Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མུ་མཐུད༸གོང་ས་མཆོག་དང་དམངས་ལ་མགོ་སྐོར་བའི་འཁྲབ་སྟོན།

Posted on 2016-05-092016-05-09 By ཁ་བརྡ 34 Comments on མུ་མཐུད༸གོང་ས་མཆོག་དང་དམངས་ལ་མགོ་སྐོར་བའི་འཁྲབ་སྟོན།

པད་མ་ཆོས་སྒྲོན།

 

སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པ་མཆོག་ནས་སྨན་རྩིས་ཁང་གི་ལོ་བརྒྱ་འཁོར་བའི་མཛད་སྒོའི་སྟེང་། འཛིན་སྐྱོང་བཀའ་ཤག་དང་དམིགས་བསལ་འཕྲོད་བསྟེན་ལྷན་ཁང་ལ་འདྲ་ཆགས་པོ་དང་བཅོས་མ། འཐུས་ཤོར་དང་གཟི་བརྗིད་ཁོག་སྟོང་། རང་དོན་ཁོག་བཅུག སྣང་བ་དག་པའི་ལམ་ཁ་ལ་འདི་མུར་འགྲོ་བསྡད་ན། ངོས་འཚོ་བཞེས་ཀྱི་སྐབས་དུས་ཚོད་འཁྱོལ་འགྲོ་ནའང་། ངོས་མེད་པ་ཆགས་ཉིན་རྐུབ་རྡོལ་ཉེན་ཡོད་པའི་བཀའ་ལྕི་ནན་ཕེབས་ལ་བརྟེན། བོད་པའི་སྤྱི་ཚོགས་སྤྱི་ཡོངས་ནས་དོ་སྣང་དང་བསམ་ཡོད་མི་མང་དངངས་སྐྲག་ལངས་འགོ་ཚུགས་ཡོད་ལ། དེ་ལ་ཆེད་དུ་དམིགས་ཏེ་སྐུ་ངོ་སྲིད་སྐྱོང་མཆོག་གིས། ཚོགས་ཆུང་གཉིས་དང་ཟིན་བྲིས་གཅིག་ལ་སོགས་པ་དེ་སྔ་མེད་པའི་ལས་གཞི་འམ་འཆར་འགོད་གསར་པ་ཡིན་ཁུལ་གྱི་ལས་གཞི་ཁག་ཅིག་ཀྱང་བསྒྲིགས་ཡོད་ཚུལ་གསར་འགོད་གསལ་བསྒྲགས་གནང་བ་དང་། གྲོས་ཚོགས་རྭ་བའི་ནང་ལའང་ལོ་གསུམ་ནང་ཚུན་ནད་གཞིའི་སྔོན་འགོག་སྐོར་ལ་གྲུབ་འབྲས་ཐོན་པ་ཞིག་བྱེད་རྒྱུ་ཡོད་ཚུལ་ཁས་ལེན་གནང་ཡོད། གནས་ཚུལ་དེ་རིགས་དམངས་ལ་མགོ་བསྐོར་བ་དང་། བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་ཡོང་ཆེད་ཙམ་མ་གཏོགས་ཕན་ཐོགས་ཡོང་རེ་མེད་ལ། སྲིད་སྐྱོང་གཙོས་པའི་བཀའ་ཤག་གི་བསམ་བློ་དང་ཆབ་སྲིད་ཀྱི་འཆར་སྣང་། མཐོང་རྒྱ། ཉམས་མྱོང་། ཕུགས་ཀྱི་ཆོད་སེམས་སོགས་ཚད་གང་ལ་ལྟོས་ནའང་འབྱུང་འགྱུར་ལོ་ལྔའི་ནང་དུ། གནས་ཚུལ་གང་ཅི་ཇེ་སྡུག་ཏུ་འགྲོ་རྒྱུ་མ་གཏོགས། ཇེ་ལེགས་སུ་འགྲོ་རེ་ཕལ་ཆེར་དཀའ། སྲིད་སྐྱོང་སློབ་བཟང་སངས་རྒྱས་མཆོག་འཁྲབ་སྟོན་དེ་རིགས་ལ་བྱང་ཆུབ་པའི་བཤད་རྒྱུན་མང་པོ་ཡོད་པ་ལས་གཙོ་གནད་དཔེ་མཚོན་རེ་ཟུང་ཞིག་ནི།

སྔར་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། བཀའ་ཤག་གིས་དུས་འཁོར་དབང་ཆེན་ཐེངས་སོ་བཞི་པ་ཕྱི་འགྱང་གི་གསལ་བསྒྲགས་སྤེལ། གསལ་བསྒྲགས་ནང་ “མཛད་འཕྲིན་ཉུང་འཕྲི་གཏོང་ཆེད་ཡར་༸གོང་ས་མཆོག་ལ་ཞུས་ནས་དེ་ལྟར་ཐག་གཅོད་གནང་བ་ཡིན་” ཟེར། དེ་རྗེས་བཀའ་ཤག་གིས་ཕྱི་དྲིལ་དྲུང་ཆེ་བཀྲིས་ཕུན་ཚོགས་མིང་ཅན་གཙོས་དྲུང་ཆེ་གསུམ་མངགས་ཏེ་སླར་ཡང་གསལ་བསྒྲགས་གཉིས་པ་སྤེལ། གསལ་བསྒྲགས་ནང་ “དགའ་ལྡན་ཕོ་བྲང་གི་དྲུང་ཆེ་གཉིས་བཀའ་ཤག་ལ་མར་ཕེབས་ཏེ་༧གོང་ས་མཆོག་ལ་སྨན་བཅོས་ཆེད་དུས་དབང་ཕྱི་འགྱང་གནང་དགོས་པའི་བཀའ་གནང་” ཚུལ་བསྒྲགས། “ཐེངས་སྔོན་མར་མཛད་འཕྲིན་ཉུང་འཕྲི་གཏོང་ཆེད་ཡིན་ཚུལ་བསྒྲགས་པ་དེ་མང་ཚོགས་ནང་བློ་གཡེང་དང་འུར་འདྲོག་མི་ཡོང་ཆེད་ཡིན་”ཟེར། ༸གོང་ས་མཆོག་ལ་སྨན་བཅོས་བྱ་དགོས་པ་བསྒྲགས་ན་མང་ཚོགས་ཀྱིས་བློ་གཡེང་བྱེད་པར་དོགས་ན། ཅི་ཡིན་འདི་ཡིན་ཁ་གསལ་མེད་པར་གློ་བུར་དུ་དུས་དབང་ཕྱི་འགྱང་གནང་ན་མང་ཚོགས་ཀྱིས་བློ་གཡེང་གནང་གི་མ་རེད་དམ། མང་ཚོགས་ལྐུག་པ་མ་རེད། ༸གོང་ས་མཆོག་ཕྱི་ཟླ་དགུ་བར་དབྱིན་ཡུལ་དང་། བཅུ་བར་ཨ་རི། བཅུ་གཅིག་བཅུ་གཉིས་ལ་རྒྱ་གར་ནང་གསུང་ཆོས་ཡོད་པ་སོགས་ཀྱི་མཛད་འཕྲིན་ཆུང་ཁག་ཕྱིར་འགྱང་མི་གནང་བར། བོད་ཕྱི་ནང་གཉིས་དང་འཛམ་གླིང་ལ་བསྒྲགས་ཚར་བའི་དུས་འཁོར་དབང་ཆེན་ཕྱི་འགྱང་གནང་ན། མང་ཚོགས་ནང་བརྡབ་གསིག་དང་དོགས་པ་རྣམ་རྟོག་ཆེ་རུ་འགྲོ་རྒྱུ་ཡིན་པ་ཅིའི་ཕྱིར་བཀའ་ཤག་གི་དགོངས་པར་མ་འཁོར་རམ། ཕྱི་ཟླ་བཅུ་གཉིས་པའི་ནང་ལྷོ་ཕྱོགས་ཀྱི་གསུང་ཆོས་མཛད་རིམ་ཉིན་བཅུ་འཕར་མ་བཟོས་ཡོད་པ་བཀའ་ཤག་གིས་མ་མཁྱེན་པ་ཡིན་ནམ། དེ་ནི་བཀའ་ཤག་གིས་མང་ཚོགས་ལྐུག་པའི་སར་བཞག་པ་མ་ཟད། མང་ཚོགས་ལ་བདེན་པ་བཤད་རྒྱུའི་བཟང་སྤྱོད་ཀྱི་འགན་ཙམ་ཡང་མ་འཁུར་བ་རེད། དེའི་མཇུག་འབྲས་ལ་བཀའ་ཤག་གིས་གསལ་བསྒྲགས་སྔ་ཕྱི་གཉིས་སྤེལ་ཡང་། གནས་ཚུལ་གསལ་དུ་འགྲོ་རྒྱུ་ཕར་བཞག སྔར་ལས་མགོ་ཉོག་པོ་དང་། དོགས་གཞི་ཇེ་ཆེར། སྤྱི་ཚོགས་ནང་གླེང་རྙོག་ཀྱང་སྔར་ལས་ཆེ་རུ་ཕྱིན་ཡོད།
འོས་བསྡུའི་ལས་རིམ་གྲུབ་ཟིན་པས། ད་ལྟ་དུས་འཁོར་དབང་ཆེན་བཀའ་ཤག་གིས་ཕྱི་འགྱང་གནང་པ་ཡིན་ནམ་དགའ་ལྡན་ཕོ་བྲང་གིས་ཕྱི་འགྱང་གནང་བ་ཡིན་དེ་གཙོ་བོ་མ་རེད། སུས་ཀྱང་ཁ་གསལ་ཁུངས་དག་བཟོ་མ་ཐུབ་པའམ། ཡང་ན། ཆེད་དུ་གསལ་བོ་བཟོ་མ་འདོད་པ་དེ་ནི། དུས་འཁོར་དབང་ཆེན་ཅིའི་ཕྱིར་ཕྱི་འགྱང་གནང་དེ་རེད།

ད་ལྟ་གནས་ཚུལ་ཁ་གསལ་ཆགས་ཟིན་པ་ནི། བཀའ་ཤག་གི་ཕྱག་ལས་གནང་སྟངས་དབང་གིས་༸གོང་ས་མཆོག་དགོངས་པ་འཚོམས་ཏེ་དུས་འཁོར་དབང་ཆེན་ཕྱི་འགྱང་གནང་སོང་བ་དེ་རེད། དེ་སྔ་༸གོང་ས་མཆོག་གིས་ཞལ་བཞེས་གནང་ཡོད་པའི་ལས་དོན་ཞིག་ལ་བཀའ་ཤག་གིས་ངོས་ལེན་མ་གནང་སྟབས། ༸གོང་ས་མཆོག་གིས་ “དུས་འཁོར་དབང་ཆེན་འདི་ཆབ་སྲིད་ཆགས་ཀྱི་འདུག་ལབ་ཀྱི་ཡོད་པ་རེད་ལ། ད་དངོས་གནས་ཆབ་སྲིད་ཆགས་ཡོང་གི་འདུག་གཱ དེ་ཡག་པོ་མི་འདུག དུས་འཁོར་དབང་ཆེན་ཕར་འགྱངས་ཤོག” གསུངས་སོང་ཟེར་བ་དེ་རེད།

སྲིད་སྐྱོང་སློབ་བཟང་སངས་རྒྱས་མཆོག་གིས་དང་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གཞོན་གཉིས་དང་། དེ་རྗེས་མགྲིན་ཚབ་པ་བཀྲིས་ཕུན་ཚོགས་མིང་ཅན་སོགས་དྲུང་ཆེ་གསུམ་བེད་སྤྱོད་བཏང་སྟེ་གསལ་བསྒྲགས་སྔ་ཕྱིར་སྤེལ་བ་དེ་དག་རྫུན་རྐུབ་རྫུན་གྱིས་བཀབ་པ་ཞིག་ཆགས་ཡོད་པ་མ་ཟད། ཡར་༸གོང་ས་མཆོག་ལ་དབུ་སྐོར་དང་། མར་མང་ཚོགས་ལ་ཞལ་རྫུན་གསུངས་སྟེ་འོས་ཐོབ་ཁོ་ནའི་ཆེད་དུ་སྡིག་པ་མིག་བཙུམ་བྱས་པ་ཞིག་ཆགས་ཡོད་སྟབས། བཀའ་ཤག་གིས་༸གོང་ས་མཆོག་དང་བོད་རྒྱ་ཆེའི་མི་མང་ལའང་དགོངས་སེལ་ཞུ་དགོས་པ་ཆགས་ཡོད་མོད། དེ་ལས་ལྡོག་སྟེ། ཡང་བསྐྱར་འཁྲབ་སྟོན་གསར་བ་འགོ་འཛུགས་བྱས་ཚར་ཡོད་པ་དེ་རེད།

ཕྱི་ཟླ་ ༥ ཚེས་ ༡༦ ནས་ ༡༨ བར་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་ཀྱི་སྨན་པ་དང་སྨན་ཞབས་པ་རྣམས་རྡ་སའི་ཉེ་འཁྲིས་ཀྱི་སྣེ་ལེན་འབྲེལ་མཐུད་ཁང་དུ་འཕྲོད་བསྟེན་སྔོན་འགོག་གི་ཟབ་སྦྱོང་ཟེར་བ་ཞིག་སྤྲོད་རྒྱུ་ཡིན་པ་དང་། ས་གནས་སུ་སྨན་ལས་དང་འཕྲོད་ལས་པས་མ་འདང་བའི་དཀའ་ངལ་ཛ་དྲག་ཡིན་བཞིན་དུ་ཟབ་སྦྱོང་འདིའི་རིགས་བསྡུ་སྐོང་སྐབས་ས་གནས་ཀྱི་ཉམ་ཐག་ནད་པ་རྣམས་བསྟེན་གཏུགས་བྱེད་ས་མེད་པའི་དཀའ་ངལ་ལ་དགོངས་པ་བཞེས་མ་དགོས་པ་ག་རེ་ཡིན་ནམ། འཕྲོད་བསྟེན་ཁྱབ་ཁོངས་སུ་ད་ལྟ་ཕྱག་ལས་གནང་བཞིན་པའི་སྨན་པ་དང་སྨན་ལས་པ། སྨན་ཞབས་ཚང་མ་ཆེད་ལས་སློབ་ཐོན་ཡིན་བཞིན་དུ་དེ་ལ་ནད་རིགས་སྔོན་འགོག་སྐོར་ཉིན་གསུམ་གྱི་ཟབ་སྦྱོང་གང་འདྲ་ཞིག་སྤྲོད་རྒྱུ་ཡིན་ནམ། དེ་ལས་ནུས་པ་ཐོན་པ་དང་འགྲོ་གྲོན་ཉུང་བ། མིག་སྨན་མིག་ཐོག་ཏུ་འཁེལ་བའི་ལས་འཆར་ཞིག་བསྒྲིགས་མ་ཤེས་པ་ཡིན་ནམ། ཡང་ན་ལས་སྡོམ་འདྲ་ཆགས་པོ་ཞིག་བཟོ་བ་དང་། གསར་འགྱུར་བརྒྱུད་ལམ་ཁག་ལ་ཅིག་ཅིག་བྱེད་བཞིན་ཡོད་མདོག་གི་ཁྱབ་བསྒྲགས་བཟོ་ཆེད་ཁོ་ནའི་ཆེད་ཡིན་ནམ། གོ་ཐོས་ལ་ད་དུང་སྨན་རྩིས་ཁང་གི་དབུ་འཛིན་གུང་སེང་དུ་ཕྱིན་ཚར་བའི་གོ་སྐབས་འཚལ་ཏེ། བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གི་སྨན་པ་རྣམས་ཀྱང་མཉམ་ཞུགས་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་ཚུལ་འདུག ༸གོང་མཆོག་ནས་ “ས་གནས་གཞིས་ཆགས་ཁག་ཏུ་བསྐྱོད་སྐབས་ད་དུང་སྐྱབས་མེད་མགོན་མེད་ཀྱི་ནད་པ་མང་པོ་ལྷག་འདུག འཕྲོད་བསྟེན་ལས་ཁུངས་ནས་ཧ་ལས་པའི་འཐུས་ཤོར་ཕྱིན་པའི་རྟགས་འདུག ” ཅེས་པའི་ཞལ་གསུང་དྲོན་མོ་བརྩི་མེད་བཏང་སྟེ། ཉིན་མང་པོའི་རིང་ལ་ཉམ་ཐག་པའི་ནད་པ་མང་པོ་སྐྱབས་མེད་མགོན་མེད་དུ་འཇོག་དགོས་དོན་གང་ཡིན་ནམ། མི་མང་གི་འཕྲོད་བསྟེན་ལ་དངོས་ཡོད་ཀྱི་དོ་འཁུར་དང་ཤ་ཚ་བྱེད་བཞིན་ཡོད་ན། བཀའ་ཤག་འདིའི་སྐབས་ལ་འཕྲོད་བསྟེན་ཚན་པ་གྲངས་ཉི་ཤུ་ཙམ་འགྲོ་སོང་གཏོང་ཐུབ་མིན་གྱིས་སྒོ་བརྒྱབ་དགོས་པ་དང་། ལོ་གཞོན་དང་དམིགས་བསལ་བར་ལྡིང་དུ་ལྷག་པ་རྣམས་ཀྱི་འོས་ཤོག་ཐོབ་ཆེད་ཆོག་མཆན་མེད་པར་རྩེད་ཐང་མང་པོ་བསྐྲུན་དགོས་པ་གང་ཡིན་ནམ།

དེ་མུར་ཕྱིན་ཚེ་བོད་མི་མང་གི་བོད་མིའི་ཆེད་འཐབ་རྩོད་གནང་བཞིན་པའི་གཞུང་དེར། བོད་ནང་དུ་ཡིད་ཆེས་དང་ཆ་རྒྱུས་ཇེ་ཆུང་དང་བོད་མི་ངོ་མ་ལ་ཆ་རྒྱུས་ཇེ་ཆུང་། བོད་དོན་དང་བོད་པའི་སྲིད་དོན་དངོས་གནས་དེར་ཡིད་ཆེས་དང་ཆ་རྒྱུས་ཇེ་ཆུང་། བོད་མིའི་མངོན་འདོད་དང་འཐབ་རྩོད་ཀྱི་ནུས་པའི་འབྱུང་ཁུངས་ལ་ཡིད་ཆེས་ཇེ་ཆུང་། བོད་དང་བོད་མིར་ཤ་ཚ་ལར་རྒྱ་ཇེ་ཆུང་དུ་འགྲོ་བཞིན་པ་མངོན་གསལ་ཇེ་དོད་ཡིན་པ་མ་ཟད། ད་ལྟའི་བཀའ་ཤག་ལ་ལྷག་བསམ་དང་ཤ་ཚ། རྣམ་དཔྱོད་གསར་པ་གང་ཡང་འདོན་རྒྱུ་མེད་ནའང་། བོད་དོན་འཐབ་རྩོད་ཀྱི་སྡིངས་ཆ་དེ་སོ་སོའི་ཁེ་ཕན་སྒྲུབ་ས་དང་མཚན་སྙན་འཚོལ་ས། རང་ཕྱོགས་ཀྱི་ལྟོས་འབྲེལ་དང་བཅས་པར་ལམ་ཁ་འཚོལ་ས་ཞིག་ཏུ་གྱུར་ཡོད་པ་མ་ཟད། དེ་དག་གི་ཆེད་ནང་ཁུལ་འཐབ་རྩོད་ཁྲོད། ངོ་ཚ་དང་ཡ་ང་། འཛེམ་བག བསམ་ཤེས་ལྟ་བུ་ཏིལ་འབྲུ་ཙམ་ཡང་མི་དགོས་པ་ཞིག་ཏུ་གྱུར་ཡོད་ལ། ད་དུང་དེ་མུར་ཕྱིན་ཚེ་དེ་ལས་སྡུག་ཏུ་འགྲོ་རྒྱུ་ལས་ཡག་ཏུ་འགྲོ་རྒྱུ་ལམ་བུ་ཞིག་རྙེད་རྒྱུ་མེད་པ་ཟུར་བལྟས་ལབ་མཐོང་གི་དཔེ་ལས་མ་འདས་སོ།།

༸གོང་ས་མཆོག་གིས་འཛམ་གླིང་གོ་ལར་བསིལ་ལྷམ་རལ་པོ་ཞིག་དང་ངུར་སྨྲིག་གི་ན་བཟའ་ཞིག་སྐུ་ལ་བསྣམས་ཞིང་། ཕྱག་གཉིས་ཐལ་མོ་སྦྱར་ཏེ་ཡ་རབས་དང་དྲང་བདེན་གྱི་གནས་ལུགས་མང་པོ་ཞིག་འཆད་བཞིན་པའི་སྐབས་དེར། སྲིད་སྐྱོང་སློབ་བཟང་སངས་རྒྱས་སམ་བློ་བཟང་སེང་གེ་དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ནས་རྫུན་དང་མགོ་བདེ། དངོས་ཡོད་དང་མ་མཐུན་པའི་གཏམ་བཤད་གང་མང་ཞིག་༸གོང་ས་མཆོག་གི་མཚན་གནས་བཀོལ་སྤྱོད་ཀྱིས་འཛམ་གླིང་གང་སར་སྤེལ་བཞིན་པ་ནི་བོད་མི་མང་གི་ངོ་ཚ་དང་ཁ་སྐྱེངས་དགོས་པ་ཞིག་ཆགས་ཡོད།

བསམ་ཚུལ།

Post navigation

Previous Post: རྔ་པའི་རྩོམ་པ་པོ་ཞིག་ལ་བཙོན་འཇུག་ལོ་ཐག་བཅད་འདུག
Next Post: རྩོམ་པ་པོ་བློ་མིག་ལ་ལོ་༧དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག

Comments (34) on “མུ་མཐུད༸གོང་ས་མཆོག་དང་དམངས་ལ་མགོ་སྐོར་བའི་འཁྲབ་སྟོན།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-05-09 at 8:56 am

    ཧཧཧཧ་་་་པདྨ་ཆོས་སྒྲོན་ལགས། བློ་སེང་གིས་འཇོན་ཀི་མི་འདུག་ན་རང་ཉིད་ཀྱིས་འཇོན་པར་གྱིས་དང་༼ཨ་ཁུ་དང་ཚ་བོ༽སུས་འཇོན་ན་བཀག་མཁན་ཡོད་མ་རེད་གདའ། དེ་མིན་ན་ཁ་ཁར་བཞུགས་ན་ཡག་རེད་དོ།།

  2. ངག་དབང says:
    2016-05-09 at 9:18 am

    ཡང་རྩ་མི་ཚང་བ་འདིས་མཆན་དང་པོར་བཏབ་འདུག

  3. ཀ་བ་ཚེ་རིང་ says:
    2016-05-09 at 9:38 am

    ངག་དབང་ལགས་ཀྱི་གསུངས་པའི་བཀའ་མོལ་ལ་རྒྱབ་སྐྱོར་ཡོད་།
    སྐད་ཆའི་ནང་དུའང་དཔུང་ཤུགས་ངོམ་ཡོང་མཁན་གྱི་མི་འདིས་མཆན་རེས་བཀོད་ཡོང་དུས་ངའི་སེམས་ནང་ག་དུས་ཡིན་ནའི་དེ་སྔ་རྒྱ་དྲིན་ཅན་ཕ་མ་རེད་།དངུལ་དག་དབྱང་་(དག་ཆ་?)ཆར་པ་བབས་བབས་རེད་ཅེས་བཤོད་མཁན་ཚོ་ཡིད་ལ་དྲན་གྱིས་། ག་རེ་ཡིན་ན་མི་ཤེས་།

  4. ཛ་ཆུ་ཁའི་ཕོ་ཉ། says:
    2016-05-09 at 10:05 am

    ངག་དབང་ལགས་ཀྱི་གསུང་པ་དེར་རྒྱབ་སྐྱོར་ཡོད། མི་དེ་ཚོ་རིགས་ཕྱོགས་ཞེན་གྱི་བཟི་སྨྱོན་ཐེབས་སྐྱོག་ཤ་སྟག་རེད། པདྨ་ཆོས་སྒྲོན་ལགས་ཀྱི་རྩོམ་དེར་བདེན་པ་མིན་ན་རྒྱུ་མཚན་བཀོད་ནས་དགག་ལན་གནང་ཤོག་དང་སྤྱི་སྨན་ཡོང་ངེས་ཡིན།

  5. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-05-09 at 10:24 am

    གོང་དུ་མཆན་བཀོད་པ་ཁྱོད་ཚོ་ལ་བདེན་པའི་གནས་ལུགས་ཤོད་རྒྱུའི་སྤོབས་པ་ཡོད་ན་རང་མིང་ནག་ཁུངས་ནང་ཡིབ་ནས་མི་ལ་ལྐོག་མདའ་འཕེན་མ་སྡོད། སྤོབས་པ་ཡོད་ན་གནས་གང་ལ་འཛོམས་དགོས་གཏན་འཁེལ་གྱིས་ཤོག་དང་ཕ་བཟང་བུ་ཡིན་གདའ། གྲ་སྒྲིག་ཨང་གསར་ཡོད། ཤེས་སོང་ངམ། གདོང་ཐུག་ནས་བཤད་རེས་གཏོང་ན་བདེན་རྫུན་དབྱེ་འབྱེད་ཐུབ་པ་དང་༼ངག་དབང་༽ཁྱོད་དང་ང་གཉིས་སུ་རྩ་ཚང་མིན་ལྟ་ཆོག་རྒྱུ་རེད་གདའ། ངས་ལན་སྒུག་ཡོད་གདའ། སྐྱེས་ཕོ་སུ་རེད་འདུག་དེ་དུས་ཤེས་རེད་དོ།།

  6. ཁ་བ་རི་བ says:
    2016-05-09 at 12:38 pm

    རྣམས་པ་ཚོ་།འདོད་ཀྱང་རུང་མ་འདོད་ཀྱང་རུང་ སྲིད་སྐྱོང་བློ་བཟང་སེང་གེ་བོད་མི་དམངས་གིས་སྲིད་སྐྱོང་རེདོ།

  7. སྤོབས་པ་མཐའ་ཡས། says:
    2016-05-09 at 7:02 pm

    ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་མེ་རི་ཁའི་སྐུ་ཚབ་དོན་གཅོད་ལ་གཏང་རྒྱུ་ཡིན་པ་དེ་རྒྱལ་བ་རིན་པོ་ཆེས་ཐད་བསྐོས་བྱས་པ་རེད་ཟེར་གི་འདུག དེ་བདེན་པ་ཨེ་ཡིན་ནམ།

  8. སྤོབས་པ་མཐའ་ཡས། says:
    2016-05-09 at 8:22 pm

    འཕྲོད་རྟེན་ཕྱོགས་ལ་བློ་སེང་ལས་དྲག་ཅིག་སུས་ཀྱང་བྱས་མྱོང་མེད། དཔེར་ན། འཕྲོད་རྟེན་འགན་ལེན་ལས་གཞི་མགོ་བཙུགས་པ་སོགས་དེ་སྔོན་གྱི་མི་ཆེན་བླ་ཆེན་ཚོའི་རྨི་ལམ་ནང་ལ་ཡང་འཁོར་མི་ཤེས་པ་ཤ་སྟག་རེད། བློ་སེང་གི་མདུན་འགོག་མཁན་རི་བོ་ཆེན་པོ་གསུམ་ཡོད།

  9. ཁྱུང་སེ། says:
    2016-05-09 at 8:57 pm

    བློ་སེང་གིས་རྒྱ་གྲོལ་ལ་གོ་གནས་ཆེ་བ་ཞིག་སྤྲོད་དགོས་ལས་གནས་མཐར་ཕྱིན་པར་བསྐྱལ་སོང།

  10. ཀ་བ་ཚེ་རིང་ says:
    2016-05-09 at 8:57 pm

    སྤོབས་པ་ཐལ་ཡལ་ལགས་།
    སློབ་བཟང་སངས་རྒྱས་ཀྱིས་རང་གི་གྲོགས་པོ་དང་གཉེན་མཚན་གོ་ནས་ལ་བསྐོ་རྒྱུ་དང་སྲིད་སྐྱོང་གི་གཟེངས་རྟགས་འགོ་བཙུགས་པ་ལས་འཕྲོད་བསྟན་གྱི་ལས་གཞི་བཅས་པ་གང་ཡོད་དེ་སྔ་ནས་འཆར་གཞི་ཡོད་པ་ཞིག་རེདོ་།
    ཁྱེད་ཀྱི་ཤེས་བྱ་ནི་། ཁྱོད་ཀྱིས་མ་ཤེས་ཤེས་བྱ་མང་། བོང་བུས་མ་འགྲོ་ལམ་གྲངས་མང་།ཟེར་བའི་དཔེ་ལྟར་རེད་འདུག་།

  11. སྤོབས་པ་མཐའ་ཡས། says:
    2016-05-09 at 9:39 pm

    བློ་བཟང་སེང་གེས་གཉེན་ཚ་ལ་གོ་གནས་སྤྲད་ཡོད་མེད་མི་ཤེས། སྤེན་པ་ཚེ་རིང་གོང་ས་མཆོག་གིས་ཨ་མེ་རི་ཁའི་དོན་གཅོད་ལ་ཐད་བསྐོས་བྱས་པ་རེད་ཟེར་ནས་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་ངོ་དེབ་’བདེན་པ་གཉིས་རྒྱལ་གྱུར་ཅིག’་ཅེས་པ་དེའི་ནང་ན་བཀོད་འདུག གོང་སའི་བཀའ་འབྲེལ་ཡིན་ཚུལ་ཞིག་བོད་ཀྱི་དུས་དེབ་ནང་གི་སྤེན་ཚེའི་བཅར་འདྲིའི་སྐབས་སུ་ཁོ་རང་གིས་དངོས་སུ་བཤད་འདུག གཉེན་གྲོགས་གང་ཞིག་གི་འབྲེལ་བ་བརྟེན་ནས་ཐད་བསྐོས་བྱས་པ་ཡིན་ཡིན་མི་ཤེས། གོང་ས་མཆོག་སྤྱི་འབངས་དཀྱུས་མ་ཞིག་ལ་དོན་གཅོད་ཐད་བསྐོས་བྱེད་ཆོག་པའི་ཐོབ་དབང་ཡོད་ན་དམངས་གཙོ་གསོལ་རས་སུ་བསྩལ་པའི་དམ་བཅའ་ཤོར་འགྲོ་གི་མ་རེད་དམ། ངས་དྲ་པོར་བཤད་གི་ཡོད།

  12. བྱང་ཆུབ་ལོ་མ། says:
    2016-05-09 at 9:43 pm

    བློ་བཟང་སེང་གེས་རང་ཉིད་ཀྱིས་ལོ་ལྔ་ཡི་རིང་ལ་འབད་པ་བྱས་པའི་གྲུབ་འབྲས་ནི་༼སྤྱི་ཚོགས་ལྷིང་འཇགས་པོ་བྱུང་ཡོད་༽པ་འདི་ཡིན་ལབ་པ་རེད། དེ་མང་ཚོགས་ཀྱིས་གརུབ་འབྲས་ཤིག་ཏུ་ངོས་ལེན་མ་བྱས་པ་རེད། དེས་ཁུངས་མ་འཁྱོལ་བ་རེད། འཐུས་ཤོར་གྱི་ལོ་ལྔ་ཞེས་ལྷ་མི་གཉིས་ཀས་ངོས་བཟུང་བ་རེད། དེར་བློ་སེང་གིས་ཀྱང་ཁས་ལེན་དང་དགོངས་དག་ཞུས་པ་རེད། སྨན་བཅོས་ལྟ་སྐྱོང་ལས་གཞི་ནི་བཀའ་ཤག་སྐབས་སྔ་མ་ཟམ་གདོང་རིན་པོ་ཆེའི་སྐབས་ཀྱི་ལས་གཞི་ཞིག་མཇུག་སྐྱོང་བཞིན་པ་ལས། དེར་བློ་སེང་གིས་བྱས་རྗེས་ཅི་གང་བཞག་མེད་། འཕྲོད་བསྟེན་དང་ཤེས་རིག་གཉིས་ནི་བློ་སེང་སྲིད་སྐྱོང་ལ་བསྡད་ནས་འཐུས་ཤོར་ཆེ་ཤོས་སོང་བའི་ལྷན་ཁང་གཉིས་ཆགས་ཡོད་པ་རེད།

    གནས་ཚུལ་གསར་པ་ཞིག་ལ། མི་འགྱངས་པར་འོས་བསྡུའི་སྔ་རྗེས་སུ་བློ་བཟང་སེང་གེའི་སྐོར་བརྗོད་གཞིར་བཟུང་ནས་དྲ་ལམ་དང་ཚགས་པར་ཁག་ཏུ་སྤེལ་ཡོད་པའི་རྩོམ་ཡིག་ཁག་ཕྱོགས་བསྒྲིགས་དཔར་སྐྲུན་བྱ་རྒྱུ་རེད་འདུག དེ་ལོ་རྒྱུས་ནང་ལ་འཐུས་ཤོར་ཀྱི་གནས་སྟངས་ཕྱོགས་བསྡོམས་ཡིག་ཚགས་ཤིག་ཆགས་རྒྱུ་རེད་འདུག མ་འོངས་པར། མང་ཚོགས་ལ་མགོ་སྐོར་དང་ཧམ་པ་བཤད་མཁན་ཇེ་ཉུང་ལ་འགྲོ་བར་ཕན་ཐོགས་ཡཔང་ཆེད་དུའང་ཡིན་འདུག

  13. སྤོབས་པ་མཐའ་ཡས། says:
    2016-05-09 at 10:10 pm

    འོས་བསྡུ་ཡས་མས་སུ་ཁ་བརྡ་དྲ་བ་འདི་གཙོས་པའི་དྲ་ལམ་ཁག་ལ་སྤེལ་བའི་བོད་ཡིག་གི་ལམ་ནས་བློ་བཟང་སེང་གེ་ལ་མ་ཉེས་ཁག་གཡོག་དང་རྫུན་སྒྲིག་ངན་ཇུས་ཀྱི་འཁོར་ལོ་སྐོར་འདུག་མཁན་དེ་ཚོ་བརྒྱ་ཆ་དགུ་བཅུ་གོ་ལྔ་་མི་གཅིག་ཡིན་པའི་དཔང་རྟགས་གསལ་པོ་ཡོད། མིང་འདྲ་མིན་སྣ་ཚོགས་བཀོད་པ་དང་། ད་དུང་ས་གནས་དང་ལུང་ཚན་འདྲ་མིན་གྱི་མིང་ཁྱེར་ནས་རྫུན་སྒྲིག་གཡོ་ཇུས་བྱེད་བསྡད་པ་ཕལ་མོ་ཆེ་དོན་དུ་མི་གཅིག་གིས་བྱས་བསྡད་པ་ཡིན་པར་དཔང་རྟགས་ཁུངས་སྐྱེལ་མང་པོ་ཡོད། ཐ་ན་ཡིག་ནོར་དང་། རྩོམ་ཡིག་གི་གོ་རིམ། སྐད་བརྡ་བེད་སྤྱོད་སྟངས་ཚང་མས་མི་གཅིག་ཡིན་པའི་ཁུངས་སྐྱེལ་གྱིན་འདུག དེ་ཚོ་ཚང་མ་ཕྱོགས་བསྒྲིགས་ཤིག་བྱེད་ཐུབ་ན་དེ་ལས་ཀྱང་རྫུན་རྐུབ་བརྡོལ་རྒྱུར་ཕན་ཐོགས་ངེས་རེད། ཐུགས་རྗེ་ཆེ།

  14. སྤོབས་པ་མཐའ་ཡས། says:
    2016-05-09 at 10:14 pm

    རྫུན་བཤད་གི་མ་འདུག སྨན་བཅོས་འགན་ལེན་ལས་རིམ་༢༠༡༢་ཟླ་༤་པའི་ཚེས་གཅིག་ཉིན་མགོ་བཙུགས་པ་རེད། དེ་དུས་ཁྱེད་ཚང་གི་ཟམ་གདོང་བླ་མས་རྟ་བརྒྱུགས་ཟིན་པ་མ་ཟད་རྗེས་དེངས་ཚར་བ་རེད།

  15. སྲིན་པོ་རྫ་རྒན་ says:
    2016-05-09 at 11:33 pm

    འོས་བསྡུ་དང་འབྲེལ་བའི་རྩོམ་ཡིག་གནད་འགག་ཅན་མང་པོ་ཞིག་ངོ་དེབ་ནང་ལ་སྤེལ་སོང་། འོས་བསྡུའི་སྔ་རྗེས་ལ་རྩོམ་ཡིག་ཐོན་ཚད་ཚང་མ་ཕྱོགས་བསྒྲིག་བྱེད་ཀྱི་ཡོད་ན། དགག་བྱ་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཕྱོགས་གཉིས་ཀའི་རྩོམ་ཡིག་བསྡུ་དགོས་པ་རེད་འདོད།

  16. གཡུ་ཐོག says:
    2016-05-10 at 12:10 am

    བློ་སེང་མཆོག་ཟློས་གར་ལ་ཧ་ཅང་མཁས་པ་ཡིན་པ་དེ་རེ་འོས་བསྡུའི་བརྒྱུད་རིམ་ནས་གསལ་པོ་ཆགས་སོང་། ད་བར་འཕྲོད་བསྟེན་ལས་ཁུངས་ནས་འགན་འཁྲིད་གང་ཡང་བྱེད་མེད། གཙོ་བོ་སྨན་བཅོས་བལྟ་སྐྱོང་ལས་གཞི་བེད་སྤྱོད་གཏོང་ནས་བློ་སེང་རང་ཉིད་ལ་འོས་ཐོབ་ཐབས་ཇི་ལྟར་བྱེད་ཡོད་མེད་ཤེས་གསལ་རེད། སྨན་ལས་ཚང་མ་བསྡུ་སྐོང་བྱེད་ནས་ཟབ་སྦྱོང་དམིགས་བསལ་གང་སྤྲོད་རྒྱུ་ཡོད་མེད་གང་ཤེས། ཡིན་ཡང་དེ་ཡི་གཞིས་ཆགས་ཁག་ཏུ་ཡོད་པའི་ནད་པ་ཉམ་ཐག་དང་དབུལ་བ་རྣམས་ཀྱི་དཀའ་ངལ་ཇི་ལྟར་སེལ་ཐུབ་བམ། སྨན་རྩིས་ཁང་བརྒྱ་སྟོན་སྐབས་རྒྱལ་བས། ཁ་ཡམ་ཡམ་དང་འདྲ་ཆགས་ཆགས་བྱེད་རྒྱུ་མེད་པའི་ལམ་སྟོན་གནང་ཡང་བློ་སེང་གི་ཚོགས་ཆུང་གཉིས་དང་ཟིན་བྲིས་གཅིག་ཟེར་བ་སོགས་མདོར་ན་དུས་ཚོད་འཁྱོལ་ཆེད་དང་མི་མང་ལ་མགོ་སྐོར་གཏོང་ཆེད་འདྲ་བོ་ཆགས་འདུག ནད་གཞིའི་སྔོན་འགོག་ཆེད་གཞིས་ཆགས་ཁག་ཏུ་འཕྲོད་བསྟེན་གྱི་མཐུན་རྐྱེན་དགོས་པ་མ་ཏོག་སྨན་ལས་དྷ་སར་ཟབ་སྦྱོང་སྤྲོད་ནས་ཇི་ལྟར་ཕན་པ་ངས་མི་ཤེས། འཕྲོད་བསྟེན་གྱི་ཁྱབ་ཁོངས་ལ་ད་ཆ་བོད་པའི་ཕྱི་ལུགས་སྨན་པ་ཇི་ཉུང་དུ་འགྲོ་བཞིན་པའི་རྒྱུ་མཚན་གཙོ་བོ་ཡང་ལྷན་ཁང་རང་ཉིད་ཀྱི་སྲིད་བྱུས་དབང་གི་ཡིན།

  17. བླ་མ། says:
    2016-05-10 at 12:19 am

    སྤོབས་པ་མཐའ་ཡས། ཁྱོད་ཡག་པོ་མགོ་ཚོས་པ་གྱིས། འཕྲོད་རྟེན་ཉེན་གོག་འགན་ལེན་ལས་བཞི་བཀའ་བློན་ཁྲི་པ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་སྐབས་ལ་འགོ་གཙུགས་པ་བོད་མི་ཚང་མས་ཧ་གོ་གི་ཡོད། ཁྱེད་ཀྱི་རྫུན་ལ་སུས་ཀྱང་ཡིད་ཆེས་མེད། ཁྱེད་གཅིག་པུས་ཟམ་གདོང་རིན་པོ་ཆེའི་སྐབས་ལ་འགོ་གཙུགས་པ་ཧ་གོ་གི་ཡོད་ཀྱི་མ་རེད། དེ་མིན་ཚང་མས་ཧ་གོ་གི་ཡོད་དོ།

  18. ནུབ་ཕྱོགས་གངས་ཕྲུག says:
    2016-05-10 at 12:31 am

    བློ་སེང་ལ་ཡིད་ཆེས་རྦད་དེ་བརླག་སོང་། མ་གཞི་རྡོ་རྗེ་གླིང་གི་རོང་ཕྲུག་ལ་ཡིད་ཆེས་བྱེད་ན་ལྐུགས་པ་ལྐུགས་རྐྱང་རེད། ཁོས་བྱས་རབས་འཇོན་རབས་ཤ་སྟག་བཤད་ནས་ནོར་འཕྲུལ་ལ་ངོས་ལེན་བྱེད་ཐུབ་པའི་སྤོབས་པ་དང་བློ་ཁོག་མི་འདུག

  19. ཅང་ཤེས་རྟ་མཆོག says:
    2016-05-10 at 12:37 am

    རྩོམ་ཡིག་གནད་ལ་འཁེལ་པོ་ཞིག་སྤེལ་འདུག

  20. སྤོབས་པ་མཐའ་ཡས། says:
    2016-05-10 at 1:17 am

    འོས་བསྡུའི་སྐབས་ལ་བློ་སེང་གིས་འཁྲབ་སྟོན་གང་ཡང་བྱས་མ་སོང་། དེ་ལས་ལྡོག་སྟེ་སྐུ་ཞབས་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ཡིན་ཟེར་མཁན་རེ་ཟུང་གིས་ཟློས་གར་འཁྲབ་རྒྱུ་ཡོད་ན་མེད་ན་བྱས་སོང་། ཁ་བརྡ་དྲ་བ་འདི་གཅིག་པོའི་སྟེང་ལ་ཡང་ཡིག་འཁྱར་འདྲ་མིན་སྣ་ཚོགས་ཤིག་མིང་འདྲ་མིན་སྣ་ཚོགས་ཤིག་གི་འོག་ནས་སླེབས་སོང་། ཞིབ་ཏུ་བརྟག་ཡོང་དུས་བརྒྱ་ཆ་དགུ་བཅུ་ལྷག་ཅིག་གི་བརྗོད་ཚིག་དང་། སྐད་ཆའི་འགྲོ་སྟངས། རྩོམ་ཡིག་གི་གོ་རིམ། རྩམ་འབྲིའི་ཐབས་ལམ། ཐ་ན་ཡིག་ནོར་ཡན་ཆོད་གཅིག་མཚུངས་སུ་སླེབས་འདུག་པས་མི་གཉིག་གཉིས་ཤིག་གི་འཁྲབ་སྟོན་ཡིན་པ་ཤེས་ནུས། ཞིབ་ཏུ་ཤེས་དགོས་ན་ག་ལེར་གླེང་བར་བྱ། སྲིད་སྐྱོང་བློ་སེང་གིས་སྐུ་ཞབས་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་དང་ཡོན་ཏན་གྱི་ཆ་བརྗོད་པ་མ་གཏོགས་སྐྱོན་རྗོད་ཀྱི་ཚིག་སྣེ་གཅིག་ཀྱང་ཐོན་མ་སོང་། དེ་བཞིན་དུ་མདོ་སྟོད་ཆོལ་ཁས་དཔའ་རྟགས་དང་བརླིངས་ཚུགས་གཉིས་ཀ་བསྟན་སོང་། འོས་གཞི་འདོན་ཟེར་བའི་འཁྲབ་སྟོན་དེ་ཡང་མཚམས་བཞག་སོང་། ཡིད་སྨོན་འདྲ་བོ་ཤོར་སོང་། སྐུ་ཞབས་བློ་སེང་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་སྲིད་སྐྱོང་ཐོག་མ། དེང་རབས་ཀྱི་ཤེས་ཡོན་ཚད་མཐོ་ཤོས་ཐོབ་པའི་མཁས་དབང་ཚད་ལྡན། ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་དབུ་ཁྲིད་གོང་ས་ཏཱ་ལའི་བླ་མའི་རྒྱལ་ཚབ། དམངས་ཁྲོད་ནས་འཚར་ཞིང་མང་ཚོགས་ཀྱིས་ཡིད་ཆེས་ཁོ་ནས་གོ་གནས་མཐོ་ཤོས་སུ་སླེབས་པའི་དོན་དམ་པའི་དབུ་ཁྲིད་ཡིན་སྟབས་འདི་ལ་སྐྱོན་རྗོད་འདྲ་མིན་བྱེད་ཁུལ་བྱེད་པ་ནི་རང་ཉིད་ཀྱི་དེ་ཉིད་ཕྱིར་བསྟན་པ་ཙམ་ལས་མ་འདས་སོ།།

  21. སྤོབས་པ་མཐའ་ཡས། says:
    2016-05-10 at 1:25 am

    བློ་སེང་ནི་མི་ཆེན་བླ་ཆེན་ག་གེ་མོས་ཐད་བསྐོས་བྱས་པ་མ་ཡིན་པར་བོད་མི་མང་གིས་འོས་འདེམས་བྱས་པ་རེད། བློ་སེང་ལ་ཡིད་ཆེས་བརླགས་ན་མང་གཙོ་ལ་ཡིད་ཆེས་བརླགས་པ་རེད། བློ་སེང་ལ་ཡིད་ཆེས་བརླགས་ན་བོད་མི་མང་ལ་ཡིད་ཆེས་བརླགས་པ་རེད། ལས་དང་སྐལ་བ་དམན་པའི་གང་ཟག་ཁྱོད་ལྟ་བུ་ལ་གུང་ཁྲན་སྒེར་གཅོད་པའམ་ཆོས་ལུགས་རྨོངས་དད་ཀྱི་མགོ་ཁྲིད་ཅིག་གི་བསོད་ནམས་ལས་མེད་སོང་བ་རེད།

  22. རང་བཙན་བུ། says:
    2016-05-10 at 1:28 am

    འདིར་རྩོག་པ་འཁོར་རྒྱུགས་འདྲ་བའི་རྩོམ་ཞིག་བྲིས་འདུག་གཱ པདྨ་སུ་ཡིན་མི་ཤེས། འཕྲོད་བསྟེན་སྒང་ལ་དེང་སང་རྡ་སའི་རི་སྟེང་ལ་ཧུར་བརྩོན་ཞེ་དྲགས་འདུག་ཟེར། སྔོན་འགོག་བརྡ་སྦྱོར་གཙུག་ལག་ཁང་གཡས་གཡོན་གང་སར་སྦྱར་འདུག་ཟེར། གོ་ཐོས་ལ་ཕོ་བྲང་གི་སྒོ་འགྲམ་ལའང་གཅིག་སྦྱར་འདུག་ཟེར། བདེན་རྫུན་མ་ངེས་ང་ས་གནས་སུ་མེད་པས་དངོས་སུ་མ་མཐོང་གོ་ཐོས་བྱུང་། དེ་ལས་གནས་ཚུལ་གསར་པ་གསར་རྐྱང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་འགྲོ་སྟངས་ཤོར་བའི་སྐོར་དེ་གླེང་མཁན་མི་འདུག་གཱ སྲིད་སྐྱོང་གི་མདུན་རྒྱུགས་པ་ཞིག་བྱས་པའི་འབྲས་བུར་ཨ་རིའི་དོན་གཅོད་ཀྱི་རྐུབ་སྟེགས་རག་ཙམ་བྱུང་། འགྲོ་གཏན་འཁེལ། ལས་ཁུངས་སུའང་བཀའ་བློན་ཡང་སྐྱར་བྱེད་ཀྱི་མིན་རབས་ཐེངས་མང་བཤད། ཡར་མང་བཀའ་བསྡུར་རིམ་པའི་འོག་ནས་གློ་བུར་དུ་སྤེན་པ་ཚེ་རིང་ཨ་རིའི་དོན་གཅོད་དུ་བསྐོས། དངོས་གྲུབ་ཚེ་རིང་འགྲོ་སྟངས་ཤོར། སྲིད་སྐྱོང་ནས་ཁྱེད་རང་ཡང་སྐྱར་བཀའ་བློན་བྱེད་རོགས་ལབ་ལ་ཁས་མ་ལེན་རང་ལེན་བྱུང་། གནས་ཚུལ་འདི་ཚོ་གསར་པ་རེད། དངོས་གྲུབ་ཚེ་རིང་སྐོར་སྤྱི་ཚོགས་ནང་ལབ་གླེང་བྱུང་བས་ཁོ་པ་བཀའ་བློན་དུ་ཡང་སྐྱར་སྡོད་དགོས་པ་༧གོང་ས་མཆོག་གི་ཐད་བསྐོས་ཡིན་ཟེར་ནས་བཤད་འདུག་ཟེར། འདི་བདེན་ན་སྐྱག་རྫུན་རང་རེད། ད་ལྟའི་གཞུང་སྲིད་ལམ་ལུག་ནང་༧གོང་ས་མཆོག་ནས་བཀའ་བློན་ཐད་བསྐོས་གནང་བའི་ལམ་ཁ་ཡོད་པ་མ་རེད།

  23. གཡུ་ཐོག says:
    2016-05-10 at 2:08 am

    ཡང་དེའི་ནང་བློ་སེང་གྱི་རྒྱུགས་ཁྱི་རྣམ་དཔྱོད་བྲལ་བ་ཁ་ཤས་བསླེབ་ཡོད་པ་འདྲ། ཡ་ཡ། བློ་སེང་དངོས་གནས་མཁས་དབང་རེད། མགོ་སྐོར་བླུ་འཁྲིད་ཐོག་ལ་བྱང་ཆུབ་རེད། ཕལ་ཆེར་བློ་སེང་གི་རང་མདོག་ལོ་ཤས་རྗེས་གསལ་པོ་ཆགས་ངེས་རེད། ལྟད་མོ་རྗེས་དུས་མཐོང་ཡོང་།

  24. ཅང་ཤེས་རྟ་མཆོག says:
    2016-05-10 at 2:57 am

    སྨན་རྩིས་ཁང་ལ་མགོ་བསྐོར་བཏང་སོང་ཟེར་པ་དེ་བདེན་པ་ཡིན་གྱི་མ་རེད། སྨན་རྩིས་ཁང་ནི་བཙན་བྱོལ་སྒྲིག་འཛུགས་ཁྲོད་དཔལ་འབྱོར་གྱི་རྔམས་མཐུག་ཤོས་དང་། ཚགས་ཚུད་ཤོས། གཞི་རྒྱ་ཆེ་ཤོས་དེ་ཡིན་པ་ཡོངས་གྲགས་རེད། འཕྲོད་བཀའ་ཚེ་རིང་དབང་ཕྱུག་གིས་མགོ་བསྐོར་གཏོང་ཤེས་ཀྱི་མ་རེད།

  25. ལྷ་སྒང་ཆོས་གྲགས། says:
    2016-05-10 at 2:59 am

    “བོད་དོན་འཐབ་རྩོད་ཀྱི་སྡིངས་ཆ་དེ་སོ་སོའི་ཁེ་ཕན་སྒྲུབ་ས་དང་མཚན་སྙན་འཚོལ་ས། རང་ཕྱོགས་ཀྱི་ལྟོས་འབྲེལ་དང་བཅས་པར་ལམ་ཁ་འཚོལ་ས་ཞིག་ཏུ་གྱུར་ཡོད་པ། ” པདྨ་ཆོས་སྒྲོན་གྱི་སྐད་ཆ་འདི་བདེན་པ་རེད།དེ་མིན་བློ་སེང་གི་ངན་འཚང་ནི་སྐྱག་དོང་དང་ཆ་རེད། ཇི་ཙམ་དྲུས་ཀྱང་དྲི་ངན་གཙོག་རུ་གང་འགྲོ་རེད།

  26. གཡུ་ཐོག says:
    2016-05-10 at 5:00 am

    དེང་གྱི་འཛམ་གླིང་ནང་བོད་མིའི་གོང་བུ་གཅིག་སྒྲིལ་གྱི་མཚོན་རྟགས་མཚོན་ཐུབ་མཁན་གཅིག་པོ་དེ་ནི་བློ་སེང་མིན་ལ་སྤེན་ཚེ་ཀྱང་དེ་བས་མིན། དེ་ནི་༸རྒྱལ་བ་ཉིད་ཀྱི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་། སྨན་རྕིས་བརྒྱ་སྟོན་སྐབས། རྒྱལ་བས་ང་ནི་ཉི་མ་ལ་བརྒལ་གྱི་མཚམས་ལ་བསླེབ་ཀྱི་ཡོད། གཟབ་གཟབ་བྱས་ན་མ་གཏོགས་ད་ལྟ་བར་ཁུངས་འཁྱོལ་ཙམ་བྱུང་སོང་། ད་དུང་ཁུངས་འཁྱོལ་གྱི་རེད་བསམ་ན་ནོར་འཁྲུལ་རེད། དེ་ཁྱེད་རང་ཚོ་ཚང་མའི་སེམས་ལ་ངེས་པར་བྱེད་དགོས། ཅེས་བཀའ་སློབ་ཕེབས། ནམ་ཞིག་༸རྒྱལ་བ་ཉིད་མ་བཞུགས་པའི་དུས་ལ་བསླེབ་ཚེ། བོད་མིའི་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་སུས་མཚོན་ཐུབ་ཀྱི་རེད་དམ། སྦར་མོ་གང་ལ་མེད་པའི་འཁྲུག་ཆ་དོད་པའི་བཙན་འབྱོལ་སྤྱི་ཚོགས་ཉིད་སྲིལ་བུར་ཐོར་བའི་ཉེན་ཁ་ཡོད། བོད་མིའི་ཐབ་རྕོད་ཁ་ལ་འཁྱེར་ནས་རང་དོན་གྲུབ་མཁན་མང་། ད་ལྟ་རྒྱལ་བ་ཞལ་བཞུགས་པའི་དུས་སྐབས་ལ་རྙོག་གླེང་དེ་འདྲ་རེད། གང་ལྟར་མ་འོངས་བསོམ་ནམས་དམན་པའི་དུས་སུ་བཙན་འབྱོལ་སྒྲིག་འཛུགས་ཀྱི་བོད་མི་རྣམས་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ་བམ། དེ་དུས་བོད་མི་རྣམས་སྔར་ལས་ལྷག་པའི་རང་དོན་དང་ལྟོ་གོས་དོན་དུ་རྒྱུགས་པ་ལས་བོད་མིའི་རྩ་དོན་ཐོག་བསམ་བློ་གཏོང་ཨ་ཡོང་། སྲིད་སྐྱོང་། བཀའ་བློན། སྤྱི་མཐུས་མང་དག་གཅིག་ནི་སྐབས་འཚོལ་རིང་ལུགས་པ་རྐྱང་རྐྱང་རེད་འདུག དེ་ནི་ཧ་ཅང་གི་བློ་འཚབ་སྐྱེས་དགོས་པ་དང་བོད་མིའི་རྩ་དོན་གནས་དང་མི་གནས་སྟེང་བསླེབས་ཀྱི་ཡོད།

  27. ཅང་ཤེས་རྟ་མཆོག says:
    2016-05-10 at 5:42 am

    “ ལས་སྡོམ་འདྲ་ཆགས་པོ་ཞིག་བཟོ་བ་དང་། གསར་འགྱུར་བརྒྱུད་ལམ་ཁག་ལ་ཅིག་ཅིག་བྱེད་བཞིན་ཡོད་མདོག་གི་ཁྱབ་བསྒྲགས་བཟོ་ཆེད་ཁོ་ནའི་ཆེད་རེད། ” པདྨ་ཆོས་སྒྲོན་གྱི་སྐད་ཆ་འདི་བདེན་པ་རེད། རྒྱབ་སྐྱོར་ཡོད། ད་དུང་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་གོ་འཇོ་ཚེ་རིང་ཕུན་ཚོགས་རེད་འདུག མི་ཚེར་དཀོན་པའི་ནང་དུ་དཀོར་བཟས། བོད་དོན་ཁ་ལ་འཁྱེར་ནས་རྙིང་མའི་སྤྱི་འཐུས་དང་ཆོས་བཀའི་མཚན་གནས་བླངས་ཏེ་ཟ་ཉལ་བརྒྱབ་བསྡད་མཁན་ཞིག་གིས་འཁོར་བའི་སྐྱིད་སྡུག་སྟེ། བཟའ་ཚང་ཉ་ཉོག་གི་དཀའ་ངལ་དང་། རྒན་ཁོག་ནད་གཅོང་གི་དཀའ་ངལ། ཕྲུ་གུ་སློབ་འཇུག་གི་དཀའ་ངལ་སོགས་ཇི་ལྟར་རྟོགས་ཐབས་བྱེད་རྒྱུ་ཡིན་ནམ། སྐུ་ངོ་སངས་རྒྱས་ལ་མི་རྫོགས་པ་ཡིན་ནམ། ཡང་ན་ཨ་རོགས་ཁམས་ནས་མ་གཏོགས་ཡོང་མ་ཆོག་པ་ཡིན་ནམ། ཨ་ཁཁཁཁ

  28. སྤོབས་པ་མཐའ་ཡས། says:
    2016-05-10 at 7:11 am

    བློ་སེང་གི་རྒྱུག་ཁྱི་ཨེ། བློ་སེང་དབུ་ཁྲིད་ལ་འཇོག་མཁན་དེ་བོད་མི་མང་རེད། བོད་མི་མང་ཁྱིའི་གྲས་ལ་འཇོག་གིན་ཡོད་དམ། བསམ་བློ་ཞིབ་མོ་ཞིག་ཐོངས་དང་ཁྱི་སུ་ཡིན་ཤེས་ཡོང་།

  29. གཡུ་ཐོག says:
    2016-05-10 at 7:32 am

    བློ་སེང་སྲིད་སྐྱོང་ལ་བཙན་བྱོལ་བོད་མི་བསྐོས་པ་ཡིན་མོད་ཀྱང་། ཚང་མ་རྒྱུགས་ཁྱི་ཡིན་པ་ཁྱབ་པ་གང་ཡང་མེད། རྣམ་དཔྱོད་བེད་སྤྱོད་མི་གཏོང་ཁན་གྱི་སྐྱེས་བུ་དག་ཁོང་གི་གང་བཤད་པ་རྣམ་མིག་འཚུམ་གྱི་ཆ་འཇོག་བྱེད་མཁན་རྣམས་རྒྱུགས་ཁྱི་རེད། གང་ལྟར་གྲྭ་མིན་སྐྱ་མིན། ཆོས་བརྒྱུད་དང་ཆོལ་ཞེལ་གྱི་རུལ་དྲི་ཐུལ་བའི་གང་ཟག་རྣམས་རྒྱུགས་ཁྱི་དང་ཁྱད་མེད། འཐུས་ཤོར་གང་ཕྱིན་པ་རྣམས་གསལ་པོར་བརྗོད་དགོས་པ་རྒྱལ་བས་བཀའ་ནན་ཕེབས་སོང་། རྣ་བ་འོན་པ་ལྟར་བྱ་མི་རུང་ཞེས་གསུངས་ཀྱང་རྒྱུགས་ཁྱི་ཚོས་བློ་སེང་གིས་ཚོགས་ཆུང་གཉིས་དང་ཟིན་བྲིས་གཅིག་ལས་མ་གོ་བ་དེ་སེམས་སྐྱོ།

  30. རྒྱ་ཞིང་མྱི་དཀར། says:
    2016-05-10 at 7:39 am

    མེ་རོ་ལ་ལག་པ་མ་འཆང་རོགས་ད་ཅི་བྱེད་ཁ་ཁོམ་ནས་ཡོད་ན་ཁ་ལ་ལྕགས་འཛེར་རྒྱོབ།

  31. གཡུ་ཐོག་རྒྱལ་པོ། says:
    2016-05-10 at 11:47 am

    དང་ཐོག་སྲིད་སྐྱོང་གི་མིང་དེ་བློ་བཟང་སེང་གེ་ཡིན་ནམ། ཡང་ན་སངས་རྒྱས་གང་ཡིན་སྲིད་སྐྱོང་རང་གིས་གསལ་པོ་བཟོ་དགོས་འདུག དེ་མིན་མིང་ནོར་དེས་ཀྱང་། སྙོག་གླེང་ཡོང་གི་འདུག མ་གཞི་ནས། འཛམ་གླིང་སྟེང་། སྲིད་སྐྱོང་གི་མིང་ངེས་གཏན་མེད་པ། ང་ཚོ་བོད་པར་མ་གཏོགས་སུ་ལའང་ཡོད་ཀྱི་མ་རེད། ངོ་མ་ཡིན། ད་སྲིད་སྐྱོང་གིས་ད་བར་གནང་བའི་ཕྱག་ལས་ཁག་ནི་གཅིག་ལས་གཅིག་ལོད་པ་ཤ་སྟག་རེད། རང་ཉིད་ཀྱི་མིང་ཁོ་ནའི་ཆེད་དུ་བརྩོད་པ་ལས། སྤྱི་སེམས་མི་འདུག་ཀ ནུབ་ཕྱོགས་པའི་སློབ་ཆེན་ཁག་ཏུ་སྲིད་སྐྱོང་གི་མིང་ཐོག་ནས་བསྐྱོད་དེ། མཐར་རང་ཉིད་སྲིད་ཐོག་འཁྱོལ་སྐབས། དགེ་རྒན་གྱི་ལས་གནས་ཤིག་རག་ཐབས་ཡིན་པ་ཚང་མས་ཤེས་གསལ་རེད་ཏ། ད་ཡིན་ན། སྲིད་སྐྱོང་ཁྲམ་པ་དེ་ལ་འབད་དེ་ཉོབ་སོང་།
    ཁང་གསར་ལགས་ཀྱི་རྩོམ་འདིར་གཟིགས་དང་།
    སྲིད་སྐྱོང་བློ་བཟང་སེང་གེས་ཚོགས་གཙོ་སྤེན་པ་ཚེ་རིང་ཨ་རི་དོན་གཅོད་དུ་བསྐོས་པ་འདི་ལ་ཕྱོགས་ཁ་ཤས་ནས་བལྟ་དགོས། དང་བོ་བློ་བཟང་སེང་གེས་འདས་པའི་ལོ་ལྔའི་རིང་། རང་གི་ཕྱོགས་གཏོགས་ཀྱི་དབང་ཆ་རྒྱ་སྐྱེད་གཏོང་ཐབས་ཤུགས་ཆེ་གནང་ཡོད། ཁོང་གིས་སྲིད་སྐྱོང་གི་གོ་གནས་དེ། རང་གི་དབང་ཆ་རྒྱ་སྐྱེད་ཀྱི་ཆེད་དུ་ཤུགས་ཆེན་པོ་བེད་སྤྱོད་བཏང་ཙང་། གངས་སྐྱིད་ཀྱི་ལས་བྱེད་ཚོ་ཚུད་པའི་གནད་ཡོད་མི་སྣ་མང་པོར་སེམས་ཁྲལ་བསླངས་ཡོད། དབང་ཆ་རྒྱ་སྐྱེད་ཀྱི་ཆེད་དུ་དང་བོ་རྒྱ་རི་རིན་པོ་ཆེ་ནུས་མེད་དུ་བཏང་། རྒྱ་རི་རིན་པོ་ཆེ་ནི་ཨ་རིའི་གཞུང་འབྲེལ་ལས་ཁུངས་ཁག་དང་བོད་གཞུང་བར་གྱི་འབྲེལ་བ་མཐུད་མཁན་གཙོ་བོ་དེ་རེད། དེ་སྔོན་༸གོང་ས་མཆོག་དང་བཀའ་བློན་ཁྲི་པ་སོགས་ཨ་རིར་ཕེབས་སྐབས། གནད་ཡོད་མི་སྣར་མཇལ་འཕྲད་ཀྱི་གྲ་སྒྲིག་ཆ་ཚང་རྒྱ་རི་རིན་པོ་ཆེས་འགན་ཁུར་ནས་གནང་བཞིན་ཡོད་ལ། རྒྱ་བོད་འབྲེལ་མོལ་གྱི་འགན་གཙོ་བོ་ཡང་ཁུར་བཞིན་ཡོད། བློ་སེང་ཨ་རིར་འགྲོ་སྐབས་རྒྱ་རི་རིན་པོ་ཆེ་མ་བརྒྱུད་པ་མ་ཟད། རིན་པས་རྒྱ་རི་རིན་པོ་ཆེའི་གནས་བབས་དམའ་རུ་གཏོང་ཐབས་བྱས། དེའི་དགོས་མཁོར་ཨ་རི་དོན་ཁང་དེ། ནིའུ་ཡོག་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་སྤོས།
    དེ་ནས་བློ་སེང་གིས་ཨ་རིའི་རོགས་དངུལ་གྱི་འབྱུང་རྩ་གཙོ་བོ་ཨ་རི་ཐེབས་རྩར་དབང་སྒྱུར་བྱ་འདོད་བཅངས་ཏེ། རང་གི་ཕྱོགས་གཏོགས་བཀའ་ཟུར་བློ་བཟང་སྙན་གྲགས་ཨ་རི་ཐེབས་རྩའི་འགན་འཛིན་དུ་བསྐོ་ཐབས་ཡོད་རྒུ་བྱས་པ་ལྟར་ལམ་དུ་སོང་སྟེ། ཨ་རིའི་ཐེབས་རྩའི་དབང་ཆ་བློ་བཟང་སྙན་གྲགས་ཀྱིས་བཟུང་། དེ་མུར་ཨ་རི་དོན་གཅོད་ཀྱི་གོ་གནས་སུ། བློ་སེང་གི་གྲོགས་པོ་སྐལ་རྡོར་བསྐོས། སྐལ་རྡོར་ནི་འཛིན་སྐྱོང་གི་ཉམས་མྱོང་དང་། མང་ཚོགས་ཁྲོད་ཆེ་མཐོང་། ཆོས་སྲིད་ཀྱི་ཤེས་ཡོན་གང་ཡང་མེད་མཁན་ཞིག་ཡིན་པས། ཨ་རིར་སླེབས་མ་ཉིད་དུ་རྙོག་གླེང་མང་བོ་ཐོན། དཔེ་མཚོན་ནི། ༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་སྐབས་དོལ་ཚོགས་ཀྱིས་ཉེ་འགྲམ་དུ་བཅར་བ་དང་། ཨ་རིར་རང་བཙན་དང་དབུ་མའི་ལམ་གྱི་རྗེས་འབྲང་བའི་དབར་སྔ་ན་མ་གྲགས་པའི་རྙོག་གླེང་ཐོན་པ། ཨ་རིའི་རྒྱ་རིགས་འབྲེལ་མཐུད་པར་ཁྲག་དོགས་ཀྱིས་སྙན་ཁྲ་ཞུས་པ། ཨ་རི་དོན་ཁང་གིས་རྡ་སའི་ཕྱི་འབྲེལ་བཀའ་བློན་ལ་ཉན་འཇོག་མི་བྱེད་པར་ཐད་ཀར་བློ་སེང་ལ་བརྡ་ལན་ཞུ་བ་ལྟ་བུ་ཡིན། བློ་སེང་གིས་འདི་ལྟར་སྲིད་སྐྱོང་གི་གོ་གནས་དེ་བོད་དོན་འཐབ་རྩོད་ཀྱི་ཕྱོགས་ལ་མི་གཏོང་བར་ནང་ཁུལ་གྱི་དབང་ཆའི་འཐབ་རྩོད་ནང་བཀོལ་མཐར་ད་ཆ་ཨ་རིའི་གཞུང་སྲིད་ལ་འབྲེལ་མཐུད་དང་། རྒྱ་ནག་ལ་འབྲེལ་མཐུད་ཀྱི་མི་སྣ་བསྐོ་མིན། རོགས་དངུལ་གྱི་འབྱུང་རྩ། ལྷོ་སྤྱིའི་ཁྱབ་ཁོངས་དང་བྱང་སྤྱིའི་ཁྱབ་ཁོངས། གདན་ས་བཅས་ཡོངས་ལ་རང་གི་དབང་ཆ་རྒྱ་སྐྱེད་བཏང་ཟིན་པ་རེད། དེ་འདྲའི་རྒྱ་སྐྱེད་ཀྱི་བརྒྱུད་རིམ་ནང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལའང་སྟངས་འཛིན་གྱི་ནུས་པ་ཅི་གང་མེད་པ་རེད།
    ཡིན་ན་ཡང་ད་རེས་སྤེན་པ་ཚེ་རིང་ཨ་རི་དོན་གཅོད་དུ་བསྐོ་དགོས་བྱུང་བ་དེས། ཏག་ཏག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབང་ཆ་ཡོངས་རྫོགས་མི་གཅིག་གི་ལག་ཏུ་ལྷུང་བཞིན་པ་དང་། ཤོག་ཁག་གཅིག་གིས་འཁྱེར་འགྲོ་བཞིན་པ་དེར་སྟངས་འཛིན་ནན་པོ་གནང་བ་ཞིག་རེད། དེས་ཕྱོགས་གང་ཞིག་ལ་ཉེན་ཁ་ཡོད་མེད་ཀྱང་བསྟན་པ་རེད། སྤེན་པ་ཚེ་རིང་ཨ་རི་དོན་གཅོད་དུ་འཁོད་པ་ནས་ཨ་རིའི་གཞུང་ལ་འབྲེལ་གཏུགས་ཀྱི་བརྒྱུད་ལམ་གལ་ཆེ་ཤོས་དེར་བློ་སེང་གི་ཕྱོགས་གཏོགས་མ་ཡིན་ལ། སྤྱི་ཚོགས་ནང་གནས་བབས་ངེས་ཅན་ཡོད་པའི་མི་ཞིག་སླེབས་ཐུབ་པ་བྱུང་བ་རེད། དེས་ཨ་རིའི་གཞུང་ལ་འབྲེལ་གཏུགས་ཙམ་དུ་མ་ཟད་ཀྱི། ཨ་རི་ནས་འབྱུང་བཞིན་པའི་རོགས་དངུལ་གྱི་ཁ་ཕྱོགས་ལའང་སྟངས་ལྟ་ཞིབ་ཚད་ངེས་ཅན་བྱེད་ཐུབ་ངེས་རེད།
    ཕྱོགས་གཞན་ནས་འདི་ནི་འགལ་རྐྱེན་མཐུན་རྐྱེན་དུ་བསྒྱུར་བ་དང་། མི་མཐུན་པ་མཐུན་པར་བསྒྱུར་བ། ལྗིད་མི་སྙོམ་པ་སྙོམ་པར་བསྒྱུར་བ་ཞིག་ཡིན་པས། འདོད་རུང་མ་འདོད་རུང་། བོད་ཀྱི་རྩ་དོན་ཐད་འདིས་མང་གཙོའི་སྒྲོམ་གཞི་སྟོང་བ་ལས་ལྷག་པའི་ཕན་ནུས་ཐོན་སྲིད་པ་ཡིན།

  32. སྲིན་པོ་རྫ་རྒན་ says:
    2016-05-10 at 9:00 pm

    འདས་པའི་ལོ་ལྔའི་རིང་ལ་བློ་བཟང་སེང་གེས་གྲུབ་འབྲས་བསྐྲུན་ཐུབ་མེད་པར། ལས་དོན་དང་གནས་སྟངས་ཁ་ཤས་འཐུས་ཤོར་བཏང་བ་དངོས་ཡོད་གནས་སྟངས་རེད། ང་ཚོས་ཁོང་གིས་མ་འོངས་པའི་ལོ་ལྔའི་ནང་ལ་ད་ལྟའི་གནས་སྟངས་འདི་ལས་རྒུད་མ་བཅུག་པར་གྲུབ་འབྲས་གང་འཚམ་ཡོང་བའི་རེ་བ་བྱེད་དགོས་པ་རེད། ཡིད་ཆེས་ཀྱང་བྱེད་དགོས་པ་རེད།

  33. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-12 at 7:48 am

    སྨན་རྩིས་ཁང་གི་མཛད་སྒོའི་ཐོག་གོང་ས་མཆོག་ནས་འཐུད་ཤོར་ཕྱིན་པའི་བཀའ་ཟབ་ནན་ཕེབས་པར་སྤྱི་འཐུས་གྲོས་ཚོགས་ནས་དེའི་སྐོར་ལ་གྲོས་ཆོད་ཕར་བཞག་བགྲོ་གླེང་ཙམ་མེད་པ་ནི་ང་ཚོའི་གྲོས་ཚོགས་འཐུས་མིའི་སྤུས་ཚད་མི་མང་ལ་བསྟན་པ་མ་རེད་དམ་།

  34. ཀ་བ་ཚེ་རིང་ says:
    2016-05-12 at 8:52 am

    རྨོངས་པ་ཚེ་བསོད་ཀྱི་བཀའ་མོལ་དེ་ཡིན་ཁུལ་བྱས་།

    ཡིན་ནའི་ཁོང་ལ་ལོ་འཁོར་ཡིག་རྒྱུགས་ཀྱི་ཚུལ་དུ་དྲི་བ་ཁག་ཅིག་བཏང་བ་ཡིན་ན་དེ་ལྟར་ཏེ་
    ༡༽༧གོང་ས་མཆོག་གི་སྨན་རྩིས་ཀྱི་བཀའ་སློབ་ནང་ གཟི་ བརྗི་ ཁོག་ སྟོང་ གསུངས་པ་ སུ་ ལ་ གོ་།
    ལན་༽ བློ་བཟང་སེང་གེ་འམ་སློབ་བཟང་སངས་རྒྱས་ལ་གོ་།

    དྲི་བ་༢༽༧གོང་ས་མཆོག་གི་བཀའ་བཀྱོན་ནང་ རྣ་ བ་ འོན་ པ་ ནང་ བཞིན་ མ་ སྡོད་ ཅེས་པ་ སུ ར་ གསུངས་ཀྱི་ཡོད་།
    ལན༽ སྤོབས་པ་མཐའ་ལྷུངས་དང་ ཏྲེ་ལྐུག་བྱམས་པ་རིན་ཆེན་ རྨོངས་པ་ཚེ་བསོད་དང་ ཀརྡོ་གཉེར་ཆག་ལགས་སོགས་པར་གོའོ་།

    དྲི་བ་༣༽ ཁྱིའི་མཇུག་མ་ཁར་ཐུག་བཟོ་ཐུབ་རྒྱུ་ཡོད་དམ་།
    ལན་༽ ཁྱིའི་མཇུག་མ་ཁར་ཐུག་བཟོ་ཀྱང་ བློ་སེང་དང་སྐལ་རྡོ་གཉིས་ལ་སྤོབས་པ་མཐའ་ལྷུངས་ལྟ་བུའི་མཆན་བཀོད་པས་ཇི་ལྟར་བསྟོད་མིན་ལ་མ་ལྟོས་པར་བོད་སྤྱི་པའི་རྩ་དོན་བསྒྲུབ་རྒྱུའི་རེ་བ་གཏན་ནས་མེད་ལ་རེ་བ་བྱེད་ཀྱི་ཡང་མེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme