Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་རྒོལ།

Posted on 2012-11-012012-11-01 By ཁ་བརྡ་ 15 Comments on མེ་རྒོལ།

ཨ་འདུས་མིག་ཆུ།
—ཚོར་བས་གྱེར་བའི་དབྱངས།

མེ་ལྕེ་ལམ་ལམ་གྱིས་འབར་བྱུང་།།
ཚེ་སྲོག་འོད་སྣང་གིས་བཞུད་སོང་།།
སེམས་པ་གྲང་འཁྱག་གིས་བསྡམས་སོང་།།
མིག་ཆུ་ཤམ་ཤམ་གྱིས་བབས་བྱུང་།།

མེ་ལྕེ་དྲག་ཤུགས་ཀྱིས་འབར་བྱུང་།།
སྐུ་ལུས་ཚ་ཚིར་གྱིས་འཚིགས་སོང་།།
དཔའ་ངར་ཞུམ་མེད་ཀྱིས་བརྒྱུགས་སོང་།།
དུ་བ་ལྷོག་ལྷོག་གིས་འགྱེལ་སོང་།།

བདེན་པ་དྲང་ཐད་ནས་བསྒྲགས་བྱུང་།།
སྙིང་སྟོབས་མེ་ཀློང་ནས་ངོམ་བྱུང་།།
སྐྱོ་བ་སེམས་ཁོང་དུ་འཁྱིལ་བྱུང་།།
མིག་ཟུང་མཆི་མ་ཡིས་ཁེངས་སོང་།།

དཔའ་བོ་གཅིག་པུ་རུ་ཆས་བྱུང་།།
ཞུམ་མེད་དཔའ་མཛངས་ཀྱིས་འབར་བྱུང་།།
རིགས་ཞེན་སྙིང་དཀྱིལ་ལ་སྦར་སོང་།།
ལ་རྒྱ་ཡིད་ངོས་ལ་པར་སོང་།།

སྐུ་ལུས་མེ་ལྕེ་རུ་བསྒྲོན་ནས།།
ས་ཆེན་འོད་སྣང་རུ་བསྐྲུན་ཀྱང་།།
ཕྱི་མི་འུག་པ་ཡི་ཚོགས་ཀྱིས།།
མིག་གིས་ཚོར་ཚོད་ཅིག་མ་རེད།།

མེ་རྒོལ་དཔའ་བོ་ཚོ་ཆས་དུས།།
ན་ཟུག་རུམ་ཁོང་ལ་བཅུག་ཏེ།།
རེ་བ་ང་ཚོ་ལ་བཅོལ་བས།།
ང་ཚོ་འདུག་ཐབས་ཤིག་མི་འདུག།

རྒྱལ་བ་གདན་འདྲེན་ཅིག་དགོས་ཞེས།།
རེ་བ་བཟང་ས་ནས་བརྒྱབས་ཏེ།།
གྲ་སྒྲིག་སྡུག་ས་ནས་བྱས་དུས།།
མིག་ཆུ་དབང་མེད་དུ་འཐོར་སོང་།།

མེ་རྒོལ་དཔའ་བོ་ཚོའི་ཐོག་ལ།།
མེ་མདའ་མཚོན་ཆའི་རིགས་འཁྱེར་ནས།།
ཚོད་མེད་གདུག་རྩུབ་ཀྱིས་རྡུང་དུས།།
སེམས་པས་བཟོད་ཐབས་ཤིག་མི་འདུག།

སྐུ་ལུས་མེ་ལྕེ་ལ་བསྒྲོན་པ།།
ཤིང་སྡོང་འབར་འབར་ཞིག་ལགས་ན།།
སེམས་པ་སྐྱོ་སྣང་གིས་མིག་ཆུ།།
དབྱར་གྱི་ཆར་རྒྱུན་དང་འདྲ་བ།།

རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་ཅིང་།།
ཞུམ་མེད་སྙིང་སྟོབས་ཀྱིས་ཚོས་ཏེ།།
གཞོན་པའི་ལང་ཚོ་ཉིད་རྒྱས་པའི།།
དཔའ་བོ་ཁྱེད་ཅག་ཀུན་དྲན་པ།།

དྲན་པ་སེམས་ཁོང་ལ་ཆེ་ཞིང་།།
སྐྱོ་བ་མིག་ཀོང་ལ་ངོམ་དུས།།
མི་ཚེ་འཇིག་རྟེན་གྱི་འཚོ་བ།།
སྙིང་བོ་མི་འདུག་ཨང་སྙམ་པ།།

སྙན་ངག

Post navigation

Previous Post: ཕ་ཡུལ་དང་བདག་་་ད་དུང་མ་འོངས་པ།
Next Post: བོད་པ་ནི་བློ་སྟོབས་དང་སྙིང་སྟོབས་ཅན་གྱི་མི་རིགས་ཤིག་ཡིན་པ་ཧ་གོ་དགོས།

Comments (15) on “མེ་རྒོལ།”

  1. གཅན་འོད་འབར། says:
    2012-11-01 at 11:53 pm

    བཀླགས་ཡོད། ནང་དོན་ཡག་ཀྱང་ཚིག་སྦྱོར་ལ་ལ་བདེ་མོ་ཞིག་མ་རེད་འདོད་ཐལ། རང་ཉིད་ཀྱི་བསམ་འཆར་ཙམ་ཡིན།

  2. བསྟན་འོད says:
    2012-11-02 at 12:17 am

    འདྲན་མེད་དཔའ་བོ་ཚོ་ཕེབས་ཐལ་།
    བརྩེ་བའི་གཏན་གྲོག་དེ་སྐྱོ་ཐལ་།
    དུང་བའི་བུ་འཕྲུག་ཚོས་།
    རེ་སའི་ཕ་ལོ་དེ་གང་ན་།
    གཅིས་པའི་ཨ་མ་ཡང་ཚིག་སོང་ཟེར་གི་།
    འཇིག་རུང་གི་སྨི་ལམ་འདི་སད་ན་འདོད་གི་།
    ད་དུང་ནས་ད་དུང་རྨི་ལམ་རིང་མོ་འདི་ལ་འཇིག་སྣང་ཞིག་ངམ་ངམ་ཤུག་ནས་ཡོང་གི་འདུག་།

  3. བསོད་ནམས། says:
    2012-11-02 at 1:52 am

    ཀློག་ཡིན་སྙན་བྱུང་ཡག་བྱུང་།

  4. འདྲེ་རྐང་ཐོ། says:
    2012-11-02 at 2:18 am

    རྒྱ་དམར་གྱི་གདུག་རྩུབ་ཆེ་ཐལ། །
    དཔའ་རྒོད་ཚོ་ཉི་རེར་འབར་ཐལ། །
    བཙོན་འཇུག་གི་ཁ་གྲངས་མང་ཐལ། །
    དྷ་སར་ན་མཆོད་འབུལ་གནང་ཐལ། །

  5. གནམ says:
    2012-11-02 at 3:00 am

    ཁབ་ཅིག་བཟོས་ནས་དགྲ་མགོ་གནོན་ན་ཁབ་ལ་གཅེས།།
    ཐོ་བ་རྡུང་ནས་དགྲ་མགོ་གཅོག་ན་ཐོ་བར་འཁྱུད།
    དཔེ་དེབ་བཟུང་ནས་དགྲ་མགོ་འགེམ་ན་དེབ་ལ་འཐམ།།
    རྡུལ་མཚོན་སྐྱོད་ནས་དགྲ་མགོ་ལེན་ན་རྡུལ་རྫས་མཆོད།
    རང་རང་ས་ནས་ཨ་མའི་བུ་ཡི་རང་ཚུགས་ངོམ།།

  6. ཆབ་བྲག་ཕོ་ཉ says:
    2012-11-02 at 6:27 am

    དཔའ་བོ་མེ་རུ་འབར་སོང། ཞལ་ཆེམས་འོད་དུ་འཚེར་བྱུང།
    མཆོད་མེ་སྟོང་མཆོད་ཁྲི་མཆོད། དཔའ་བོའི་འདས་མཆོད་ཡིན་སོང།

    དམར་མཆོད་མེ་ལྕེའི་ཕྲེང་བས། དམར་གཞུང་སྙིང་རྩ་བསྲེགས་སོང།
    འཛམ་གླིང་ཞི་བདེའི་ལམ་ཆེན། གངས་ཅན་བོད་ནས་བཏོད་སོང།

    དཔའ་བོ་མེ་འབར་རུ་དཔུང། གངས་སེང་དཀར་མོའི་ཕྲུ་གུ
    བདེན་པའི་འཐབ་རྩོད་རྒྱལ་དར། སེང་གེའི་གཡུ་རལ་སིག་སིག

  7. ཀརྡོ་གཉེར་ཕྱག་པ་ says:
    2012-11-02 at 6:48 am

    མེ་རྒོལ་གྱིས།
    མེ་རྒོལ་གྱིས་ལས་འགུལ་སྤེལ།
    མེ་རྒོལ་གྱིས་སེམས་ཤུགས་སྤར།
    མེ་རྒོལ་གྱིས་བྱུས་ངན་བསྲེགས།
    མེ་རྒོལ་གྱིས་རྒྱལ་ནང་སད།
    མེ་རྒོལ་གྱིས་རྒྱལ་སྤྱི་དཀྲོགས།

  8. སངས་དོན། says:
    2012-11-02 at 1:58 pm

    རེ་བ་ཞིག་ཞུ་རྒྱུ་ཡོད། ཨ་འདུས་ཁོང་ས་རའི་དགེ་རྒན་ཞིག་ཡིན་པའི་ཁུལ་རེད། སྙན་ངག་ཙམ་མ་གཏོགས་འབྲི་ཤེས་ཀྱི་མེད་པ་ཡིན་ནའང་། ཡིག་ནོར་མི་འབྲི་བའི་རེ་བ་འདོན་གྱི་ཡོད། དགེ་རྒན་ཚོས་ཡིག་ནོར་བྲིས་བསྡད་ན། དེ་ཁྱད་མཚར་ཞིག་མཐོང་གི་འདུག དགོངས་པ་མ་ཚོམས།

    ས་ཆེན་འོད་སྣང་རུ་བསྐྲུན་ཀྱང་།།
    ན་ཟུག་རུམ་ཁོང་ལ་བཅུག་ཏེ།།
    སེམས་པ་སྐྱོ་སྣང་གིས་མིག་ཆུ།།

  9. ཨ་འདུས་མིག་ཆུ། says:
    2012-11-03 at 2:16 am

    དྲ་གྲོགས་ཚང་མ་ཕེབས་པ་བཟང་། གཞན་ཡིག་ནོར་གྱིས་མ་འགྲིག་པར་སྨྲ་བ་གང་ཉིད་ཀྱིས་སྐད་ཆ་ཆུང་ཆུང་ཞིག་ཆེན་པོ་ཆེན་པོ་ཞིག་མ་བཟོ་ལོ། ཡིག་ནོར་གཅིག་ཀྱང་མི་འབྲི་མཁན་གྱི་མཁས་པ་ཞིག་ཡོད་རྒྱུ་མ་རེད། ཡིག་ནོར་བཤད་ན་འགྲིག་ཀྱང་འཕྲོོོས་བཤད་དགོས་པ་ཡོད་པ་མ་རེད།

  10. ལོག་སྨྲ་ཚར་གཅོད། says:
    2012-11-03 at 5:47 am

    ཀླུ་སྒྲུབ་ཀྱིས་གསུང་ལས།
    འཇིག་རྟེན་མཐའ་དང་ལྡན་ནམ་ཞུས།
    དེའི་ཚེ་རྒྱལ་བ་མ་གསུངས་བཞུགས།
    དེ་ལ་མཁས་པ་ཀུན་གྱིས་ནི།
    ཀུན་མཁྱེན་ཡིན་པ་དེ་ཡིས་གྲུབ།

    དེ་བཞིན།
    མེར་སྲེག་སྙིང་དོན་ཅི་ཡིན་ཞུས།
    དེ་ཚེ་སྐྱབས་མགོན་མ་གསུངས་བཞུགས།
    དེ་ལ་མཁས་པ་ཀུན་གྱིས་ནི།
    ཐམས་ཅད་མཁྱེན་དེ་ཡིས་ཤེས།

    བོད་པ་ཁ་ཤས།
    བླུན་པོས་འཕྲལ་ཕུག་མ་མཐོང་ནས།
    བྲེལ་ཚུབ་སེམས་ཚབ་ཆེ་མདོག་གིས།
    མེར་སྲེག་མཁན་ལ་སྙིང་རྗེ་ནི།
    སྤྱ་རས་གཟིགས་ལས་ཆེ་མདོག་བྱས།

    འབོད་སྐུལ།
    ཁྱིམ་བྱས་ནམ་ཚོད་མ་ཟིན་གོང་།
    བྱིའུ་ཚོགས་ཙིག་སྒྲ་མ་བྱེད་རོགས།
    སེངྒེས་ཞོགས་ཟས་མ་ཟ་གོང་།
    གཡུ་འབྲུག་སྐད་ངན་མ་སྒོགས་རོགས།

    དོན་དངོས་ནི།
    བོད་ཀྱི་བདག་པོ་བོད་ནང་ཡོད།
    བྱེས་འབྱོར་བོད་མི་མགྲིན་ཚབ་ཡིན།
    བདག་པོས་བྱེད་སྒོ་གང་སྤེལ་ལས།
    མགྲིན་ཚབ་འདི་བྱོས་ཟེར་དབང་མེད།

  11. སངས་དོན། says:
    2012-11-03 at 5:58 am

    དགོངས་དག མཆན་ཞིག་བྲིས་པ་ཨ་འདུས་མིག་ཆུ་ལ་ཕོག་འདུག རིག་པའི་གནས་ལ་མཁས་པ་ཞིག་ཡིན་ན། ཡིག་ནོར་མི་འབྲི་བས་ཁྱབ་པ་རེད། གནས་ལུགས་ལ་ཨུ་ཚུགས་ཀྱིས་འགྲེལ་བཤད་ཡོང་གི་མ་རེད། ཡིག་ནོར་ཤོར་བ་ཐེར་འདོན་རེ་བྱས་པ་ལ། སྐུ་རླུང་བཞེངས་དགོས་པ་ཨེ་ཡོད་ན།

    ད་ངས་འཕྲོས་བཤད་ཅིག་བྱེད་དགོས་ཆགས་སོང་། ས་ར་འདི་མཐོ་སློབ་ཞིག་རེད། འདི་ནས་ཐོན་མཁན་ཚོ་བོད་ཀྱི་རིག་གནས་ལ་ཆེད་དུ་སྦྱོང་བ་ཐོན་མཁན་ཡིན་ཙ་ན། ད་དུང་ཡིག་ནོར་བྲིས་བསྡད་ན་གང་ནས་འགྲིག དེ་མི་འགྲིག་པར་བཤད་པ་ཡིན། དེ་ལེགས་བཅོས་ཤིག་གནང་བའི་རེ་བ་བཏོན་པ་ཡིན། ཁོང་ནས་ཁྲོ་བའི་ཉམས་སྟོན་དགོས་པ་ཨེ་ཡོད།

  12. ལོག་སྨྲ་ཚར་གཅོད། says:
    2012-11-03 at 6:34 am

    ཀླུ་སྒྲུབ་ཀྱིས་གསུང་ལས།
    འཇིག་རྟེན་མཐའ་དང་ལྡན་ནམ་ཞུས།
    དེའི་ཚེ་རྒྱལ་བ་མ་གསུངས་བཞུགས།
    དེ་ལ་མཁས་པ་ཀུན་གྱིས་ནི།
    ཀུན་མཁྱེན་ཡིན་པ་དེ་ཡིས་གྲུབ།

    དེ་བཞིན།
    མེར་སྲེག་སྙིང་དོན་ཅི་ཡིན་ཞུས།
    དེ་ཚེ་སྐྱབས་མགོན་མ་གསུངས་བཞུགས།
    དེ་ལ་མཁས་པ་ཀུན་གྱིས་ནི།
    ཐམས་ཅད་མཁྱེན་པར་དེ་ཡིས་ཤེས།

    བོད་པ་ཁ་ཤས།
    བླུན་པོས་འཕྲལ་ཕུག་མ་མཐོང་ནས།
    བྲེལ་ཚུབ་སེམས་ཚབས་ཆེ་མདོག་གིས།
    མེར་སྲེག་མཁན་ལ་སྙིང་རྗེ་ནི།
    སྤྱ་རས་གཟིགས་ལས་ཆེ་མདོག་བྱས།

    འབོད་སྐུལ།
    ཁྱིམ་བྱས་ནམ་ཚོད་མ་ཟིན་གོང་།
    བྱིའུ་ཚོགས་ཙིག་སྒྲ་མ་བྱེད་རོགས།
    སེངྒེས་ཞོགས་ཟས་མ་ཟ་གོང་།
    གཡུ་འབྲུག་སྐད་ངན་མ་སྒོགས་རོགས།

    དོན་དངོས་ནི།
    བོད་ཀྱི་བདག་པོ་བོད་ནང་ཡོད།
    བྱེས་འབྱོར་བོད་མི་མགྲིན་ཚབ་ཡིན།
    བདག་པོས་བྱེད་སྒོ་གང་སྤེལ་ལས།
    མགྲིན་ཚབ་འདི་བྱོས་ཟེར་དབང་མེད།

  13. ཨ་འདུས་མིག་ཆུ། says:
    2012-11-03 at 3:48 pm

    སང་དོན་ཞེས་པ་སྐུ་ཉིད་ཀྱིས་བཤད་མི་དགོས་པའི་དོན་དག་རེ་བཤད་ནས་ཡིག་ནོར་གཅིག་གིས་ཉེས་པ་ཆེན་པོ་ཞིག་བཟོ་ཚུལ་གྱི་ལས་དེ་ལ་ཁྱོན་ནས་དགའ་མ་བྱུང་། དགེ་རྒན་ཞིག་ཡིན་ནའང་ཡིག་ནོར་གཅིག་ཀྱང་ཤོར་མི་ཆོག་པའི་གཏན་ཚིགས་སུས་ཀྱང་འགོད་ནུས་ཀྱི་མ་རེད།

    དེ་བཞིན་ཁྱེད་ཀྱིས་ཀྱང་ང་ལ་སྡོམ་ཚིག་འགོད་ཐུབ་ཀྱི་མ་རེད། ཡིན་ནའང་གློག་ཀླད་སྟེང་ནས་ཤེས་བཞིན་ནོར་འགྲོ་བཞིན་ཡོད་པ་རྩོམ་ཡིག་འབྲི་མཁན་ཞིག་ཡིན་ན་རྒྱུན་ལྡན་ལྟ་བུ་རེད། ཁྱེད་ཀྱིས་བདག་གི་ཡིག་ནོར་གཅིག་གི་ཆེད་དུ་སྐད་ཆ་ཚིག་ལོབ་འགའ་སྤུངས་ཚུལ་འདི་ཁོ་ནས་ཁྱེད་ཀྱི་བསམ་བློ་དང་དམིགས་ཕྱོགས་སྐད་ཡིག་གཅིག་པོའི་ལས་དབང་མ་ཡིན་པ་དང་། ལྷག་པར་མི་རིགས་ཤིག་གི་དགེ་རྒན་གྱི་ལས་དབང་ལ་བསམ་བློ་བཏང་བ་ཞིག་རེད་འདོད་མ་བྱུང་།

    དོན་དངོས་སྟེང་ནས་སེམས་པ་དང་སྙིང་རུས་པའི་གཏིང་ནས་མི་རིགས་ཀྱི་སྐད་ཡིག་དང་། དགེ་རྒན་གྱི་སྤུས་ཚད་ཀྱི་སྟེང་ལ་བཤད་པ་ཡིན་ན། བདག་གིས་ཁྱེད་ལ་དགོངས་དག་ཐུགས་དག་ཞུ་འོས་ཀྱང་ཆོ་མེད་པའི་སྐད་ཆ་འགའ་ཞིག་སྤུངས་ཚུལ་འདིས་བསམ་བློ་ཡག་པོ་ཞིག་ཡོད་པའི་རྟགས་ཤིག་ཚོར་མ་སོང་།
    ཁྱེད་ཀྱིས་བཤད་པའི་ཚིག་ཕྲེང་གསུམ་ལས་གིས་དང་གི་ཡི་ཁྱད་པར་ནོར་བ་ཙམ་ལས་གཞན་ག་རེ་ནོར་ཡོད་པ་བསྟན་རྒྱུ་ཡོད་དམ། དེ་སྟོན་རོགས་ལོ།

    ཡིག་ནོར་བྲིས་ན་མི་འགྲིག་པ་ཁྱོད་མིན་ཡང་བོད་མི་ཀུན་ཀྱིས་འདོད་མོད། ཡིག་ནོར་གྱི་ཐད་ལ་དགག་རྒྱག་བྱེད་དུས་བྱ་ལས་དེའི་ཐད་ནས་དགག་པ་ལས་ཁྱེད་ལྟར་མི་གཞིའི་སྟེང་ལ་བབས་ནས་འགོག་མཁན་ཞིག་ཕལ་ཆེར་ཡོད་རྒྱུ་མ་རེད།

    ལྷག་པར་བོད་ཀྱི་ཕུན་སུམ་ཚོགས་པའི་དུས་དེབ་སྟེ། སྦྲང་ཆར་སོགས་ཀྱི་ནང་ལའང་ཡིག་ནོར་མང་པོ་ཡོད་ན། ང་ལྟ་བུའི་ལོ་གསུམ་བཞི་ཙམ་གྱི་སློབ་སྦྱོང་གི་རྒྱུད་རིམ་ལས་མེད་པའི་ཤེས་མེད་ཅིག་གིས་ཡིག་ནོར་གཅིག་ཤོར་དང་ཤོར་སྙམ།
    དེ་བཞིན་ཡིག་ནོར་གཅིག་འབྲི་མི་ཆོག་ན་ཁྱེད་ཀྱིས་( ས་ར་འདི་མཐོ་སློབ་ཞིག་རེད།)ཅེས་པའི་ནང་གི་ཡིག་ནོར་ངས་བྲིས་པ་རེད་དམ། ཡང་(ས་ར)་ཞེས་པའི་འབྲི་སྲོལ་དེ་ཁྱོད་ཉིད་ཀྱི་ཨ་མས་བསླབ་པ་རེད་དམ། རྒྱ་གར་ལུང་ནས་མ་ཡུམ་ས་རཱ་མཐོ་སློབ་ཀྱི་མཚན་ལ་དེ་ལྟར་བྲིས་ན་ཡིག་ནོར་ལབ་ཀྱི་རེད།

    འདི་ཚོ་ཚང་མ་ཁྱེད་རང་གི་ངོ་ལ་གཙང་མ་ཡང་དག་ཅིག་ཡིན་ངེས། ཁྱེད་ཀྱི་ཡིག་ནོར་འདི་དག་ལ་འགྲེལ་བཤད་ཇི་ལྟར་རྒྱག་གི་ཡིན། སྐད་ཆ་བསམས་ནས་ཤོད། རྩམ་པ་བལྟད་ནས་མྱིད་ཅེས་པའི་གནས་ལུགས་འདི་དང་པོ་ནས་ཤེས་ཡོད་ན། རང་མགོ་རང་གིས་བརྡུངས་པའི་ལས་དེ་བྱུང་ཡོད་པ་མ་རེད་ལོ།

  14. སངས་དོན། says:
    2012-11-04 at 12:52 pm

    ས་ཆེན་འོད་སྣང་༼རུ༽་བསྐྲུན་ཀྱང་།། ༼ལུང་སྟོན་པའི་གཞུང་དེ་ཚོ་ནོར་མེད་ན། སུ་ག་བ་ད་དྲག་ཏུ། ང་ད་ན་མ་ར་ལ་དུ།༽ཞེས་ཡོད། དེ་ནོར་ཡོད་ན། ཁྱོད་འགྲིག་ཡོད།

    ན་ཟུག་རུམ་ཁོང་ལ་བཅུག་༼ཏེ༽།། ༼ལུང་སྟོན་པའི་གཞུང་དེ་ཚོ་ནོར་མེད་ན། ད་དེ་ན་ར་ལ་ས་ཏེ། ག་ང་བ་མ་འ་རྣམས་དང་།། རྗེས་འཇུག་མེད་མཐར་ས་༼སྟེ།༽ ཞེས་ཡོད། དེ་ནོར་ཡོད་ན། ཁྱོད་འགྲིག་ཡོད།

    སེམས་པ་སྐྱོ་སྣང་གིས་མིག་ཆུ།། ༼འདི་ནོར་ཡོད་པ་མཁྱེན་འདུག དེ་བཟང་འདུག༽

    གཞན་སྐད་བོད་སྐད་དུ་བྲི་སྲོལ་ལ། པདྨ་དང་པད་མ། སེང་གེ་དང་སེངྒེ། སོགས་གང་བྲི་འདམ་ངར་ཡོད་པའི་ཚུལ་ཤེས་ནའང་ཤེས་བྱ་ཡིན།

    ད་དྲང་མོར་བཤད་ན་ཕན་ས་རེད། ཁྱོད་དགེ་རྒན་ཞིག་རེད། ང་སློབ་མ་ཞིག་རེད། སློབ་མས་དགེ་རྒན་ལ་དག་བཅོས་དང་ཞུས་དག་ནན་འདྲོངས་ཞུ་དགོས་དུས། དེ་ཁྱད་མཚར་པོ་ཡོད་ད།

  15. སྲིན་པོ་རྫ་རྒན། says:
    2012-11-05 at 12:13 pm

    ཨ་ཨ་ཨ། དགེ་རྒན་ལས་སློབ་མ་མཁས་པ་ཡོད་པ་རེད་འདུག་ག ལྟད་མོ་འདུག ལྟད་མོ་འདུག ཅིག་འཇིགས་ཀ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme