Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མུན་འོད་ཤན་འབྱེད།

Posted on 2014-08-292014-08-29 By ཁ་བརྡ་ 1 Comment on མུན་འོད་ཤན་འབྱེད།

ཁང་ཟླ་སྲས།

 

བརྗོད་དོན། ཆོས་ལུགས་དང་། མི་རིགས་ཀྱི་ལེགས་བྱང་རྒྱུད་འཛིན་སྐོར་གྱི་བསམ་ཚུལ།

ཉེ་ལམ་དྲ་ཐོག་ཏུ་ཐུབ་བསྟན་སྤྱི་དང་། དམིགས་བསལ་བོད་བརྒྱུད་ནང་བསྟན་པའི་དད་མོས་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཚིག་འདི་གཞན་གྱིས་བཀོལ་བ་གཡར་པ་ཙམ་ལས་རང་ཉིད་ཀྱི་བསམ་ཚུལ་དངོས་མ་ཡིན་པའི་པར་རིས་འདྲ་མིན་ཞིག་ཁྱབ་སྤེལ་བྱེད་བཞིན་ཡོད། དཔེར་ན། སངས་རྒྱས་ཀྱི་སྐུ་བརྙན་ལྷམ་སོགས་གྱོན་གོས་ཀྱི་ངོས་སུ་དཔར་ཏེ་ཚོང་རྫས་ཀྱི་ཕྱོགས་སུ་བཀོལ་བཞིན་པ་དང་། རྒྱ་ནག་གི་ཡུལ་སྐོར་བ་ཚོ་བོད་ཁུལ་དུ་སོང་སྟེ་མཆོད་རྟེན་དང་། འཁོར་ལོ། སྐུ་བརྙན། རི་སྒང་གི་དར་ལྕོགས་སོགས་ཀྱི་སྟེང་དུ་འཛེགས་པ་ལྟ་བུ་རེད།

བསམ་བློ་ནན་གྱིས་གཏོང་སྐབས་རིག་གནས་གསར་བརྗེའི་སྐབས་རྙིང་པ་ཡོད་ཚད་དོང་སྤྲུགས་བྱས་དེ་ཆོས་ལུགས་དད་མོས་དང་། མི་དང་མིའི་བར་ཡིད་ཆེས་ཀྱིས་མུ་གེ་ཐེབ་ཟིན་པའི་རྒྱ་ནག་གི་མི་རབས་གསར་པ་ཚོར་མཚོན་ན། བྱ་སྤྱོད་དེ་འདྲ་ནི་ཆེད་དུ་དད་མོས་ལ་རྡོག་རོལ་བཏང་བ་ཞིག་ཡིན་ཞེས་སྨྲ་ལ་ཅི་ལ་གཏུབ་སྟེ། ཁོང་ཚོའི་འཚོ་བའི་ཁྲོད་བོད་མི་ཚོར་ལྷན་སྐྱེས་སུ་ཡོད་པའི་གང་ཞིག་འགྲིག་ཅིང་། ཅི་ཞིག་མི་རུང་བའི་སྒྲིག་གཞི་མང་པོ་དེ་འདྲ་ཡོད་མ་མྱོང་བ་དང་། མི་རིགས་གཞན་གྱི་ཐུན་མིན་ཁྱད་ཆོས་དག་མཐོང་སྐབས་མཚར་སྣང་གིས་དྲན་རྟེན་གྱི་པར་རེ་ཆེད་དུ་བཏབ་པ་མིན་པའི་ངེས་པ་ཡང་ཅི་ཡོད་སྙམ་པས། ཁོ་བོས་ནི་དེ་དག་ལ་ཧ་ལས་ལས་དང་། ཧོན་ཐོར་ཐོར་བྱེད་འདུན་གཏན་ནས་མ་བྱུང་།

ཞིབ་འདང་རེ་བྱས་ན། འུ་ཚོ་རང་གི་ཉེ་ས་ན། འུ་ཚོ་རང་གི་མི་རིགས་ཀྱི་ས་གསེང་རུས་གསེང་ན། དྲ་གྲོགས་ཚོས་ཅི་འདྲའི་གལ་ཆེན་དོན་ཆེན་ཞིག་རེད་ཨང་སྙམ་སྟེ་ཡུན་རིང་བརྗོད་བྱར་གྱུར་པ་དེ་དག་ལས་ཀྱང་བརྒྱ་འགྱུར་གྱིས་སྐྱུག་བྲོ་བ་ནི་རྒྱ་ཡི་ཡུལ་གྲུ་ཆེན་པོ་དག་ན། བོད་མི་ཚོའི་མི་གཞི་དང་། ཆོས་དང་རིག་གནས་ཀྱི་ཚབ་མཚོན་མི་སྣར་བགྲང་བཞིན་པའི་སེར་མོ་བ་དག་གི་ཁྲོད་གནས་སྐབས་ཀྱི་ཁེ་བཟང་ཕྲན་བུ་རེའི་ཆེད་རྒྱ་ཡུལ་དུ་སོང་སྟེ། དབང་ལུང་གསར་པ་དང་། མོ་རྩིས་ལུང་བསྟན་རྫུན་མའི་གཡོ་འཕྲུལ་གྱིས་དད་མོས་དང་ཆོས་ཞེན་གྱི་ས་བོན་ཕྲན་བུ་ཙམ་ཡོད་པའི་རྒྱ་རིགས་དག་གི་མགོ་བོ་འཁོར་ལོ་བཞིན་བསྐོར་དང་སྐོར་བཞིན་པའི་ངན་སྤྱོད་རྒྱ་ཆབ་ཏུ་དར་བཞིན་པའི་གནས་བབ་སྐྱོ་ལྷང་ངེ་བ་རེད།

འདི་ནི་སྔ་མ་དང་བསྡུར་ན། ང་ཚོས་ངེས་པར་དུ་ཚ་ཚ་འུར་འུར་གྱིས་ཐེར་འདོད་དང་གཙང་སེལ་བྱེད་འོས་ཤིང་འཚམས་པའི་རིགས་ཡིན་གྱི། རྒྱ་རིགས་ཡུལ་སྐོར་བ་འགས་ཅི་ཡང་མི་ཤེས་པའི་བྱ་སྤྱོད་དེ་དག་གིས་ནི་དམར་པོའི་སློབ་གསོའི་འོག་འཚར་ལོང་བྱུང་བའི་མི་རབས་ཤིག་གི་གཞན་གྱི་རིག་གཞུང་དང་། རྒྱུན་སྲོལ་ལ་གུས་ཞབས་མ་ཤེས་པའི་རང་མཚང་དང་བྱས་ཉེས་ཙམ་སྟོན་པ་ལས། དེས་སངས་རྒྱས་ཀྱི་བསྟན་པ་རྩ་ལག་དང་བཅས་པ་དང་། འུ་ཚོའི་རིག་གཞུང་ལ་གཏོར་བརླགས་ཚབ་ཆེན་ཞིག་གཏོང་མི་ཐུབ་པ་ནི་ཟུར་བལྟས་ལེབ་མཐོང་རེད།
འོན་ཀྱང་བོད་ཀྱི་སེར་མོ་བའི་མིང་ཅན་དག་གིས་རང་གི་འཚོ་གོས་ཆེད་བརྫུན་བཤད་དེ་གཞན་མགོ་བསྐོར་བའི་སྣང་ཚུལ་དྲ་ཐོག་དང་གསར་ལམ་ཁག་ན་རྒྱུན་མར་འབྱུང་བཞིན་པ་འདིས་ནི། སྙིང་རྗེ་དང་བདེན་པ་རྩ་བར་བྱས་པའི་ཐུབ་བསྟན་རིན་པོ་ཆེ་སྤྱི་དང་། བོད་བརྒྱུད་ནང་བསྟན་གྱི་ངོ་གདོང་ན་བཀྲུ་དཀའ་བའི་གྲིབ་ནག་ཅིག་བསྐལ་བའི་བར་དུ་བྱུག་པ་ཡིན་ནོ། །

དོན་དེར་དགོངས་ནས་ཞི་བདེའི་འདྲེན་པ་ཆེན་པོ་ཁོང་གིས་ཀྱང་། ཕྱི་ལོ་ ༢༠༡༡། ལོའི་རྡོར་གདན་དུས་དབང་སྐབས་ཐུགས་ཕམ་པའི་གསུང་སྐད་ཤོར་འདུག་སྟེ། དེང་སྐབས་རྒྱ་ཡུལ་ན་བོད་ཀྱི་བླ་མིང་འཛིན་པ་འགའ་རེས་ཤམ་བྷ་ལར་ཐད་ཀར་བགྲོད་པའི་ལམ་ཡིག་བཙོང་གི་འདུག་ཟེར། དེ་འདྲ་ཡོད་ན་ང་ལ་ཡང་གཅིག་དགོས་སོགས་གོ་རྒྱུ་ཅན་གྱི་བཀའ་སློབ་ཕེབས་ཡོད་པ་བཞིན། ང་ཚོ་རང་ཉིད་ཆོས་ལུགས་ཀྱི་འཚོ་གནས་ལ་སེམས་ཁུར་བྱེད་མཁན་ཞིག་ཡིན་པའི་ཆ་ནས། སྦྱིན་བདག་ཕྱུག་པོ་དང་། རླངས་འཁོར་རྫིག་པོ། རྒྱ་མོ་མཛེས་མ། བླ་བྲང་རྫིག་པོ་ཁོ་ན་དོན་དུ་གཉེར་བཞིན་པའི་བླ་མ་རྫུན་མ་དང་། སྤྲུལ་སྐུ་རྫུན་མ། གྲྭ་བ་རྫུན་མ། སྔགས་པ་རྫུན་མའི་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་བསྟན་དང་འགྲོ་ལ་གནོད་པའི་བྱ་སྤྱོད་ངན་པའི་རིགས་སྤྱི་ཚོགས་ཁྲོད་ཐེར་འདོན་ཤུགས་ཆེར་བྱེད་དགོས་པར་འདོད།

དེ་ལྟར་བྱས་ན་ད་གཟོད་དད་ལྡན་མང་ཚོགས་ཀྱི་ཡིད་ངོར་གང་ཞིག་དམ་པའི་ཆོས་དང་མཐུན་པའི་བཟང་པོ་དང་། ཅི་ཞིག་ལས་འབྲས་དང་ནང་ཆོས་ཀྱི་རྒྱུན་ཤེས་ཙམ་ཡང་རྨོངས་པའི་ངན་སྤྱོད་དང་རུལ་སུང་བ་ཡིན་པའི་ཤན་འབྱེད་གསལ་པོར་རྙེད་ནུས་པ་ཡིན་པས། ལངས་ཕྱོགས་འདིས་ནི་ཚ་བའི་ཁྲོད་ན་གསིལ་བའི་གདུགས་ལྟ་བུར་གྱུར་པའི་ཐུབ་པའི་བསྟན་པ་རིན་པོ་ཆེ་སྲིད་ནས་སྲིད་དུ་གནས་པའི་ཐད་རང་ནུས་ཀྱི་སྲི་ཞུ་ཆེན་པོ་ཞིག་དོན་གྱིས་བསྒྲུབས་པ་ལོས་ཡིན་ཨང་སྙམ་པ་ནི་ཁོ་བོའི་རྨི་ལམ་ཙམ་མོ།

མདོར་ན། སངས་རྒྱས་ཀྱིས་ངའི་བསྟན་པ་ནི་རི་དྭགས་ཀྱི་རྒྱལ་པོ་སེངྒེ་དང་འདྲ་བའི་སྐོར་གསུངས་པ་དེ་ཡིད་ལ་དྲན་ཙམ་རེ་བྱས་ཏེ་རང་ཉིད་ཐེ་བའི་དྲ་གྲོགས་ཚོས་འུ་ཅག་གི་སྲོག་ལྟར་གཅེས་ཤིང་། འུ་ཚོའི་མིག་ལྟར་གཉན་པའི་བོད་བརྒྱུད་ནང་བསྟན་དང་། དེའི་དད་མོས་ཀྱི་ས་བོན། དེའི་འབྲས་བུར་གྱུར་པའི་རིག་གཞུང་ངོ་མ་སུ་ཞིག་གིས་གཏོར་བཤིགས་བྱེད་ཀྱིན་པའི་ཐད་ངོས་འཛིན་གསལ་པོ་ཞིག་བྱེད་རན་པའི་དུས་ལ་བབ་འདུག་ཅེས་ཁོ་བོས་སྐད་གསེང་མཐོན་པོས་བརྗོད་པར་འདོད་དོ། །

ཁང་ཟླ་སྲས་ཀྱིས། ༨། ༢༣། ཉིན་གྱི་དགོངས་མོར་བྲིས།

བསམ་ཚུལ།

Post navigation

Previous Post: ༧གོང་ས་མཆོག་གིས་བོད་རྒྱའི་ཚོགས་འདུའི་ཐོག་གསུང་བཤད་གནང་བ།
Next Post: འུར་མ་རྒྱག

Comments (1) on “མུན་འོད་ཤན་འབྱེད།”

  1. ཨ་ཕྱི་ཆོས་སྒྲོན says:
    2014-08-30 at 7:22 am

    དེང་རིང་ཁ་སང་ཡང་དྲ་ངོས་ནས་གྲྭ་པ་རྫུན་མ་རེད་ཅེས་པའི་པར་དང་བརྙན་གཟུགས་ཐུང་ངུ་ཞིག་གང་སར་ཁྱབ་ཡོང་གི་འདུག་ལ། བརྙན་གཟུགས་དེར་སྐར་ཆ་ཉི་ཤུ་རྩ་བཞི་འདུག་ལ། དེའི་ནང་དུ་གྲྭ་པ་ཡིན་མིན་གང་ལྟར་ཡང་ཉམ་ཐག་དེར། དེ་ན་ཡོད་པའི་བོད་པ་དེ་དག་གིས་ཀི་ཤར་དང་བཅས་གྲྭ་པ་རྫུན་མ་ངོ་ཚ་རྒྱུ་མེད་ལེ་ཞེས་དམོད་མོ་དང་། སྡིག་མོ་འབུད་པ། མགོ་བོར་ཞུ་བ་དང་འགྲམ་པ་ཤ་བཅུས་རྒྱག་པ་སོགས་བྱེད་བཞིན་འདུག བསམ་མནོ་ལེགས་པར་མཐོངས་དང་། དེ་སྔོན་དགེ་བཤེས་བསོད་ནམས་བཟང་པོས་རྒྱ་མོའི་ཤ་དམར་རྗེན་མར་འཇུས་ནས་སྤྲོ་སྐྱིད་ལ་རོལ་བའི་སྐབས་སུ། ཁྱོད་ཚོས་དེ་འདྲའི་སྐད་འབོད་དང་། དམོད་མོ། ཀི་ཤར། ཤ་བཅུས་བྱས་སམ། ད་དུང་དེ་དང་དེ་འདྲ་བའི་དེང་དུས་གྲྭ་པ་འབྱོར་ལྡན་དང་། བླ་སྤྲུལ་དགེ་བཤེས་ལ་སོགས་རྒྱབ་ལ་རྒྱབ་རྟེན་དང་། ནང་ལ་རྒྱུ་ནོར་ཡོད་པའི་རིགས་འགའ་ཤས་ཞིག་གིས་ཉོ་འཚོང་བྱེད་པ་དང་། ཁ་བསླུས་རྒྱག་པ། གྲྭ་ཆས་ཕུད་ནས་སྐྱ་ཆས་གྱོན་ནས་འགྲོ་བ། དགོན་པ་འཚོང་བ། ལྷ་རྟེན་འཚོང་བ། ཆོས་འཚོང་བ། རྒྱས་སྤྲོས་ཅན་གྱི་སྤྲོ་ཁང་ལ་བསྡད་པ། འུར་ཟིང་ཆེ་བའི་རྒྱན་རྩེད་ཁང་ལ་འགྲོ་བ། འཁྲུགས་ཆ་དོད་པའི་ཨར་ཁང་ལ་འགྲོ་བ། འདོད་པའི་གླིང་གི་གཞང་ཁང་ལ་འགྲོ་བ། ཁུ་སིམ་དབེན་པའི་འཕུར་མཉེད་ཁང་ལ་འགྲོ་བ། ཆང་རག་འཐུང་བ། དུ་སྣ་འཐེན་པ། སྦག་དང་མཱ་ཅང་ཏག་སེར་གཡེངས་པ། གཡས་ནས་རྒྱ་མོ་ལ་སོགས་ཕྱི་གླིང་བའི་བུ་མོ་དང་འགྲོགས་པ། གཡོན་ནས་བོད་མོ་དང་འགྲོགས་པ་དེ་དག་ལ་ཁྱོད་ཚོས་འདི་ལྟ་བུའི་དམོད་མོ་བྱས་སམ། ཀི་ཤར་རྒྱགས་སམ། ཤ་བཅུས་རྒྱབ་བམ། བརྡུངས་བརྡེགས་བཏང་ངམ་སོམས་དང་། ད་ལྟའི་གྲྭ་གཟུགས་དེ་ནི་འབྱོར་མེད་དང་རྒྱབ་རྟེན་མེད་པ་ཡིན་པ་བཤད་མི་དགོས་དེ་འདྲ་སོང་ཙང་ཁྱོད་ཚོས་རྒས་པའི་སྟེང་དུ་བརྙས་བཅོས་བྱེད་བཞིན་པ་འདི་གཅིག་ནས་རང་མི་རིགས་ལ་ཤ་ཚ་མེད་པ་དང་། གཉིས་ནས་དམ་པའི་ལྷ་ཆོས་ཀྱི་འགྲོ་སྟངས་མི་ཤེས་པ། གསུམ་ནས་མི་གཞིའི་ཀུན་སྤྱོད་རྗེས་སུ་གྱུར་པའི་དཔངས་རྟགས་ཤིག་དང་བརྙན་ལེན་པ་དང་། དམོད་མོ་འདེབས་མཁན། དེ་དག་ནི་བོད་མི་རིགས་ཀྱི་རྗེས་ལུས་པའི་ཡང་ལུས་པ་ཞིག་ཡིན་པ་གོར་མ་ཆགས། ཁྱོད་ཚོས་མི་རིགས་ལ་ཤ་ཚ་ཡོད་ན། ཆོས་ལུགས་ལ་དད་མོས་ཡོད་ན། ཀུན་སྤྱོད་ལ་ཐུགས་འགན་འཁུར་ན། མགོ་ནས་གཙང་སེལ་བྱེད་དགོས་པའི་བསམ་བློ་དེ་ངེས་པར་དུ་བརྙེད་པ་བྱེད་དགོས་པ་ལས། ཉམ་ཐག་ཞིག་གི་སྟེང་དུ་ངར་བ་ནི་བོད་མིའི་གཏམ་དཔེར། ཤིག་གི་སྟེང་དུ་སྟ་རེ་ཟེར་བ་དང་འདྲ་བས་ངེས་པར་དུ་ཐུགས་བསམ་ལེགས་པར་བཞེས་པར་ཞུ།

    སྨྲས་པ།

    ཉམ་ཐག་སྟེང་དུ་རྒྱ་སྟག་ལས་ཀྱང་ངར།།

    དགྲ་བོའི་མདུན་དུ་ཞུམ་བུ་ལས་ཀྱང་འཇམ།།

    ཕྱི་འཇམ་ནང་རྩུབ་གྲོད་པ་འདྲ་བ་འདི།།

    དེང་དུས་བོད་པའི་མདོ་མེད་རྣམས་ལས་ཅི།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme