Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ཡི་སེམས་ཁམས།

Posted on 2011-11-25 By དབང་ཕྱུག་ 11 Comments on མི་ཡི་སེམས་ཁམས།

བསོད་ནམས།

མཐོ་སྒང་འདི་ན་ཆེས་ཆེར་གསང་བ་དང་། །
ལྐོག་ཏུ་གྱུར་པའི་ཆོས་ཤིག་ཡོད་གྱུར་ན། །
མགོ་ནག་མི་ཡི་སེམས་ཀྱི་གཤིས་ཀ་དང་། །
གསུང་རབ་དགོངས་དོན་གཉིས་ལས་གཞན་ཅི་ཞིག །

གཅིག་དང་གཉིས་ཞེས་གྲངས་སུ་བགྲང་འདོད་ཀྱང་། །
ང་ལ་ཡོད་པ་སྔོན་མའི་ལོ་རྒྱུས་ཙམ། །
ཁྲིག་ཁྲིག་མེད་པའི་འཇིག་རྟེན་ཁམས་འདི་ལ། །
ང་ཡི་ཡོད་ཚད་མདང་གི་རྨིན་ལམ་འདྲ། །

ཕན་གནོད་སོར་མོའི་རྩེ་ལ་བགྲང་ན་ཡང་། །
དོན་གྱི་ཆ་ནས་ཕན་གནོད་ངོས་འཛིན་དཀའ། །
ད་ལོར་གཤོམ་པའི་བཅོ་ལྔའི་མཆོད་པ་ལ། །
སོང་ལོར་སྐྱུར་དྲི་ཁ་བ་ཆོས་ཉིད་འདྲ། །

ཁ་བ་བུ་ཡུག་འཚུབ་པའི་འཇིག་རྟེན་འདིར། །
ང་ཡི་ལུས་སེམས་གཉིས་ཀ་གྲང་ཤུར་ཤུར། །
བརྒྱ་ལ་མི་འཁྲེང་སྟོང་ལ་མི་ཞེན་ཡང་། །
གཅིག་གིས་ཆད་པས་སེམས་འདི་སྟོང་ལྷང་ལྷང་། །

ང་ཡི་སེམས་ཁམས་ཁྱོད་ཀྱིས་མི་རྟོགས་ཤིང་། །
ཁྱོད་ཀྱི་གཤིས་སྤྱོད་ང་ཡིས་མི་ཤེས་ཀྱང་། །
རི་དྭགས་རྙི་ལས་ཐར་བའི་འདུ་ཤེས་ཀྱིས། །
ཕྱིར་ལྟོས་ཙམ་ཡང་མེད་འདི་བདེན་ལགས་སམ། །

ཤ་ཟ་སྲིན་པའི་རིགས་ཀྱི་གངས་ཅན་པར། །
ཡ་རབས་སྤྱོད་བཟང་མེད་པར་བདེན་ན་ཡང་། །
སྤྲེལ་འུ་བྱང་སེམས་རུས་ལས་འཁྲུངས་པ་ལ། །
ཁྲེལ་གཞུང་ངོ་ཚ་ཅུང་ཟད་མེད་འདི་ཅི། །

སྒོར་མོའི་འཇིག་རྟེན་ཟེར་མཁན་མང་ན་ཡང་། །
ང་ཡི་སེམས་ནས་ཡིད་ཆེས་མ་བྱས་ཤིང་། །
འོན་ཏེ་སྒོར་མོས་འདྲིད་པའི་སེམས་པ་དེ། །
མཐོང་བས་ཡིད་ཆེས་མི་བྱེད་དཀའ་མེད་གྱུར། །

དུང་སོ་སུམ་བཅུ་ཁ་དོག་དཀར་ན་ཡང་། །
ལྷན་སྐྱེས་སེམས་ཁམས་སོལ་བ་ལས་ཀྱང་ནག །
དོན་ལྔ་སྣོད་དྲུག་མི་བུ་ཀུན་མཉམ་ཡང་། །
ཁྲེལ་གཞུང་ལ་རྒྱ་མེད་པ་ཁྱི་དང་འདྲ། །

ལག་པས་བསླད་དུས་སེམས་ཀྱིས་མ་བཏང་ཞིང་། །
སེམས་ནས་བོར་དུས་ལག་པས་བཏང་མ་ཐུབ། །
ནམ་ཡང་འདོར་ཐབས་མེད་པའི་སེམས་པ་འདི། །
ཚེ་སྔོན་བསགས་པའི་ལན་ཆགས་བུ་ལན་འདྲ། །

ཁ་ནང་གཏམ་དང་ཆུ་བོའི་རླངས་པ་ལ། །
སྙིང་པོ་མེད་པར་དེ་རིང་ང་ཡིས་ཤེས། །
ཀུན་གྱི་སྐྱབས་གནས་སྒོར་མོ་འདི་ཚང་གིས། །
དགྲ་བོ་གྲོགས་སུ་བཀུག་པའི་ལོ་རྒྱུས་མང་། །

སྙན་ངག

Post navigation

Previous Post: སྐར་ཁུང་། ཁ་བརྡས་གསར་དུ་ཕྱེ་བའི་ལེ་ཚན།
Next Post: རྒྱ་དང་བོད། རྒྱལ་རོང་དང་རྔ་བ།

Comments (11) on “མི་ཡི་སེམས་ཁམས།”

  1. མིག says:
    2011-11-25 at 6:24 pm

    ཁྲེལ་མེད་ཀྱི་དུས་རབས་འདིའི་ནང་ཁྱི་དང་འདྲ་བ་ཅི་འདྲའི་མང་།

  2. རིག་པའི་མེ་ལྕེ། says:
    2011-11-25 at 9:41 pm

    ཁྱད་པར་དུ་བོད་མི་ཕྱི་གླིང་ན་ཡོད་པ་ཚོས་ནང་ཕན་ཚུན་གྲོགས་པོའི་བར་དུ་རྐུན་མ་རྒྱག་མཁན་མང་པོ་ཞིག་ཡོད་པས་ཧ་ཅང་ཐབས་སྐྱོ་བོ་རེད། ཕྱི་གླིང་དུ་བསླེབས་ནས་འབྱོར་བའི་དཀའ་ངལ་མེད་དུས་ད་དུང་སྔར་གྱི་གཤིས་ངན་དེ་མི་འདོར་བ་དེ་ནི་ལྐུགས་པ་མཛོ་རེད། ང་ཚོ་བོད་རིགས་འདིས་ནི་ཐམས་ཅད་མཁྱེན་པའི་བཀའ་ལ་མི་བརྩི། ས་གནས་ཀྱི་ཁྲིམས་ལ་བརྩི་འཇོག་མི་བྱེད། བྱང་ཆུབ་སེམས་དཔའ་མི་ཤེས་ཏེ་སྲིན་མོའི་རྒྱུད་པ་དངོས་གནས་ཡིན་ས་རེད།

  3. གངས་ཕྲུག says:
    2011-11-26 at 3:37 am

    མི་དེའི་རིགས་ནི་ཁྱི་ལས་ལན་གྲངས་སྟོང་གིས་ཐ་ཆད་ཞིག་དང་། སྙིང་མེད་ཞིག་ཡིན་པ་སྨོས་མ་དགོས་ཏེ། དུད་འགྲོ་བླུན་རྨོངས་ཞིག་ཡིན་ཀྱང་རང་གི་ཕ་མ་རིགས་རྒྱུད་ལ་མི་སེམས་མཁན་ཞིག་མེད་པ་རེད། དེས་ན་མི་དེ་སེམས་ཅན་སྲོག་ཆགས་ཀུན་གྱི་ཞབས་འདྲེན་ཞིག་དང་། བླ་གཙོང་ཞིག་ཡིན་པ་ནི་མ་བལྟས་མཐོང་ཆོས་སུ་གྱུར་པ་དེ་རེད། དེ་ལྟ་བུའི་མི་དེའི་སེམས་ལ་ཕ་རུས་གཙོང་ནས་སྒོར་མོ་ཉོ་རྒྱུ། དགྲ་རྐུབ་བརྡགས་ནས་རང་མགོ་རྙོག་རྒྱུ་མ་གཏོག་གཞན་མི་དེར་ཁྱད་ཆོས་མེད་པ་རེད།

  4. གཙང་བུ says:
    2011-11-26 at 6:07 am

    གནམ་རྒན་མ། འཇིག་རྟེན་འདིར་གྲོགས་པས་བསླུས་པ་དང་།
    གྲོགས་པོས་བསད་པ། གྲོགས་པོས་བཙོང་བ།
    གྲོགས་པོས་སྡུག་གི་ཁུང་བུ་དུ་བཙུད་པ་ཅི་འདྲའི་མང་།
    ངོ་མ་གྲོགས་པོར་ལ་རྒྱ་མེད་ན་སྡུག་བསྔལ་གྱི་གཞི་མ་རེད་ཡ།
    ད་དུང་དངུལ་རྐྱང་གིས་བདེ་སྐྱིད་འཐོབ་འདུན་སྐྱེ་བ་ནི་ལྐུག་པའི་ནང་གི་ཡང་ལྐུག་རེད།
    ངོ་མ་རེད། རིགས་གཅིག་ལ་བསམ་རྒྱུ་དངུལ་དང་། དྲན་རྒྱུ་ནོར་ལས་མེད།
    འདི་ཚོ་ནི་གྲོགས་ཀྱི་ཐ་མ་རེད་ཅེས་བརྗོད་ཆོག་ལ། གྲོགས་པོ་མ་རེད་ཅེས་ཀྱང་བརྗོད་ཆོག
    ཁེ་སོ་ལས་ལ་རྒྱ་མེད་པ་དག་དང་ནམ་ཡང་འབྲེལ་འདྲིས་བྱེད་མི་རུང་ངོ་། །

  5. བསོད་ནམས་རྡོ་རྗེ། says:
    2011-11-26 at 6:40 am

    དེ་རིང་རེས་གཟའ་མིག་དམར་སོང་བས་བྱེས་འབྱོར་སེ་ར་དགོན་པར་མཚོན་ན་གུང་སེང་རེད། ང་ཚོའི་ཤག་ཚང་གིས་དེ་དང་བསྟུན་ནས་སྒྲོལ་ཆོག་རྒྱས་པ་ཞིག་བཏང་སོང་། ཁོ་བས་ཀྱང་སྐུ་འགྱེད་སྒོར་མོ་༢༠ རེ་ཕུལ་བ་ཡིན། སྐབས་དེར་མཆོད་དཔོན་གྱིས་ཡོན་ཆབ་ཀྱི་ཆུ་ཁ་དམའ་བོ་ཞེ་དྲག་བྱས་ནས་ཕུལ་འདུག སྐབས་དེེར་ངས་མཆོད་དཔོན་ལ་ཡོན་ཆབ་འབུལ་སྐབས། ཆུ་ནས་འབྲུའི་ཚད་ཙམ་ལས་གཞན་གང་དགོས་པ་དང་། གང་དྲགས་ནས་ཕྱི་ལ་བོར་ན་ཚུལ་ཁྲིམས་འཆར་བའི་རྒྱུ་རུ་འགྱུར་ཚུལ་སོགས་བཤད་དུས། ཁོང་གིས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་ཡོན་ཆབ་ཀྱི་ཕན་ཡོན་ནང་། ཆུ་འབེལ་བོ་ཡིན་པས་དེ་ཙམ་མ་གང་ན་ཡག་པོ་ཡོད་ཚུལ་གསུངས་འདུག་ཅེས་ཟེར། དེ་མཚམས་གཉེར་པས་ཡོན་ཆབ་ཀྱི་ཆུ་ལ་སེར་སྣ་མེད་པས་མཆོད་པ་མཆོག་ཏུ་གྱུར་ཚུལ་གསུངས་སྲོལ་ཡོད་པ་མ་ཡིན་ནམ། ཞེས་འདྲི་བ་གཏོང་སོང་། གང་ལྟར་ཡོངས་འཛིན་རིན་པོ་ཆེའི་དེ་ལྟར་གསུང་ཡོད་ན། དེ་ནི་བློ་ཡུལ་དང་གནས་ལུགས་ལས་འགངས་པའི་གསུང་ཞིག་ཏུ་མཐོང་ནས། ངས་དགེ་རྒན་གཉིས་པ་དྲ་གྲོགས་རྣམས་ལ་དྲི་བའི་ཚུལ་དུ་དྲ་ཐོག་ཏུ་འགོད་འདོད་སྐྱེ།
    དེ་ཙམ་མ་ཟད་ཞབས་རིམ་པ་ཁག་ཅིག་གིས་ཁྲུས་བྱས་ནས་ཁྲུས་ཆུ་བུམ་ནང་དུ་བླུགས་རྗེས། སླར་བུམ་ནང་གི་ཆུས་ཆབ་བྲན་པ་སོགས་བྱེད་ཀྱིན། ངས་ཁོ་ཚོ་ལ་ཁྲུས་ཆུ་ང་ཚོར་མཚོན་ན་འཐུང་ཆོག་ཀྱང་། མཆོད་པར་ཆབ་བྲན་ན་འགྲིག་གི་ཨེ་ཡོད་ན། འདི་ནི་ང་ཚོས་ཁྲུས་བྱས་པའི་ཆུ་དུད་འགྲོ་སོགས་ཀྱི་བཏུང་བར་རུང་ཡང་། ང་ཚོའི་བཏུང་བར་མི་རུང་བ་དང་གཉིས་སུ་མེད་པ་ཞིག་མ་རེད་དམ་ཞེས་དྲིས་པ་ཡིན། ཁོང་ཚོས་སྔོན་མར་ནས་དེ་འདྲ་བྱེད་ཀྱི་འདུག་ཟེར། མདོར་ན་གསང་སྔགས་འདིར་ལ་ཕལ་བའི་བློ་ཡུལ་ལས་འདས་པ་ཤ་སྟག་ཡིན་པས་ཆོག་པ་ཞིག་ཨེ་ཡིན་སྙམ་ཡང་བློ་ལ་ཐད་པ་ཞིག་ནི་མ་བྱུང་།
    སྐབས་འདིར་གཅིག་བྱེད་ན་དགོད་གྲོལ་བ་དང་། གཉིས་བྱེད་ན་སངས་རྒྱས་བསྟན་པར་རྨ་འབྱིན་པའི་རྒྱུ་རུ་འགྱུར་ཉེར་བའི་སྐད་ཆ་ཞིག་ཡོད་པ་ནི་གསང་སྔགས་ཀྱི་ལྷ་དང་ལྷ་མོ་དག་ཁྲོམ་བསྒྲགས་བྱས་འབྲས་ཤིག་རེད།
    ངའི་ངོ་ཤེས་ཤིག་གིས་སྔོན་མར་ཁོང་ཕྱི་རྒྱལ་ཡོད་པའི་སྐབས་ཤིག ཁོང་གིི་གྲོགས་པོ་ཕྱི་རྒྱལ་བ་ཞིག་མགྲོན་པོར་ཡོངས་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཐང་མཇལ་འདུག ཨ་ལེ་བོད་པའི་ལྷ་དེ་ཚོ་ལ་ཡང་ལྟད་མོ་བལྟ་སར་གཅེར་བུ་བ་དགོས་པ་འདྲ་ཞེས་ལབ་འདུག སྙིང་རྗེ་ཕྱི་རྒྱལ་བ་དེས་ངག་ཡིད་གཉིས་ཀྱིས་ཚོགས་ངན་ཅི་འདྲ་ཞིག་བསགས་ཡོད་ན། དེ་མཚུངས་ཡི་དམ་ཁག་གི་སྐུ་དང་། སྐུ་ཐང་སོགས་དགོན་པ་དང་། ཆོས་ཚོགས་ཁག་གིས་མངོན་གསལ་དོད་པོར་བཞེངས་པ་འདི་ཚོར། ཐུགས་བསམ་རེ་བཞེངས་ན་དུས་ལ་བབས་འདུག
    དེ་ཙམ་མ་ཟད་བལ་ཡུལ་སོགས་ནས་བཞེངས་པའི་ཡབ་སྲས་གསུམ་སོགས་ཀྱི་སྐུ་ཐང་ནང་སྟོད་འགག་འབྲི་སྟངས་ནོར་འདུག དེ་ཚོར་དོ་སྣང་ཅི་ཡང་མེད་པར་ཆོས་སྡེ་ཆེ་ཁག་དག་གི་གྲལ་མགོར་སྐྱོར་བསྡད་ན། རྗེས་མར་ལུགས་སྲོལ་ངན་པ་ཞིག་མ་ཡིན་ནམ། དེང་སྐབས་འདིར་དེ་འདྲ་ཞིག་ཡིན་སྲིད་ཀྱང་། རྗེས་རབས་སུ་གདན་ས་ཆེ་གེ་མོས་གྲལ་མགོར་འདི་འདྲ་ཞིག་བྲིས་འདུག་ཅེས་ལབ་ནས་མིག་དཔེར་བལྟ་སར་བྱེད་མི་སྲིད་པ་མ་རེད། དེས་ན་དེང་གི་སྐབས་ནས་ཕྱོགས་ཐམས་ཅད་ལ་ཡིད་གཟབ་དང་དོ་སྣང་བྱེད་དགོས་པ་གལ་ཆེ་ནང་གི་དོན་ཆེ་རེད་སྙམ།

  6. འདོད་ལྷ་ཁམས་པ། says:
    2011-11-26 at 9:42 am

    སྟོང་གསུམ་འཇིག་རྟེན་གྱི་ཁམས་འདི་ན་ ་ཡིད་ཕངས་ཤིང་སྡུག་ལ་གཏད་མཁན་མང་པོ་ཞིག་གྲོགས་པོ་ནས་བྱུང་གི་ཡོད། ངོ་མི་ཤེས་པ་དང་ཁྱོད་དང་ཐག་རིང་གི་མིས་ཁྱོད་ལ་ཁབ་གཙགས་ཚིག་ངན་ཙམ་ཡང་བྱེད་གི་མ་རེད།

  7. སྐྱུ་རྩི་ནས། says:
    2011-11-28 at 2:49 am

    མཐོང་རྒྱུ་མེད་ཀྱང་སྟོང་ཁམས་འཇིག་རྟེན་ཀུན་མྱུལ་ཞིང་།
    ལེགས་པའི་རྒྱུ་ནོར་ཡོངས་རྫོགས་བདག་གི་རུ་འཛིན་པ།
    མ་བསམ་ས་དང་མ་དྲན་གནས་མེད་ཀྱི་སེམས་པ།
    མཐའ་ཡས་འཇིག་རྟེན་ཁམས་འདིར་སྡོམ་ཚིག་རང་ཨེ་ཐེབ།

  8. མིག says:
    2011-11-28 at 3:07 am

    ཁམས་འདིར་སྐྱེས་ཤིང་ཁམས་འདིར་འཚར་བ་ནས། །
    ཉམས་མྱོང་ཕྱོགས་སུ་བསྡུས་པའི་སྙིང་པོ་ལ། །
    གཡོ་ཅན་ཁྲམ་པ་ཀུན་སྤྱོད་ཅི་ལས་དུལ། །
    ལ་རྒྱ་མེད་པའི་གྲོགས་ངན་ཅི་ལས་སྡུག །
    ནམ་ཡང་སྤངས་པ་བདེ་སྐྱིད་རྩ་བ་ཡིན། །

  9. སྣྲོན་ངག་ཁྲི། says:
    2011-11-28 at 5:25 am

    རྩོམ་སྙན་པོ་ཚོར་བ་དངོས་ཀྱི་ཐོག་ནས་གསོན་ཉམས་དོད་པ་ཞིག་བྲིས་གནང་འདུག་ཀྱང་བརྗོད་བྱ་དང་བརྗོད་གཉིས་ཀའི་གོ་རིམ་ཅུང་འཁྲུགས་པའི་ཟོ་འདུག་པས་རྩོམ་ཉམས་ཤིག་ཡིན་ནམ་གང་ཡིན་གསལ་པོ་མི་ཤེས་།
    མཁས་དབང་དགེ་ཆོས་ཞབས་ཀྱིས།
    མེད་ན་ལྟོགས་ཀྱི་དོགས་པས་བཟའ་བཏུང་གི་རྩོལ་སྒྲུབ།།
    ཡོད་ན་ཟད་ཀྱི་དོགས་པས་ཁེ་ཚོང་གི་འདུ་འགོད།།
    དོན་ཆུང་ལས་ལ་འབད་པའི་ཕྲེང་གོག་དེ་བགྲང་ནས།།
    ཡུན་ཐུང་མི་ཚེ་ཕྲ་མོའི་ཕྲེང་ཐག་དེ་ཟད་སོང་།།
    བྱས་ཀྱང་འཛད་དུ་མེད་པའི་འཇིག་རྟེན་གྱི་བྱ་གཞག །
    བྱས་བྱས་ལས་ཀྱི་མཐའ་ལ་ཡིད་ཆད་ཀྱི་སྣོན་པ།།
    བྱས་ནས་གྲུབ་པར་རློམས་པའི་བདེ་འབྱོར་ཀུན་བསགས་ཀྱང་།།
    སྡུག་བསྔལ་ཕུང་པོ་འདི་ཡི་བཅུ་ཆ་ལས་མི་འདུག །
    ཁྲམ་དང་གཡོ་སྒྱུའི་རྩེད་མོ་དགུ་སྒྲིག་ཏུ་བྱས་ཏེ།།
    འབད་པ་བརྒྱ་ཡིས་སྒྲུབ་པའི་འཇིག་རྟེན་གྱི་འདུན་མས།།
    ཡུན་རིང་སྒུག་པའི་མཐའ་མར་སྟོང་བསླུས་སུ་བྱས་པས།།
    ལོ་གསུམ་སྡུག་ལས་གཉེར་བའི་ཨ་ཐང་ནི་ཆད་སོང་།།
    འབྱོར་ཚེ་ཉེ་བའི་དྲུང་ན་ཞུམ་ཞུམ་དུ་འགྲོ་ཞིང་།།
    རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ།།
    དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ།།
    བསམ་བཞིན་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་སོང་།།
    ཟིན་མེད་དབྱར་དགུན་དུས་བཞིའི་སོ་ཚིས་ལ་འབད་ནས།།
    དོན་མེད་གཡེང་བས་མི་ཚེ་སྟོང་ཟད་དུ་ཕྱིན་ཀྱང་།།
    ད་དུང་སྣང་མེད་གཡེང་བའི་འཕྱོར་ཉམས་དེ་ཆེ་བ།།
    ལུས་རྒས་སེམས་མ་རྒས་པའི་སྣང་ཚུལ་འདི་སྐྱོ་བ།།
    ཞེས་གསུངས་པ་དེང་གི་དུས་སུ་སྐབས་སུ་བབ་པའམ་དམ་པའི་ཆོས་དང་ཡ་རབ་ལུགས་
    བཟང་ལ་གལ་གནད་ཆུང་ཆུང་དུ་བརྩི་བར་བྱེད་པའི་དུས་ཚོད་ཅིག་ལ་སླེབས་ཟིན་པ་མ་ཡིན་ནམ།།

  10. མིག says:
    2011-11-28 at 8:52 am

    རྩོམ་མཆན་ཐམས་ཅད་སྙན་ལ་གོ་དོན་ཟབ་ཀྱི།

  11. གཙང་བུ says:
    2011-11-28 at 9:07 am

    སྣྲོན་ངག་གིས་གསུངས་པ་ལྟར་སྙན་ཞིང་གསོན་ཉམས་དོད་འདུག་ཀྱང་།
    བརྗོད་བྱ་སྐྱོ་ལྷང་ལྷང་འདིས་ངས་ལོ་འགའི་སྔོན་གྱི་རྩོམ་པ་པོ་ཞིག་དྲན་བྱུང་།
    ཁོང་གི་རྩོམ་ཡིག་ལ་(ལྷོ་རུ་འཁྱམས་པའི་རྣམ་ཤེས་)དང་། ཁོང་ལ་ཤ་བོ་འགྱུར་མེད་ཟེར།
    རྩོམ་འདི་ཚོའི་གྲས་གསོན་ཉམས་དོད་པ་དངོས་གནས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme