁན་རྣམས་རིམ་པ་གཉིས་པའི་སྙན་ངག་གྱེར་འདོན་འདུ་ཚོགས་སྟེང་ཞུ་རྒྱུ་རེད།

གསར་འགྱུར།

Post navigation

Previous Post: སྨུག་སྤྲིན་གྱི་ཀློང་ན་འདར་བའི་ལྕགས་པོ་རི།
Next Post: གཞུང་ཞེས་པའི་ཐ་སྙད་ལ་དཔྱད་པ་དམུས་ལོང་མིག་སྟེར།

Comments (5) on “མོན་གྷོ་འདོད་རྒུ་གླིང་དུ་ཚོགས་པའི་སྐབས་དང་བོའི་བོད་ཀྱི་གདངས་སྙན་ངག་གྱེར་འདོན་འགྲན་ཚོགས།”

  1. རྔ་བ་དབྱངས་ཅན་ལྷ་མོ། says:
    2011-06-15 at 3:52 am

    བཙན་བྱོལ་ནང་འདི་ལྟ་བུའི་སྐད་ཡིག་སྲོང་སྐྱོབས་ཀྱི་ལས་འགུལ་སྤེལ་བ་ཧ་ཅང་བཀའ་དྲིན་ཆེན་པོ་རེད། གང་ལྟར་ལས་གཞི་འདི་འདྲ་རྩམ་གནང་བ་ཡིན་ན་མགོ་འཇུག་པར་གསུམ་དུ་གོ་སྒྲིག་སྟང་འཛིན་ཚད་ལྡན་ཡོང་དགོས་སྙམ། སྤྱིར་ན་དབལ་འབྱོར་གྱི་མཐུན་རྐྱེན་ཡག་པོ་མེད་ན་འོས་ཤིང་འཚམས་པ་ཡོང་ཁག་པོ་རེད། ཡིན་ནའང་འོད་དཀར་དྲ་ཚིག་ནས་མཐུན་རྐྱེན་འདང་ངེས་སྤྱར་ཡོད་པ་འདྲ། གོ་སྒྲིག་སྟངས་འཛིན་དེ་ཙམ་ཡིན་པའི་ཚོར་སྣང་དྲ་ལམ་ཁག་གི་པར་གྱིས་སྤྲད་སོང་། བོད་ནང་གི་འཆར་འགོད་དང་གོ་སྒྲིག་གནང་སྟང་སོགས་ལ་མཐུན་རྐྱེན་འཛོམས་མིན་གྱིས་འདྲ་བོ་ཡོང་དཀའ་ན་ཐང་། གང་ལ་གང་འཚམས་ཀྱི་འོས་འཚམས་ཡོང་བ་གནང་དགོས། གར་སྟག་སྟང་གི་འཆར་འགོད་ཧ་ཅང་སྐྱོ་པོ་རེད། དཔེན་ན་གར་སྟག་སྟང་གི་འཆར་འདགོད་དང་། ཚོགས་འདུ་ཚོགས་སྟངས། ཚོགས་མི་ཡོང་ཁུངས། དཔྱད་འདེམས་མི་སྣ། ཀློད་ཆས་སོགས་ཀྱི་ཐད་ནས་ཚག་ཚུད་ཡོང་མེད་པ་འདྲ་བོ་འདུག ལྷག་པར་གལ་ཆེ་བ་དཔྱད་འདེམས་མི་སྤྱི་ཚོགས་ནང་དུ་ཆེ་མཐོང་ཡོད་པ་དང་མཉམ་བཞུགས་གནང་མཁན་དགེ་འདུན་པ་ཙམ་མ་ཡིན་པར་བཙན་བྱོལ་མཐོ་སློབ་དང་སློབ་གྲྭ་ཁག་ལ་འབྲེལ་བ་གནང་ནས་གོ་སྒྲིག་གནང་ན་འོས་འཚམས་རེད། སྙན་ངགས་གྱེར་འདོན་བློ་ཐོག་ནས་སྐྱོར་དགོས་པ་དེ་ལས་ཀྱང་གལ་ཆེ་བ་འདུག་སྙམ། ་ཐུགས་རྗེ་ཆེ།

  2. བསྟན་འཛིན་ཤེས་རབ། says:
    2011-06-15 at 9:20 am

    རྔ་བའི་དབྱངས་ཅན་ལྷ་མོ་ལགས། དཔྱད་འདེམས་པ་གཙོ་བོ་རྣམས་ཆེས་དྲག་ཤོས་དང་ཡག་ཤོས། སྤྱི་ཚོགས་ཁྲོད་ཆེ་མཐོང་ཡོད་ཅིང་དེང་རབས་སྙན་ངག་སྒྱུ་རྩལ་ལ་གཟིགས་རྒྱ་ཡངས་པ་རྐྱང་ཡིན། མཉམ་ཞུགས་གནང་མཁན་ས་གནས་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཡོད་ཚད་ལ་བརྡ་བརྒྱབ་ཡོད། མ་ཟད་སློབ་སྤྱི་རེ་རེའི་སྒོ་ཁར་གཏུགས་ཏེ་ཞུ་བ་ཞུས་ཡོད། མི་སྐྱའི་སྤྱི་ཚོགས་ཁྲོད་ལ་ཡང་ཡོངས་སུ་ཁྱབ་པའི་བརྡ་སྦྱོར་སྤེལ་ཡོད། འོན་ཀྱང་དེ་ག་ཙམ་རེད། ཆོ་མི་འདུག་དྲན་ཡོད་ཚོད་རེད། ང་ཚོའི་ངོས་ཐད་ནས་གང་ཐུབ་ཞུས་ཡོད། བོད་ནང་གི་རིག་རྩལ་སྤྲོ་ཚོགས་སོགས་དང་ཡོངས་སུ་འདྲ་མཉམ་ཡོང་དགོས་ཞེས་ན་ཆ་རྐྱེན་སོགས་ཀྱིས་ཁག་པོ་རེད། དེ་མིན་སྤྱི་བཏང་གི་མི་སྒེར་བས་གོ་སྒྲིག་ཞུས་པའི་འདུ་ཚོགས་ཤིག་དང་བསྡུར་ན། བཙན་བྱོལ་ནང་ཟེར་རྒྱུ་མེད། བོད་ནང་དུ་ཡང་ད་ཐེངས་ཀྱི་འདི་འདྲ་བའི་འཆར་འགོད་དང་། གོ་སྒྲིག གྱེར་འདོན་མཁན། དཔྱད་འདེམས་པ་སོགས་འགྲན་ཐབས་མེད་པ་ཞིག་ཡོང་ཡོད། འོན་ཀྱང་བརྙན་ལེན་པ་ཁག་གཉིས་སྐད་བཏང་ཡོད་མོད། སྐབས་ཐོག་ཏུ་ཐོན་དུས་ཡོང་མཁན་ཞིག་མི་འདུག དེ་བཞིན་དུ་དྲ་ཐོག་ཏུ་གཏོང་བའི་གློག་ཀླད་ལ་འགོག་རྐྱེན་ཞིག་ཐེབས་ཏེ་ལས་ཀ་བྱས་མ་སོང་། དེ་མིན་ཡོད་ཚད་ཡག་ཐག་ཆོད་ཡོད།

  3. མིག་བརྒྱད་པ། says:
    2011-06-15 at 11:18 am

    རྔ་པ་དབྱངས་ཅན་ལྷ་མོ་ལགས། ཁྱོད་ཀྱིས་སྐད་ཡིག་སྲུང་སྐྱོབ་ཀྱི་བསམ་ཚུལ་འདོན་པ་ཡག་པོ་རེད་དེ། གཞན་ལ་ལྟ་བའི་མིག་ཡོད་ན།།རང་ལ་ལྟ་བའི་མེ་ལོང་དགོས། ཁྱོད་ཀྱི་ཡིག་ནོར་ལ་གཅིག་གཟིགས་དང་། ༼སྐད་ཡིག་སྲོང་སྐྱོབས༽༼ལས་གཞི་འདི་འདྲ་རྩམ་གནང་བ་ཡིན་ན་མགོ་འཇུག་པར་གསུམ་༽༼གོ་སྒྲིག་སྟང་འཛིན༽༼དབལ་འབྱོར༽༼འོད་དཀར་དྲ་ཚིག༽༼གོ་སྒྲིག་གནང་སྟང༽༼ གར་སྟག་སྟང་གི་འཆར་འགོད༽༼ དཔེན་ན་གར་སྟག་སྟང་གི་འཆར་འདགོད་༽༼ ཀློད་ཆས་སོགས་ཀྱི་ཐད་ནས་ཚག་ཚུད་ཡོང་མེད་པ་འདྲ་གར་སྟག་སྟང་གི་༽

  4. རྔ་བ་དབྱངས་ཅན་ལྷ་མོ། says:
    2011-06-15 at 4:14 pm

    དྲ་གྲོགས་མིག་བརྒྱད་པ་ཕེབས་ནས་གུས་མོར་བསླབ་བྱ་གནང་བ་དགའ་སོང་། སྤྱིར་ན་གུས་མོ་བོད་ཡིག་གི་སློབ་སྦྱོང་ཞན་ལ་ཆེད་སྦྱོང་གི་གོ་སྐབས་ཐོབ་མྱོང་མེད་ནའང་བོད་པ་ཞིག་ཡིན་པའི་འགན་ཁུར་བྱས་ནས་རྒྱུན་དུ་བོད་ཡིག་འབྲི་ཁུར་བྱས་ནས་ལྷག་བསམ་མཚོན་ཐབས་བྱེད་ཀྱིན་ཡོད། གུས་མོས་ཡིག་ནོར་དང་ཚིག་སྦྱོར་སོགས་ཀྱི་ཐད་ལ་ལམ་སྟོན་གནང་རོགས།

  5. ཟླ་བ་དོན་འགྲུབ། says:
    2011-06-16 at 3:55 pm

    སྙན་ངག་གྱེར་འདོན་གྱི་ལས་འགུལ་སྤེལ་བར་རྗེས་སུ་ཡི་རང་དང་དེར་འཇུག་པ་པོ་ཐམས་ཅད་ལ་འཚམས་འདྲི་དང་བཅས་བསམ་ཚུལ་འགའ་ཞིག་ཞུ་འདོད།
    སྙན་ངག་གྱེར་འདོན་དེའི་སྐབས་གཞན་རྩོམ་ཡང་གྱེར་འདོན་བྱས་དང་བྱེད་བཞིན་འདུག་པ་ནི། ཅུང་ཟད་ཞན་ཆ་ཞིག་ཏུ་མཐོང་། སྤྱིར་སྙན་ངག་གྱེར་འདོན་ཞེས་པ་རང་ཉིད་ཀྱིས་བྲིས་པའི་སྙན་རྩོམ་རང་ཉིད་ཀྱིས་གྱེར་ཏེ་རང་ཉིད་ཀྱི་སེམས་ཚོར་གསོན་པོ་ལུས་ངག་གི་ཉམས་འགྱུར་ལ་བརྟེན་ནས་གཞན་ལ་མཚོན་པར་བྱེད་དགོས་པ་ཞིག་རེད། མ་ཟད་རྩོམ་ལུས་ཀྱང་ངེས་པར་དུ་སྙན་ངག་ཡིན་དགོས་པ་དང་། གྱེར་བྱའི་རྩོམ་དེ་ཡང་རང་ཉིད་ཀྱི་ཚོར་བ་ཟབ་མོ་ཞིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་དགོས་པ་སྨོས་མེད་རེད།
    གཞན་གྱིས་བྲིས་པའི་སྙན་ངག་གྱེར་བ་ནི་སྙིང་པོ་མེད་པ་ཞིག་དང་། མ་ཟད་ཁ་ཅིག་གིས་དཔལ་དོན་གྲུབ་རྒྱལ་གྱི་སྙན་ངག་སོགས་ཀྱང་སྐྱོར་བཞིན་འདུག་པ་ནི། ཁོང་གི་ཞེ་འདོད་དང་ལམ་སྟོན་ལས་རྒྱབ་འགལ་དུ་སོང་བ་ཞིག་ཡིན། ཁོང་གིས་ནམ་ཡང་༼རིག་པའི་ཆོམ་པོ་བྱེད་མི་རུང་།༽ཞེས་བསླབ་བྱ་ནན་པོ་གནང་བ་མ་མཐོང་བར་ཟད། གཞན་གྱིས་བྲིས་པའི་སྙན་ངག་གྱེར་བ་དང་གཞན་གྱིས་བྲིས་པའི་རྩོམ་བཤུས་སམ་རྩོམ་བརྐུ་བྱེད་པ་གཉིས་ནི་མདོར་བསྒྲིལ་ན། རིག་པའི་ཆོམ་པོ་ཡིན་པ་གཅིག་མཚུངས་དང་ཉེས་པ་གཅིག་མཚུངས་ཆགས་ཡོད།
    མ་ཟད་གོ་སྒྲིག་པས་རང་རྩོམ་གྱེར་འདོན་བྱེད་མཁན་ལས་ཀྱང་གཞན་རྩོམ་སྒྲོག་སྦྱང་བྱེད་མཁན་རྣམས་ལ་བརྒྱ་ཆ་མང་བ་དང་ཨང་ཚད་མཐོ་རིམ་སྤྲད་དང་སྤྲོད་བཞིན་པ་ནི། ཤིན་ཏུ་མ་འོས་ཤིང་མ་འཚམས་པ་ཞིག་རེད།
    སྙན་ངག་གྱེར་འདོན་བྱེད་མཁན་རྣམས་ནི་ངེས་པར་དུ་སྙན་ངག་པ་ཞིག་ཡིན་དགོས་པ་དང་། སྙན་ངག་འབྲི་ཤེས་མཁན་ཞིག་ཀྱང་ཡིན་དགོས།
    དེ་མིན་དེང་སང་གི་གླུ་བ་གླུ་མ་རྣམས་དང་ཁྱད་པར་ཅི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme