Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་ལྕེ་གློད་ཡོད་དམ།

Posted on 2011-11-032013-05-13 By དགེ་རབ་ 8 Comments on མེ་ལྕེ་གློད་ཡོད་དམ།

དགེ་འདུན།
———————
རྩོམ་པ་པོ་མེ་ལྕེ་ ཟླ་སྔོན་མའི་ཚེས་ ༡༩ ཉིན་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་རྗེས་ གཞི་ནས་ངས་མེ་ལྕེའི་རྩོམ་ཡིག་རྣམས་བཀླགས་པ་ཡིན། ཁོང་གིས་དགེ་འདུན་ཆོས་འཕེལ་གྱི་སྙན་ངག་སྐོར་འཆད་པའི་སྐབས་སུ་འདི་འདྲ་ཞིག་བྲིས་འདུག “དགེ་འདུན་ཆོས་འཕེལ་གྱི་སྙན་ངག་གཙོ་བོ་ཕྱོགས་གཉིས་སུ་འདུ་སྟེ། མི་རིག་བསམ་བློ་དང་བློ་འབྱེད་བསམ་བློའོ༎ མི་རིག་བསམ་བློ་ནི་གཙོ་བོ་སྲོལ་རྒྱུན་ལ་ཡིན་དགག་དང་ཕྱིར་རྟོག་བྱས་པ་ལས་མཚོན་པ་དང་། བློ་འབྱེད་བསམ་བློ་ནི་གཙོ་བོ་མི་གཤིས་ཀྱི་བཅིངས་འགྲོལ་དང་རང་དབང་བརྩོན་ལེན་བྱས་པ་ལས་མཚོན་ནུས།” ཞེས་གསལ་འདུག རྗོད་ཚིག་འདི་འདྲ་ལ་ནི་ང་ལ་མཚོན་ན་ཚིག་གསར་གྱིས་ཁེངས་ལ། གཞུང་ལུགས་དང་སྐད་གཞན་ཞིག་གི་རྒྱབ་རྟེན་མེད་པར་གོ་དཀའ་བར་གྱུར།
ངས་ལན་གཅིག་རླུང་འཕྲིན་པ་ཞིག་ལ། “རྒྱ་ཆེའི་གསན་མཁན་རྣམ་པ་”ཞེས་གསར་འགྱུར་གྱི་མགོ་བརྗོད་དུ་འཆད་པ་དེ་ཏག་ཏག་ཅིག་ཡིན་ནམ་ཞེས་དྲིས་མྱོང་། དེ་ནི་“གསན་མཁན་རྣམ་པ་”ལ་རྒྱ་ཆེ་ཆུང་གི་རྣམ་དབྱེ་འབྱེད་པ་དེ་ང་ཚོའི་ལས་ཀ་ཞིག་མ་རེད་དྲན་བྱུང་།
“ཉེ་ལམ་གངས་སྒྲ་བརྙན་རིག་གནས་ལས་སྒྲུབ་ཁང་གི་གཙོ་སྒྲུབ་འོག་ཏུ་སྐབས་དང་པོའི་ བོད་གཞས་བགྲོ་གླེང་ཚོགས་འདུ་འམ་གླེང་སྟེགས་ཤིག་ཟླ་༡༡པའི་ཚེས་༥ཉིན་མཚོ་སྔོན་ ཞིང་ཆེན་རྨ་ལྷོ་ཁུལ་ནས་ཚོགས་རྒྱུ་རེད།” ལུང་ཚིག་འདི་ནི་ བོད་ཀྱི་ན་གཞོན་ དྲ་བ་ནས་དྲངས་པ་ཡིན། འདི་ལའང་མ་མཐའ་ལ་ཡང་བོད་ཀྱི་སྲོལ་རྒྱུན་པ་ཞིག་གིས་གོ་དཀའ་བའི་རྗོད་པ་ལྡན་འདུག
ལོ་ཤས་གོང་། གྲོགས་པོ་ཞིག་གིས་ཕྲན་ལ་གློག་ཀླད་ཀྱི་སྐོར་འཆད་པའི་བོད་ཡིག་རྩོམ་ཞིག་ཀློག་ཏུ་བཅུག སྐབས་དེར། ངེད་ཀྱིས་ཚིག་འབྲུ་རེ་རེ་བཞིན་བརྡ་སྤྲོད་ཀྱི་འགྲེལ་དང་བཅས་གོ་ཐུབ་མོད། རྩོམ་ཡིག་གི་ཚིག་དུམ་རེ་རེས་ཅི་ཞིག་སྟོན་པའི་ནང་དོན་དེ་མ་གོ་བར་གྱུར།
རྒྱ་ཡིག་མི་ཤེས་མཁན་ཞིག་ཡིན་ན། བོད་ནང་གི་བོད་ཡིག་ཚགས་པར་རྣམས་ཀློག་སྐབས་ནང་དོན་མི་ཤེས་པའི་དཀའ་ངལ་འབྱུང་། དེས་ན་བོད་པས་བོད་སྐད་མི་ཤེས་པའམ། ཡང་ན། བོད་སྐད་ཀྱིས་བོད་སྐད་ཀྱི་གོ་མི་ཆོད་པ་ཞིག་ཏུ་འགྱུར་བཞིན་ཡོད་དམ།
ངའི་གྲོགས་པོ་ཤེས་ཡོན་པ་ཞིག་གིས་བརྗོད་དོན། “ལོ་རབས་བརྒྱད་ཅུ་པ་ནས་མགོ་བཙུགས་ཏེ། བོད་ཀྱི་ཤེས་ཡོན་ཅན་ཚོས་བོད་ཀྱི་ལོ་རྒྱུས་ལ་བརྟགས་པའི་སྐབས་སུ། བཙན་པོའི་དུས་ཀྱི་གཟི་བརྗིད་དང་སྟོབས་ཤུགས་དེ་དག་རིམ་གྱིས་ཉམས་པར་བྱེད་པ་ནི་ཆོས་ལུགས་ཡིན་པ་དང་། བོད་མི་རིགས་འདི་འཛམ་གླིང་དུ་འདྲ་མཉམ་དུ་གནས་དགོས་ན། བོད་མིའི་བསམ་སྤྱོད་ཀྱང་འཛམ་གླིང་གི་མི་གཞན་དང་འདྲ་བ་ཞིག་བྱེད་དགོས་པའི་འདོད་པ་འཕེལ་བ་དང་། དེའི་རྒྱབ་རྟེན་དུ་ནུབ་ཕྱོགས་པའི་གཞུང་ལུགས་བཙལ་བ་རེད།” ཅེས་བཤད་པ་ལྟར། བོད་ཀྱི་སྲོལ་རྒྱུན་ལ་མེད་ཅིང་བོད་མི་རིགས་སྐྱོབ་པར་བྱེད་པའི་གཞུང་ལུགས་ནང་འདྲེན་བྱེད་སྐབས་ གཞུང་ལུགས་མི་ཤེས་མཁན་རྣམས་ཀྱིས་བོད་ཡིག་ཤེས་ཀྱང་རྟོགས་དཀའ་བའི་རིག་གཞུང་ཞིག་འཁྱེར་ཡོང་བཞིན་པ་རེད་དམ། འདི་ཡང་གསར་བརྗེ་ཞིག་གི་ཆ་ཤས་གལ་ཆེན་པོ་ཞིག་རེད་དམ།
ལགས་རེད། འདིའང་མེ་ལྕེ་ཞིག་རེད། མེ་ལྕེ་འདི་རིག་གནས་གསར་བརྗེ་དང་ལྷན་དུ་བོད་ལ་མཆེད་མགོ་བཙུགས་ཤིང་། མེ་ལྕེ་འདི་རིག་གནས་གསར་བརྗེའི་མཇུག་གི་གུ་ཡངས་ཀྱི་དུས་སྐབས་དེར་ཇེ་ཆེར་གྱུར། མེ་ལྕེ་འདི་ནི་དོན་གྲུབ་རྒྱལ་གྱི་ “ལང་ཚོའི་རྦབ་ཆུ་”དང་འབྲེལ་ནས་མཆེད། རིམ་གྱིས་མེ་ལྕེ་འདི་དག་ཏུ་སྙན་ངག་དང་བརྩམས་སྒྲུང་སོགས་སུ་མཆེད། མེ་ལྕེ་འདི་ལོ་ངོ་བཅུ་ཕྲག་གསུམ་དང་བཞི་ཡི་རིང་མཆེད། ཁོང་ཚོས་ མུན་ནག་དང་འོད་ཟེར་བཤད་སྐབས་མེ་ལྕེ་འདི་འཆད་བཞིན་འདུག་ལ། ཁོང་ཚོས་ རྗེས་ལུས་དང་རྨོངས་དད་བཤད་སྐབས་ཀྱང་མེ་ལྕེ་འདི་འཆད་བཞིན་འདུག འདི་ནི་གཅོད་པ་ཀླུ་རྒྱལ་གྱི་དེབ་གསུམ་ལ་བམ་ཀློག་ཅིག་བྱས་པས་ང་ལ་སྤྲད་པའི་ཚོར་སྣང་དེ་རེད།
༢༠༠༥ ལོར་འཚོགས་པའི་མི་རབས་གསུམ་པའི་སྙན་ངག་འདུ་ཚོགས་ཀྱི་སྟེང་ཆོད་དོན་གསུམ་ཟེར་བ་ཞིག་ཡོད་པ་ནི་གཤམ་གསལ་ལྟར་རེད། “༡ གྲྭ་བས་རང་མོས་སྙན་ངག་བྲིས་ཆོག་གམ། ལན་དུ། ཆོག ༢ བོད་ལ་ངེས་དོན་གྱི་གྱི་བུད་མེད་སྙན་ངག་པ་ཡོད་དམ་མེད། ལན་དུ། མེད། ༣ འཇུ་སྐལ་བཟང་གི་སྙན་ངག་གིས་ཡིད་ཚིམ་མམ། ལན་དུ། མི་ཚིམ།” ཞེས་པ་འདི་རེད། སྐྱབས་ཆེན་བདེ་གྲོལ་གྱིས་མི་རབས་གསུམ་པའི་འགྲེལ་བཤད་བྱེད་སྐབས། “མི་རབས་གསུམ་པ་ཞེས་པ་དེ་ཕྱོགས་གཅིག་ནས་ང་ཚོས་ན་ཚོད་ལ་ངོས་འཛིན་པ་དང་། ཕྱོགས་གཞན་ཞིག་ནས་བསམ་བློ་གཏོང་ཕྱོགས་དང་སེམས་ཀྱི་ཁ་གཏོད་ས་མི་འདྲ་བ་ཞིག་ལ་ངོས་འཛིན་གྱིན་ཡོད།”ཅེས་བཤད་འདུག ཁོང་ཚོ་ནི་ ཅི་ཡང་བཤད་ཕོད་ལ། ཅི་ཡང་བྱེད་ཕོད་པའི་འབྲོང་རྒོད་ཅིག་དང་འདྲ། འདིའང་སེམས་ཀྱི་ཁ་གཏོད་ས་མི་འདྲ་བའི་མེ་ལྕེ་ཞིག་ཡིན་ནམ།
གཅོད་པ་ཀླུ་རྒྱལ་འཛིན་བཟུང་བྱས་ནས་བདུན་ཕྲག་གསུམ་ཉེ་བའི་སྐབས་འདིར་ངས་ཁོང་གི་འཛིན་བཟུང་སྐོར་ལ་བྲིས་པའི་དུས་བབ་གསར་འགྱུར་དེ་སླར་ཡང་བཀླགས་པ་ཡིན། ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས། “ཁོང་ལྟ་བུའི་རྩོམ་པ་པོ་རེ་རེ་ནི་མི་རིགས་ཀྱི་མགྲིན་ཚབ་པ་རེ་རེ་ཡིན་ལ། དྲང་བདེན་གྱི་སྙུག་ཐོགས་དཔའ་རྒོད་རེ་རེ་ཡིན། ཁོང་ཚོ་ནི”འོད་ཟེར་གྱི་ལག་པས་མུན་ནག་གི་ངོ་གདོང”འབྲུ་མཁན་ཡིན་པས། “སང་ཉིན། སྐྱ་རེངས་ཀྱི་འཇིག་རྟེན་མུན་པའི་ཁྲོད་བཀྱགས་འོང”ངེས་ཡིན། ཁྱེད་ཅག་གི་རྗེས་ན་གདུང་སེམས་མཉམ་སྐྱེད་དང་བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་ཁྲི་འབུམ་ཡོད། བདེན་ལུགས་ཀྱིས་དགྲ་མགོ་གནོན་ཐག་ཆོད་ཡིན།” ཞེས་བསྒྲགས་འདུག
སྲོལ་རྒྱུན་དང་དེང་རབས་ཀྱི་བར་ན་མེ་ལྕེ་ཞིག་མཆེད་བཞིན་པ་དེ་གསལ་པོ་རེད། གཅོད་པ་ཀླུ་རྒྱལ་གྱིས་རང་གི་ “ཚེར་མའི་ལམ་གྱི་ང་རོ་”ཞེས་པའི་ནང་། “དུས་རབས་ཉི་ཤུ་བའི་ནང་དུ་དེང་རབས་ཀྱི་ཤེས་ཡོན་ཅན་གྱི་མཚན་ཉིད་ཚང་བ་ནི་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་གཉིས་མ་གཏོགས་བྱུང་མེད།”ཅེས་བསྒྲགས་ཤིང་། “ད་ལྟ་རང་རེའི་ཤེས་ཡོན་ཅན་གྱི་སྡེ་ལ་མཚོན་ན། ལྗིད་ཏིག་ཏིག་གི་འགན་འཁྲི་དེ་ཕྲག་ཏུ་ལེན་རྒྱུ་ཡིན་ནམ་ལེན་རྒྱུ་མིན་པ་དང་། ལོ་རྒྱུས་ལ་འགན་འཁུར་བའི་སྐད་ཆ་འཆད་རྒྱུ་ཡིན་ནམ་འཆད་རྒྱུ་མིན་པ། བསམ་བློའི་རྣོ་དབལ་ཚ་བའི་རྩོམ་ཡིག་འབྲི་རྒྱུ་ཡིན་ནམ་འབྲི་རྒྱུ་མིན་པ། སྤྱི་ལ་ཕན་ཞིང་སྒེར་ལ་གནོད་པའི་ལམ་བུའམ་སྤྱི་སྒེར་གཉིས་ཀར་ཕན་པའི་ལམ་བུ་འདེམས་རྒྱུ་ཡིན་ནམ་འདེམ་རྒྱུ་མིན་པ་སོགས་ཀྱི་འདམ་ག་ཆེན་པོ་ཞིག་ལ་ཐུག་འདུག”ཅེས་བྲིས་འདུག
དཔེ་ཁང་ཕྱི་ཡི་ “གསར་བརྗེ་”དང་ནང་གི་མནོ་བསམ་ཞེས་པའི་རྩོམ་དེ་ནི་ ༢༠༠༦ ལོར་མཆེད་པའི་པགས་སྲེག་ལས་འགུལ་སྐོར་ཡིན་པ་དང་། པགས་སྲེག་ལས་འགུལ་དེས་གཅོད་པ་ཀླུ་རྒྱལ་ལ་སྤྲད་པའི་བསམ་བློ་ནི། “རང་ཉིད་ཀྱི་བློ་སྤོབས་དང་རྟོགས་པ། བློ་སྦྱོང་། དཔའ་གདེང་སོགས་མང་ཚོགས་ཕལ་བ་ཞིག་ལའང་མི་དོ་བར་ད་དུང་ཤེས་ཡོན་ཅན་དུ་ཁས་འཆེས་བཞིན་པའི་བྱ་སྤྱོད་འདི་ལ་ཐེ་ཚོམ་དང་། རང་གི་རྣམ་ཤེས་ལ་ཚ་འདྲི་ཐེངས་ཤིག་མི་བྱེད་མཐུ་མེད་བྱུང་།”ཞེས་བྲིས་འདུག འོན་ཀྱང་ཁོང་གིས་འདི་ལྟར། “འུ་ཅག་གི་ལོ་རྒྱུས་དང་ད་ལྟའི་གནས་བབ་གང་ལ་བལྟས་ཡོང་ན། བླ་སྤྲུལ་དང་ཆོས་ལུགས་པ་ནི་རང་རེའི་སྤྱི་ཚོགས་འདིའི་ཡོད་ཚད་དང་སྲོག་ཤིང་ལྟ་བུར་གྱུར་འདུག བླ་སྤྲུལ་དང་ཆོས་ལུགས་པས་གསུངས་པ་ནི་ད་གཟོད་ཚད་མར་འཛིན་ཞིང་གཙུག་ཏུ་བཀུར་ལ། བླ་སྤྲུལ་དང་ཆོས་ལུགས་པས་བསྟན་པ་ནི་ད་གཟོད་བདེན་པར་མཐོང་ཞིང་སྙིང་ནས་དད། ཡོད་ཚད་བླ་སྤྲུལ་དང་ཆོས་ལུགས་པས་ཁ་ལོ་སྒྱུར་བའི་སྤྱི་ཚོགས་འདིའི་ནང་དུ་སྒེར་ཚུགས་དང་དགག་སྒྲུབ་ཀྱི་གོ་ཆ་སྤྲས་པའི་ཤེས་ཡོན་ཅན་དག་ནི་ཇི་འདྲའི་ཉམ་ཆུང་ཨང་”སོགས་བྲིས་ཏེ་རྨི་ལམ་ཆེན་པོ་ཞིག་སྒྲུབ་པར་ཆས་སྐབས་ཀྱི་སྐྱོ་ཉམས་བཏོན་འདུག འདི་ལྟ་བུའི་ཚིག་ཚོགས་ཀྱིས་ཁེངས་པའི་ “མི་གཞིའི་སྙིང་སྟོབས།” དང་། “ཁུ་སིམ་ཁད་ཀྱིས་དཀྲོགས།” “ཚེར་མའི་ལམ་གྱི་ང་རོ་” སོགས་ནི་མེ་ལྕེ་ཞིག་ཡིན་ནམ།
གཅོད་པ་ཀླུ་རྒྱལ་གྱི་དེབ་གསུམ་ལས་མཐོང་བ་ནི། ཁོང་གིས་འཛམ་གླིང་གི་གྲགས་ཅན་རྩོམ་པ་པོ་མང་པོའི་དེབ་བཀླགས་ཡོད་པ་མ་ཟད། བོད་ཡིག་དཔེ་དེབ་སྣ་ཚོགས་བཀླགས་ཡོད་ལ། དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་ལ་དུངས་ཞེན་ཆེ་ཞིང་། བོད་མི་རིགས་འདི་ནི་སྐྱོབ་དགོས་པའི་འབད་བརྩོན་གྱི་འགན་འཁུར་ཕྲག་ཏུ་བཞེས་པ་ཞིག་ཧ་ཅང་གསལ།
དེས་ན། ཞོགས་དུང་དང་མེ་ལྕེ་སོགས་ཀྱིས་མིའི་ཐོབ་ཐང་དེ་རྩོད་ཅིང་། རང་གི་རང་དབང་གི་ཆེད་དུ་གཞན་ལ་མགོ་བོ་མི་སྒུར་བའི་སྙིང་སྟོབས་ཀྱི་གོ་ཆ་བགོས་ཏེ། མེ་ལྕེ་ཞིག་སྦར་བཞིན་ཡོད་དམ།
ན་གཞོན་སྤུན་ཟླ་རྣམས་ཀྱིས་འགན་འཁུར་ཞིག་འཁྱེར་ཏེ་མདུན་དུ་བསྐྱོད་སྐབས། ངེད་ཀྱིས་རང་གི་ཞྭ་མོ་ཕུད་ནས་གུས་ཕྱག་ཅིག་བྱེད་འདོད་ལ། སྲོལ་རྒྱུན་པ་དང་དེང་རབས་པ་སོགས་ཀྱི་གདོང་གཡོགས་འདི་བཤུས་པའི་ཤུལ་ན་ལྷག་པའི་གངས་ཅན་པའི་ན་གཞོན་རྣམས་ལ་ཡིད་སྨོན་ཞིག་འཆོར་རོ༎
འདི་མེ་ལྕེ་ཞིག་ཡིན་ནམ།
འབར་བའི་མེ་ལྕེ་ཡིན་ནམ། སྦར་བའི་མེ་ལྕེ་ཡིན།
མེ་ལྕེ་གློད་ཡོད་དམ། མེ་ལྕེ་བཀག་ཡོད།
གང་ལྟར། གཅོད་པ་ཀླུ་རྒྱལ་ལ་མྱུར་དུ་བཅིངས་འགྲོལ་ཐོབ་པ་དང་གཅོད་པ་ཀླུ་རྒྱལ་གྱིས་མྱུར་དུ་བཅིངས་འགྲོལ་འདྲེན་པའི་སྨོན་ལམ་འདེབས།

རྩོམ་རིག

Post navigation

Previous Post: བལ་ཡུལ་གྱི་བོད་རིགས་བུད་མེད་ཞིག་གིས་རང་ལུས་མེར་བསྲེགས་གཏོང་རྩིས་བྱས་འདུག
Next Post: གང་དུ་དམ་དྲག་དང་དཀའ་ངལ་ཡོད་པ་དེ་ནས་མེ་སྲེག་གི་དོན་རྐྱེན་འབྱུང་སྲིད་པ་རེད།

Comments (8) on “མེ་ལྕེ་གློད་ཡོད་དམ།”

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2011-11-03 at 4:37 am

    1) གཅོད་པ་ཀླུ་རྒྱལ་སོགས་ཀྱི་བློ་ཁོག་དེ་ལ་རྗེས་སུ་ཡི་རངས་ཞུ། དཔའ་དར་འཐེན། གུས་ཞབས་བྱེད་། ལགས་སོ་ཟེར་རྒྱུ་ལས་གཞན་ཅང་མ་རྙེད་།

    2) བློ་ཁོག་ལ་བསྟོད་པ་ཞུ་བ་དང་མཉམ་དུ། དཔའ་བོའི་དཔྱད་ཞིབ་ཀྱི་བློ་མིག་དེ་ལ་ཡང་བརྟག་དཔྱད་ཅིག་གཏོང་རྒྱུ་ལོས་ཡོད་དྲན།

    3) རྒན་ལྷ་མོ་སྐྱབས་ཀྱི་གསུངས་དེ་ཡང་། ངེད་ལ་མཚོན་ན། དོན་གྱི་སྒང་ལ་འབབ་ས་མེད་པའི་དྲིལ་བསྒྲགས་གཏམ་བཤད་ལྟ་བུ་ཞིག་རེད་། འདིའི་རིགས་འདི་ངས་ཁྱོན་ནས་གོ་གི་མི་འདུག
    ད་དུང་། བོད་ཀྱི་རྩོམ་པ་པོ་མང་པོའི་ཁ་ལ་འབྱར་བའི་སྐད་ཆ་སྟེ། “དུས་རབས་ཀྱི་རྗེས་ཟིན་དགོས་།” “དུས་རབས་ཀྱི་འཕོ་འགྱུར་དང་མཉམ་དུ་བསྐྱོད་དགོས།” “རྩོམ་པ་པོ་ནི་སྤྱི་ཚོགས་ཀྱི་སྣེ་འཁྲིད་མཁན་ཡིན།” “རྩོམ་བྲིས་ནས་སྤྱི་ཚོགས་ལ་གཤག་བཅོས་བྱེད་དགོས་”སོགས་། དོན་གྱི་འབབ་ས་མེད་པའི་སྐད་ཆ་སྐམ་པོའི་རིགས་འདིས་ང་ནི་ནག་འཐོམ་སེ་གཏོང་གི་འདུག
    དེ་ཙམ་ཞུ།

  2. ལྷག་པ། says:
    2011-11-03 at 6:22 am

    རབ་གསལ་ལགས་དང་རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས་གཉིས་ཀྱི་གསུང་ལ་མངོན་པར་བསྟོད་དོ།
    ང་ལ་ཡང་དེ་ལྟ་བུའི་ཚོར་སྣང་ཐེངས་མང་བྱུང་། བོད་ནང་གི་གསར་ཤོག་དང་རྩོམ་པ་པོར་རློམས་པ་རྣམས་ཀྱི་དེབ་ཁ་ཅིག་ཀློག་སྐབས་མིང་གསར་མང་པོ་ཞིག་བཙན་སྦྱར་དང་། ཚིག་བགྲོས། སྦྱོར་ཚུལ་བཅས་ཀྱིས་ལན་འགའ་ཀློག་ཀྱང་། འདི་འདྲ་ཞིག་མིན་ནམ་སྙམ་པ་ལས། དོན་ལག་ཏུ་བླང་རྒྱུ་ཅང་མི་འདུག མ་ཟད་གཞིས་བྱེས་གཉིས་ཀའི་ཤེས་ཡོན་ཅན་ནང་། རང་ཉིད་ཀྱི་ཡུལ་སྐད་བཙན་སྦྱར་བྱེད་མཁན་ཡང་འགའ་ཞིག་སྣང་བ། དཔེར་ན། ཡོད་ཀི་ མེད་ཀི་ཞེས་པ་ལྟ་བུ་བྲིས་པ་དེ་ནི། སྤྱི་སྐད་ལ་གནོད་ཆེ་ན། སླད་ནས་དེ་རིགས་གཟབ་གལ།
    ད་དུང་བོད་ཡིག་ལས་མི་ཤེས་པའི་རྩོམ་པ་པོ་རྣམས་ཀྱིས་མི་མང་གི་སྣེ་ཁྲིད་ཅེས་པ། མི་མང་བོད་རྩོམ་ཀློག་མཁན་ཆེས་ཉུང་ཞིང་། དུས་རབས་ཀྱི་རྗེས་ཟིན་དགོས་ན། གནའ་དེང་གི་ཤེས་ཡོན་དང་ལྡན་དགོས་པས་སྐད་ཆ་དེ་གཉིས་ཀྱང་། སྟོང་པ་ཉིད་དུ་གྱུར། མེ་ལྕེ་ལགས་དང་བཀྲ་རྒྱལ་ལགས་གཉིས་ཀྱིས་གཙོས་བོད་ནང་གི་རྒྱལ་གཅེས་པ་རྣམས་ཀྱི་སྙིང་སྟོབས་ལ་བསྟོད་ཅིང་། གུས་ཕྱག་འབུལ་ལོ།།

  3. བོད་ཡིག་སྐྱབས། says:
    2011-11-03 at 8:15 am

    ཁྱེད་ཅག་གིས་ཁོང་ཅག་གི་བློ་ཁོག་གམ་སྙིང་སྟོབས་ཙམ་ལ་མ་གཏོགས་གདེང་འཇོག་བྱེད་མི་ཐུབ་པ་ལྟ་བུའི་རྣམ་འགྱུར་འདིས་ངའི་བློ་ཕམ་སོང། ངོ་མ་ཕམ་སོང། རྩོམ་པ་པོ་ནི་མི་རིགས་ཀྱི་མགྲིན་ཚབ་པ་ཡིན་ལ་སྒོ་འབྱེད་པ་ཡང་ཡིན་པར་མི་རིགས་མང་པོས་གདེང་འཇོག་བྱེད་ཀྱིན་ཡོད། ཁྱེད་ཅག་གིས<>དང་༢༠༠༨ལོའི་<> <> འདི་གསུམ་པོ་ཡག་པོ་ཞིག་བཀླགས་ནས་རང་གིས་བྲིས་པ་དེ་ཚོར་གཤིབ་སྡུར་ཞིག་གྱིས་དང། ནང་སྙིང་འདྲ་མིན་སྡུར་དང། ཤེས་ཡོན་ཅན་གྱིས་ཤེས་ཡོན་ཅན་མ་མཐོང་ན་དེ་ནི་ངོ་མ་མུན་ནག་གི་ངོ་གདོང་གཞན་ཞིག་རེད་ཡ་་་་

  4. བོད་ཡིག་སྐྱབས། says:
    2011-11-03 at 9:14 am

    ཁྲག་ཡིག ཤར་དུང་རི། གནམ་ས་གོ་འབྱེད།
    འདི་གསུམ་པོ་དེབ་རྟགས་ནང་ལ་ཤར་མེད་པ་ཅི་ཡིན་ནམ།
    འདི་གསུམ་པོ་ད་ལྟའི་བོད་ནང་གི་རྩོམ་པ་པོ་རྣམས་ཀྱི་ཚབ་མཚོན་རྩོམ་ཡིག་ཆགས་ཡོད།

  5. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2011-11-03 at 11:17 am

    སྤྱིར་ན་ཤེས་བྱ་གང་ཞིག་ལའང་ཚད་མས་དམིགས་སུ་མི་རུང་བ་ཞིག་མེད་པས། བོད་ཡིག་གཙང་མ་ཞིག་བྲིས་རྗེས་ཤེས་ཀི་མེད་དུས་དེ་ནི་རང་གི་བློ་གྲོས་ཀྱི་རྩལ་གྱིས་མ་འངས་བ་ལས་གཞན་ཞིག་ཡིན་མི་སྲིད།

    དྲང་མོར་བཤད་ན་བདག་གིས་ཀྱང་རྩོམ་ཡིག་འདིའི་དགོས་པ་དང་དགག་བྱ་རིལ་གྱིས་གོ་མི་ཐུབ་ཀི། དེ་ནི་བདག་གིས་རང་གི་བློ་མིག་གི་ཤེད་ཤུགས་སམ་བློ་གྲོས་ཀྱི་རྩལ་གྱིས་མ་འདང་བར་ངོས་འཛིན་བཞིན་ཡོད།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-11-03 at 3:36 pm

    བཀའ་བསྟན་གསུང་འབུམ་དག་གི་དཔེ་ཆ་རེ་ཀློག་པ་ན། ཚིག་རེ་རེ་བཞིན་ཤེས་ཀྱང་། དོན་གང་ཡིན་གོ་བ་དཀའ་བ་འདུག གང་ལྟར་ཡང་དཔེ་ཆ་མང་པོ་བལྟས་ཏེ། རང་གིས་མི་ཤེས་པའི་ཚིག་གསར་པ། སྔར་ཡོད་དམ། དིང་དུས་གསར་དུ་བཟོས་པ་ཡིན་རུང་། དེ་དག་བླངས་ཏེ་རང་གི་བློའི་བང་མཛོད་དུ་འཇུག་དགོས་པ་གལ་ཆེ་བར་མཐོང་། ཇི་ཙམ་གྱི་ཚིག་མང་དུ་ཤེས། དེ་ཙམ་གྱིས་མི་དེ་གླ་ཕོགས་ཆེ་བ་ལེན་ཞེས་ཨིན་སྐད་དུ་བྲིས་པ་ཞིག་བཀླགས་མྱོང་། བདག་རང་ལ་ཤེས་སོང་སྙམ་པ་ཞིག་མེད་ཀྱང་། སྐད་རིགས་བཞི་ཙམ་ལ་སྦྱངས་དང་སྦྱོང་བཞིན་པ་ཡིན། སྐད་ཡིག་རེ་རེ་ལ་བལྟས་ན་གྲུབ་འབྲས་ཀྱང་། དཔེར་ན། ཧིན་སྐད་ལ་སྦྱངས་པའི་འབྲས་བུར་ཝ་ཎ་བོད་ཀྱི་སློབ་གྲྭ་ཆེན་མོ་མ་ཚུགས་གོང་དང་། ཚུགས་ནས་ཀྱང་༧གོང་ས་ཆེན་པོ་དང་། བོད་ཀྱི་མཁས་པ་རྣམས་དང་། རྒྱ་གར་མཁས་པ་རྣམས་ཀྱི་གསུང་སྐད་ལོ་མང་དུ་བསྒྱུར་བའི་ཞབས་འདེགས་ཞུ་ཐུབ་པ་ཡིན། སྐྱབས་རྗེ་ཟུང་རིན་པོ་ཆེ་སློབ་སྤྱི་ཡིན་པ་བདག་གི་བྱ་བར་ཐུགས་མཉེས་ཏེ། མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་མཆིམས་མཛོད་རིན་ཐང་བྲལ་བ་ཞིག་བདག་ལ་སྩལ་པ་ད་ལྟ་རང་རྟེན་ལྟ་བུ་བཞུགས།
    དེས་བཀའ་བསྟན་གསུང་འབུམ་བཅས་ལ་གཟིགས་ཏེ། བོད་སྤྱིའི་སྐད་དེ་སྦྱོང་བར་མཛོད་ཅེས་ཞུ་བ་ལགས། འདི་རང་རེ་ལ་མེད་དུ་མི་རུང་བ་ནི། བཀའ་བསྟན་གསུང་འབུམ་བཅས་ཀྱི་སྐད་དེ་བོད་གངས་ཅན་པ་གཅིག་འགྱུར་འབྱུང་བ་ལ་བོད་ཡུལ་ལ་ཐུགས་གཅེས་པ་དགེ་འདུན་ཆོས་འཕེལ་གྱིས་རང་རེ་ལ་མ་འོངས་རྒྱང་གཟིགས་ཀྱིས་འདི་ལྟར་བསླབ་བྱ་མཛད་དེ། དེབ་ཐེར་དཀར་པོ། ལྷ་ས་སྤར་མ་ཤོག་༣༢་པ་དང་། དཧ་ས་སྤར་མ་དེབ་ཤོག་གྲངས་༡༠༧ནས་༡༠༨བར་དང། ཨིན་འགྱུར་p.7་ལ་གཟིགས་ངེས་པར་གཟིགས་དགོས། གལ་ཏེ་གང་གསུངས་པ་དེ་འགོད་དགོས་ན། རྗེས་མར་སླག་ཡང་འགོད་ངེས། སྔར་ལན་མང་དུ་བཀོད་པ་ཡིན།

  7. ལྷག་པ། says:
    2011-11-05 at 4:47 am

    ཆེས་བཀུར་འོས་རྒན་ལ་དྭགས་བློ་བཟང་འཇམ་དཔལ་མཆོག་བྱོན་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། ཁྱོད་ཀྱིས་བྲིས་པའི་རྣག་ཐོག་གཙགས་ཁེལ་གྱི་མཆན་རྣམས་དུས་རྟག་ཏུ་བཀླགས་དང་ཀློག་བཞིན་ཡོད་ལ། བློ་སྐྱེད་ཀྱི་ཕན་པའང་མི་ཉུང་བ་ཞིག་བྱུང་། གསུང་ཚིག་རེ་རེ་ནི། བཅོས་ལྷད་ཀྱི་དྲི་དང་བྲལ་ཞིང་རྒྱབ་རྟེན་གྱི་དཔང་མཐོ། བོད་གངས་ཅན་ལ་གཅེས་ཤིང་། གངས་ཅན་གྱི་རིག་གཞུང་ལ་གཅེས་པའི་ཐུགས་འདུན་མངོན་པར་གསལ། སླད་ཀྱང་། ཐུགས་ཁོམ་ཚེ་དུས་ནས་དུས་སུ་དག་འཐེར་གྱི་མཆན་བུ་གང་མང་བྲི་གནང་ཞུ། ཅི་སླད་ཅེ་ན། དྲྭ་ཐོག་ཏུ་ཁྱོད་ཀྱི་སློབ་མ་ཧ་ཅང་མང་བས་སོ།།

  8. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2011-11-05 at 5:11 pm

    རྒན་ལྷ་མོ་སྐྱབས་ལ་བགྲོ་གླེང་ཞིག་བྱེད་དགོས་བསམ་ནས་ཡོད་དེ། རྒན་ལྷ་མོ་སྐྱབས་མ་ཡོང་བར་བོད་ཡིག་སྐྱབས་བཏང་འདུག ཁྲག་ཡིག་དང་ཤར་དུང་རི་གཉིས་ཀློག་རྒྱུ་མ་བྱུང་། གནམ་ས་གོ་འབྱེད་བཀླགས་པ་ཡིན། གནམ་ས་གོ་འབྱེད་ཀྱི་རྩོམ་པ་པོའི་བློ་ཁོག་དང་དཔའ་སྙིང་ལ་རྗེས་སུ་ཡི་རངས་ཞུ་གིན་ཡོད་།
    གཞན། གནས་ཚུལ་ལ་དཔྱད་ཞིབ་ལས་གཞུང་ལུགས་སྐམ་བཤད་གཙོ་བོར་བྲིས་འདུག་པའི་བསམ་ཚུལ་ཞིག་ང་ལ་བྱུང་། འོན་ཀྱང་། འདི་ཚོ་རྗེས་ནས་འབྲི་གི་ཡིན། གནས་སྐབས་རིང་འདི་ཚོའི་རིགས་ལ་བགྲོ་གླེང་བྱེད་གི་མིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme