Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མར་ལུགས་རྒྱུད་སྡེ་བཅུ་གསུམ་གྱི་དྲིས་ལན།

Posted on 2014-06-052014-06-05 By ཁ་བརྡ་ 7 Comments on མར་ལུགས་རྒྱུད་སྡེ་བཅུ་གསུམ་གྱི་དྲིས་ལན།

སྐྱོ་བྲག་དགའ་དབང་།

ངེད་གཉིས་བར་དུ་ངོ་ཤེས་འདྲིས་པ་ཅི་ཡང་མེད་ནའང་། ཨ་མཆོག་སྤྲུལ་སྐུ་ཞུ་བ་ཞིག་གིས། ངོ་དེབ་བརྒྱུད་ནས་ང་ལ་དྲི་བ་འདི་ལྟར་གནང་གི་གདའ།
མར་ལུགས་རྒྱུད་སྡེ་བཅུ་གསུམ་རེ་རེ་ནས་མཚན་གསལ་བ་རེ་གསུང་གནང་ཞུ། འདི་ལ་བགྲང་ལུགས་མ་འདྲ་བ་རེ་ཡོད་དམ། ཉེ་ཆར་མཁས་གྲུབ་ཨ་བསྟན་ཕུན་ཚོགས་ཞུ་བ་ཞིག་གིས་མར་ལུགས་རྒྱུད་བཅུ་གསུམ་བགྲངས་འདུག་པ་དེའི་ནང་དུ་དུས་འཁོར་མི་འདུག དེ་གང་ཡིན་ནམ་ཧ་གོ་མ་སོང་། མ་གཞི་ནམ་རྒྱུན་བཤད་སྒྲོས་ཡོངས་གྲགས་ལ། མར་པའི་རྒྱུད་སྡེ་བགྲང་སྐབས་སུ། ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མཱ་ཡཱ། གཉིས་མེད་དུས་ཀྱི་འཁོར་ལོ། སྙིང་པོ་དགྱེས་པ་རྡོ་རྗེ། ཡང་སྙིང་འཁོར་ལོ་བདེ་མཆོག་ཟེར་བ་ཙམ་ལས་ཁོ་བོ་ལ་ཡང་ལུང་རིགས་ཀྱི་རྒྱབ་རྟེན་ཅི་གང་མེད། འདི་ན་དཔྱད་གཞིའི་ཡིག་ཆ་ཡང་མེད་ལ་འདྲི་ས་ཡང་མེད། གོང་ཞུས་ཀྱི་ཡི་གེ་དེ་མཐོང་བ་དང་སེམས་ལ་དེ་ལྟར་འཆར་བས་ཁྱེད་ལ་དྲིས་པ་ཡིན།

ངས་ཁོང་ལ་འདི་ལྟར་ཞུས་པ་ཡིན། སྔར་གྱི་ལོ་རྒྱུས་རྣམས་སུ་རྔོག་དཀྱིལ་བདུན་དུ་གྲགས་པ་ནི། ཆོས་བྱུང་མཁས་པའི་དགའ་སྟོན་ལས། དགྱེས་རྡོར་ལྷ་དགུ། བདག་མེད་ལྷ་མོ་བཅོ་ལྔ། གདན་བཞི་ལྷ་མང་། ཡེ་ཤེས་དབང་ཕྱུག་མ། མ་ཧཱ་མཱ་ཡཱ་ལྷ་ལྔ། གུར་རིགས་བསྡུས་ཏེ་རྗེ་མར་པ་ལས་བྱུང་བ་དྲུག་དང་། སྨྀ་ཏི་ལུགས་ཀྱི་འཇམ་དཔལ་གསང་ལྡན་ཏེ་བདུན་ལ་རྔོག་དཀྱིལ་བདུན་དུ་གྲགས། ཞེས་པ་དག་ཡིན་ལ། ཕྱིས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། མར་པ་ལོ་ཙཱ་ནས་བརྒྱུད་པའི་རྒྱུད་སྡེའི་སྒྲུབ་དཀྱིལ་ཕྱོགས་བསྡུས་གནང་བ་བཀའ་བརྒྱུད་སྔགས་མཛོད་དུ་བཞུགས་པ། ཕ་རྒྱུད་ལ། གསང་བ་འདུས་པ། འཇམ་དཔལ་གསང་ལྡན་གཉིས། མ་རྒྱུད་ལ། དགྱེས་པ་རྡོ་རྗེ་ཡབ་བཀའ། ཡུམ་བཀའ། རིགས་བསྡུས་གསུམ། བདེ་མཆོག་ཡབ་བཀའ། ཡུམ་བཀའ། རིགས་བསྡུས། སྒྱུར་དྲུག་བཞི། གདན་བཞི་ཡབ་བཀའ། ཡུམ་བཀའ་གཉིས། སྒྱུ་མ་ཆེན་མོ། སངས་རྒྱས་ཐོད་པ་རེ་རེ་སྟེ་བཅུ་གསུམ་ཡོད་པ་ལ། མར་ལུགས་རྒྱུད་སྡེ་བཅུ་གསུམ་བྱ་བའི་ཐ་སྙད་བྱུང་བ་རེད། མར་པས་གནང་བའི་དུས་འཁོར་གྱི་སྒྲུབ་དཀྱིལ་རྒྱུན་ཞིག་མེད་པས་ན་བཀའ་བརྒྱུད་སྔགས་མཛོད་དུ་བཞུགས་མེད་དོ། །

ཡང་ཁོང་གིས། མར་པ་དང་དུས་འཁོར་གཏན་ནས་འབྲེལ་བ་མེད་པའམ། ཡང་ན་གནང་ནས་དེའི་རྒྱུན་ཆད་པ་གང་ཡིན་ནམ། ངས་གསལ་བོ་དྲན་གྱི་མི་འདུག་ཀྱང་མར་པའི་མགུར་ཞིག་ལས་དུས་འཁོར་ཞུས་རབས་ཅིག་ཡོད་དྲན། གཅིག་བྱས་ན་ངས་ནོར་བ་ཡིན་སྲིད། ཅེས་གསུངས་པ་ལ།
ངས་འདི་ལྟར་ཞུས་པ་ཡིན། སྤྱིར་ཀརྨ་པ་མི་བསྐྱོད་རྡོ་རྗེའི་སྐུ་གསུམ་ངོ་སྤྲོད་ལས། བོད་ཁ་ཅིག རྗེ་ནཱ་རོ་པ་དུས་ཀྱི་འཁོར་ལོ་པ་ཆེན་པོ་ཡིན་པ་ལ། རྗེ་མར་པ་ལ་དེའི་ཆོས་ཀྱི་བཀའ་མེད་དོ་ཞེས་སྨྲ་བ་ནི། མཁས་གྲུབ་མཚུར་ཕུ་འཇམ་དབྱངས་རིན་པོ་ཆེས། ཐུབ་པའི་མཛད་སྲོལ་ཀུན་དགའ་བོ། །མར་པའི་མཛད་སྲོལ་ངེད་ལགས་མོད། །རྒྱུས་མེད་ལོག་ལྟས་ཅི་ལྟར་རྟོགས། །ཞེས་འབྱུང་བ་ལྟར་ཡིན་པས། རྗེ་བཙུན་མར་པའི་བཀའ་བརྒྱུད་འདི་ལ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ཕ་མ་དང༌། གཉིས་མེད་རྒྱུད་གསུམ་གྱི་བཀའ་མ་ལུས་པ་ཡོངས་སུ་རྫོགས་པར་བཞུགས་པ་ཡིན། ཞེས་པ་ལྟར་ལགས་ནའང་། ལོ་རྒྱུས་ཕལ་མོ་ཆེ་རྣམས་སུ་ཞུ་གནང་གི་ངག་སྒྲོས་མ་བྱུང་བ་ནི། འབྲུག་པ་པད་དཀར་གྱིས། རྗེ་བཙུན་དེ་རྒྱུད་མན་ངག་གི་རྒྱ་མཚོར་བཞུགས་པ་ལ་བོད་རྣམས་ཀྱི་བསོད་ནམས་ལ་བུམ་པ་གང་བ་ཙམ་ཞིག་དར་བ་ཡིན། ཞེས་གསུངས་པ་བཞིན་ཡིན་པར་སྣང་། འོན་ཏེ་བྱིན་རློབ་མན་ངག་གི་རྒྱུན་ཞིག་ནི་ཡོད་པར་ངེས་ཏེ། ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཡེ་ཤེས་བཙན་ཐབས་སུ་དབབ་པའི་ཆོ་ག་རྗེ་བཙུན་མར་རྔོག་ནས་བརྒྱུད་པ་ཞེས་པར། ཆོ་གའི་ཚུལ་གྱིས་བྱིན་གྱིས་བརླབ་པའི་བརྒྱུད་རིམ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། རྒྱལ་པོ་ཟླ་བཟང་ཆོས་རྒྱལ་དྲུག་རིགས་ལྡན་འཇམ་དབྱངས་གྲགས་པ། གྲུབ་ཐོབ་ཀུ་ཀུ་རི་པ་སྟེ་ཁྱི་མོ། རྗེ་བཙུན་མར་རྔོག་ཡབ་སྲས། མི་ལ། དྭགས་པོ་ཁུ་དབོན། དུས་མཁྱེན་འགྲོ་མགོན་ཡབ་སྲས་ཏེ་ཀརྨ་བཀའ་བརྒྱུད་ལས་རིམ་པར་འོངས་པའོ། །ཞེས་དང་། འདིའི་ཡིག་ཆ་རྙིངས་པ་རྗེ་དུས་མཁྱེན་གྱི་ཕྱག་ལེན་འབྲོ་སེང་ལྕམ་གྱིས་བྱས་པ་ངག་སྣ་ཤིན་ཏུ་བསྡུས་པ་ཞིག་ཀྱང་སྣང་ངོ༌། །ཞེས་གསུངས་འདུག །

སྐབས་འདིར་ཤེས་པར་བྱ་བ་ལ། ཐབས་ཕ་རྒྱུད། ཤེས་རབ་མ་རྒྱུད། ཟུང་འཇུག་གཉིས་མེད་ཟེར་བ་ནི། གཙོར་འདོན་གྱི་ཁྱད་པར་ཙམ་ལས། དོན་དུ་ཐབས་ཤེས་ཟུང་འཇུག་ཏུ་མ་བསྟན་ན་བླ་མེད་རྒྱུད་དུ་མི་འགྱུར་བའི་ཕྱིར། བླ་མེད་ཀྱི་རྒྱུད་གཅིག་ཕ་མ་གཉིས་མེད་གང་དུ་བགྲང་ཡང་རུང་བ་ཡིན་ནོ། །

བགྲོ་གླེང་།

Post navigation

Previous Post: བར་སྣང་གི་ཚིགས་སུ་བཅད་པ།
Next Post: དོན་འགྲུབ་དབང་ཆེན་བཙོན་ནས་གློད་གྲོལ་བཏང་བ།

Comments (7) on “མར་ལུགས་རྒྱུད་སྡེ་བཅུ་གསུམ་གྱི་དྲིས་ལན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-06-05 at 9:50 am

    ་་་་་ ངས་འདི་ལྟར་ཞུས་པ་ཡིན། སྤྱིར་ཀརྨ་པ་མི་བསྐྱོད་རྡོ་རྗེའི་སྐུ་གསུམ་ངོ་སྤྲོད་ལས། བོད་ཁ་ཅིག རྗེ་ནཱ་རོ་པ་དུས་ཀྱི་འཁོར་ལོ་པ་ཆེན་པོ་ཡིན་པ་ལ། རྗེ་མར་པ་ལ་དེའི་ཆོས་ཀྱི་བཀའ་མེད་དོ་ཞེས་སྨྲ་བ་ནི། མཁས་གྲུབ་མཚུར་ཕུ་འཇམ་དབྱངས་རིན་པོ་ཆེས། ཐུབ་པའི་མཛད་སྲོལ་ཀུན་དགའ་བོ། །མར་པའི་མཛད་སྲོལ་ངེད་ལགས་མོད། །རྒྱུས་མེད་ལོག་ལྟས་ཅི་ལྟར་རྟོགས། །ཞེས་འབྱུང་བ་ལྟར་ཡིན་་་་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2014-06-05 at 9:50 am

    ་་་་་་་ སྐབས་འདིར་ཤེས་པར་བྱ་བ་ལ། ཐབས་ཕ་རྒྱུད། ཤེས་རབ་མ་རྒྱུད། ཟུང་འཇུག་གཉིས་མེད་ཟེར་བ་ནི། གཙོར་འདོན་གྱི་ཁྱད་པར་ཙམ་ལས། དོན་དུ་ཐབས་ཤེས་ཟུང་འཇུག་ཏུ་མ་བསྟན་ན་བླ་མེད་རྒྱུད་དུ་མི་འགྱུར་བའི་ཕྱིར། བླ་མེད་ཀྱི་རྒྱུད་གཅིག་ཕ་མ་གཉིས་མེད་གང་དུ་བགྲང་ཡང་རུང་བ་ཡིན་ནོ། ། ་་་་་་

  3. བསམ་ཤེས། says:
    2014-06-05 at 11:48 am

    དཔལ་བཀའ་བརྒྱུད་པའི་ཆོས་གྲོགས་ཚོར་འདྲི་རྒྱུར།

    གསང་སྔགས་བླ་མེད་ཀྱི་རྒྱུད་ཀྱི་རྒྱལ་པོ་ལྟ་བུར་གྲགས་པ་དཔལ་གསང་དབང་འདུས་པའི་སྐྱེད་རྫོགས་ཀྱི་ཁྲིད་ཟབ་ཤོས་དེ་མར་ལུགས་ཡིན་པར་གྲགས། འོན་ཀྱང་དེའི་ཁྲིད་རྒྱུན་དབང་དང་བཅས་པ་བཀའ་བརྒྱུད་པའི་ནང་ལ་ཉམས་པ་རེད་ཟེར། ད་ཆ་མར་ལུགས་ཀྱི་དབང་ཁྲིད་གདམ་པ་རྣམས་བཀའ་བརྒྱུད་པའི་ཁྲིད་རྒྱུན་ནང་མེད་པ་དང་། དཔལ་བཀའ་བརྒྱུད་པའི་བླ་མ་གྲགས་ཆེན་གོང་དུ་བཞུགས་པ་སི་ཏུ་རིན་པོ་ཆེ་དང་། རྒྱལ་ཚབ་རིན་པོ་ཆེ། ཞྭ་དམར་རིན་པོ་ཆེ། སྒ་ཁྲ་དགོན་རིན་པོ་ཆེ། དེ་བཞིན་སྐྱབས་རྗེ་འབྲུག་ཆེན་རིན་པོ་ཆེ། སྐྱབས་རྗེ་འབྲི་གུང་ཆེ་ཆུང་ཚང་རྣམ་པ་གཉིས དེ་བཞིན་བཀའ་བརྒྱུད་ཀྱི་བླ་མ་གཞན་རྣམས་ལ་བཀའ་འདྲི་ཞུ་སྐབས། ཁོང་རྣམ་པ་སུ་ལ་ཡང་གསང་འདུས་ཀྱི་དབང་རྒྱུན་བཞུགས་མིན་འདུག་ཟེར། ༼འདི་བཀའ་བརྒྱུད་པའི་ཉམས་ལེན་པ་ཞིག་གི་ངག་ལས་ཐོས།༽

    དེར་བརྟེན་མར་ལུགས་གསང་འདུས་ཀྱི་དབང་རྒྱུན་བཞུགས་པ་དང་འཆད་མཁན་གྱི་བཀའ་བརྒྱུད་བླ་མ་ཡོད་དམ། ཡོད་ན་ངེས་པར་དུ་ངོ་སྤྲོད་ཞིག་ཡོད་པ་ཞུ།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-06-05 at 1:49 pm

    མར་ལུགས་དཔལ་ལྡན་གསང་བ་འདུས། །
    མི་ལ་དྭགས་པོ་དུས་གསུམ་མཁྱེན། །
    གསུམ་པོས་མ་སྤེལ་སྲིད་དམ་ཅི། །
    སྤེལ་ན་འཁྲིད་རྒྱུན་མེད་དོན་ཅི། །

  5. རྒྱ་མཚོ་ཆེན་པོ་ says:
    2014-06-06 at 3:13 am

    དགའ་དབང་ལགས་གསང་འདུས་དབང་རྒྱུན་ཡོད་མེད་ལན་ཁ་གསལ་ཡོད་པ་ཞུ།

  6. སྤྱང་ཤོག says:
    2014-06-06 at 8:20 am

    བཀའ་བརྒྱུད་་བསྟན་པ་ལ་མི་ཕྱེད་པའི་དད་པ་ཡོད་མཁན་ཞིག་གི་འདི་ལྟར་བྲིས་འདུག
    སྤྱིར་བཏང་ཕྱོགས་མེད་ཀྱི་གྲྭ་ས་འགྲིམས་ནས་རིས་མེད་ཀྱི་བླ་མ་རྣམས་ལས་དབང་དང་གདམས་ངག་ཞུ་རྒྱུ་དང་དད་པ་དང་དག་སྣང་སྦྱང་རྒྱུ་དེ་ནི་གལ་ཆེན་ཞིག་ཡིན་ཀྱང་ཆོས་ལུགས་གྲུབ་མཐའ་ཞིག་འཇིག་ལ་ཉེ་བའི་ཚད་ལ་སླེབས་ཀྱང་སྤྱན་རས་ཟུར་ཙམ་གཡོ་བར་མི་བྱེད་པར་གཞན་གྱི་ཆོས་གྲྭ་ནང་དུ་གནས་ནས་ལྟ་སྤྱོད་ཚང་མ་གཞན་ལ་འགྱུར་ནས་ད་དུང་དྭགས་བརྒྱུད་པ་ལ་ཤ་ཚ་ཁུལ་གྱིས་གཞན་གྱི་ཚིག་འཆལ་འགའ་བེད་སྤྱོད་གཏོང་ནས་ཁ་སྤོབས་མཐོན་པོའི་སྒོ་ནས་ང་ཚོའི་ཆོས་ལུགས་ལ་མཐོང་ཆུང་བྱེད་མཁན་དྭགས་བརྒྱུད་པའི་མིང་འཛིན་ཉུང་ཉུང་ག་ལ་ཡིན། དོན་ངོ་མར་བཤད་ན་ང་ཚོ་བཀའ་བརྒྱུད་པ་ལ་མཁས་པ་མེད་པ་མ་ཡིན། ཁྲིད་དང་གདམས་ངག་གནང་མཁན་གྱི་བླ་མ་མེད་པ་མིན་ཀྱང་ང་ཚོའི་རིགས་ཅན་རྣམས་ཅོལ་ཆུང་བའི་དབང་གིས་གཞན་གྱི་ཆོས་གྲྭ་བཟང་རབ་དང་། གཞན་གྱི་ཆོས་དང་བླ་མ་བཟང་རབ་འབའ་ཞིག་བཤད་བསྡད་པའི་དབང་གིས་དེའི་སློབ་གསོ་འཕྲོད་ནས་ད་སྐབས་མི་རྒྱུ་ཚང་མ་གཞན་གྱི་ཆོས་གྲྭར་སྐྱེལ་གང་ཐུབ་བྱས་པའི་དབང་གིས་ང་ཚོའི་ཆོས་གྲྭ་རྣམས་ལ་ཉམས་རྒུད་ཚད་མེད་ཞིག་འགྲོ་བཞིན་ཡོད། དཔེར་ན་མགོ་ལོག་ཁང་སར་བསྟན་པོའི་ལོ་སྔ་མ་རྣམས་སུ་ཡེ་ཤེས་བླ་མ་གནང་སྐབས་ཞུ་མི་ཕལ་ཆེར་བཀའ་བརྒྱུད་པའི་མཁན་སྤྲུལ་དང་གྲྭ་བཙུན་རྣམ་ཡིན་པ་ལྟ་བུ་དང་། གཞན་ཡང་ད་སྐབས་སེར་ཤུལ་དང་ལབ་སོགས་གྲྭ་ས་ཆེན་པོ་བཟོ་མཁན་ང་ཚོའི་གྲྭ་བཙུན་རྣམས་མ་ཡིན་ནམ། གསེར་རྟ་ཡ་ཆེན་གཉིས་ན་གནས་པའི་བཀའ་བརྒྱུད་པའི་གྲྭ་བཙུན་རྣམས་ཕྱོགས་གཅིག་དུ་བསྡོམ་ན་ཆོས་གྲྭ་ཆེན་པོ་ཞིག་གི་ཚད་ལ་སླེབས་ཐུབ་པ་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ཡིན།
    ང་ཚོའི་ནཱ་རོ་ཆོས་དྲུག་གི་ཆོས་ཁྲིད་གནང་དུས་སྤྲུལ་སྐུ་གཅིག་མ་གཏོག་མེད་པ་དང་གྲྭ་པ་སུམ་བརྒྱ་ལས་འཛོམས་མ་ཐུབ་པའི་རྒྱུ་མཚན་གང་ཡིན། གཞན་གྱི་ཆོས་གྲྭ་ཆེ་ཁག་འགས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སྐབས་དྭགས་བརྒྱུད་པའི་དགོན་སྡེ་ཕལ་ཆེར་འཛོམས་ཐུབ་པ་ཡིན་ཀྱང་ད་ལོ་མར་ལུགས་རྒྱུད་སྡེ་ཉམས་གསོའི་ཚོགས་འདུ་ཐོག་ལ་དགོན་པ་སུམ་ཅུ་སོ་གཉིས་ལས་འཛོམས་མ་ཐུབ་རྒྱུ་མཚན་གང་ཡིན། དྲང་མོར་བཤད་ནས་ང་ཚོའི་མགོ་ཕྱི་ལ་བཏག་ནས་ནང་དུ་ཕན་ཚུན་དྭོགས་པ་འདྲ་བཟོས་ནས་བསྡད་ཡོད་པ་ཚོར་ཐུབ་ཀྱིན་འདུག་གམ། ང་ཚོའི་མ་འོང་པ་ལ་འདི་འདྲ་བཟོས་ནས་བསྡད་པ་ཡིན་ན་ང་ཚོའི་བླ་མའི་བླ་གོ་ཆོད་རྒྱུ་མ་རེད་ལ་ཆོས་ཀྱི་ཆོས་གོ་མི་ཆོད་སེམས་ཐག་རེད། དེ་འདྲ་བྱས་ནས་བསྡད་པ་ཡིན་ན་ ང་ཚོའི་ཆོས་ལུགས་གྲུབ་མཐའ་འདི་ཡར་རྒྱས་གཏན་ནས་འགྲོ་མི་སྲིད་པས་དེ་ཐད་ང་ཚོ་དྭགས་བརྒྱུད་ཡོངས་ཀྱིས་བསམ་གཞིག་རེ་མཛད་དགོས་རྒྱུ་དེ་ནི་གལ་ཆེན་ནང་ནས་གལ་ཆེན་ཞིག་དུ་མཐོང་ངོ་།ངས་བཤད་པའི་གོང་གི་སྐད་ཆ་དེ་ཚོ་དྭགས་བརྒྱུད་པའི་བསྟན་པ་ལ་ཤ་ཚ་བ་དང་སྙིང་ཉེ་བའི་དབང་གིས་བཤད་པ་ལས་གཞན་གྱི་ཆོས་བརྒྱུད་གྲུབ་མཐའ་ལ་ཕོག་ཐུགས་གཏོང་འདོད་རྩ་བ་ནས་མེད། གང་ཟག་དང་དགོན་པ་སྒེར་གྱི་མིང་སྨོས་མེད་པས་མཐུན་སྒྲིལ་ལ་མི་གནོད་པ་དང་གཞན་གྱི་ཐུགས་ལ་མི་ཕོག་པར་སྨོན། གལ་སྲིད་རང་ལ་གོང་གི་སྐྱོན་དེ་རྣམས་ལྡན་ན་ཐུགས་ལ་ཕོག་དོན་མེད་པས་གཟུ་བོར་གནས་ཏེ་ཡོ་བསྲང་གནང་བའི་རེ་བ་སེམས་གཏིང་ནས་ཡོད།
    མྱུར་མགྱོགས་སུ་བྲིས་པས་ཚིགས་དོན་གྱི་ཆ་ལ་ནོར་འཁྲུལ་ཡོད་ངེས་པས་མཐོལ་བཤགས་དང་བཟོད་གསོལ་ཡོད།

  7. པདྨ says:
    2014-06-06 at 9:02 am

    ཨ་ཙི་སྤྱང་ཤོག ཆགས་སྡང་ཟེར་བ་ངན་པ་རེད། ན་ནིང་ཁང་གསར་བསྟན་པོ་འདས་བསྐྱེད་ཀྱང་གཙོ་བོ་བཀའ་བརྒྱུད་པའི་དམ་ཉམས་དེ་ཚོས་རྐྱེན་བྱས་པར་གསང་ཚོར་འདུག སོ་སོར་ཆོས་རྒྱུད་ཆད་ཟིན་ན་ཡང་ད་དུང་ཡོད་འདོགས་ཀྱི་དབང་ལུང་མན་ངག་འཆད་ཁྲིད་བཤད་ཁུལ་འདི་རིགས་ངོ་མ་བསྟན་པ་ཤ་མ་ཚ་བ་རེད། བླ་ཆེན་འགས་གུ་རུ་རིན་པོ་འདོན་ན་མི་ལེགས་ཚུར་བཤད་ཀྱང་དོན་ངོ་མ་སྔ་འགྱུར་བ་མེད་ན་དེང་དུས་བཀའ་བརྒྱུད་པ་ཟེར་བ་དཔལ་འབྱོར་དང་ཞྭ་མོ་སུ་ཆེ་དང་རྐུབ་ལྕགས་སུ་མཐོ་ལས་ཅི་མི་འདུག མི་དྲི་དང་ཆོས་རིག་ལ་བློ་ཁ་ཅུང་ཙམ་ཕྱོགས་ཡོད་པ་འབྲུག་ཆེན་རིན་པོ་ཆེ་ཚང་རེད། དེ་མིན་ཆགས་སྡང་གིས་བཀའ་བརྒྱུད་ཕན་ཚུལ་དགྲ་བཞིན་བལྟས་མེད་ན་བཀའ་བརྒྱུད་པ་ཡོངས་ཀྱི་ཚོགས་གཙོ་གྲོས་མ་མཐུན་ནས་མི་ནག་གི་ལས་ཀ་ངན་པ་ག་རེ་བྱས་སོང་། ན་རོ་དང་ཏེ་ལོ་ནས་རྒྱུད་པའི་མར་པའི་བཀའ་དྲིན་དྲན་མཁན་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (23)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (12)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme