Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཛའ་མོ་ཡལ་ལ་བཞག་པའི་འཕྲིན་ཡིག

Posted on 2012-02-27 By ཁ་བརྡ་ 13 Comments on མཛའ་མོ་ཡལ་ལ་བཞག་པའི་འཕྲིན་ཡིག

བོད། ལྷ་ཀླུ་གཉན་གསུམ།

ཁྱོད་ལ་དངོས་ནས་ཁག་མེད། སྤྱིར་བཏང་གནམ་འོག་འདིའི་ཁྱིམ་ཚང་གང་ཞིག་ལ་མཚོན་ནའང་། ཁྱིམ་ཚང་དེ་ལ་ཕ་མ་གཉིས་ཀ་ཡོད་ན། བཟང་ངན་ཡག་སྡུག་གང་བྱུང་རུང་། ཕ་མ་ཟེར་ནས་རྒྱབ་བསྟེན་ས་ཞིག་ཡོད་པ་དང་ཕ་མ་ཟེར་ནས་འབོད་ས་ཞིག་ཡོད་པ་རེད། དེ་ནི་དངོས་ནས་མེད་དུ་མི་རུང་བ་ཞིག་ཡིན་པ་ཁྱོད་ཀྱིས་བདག་ལ་ངར་སྐད་དང་ངུ་སྐད་དང་བཅས་མ་བཤད་ཀྱང་། ངས་ལོས་ཤེས། འོན་ཀྱང་། མི་རིགས་ཤིག་གི་ཉམ་ཉེས་ཁྲོད་དུ། མི་རིགས་ཤིག་གི་འབངས་མི་ཚོ་ལ། རང་ཉིད་ཀྱི་མི་རིགས་ལ་འགན་འཁུར་བའི་ལས་འགན་ཡོད་ལ། དེ་ཉིད་དང་དུ་ལེན་པ་ལའང་། དགོས་པ་དང་རྒྱུ་མཚན་ཞིག་ཏན་ཏན་ཡོད་པ་ཡིན། ལྷག་དོན་དུ་མི་རིགས་ཤིག་གཉའ་གནོན་དང་མནར་གཅོད་ཁྲོད་དུ་ཡོད་ན། དེ་ཡི་ཆེད་དུ་ཡར་བླངས་བྱེད་རྒྱུ་ནི། མི་རིགས་དེ་ལ་སྐྱེ་བའི་སྐྱེ་བོ་ཚང་མས་འོས་འགན་ཆགས་ཡོད་དུས། ངས་ཀྱང་འོས་འགན་དེ་ཉིད་དང་དུ་བླང་དེ་ཁྱེད་དང་བུ་དང་བུ་མོ་གཉིས་མི་སྐྱུར་ཐབས་མེད་ཀྱི་དུས་ཚོད་འདི་ངའི་མགོ་ཐོག་དུ་ལྷུང་བ་ཡིན།

དངོས་ནས་ཁྱོད་རང་ནི་འཇིག་རྟེན་འདིའི་སྟེང་གི་ཨ་མ་རླབས་ཆེན་ཞིག་ཡིན་པ་དེར་ང་རང་དགའ་ནས་ཡོད་ལ་ཡིད་ཆེས་ཀྱང་ཡོད། ངས་ཁྱོད་ལ་ང་རང་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ཞི་བའི་གོམ་བགྲོད་བྱེད་དུ་འགྲོ་དགོས་པའི་རྒྱུད་རིམ་བཤད་དུས་སུ། ཁྱོད་རང་གློ་བུར་དུ་ངུ་སྒྲ་དང་བཅས། ཁྱོད་རང་དོ་ནུབ་སོང་ན་འགྲིག་གི་རེད་གསུངས་སོང་། དེ་ནུབ་དེ་ལྟར་བུད་འགྲོ་ས་ཞིག་ཡོད་ན་ང་རང་སོང་ན་ལོས་ཆོག ངས་རང་ཉིད་ཀྱིས་གང་བྱེད་ཀྱི་ཡོད་མེད། གང་བྱེད་འདོད་ཡོད་པ་དེ་དག་ཤེས་དགོས་པའི་མི་དང་བོ་དེ་ནི་ཁྱེད་རང་ཆགས་ནས་ཡོད་དུས། ཁ་ཁོག་པའི་མ་གསང་བར་ཁྱོད་ལ་བཤད་པ་རེད། ཁྱོད་རང་གིས་ང་ལ་བསམ་ཤེས་ཤིག་དང་མི་རིགས་ཤིག་གི་སྐྱིད་སྡུག་ལ་བསམ་ཤེས་དང་ཀུ་ཡངས་རེ་བྱེད་མི་ཡོང་ངམ་སྙམ་ན་འང་། ཁྱོད་རང་གིས་རང་ཉིད་ཀྱི་ཁྱིམ་ཚང་གི་སྐྱིད་སྡུག་དང་བུ་དང་བུ་མོ་གཉིས་ཀྱི་མ་འོངས་པའི་སྐོར་ལས་གང་ཡང་མ་མཐོང་བ་དེ་ཡང་། དངོས་ནས་བཤད་ན་ཁྱོད་རང་ལ་ཁག་ག་ལ་ཡོད། འཇིག་རྟེན་གྱི་སྐྱེ་བོ་ཕལ་ཆེ་བ་ཞིག་དེ་ལྟར་ཡིན་ལ། ལྷག་དོན་དུ་རང་དབང་དང་རྒྱལ་ཁབ་ཡོད་པའི་སྐྱེ་བོ་ཚོ་དེ་ལྟར་ལོས་ཡིན། ཡིན་ཡང་ལོས་དགོས། འོན་ཀྱང་། ཁྱོད་རང་གིས་དེང་ཐོག་ནས་ང་རང་ནི་རྒྱལ་ཁབ་མེད་པའི་མི་དང་། རང་དབང་ཤོར་བའི་མི་རིགས་ཤིག་ཡིན་པ་ནི་ཤེས་ཡོད་པ་རེད། རང་དབང་དང་རྒྱལ་ཁབ་མེད་པའི་མི་ཞིག་གི་སྡུག་བསྔལ་ནི་ཁྱོད་ལ་མཚོན་ན་ག་འདྲ་ཞིག་ཡིན་པ་ནི་ལོ་རྒྱུས་ཙམ་ཡིན། ཁྱོད་ཀྱི་རང་དབང་མེད་པའི་མི་རིགས་དང་རྒྱལ་ཁབ་མེད་པའི་མི་རིགས་ཀྱི་གོ་ཐོས་མང་བོ་ཡོད་པ་རེད་ལ། ཁྱོད་ཀྱི་མི་རིགས་ཀྱང་རང་དབང་དང་རྒྱལ་ཁབ་རང་ལག་དུ་སོན་ནས་མི་ལོ་དྲུག་བཅུ་ལྷག་ལས་སོང་མེད་ཀྱང་། ཁྱོད་རང་མི་ཡུལ་དེར་སྐྱེ་དུས་སུ་ཁྱོད་ལ་རྒྱལ་ཁང་དང་རང་དབང་ཡོད་པའི་རྒྱལ་ཁབ་མེད་པ་དང་རང་དབང་མེད་པའི་མི་རིགས་ཀྱི་སྐྱིད་སྡུག་ཁྱོད་རང་གི་ལུས་ཐོག་ལ་གཏན་ནས་འོང་མ་མྱོང་བ་ཡིན།

ཁྱོད་རང་གིས་ང་རང་ནི་ཆེས་ཁྲེལ་གཞུང་མེད་པའི་འཇིག་རྟེན་འདིའི་སྟེང་གི་ཕ་རྒན་ཞིག་ལ་ངེས་འཛིན་བྱེད་ཀྱི་ཡོད་སྲིད། དེ་ལྟར་བྱས་ཀྱང་ངས་ཁྱོད་ལ་ལེ་འདེད་ག་ནས་བྱེད། བྱེད་ཀྱང་འོས་པ་མིན། རེད་དེ། ངས་ཀྱང་ཡིད་ཆེས་བྱེད་ཐུབ་པ་ཞིག་ནི། ཁྱོད་རང་ཡང་ཞི་བདེ་དང་རང་དབང་ལ་དགའ་བའི་བུད་མེད་ཅིག་ཡིན་པ་ཤེས་ཀྱི་ཡོད། དེ་ཡིན་དུས་འགྲོ་བ་སྤྱི་མཚུངས་ལྟར་བོད་མི་རིགས་འདི་ལ་རང་དབང་དང་ཞི་བདེ་ཞིག་ཡོད་ན། ངས་ཀྱང་རང་གི་ཤ་ལས་མཆེད་པའི་བུ་དང་བུ་མོ་གཉིས་ལ་བལྟ་སྐྱོང་བྱེད་རོགས་བྱེད་ན་ལོས་འགྲིག བྱེད་དགོས་པ་ཞིག་ཀྱང་ཡིན། འོན་ཀྱང་། ད་ལྟ་ང་ཡི་མི་རིགས་དེ་བོད་གཞིས་ལུས་མི་མང་རྣམས་ཀྱི་ཚེ་སྲོག་ལ་ཤེས་རབ་ཀྱི་མེ་ལྕེ་ཡི་འཚིག་བཞིན་ཡོད། ཉི་མ་རེ་རེ་བཞིན་འབར་བཞིན་ཡོད། མུ་མཐུད་དུ་འདི་ལྟར་སོང་ན། ངའི་མི་རིགས་འདིའི་མེ་ལྕེ་དེ་ཞེ་སྡང་གི་མེ་ལྕེ་ཞིག་དུ་འགྱུར་བར་ང་ལ་སེམས་འཚབ་ཆེན་པོ་ཡོང་གི་འདུག ཐ་ན་ང་རང་གི་རྨི་ལམ་ཡང་རྨིས་པ་སོགས་ཁྱོད་དང་ཁྱོད་ཀྱི་མ་རྒན་ལ་ཐེངས་ཤིག་བཤད་མྱོང་བ་ལྟར་རེད། མཐའ་དོན་ངས་ཁྱོད་ལ་རང་གི་ཤ་དང་རུས་པའི་གསེང་ནས་མཆེད་པའི་བུ་དང་བུ་མོ་གཉིས་དང་བཞག་ནས་འགྲོ་དོན་དེ། བཤད་མཚམས་འདི་ལ་སླེབས་པའི་ཅུང་ཙམ་བསམ་ཤེས་ཐུབ་པའི་ཡིད་ཆེས་བྱེད་རྒྱུ་ཡིན་ལ། བུ་དང་བུ་མོ་གཉིས་ཆེན་པོ་ཆགས་ནས་འོང་དུས། ཕ་རྒན་ངས་སྐྱུར་ནས་འགྲོ་དོན་ཡང་གསལ་བོ་བཤད་ན་འགྲིག་གི་ཡོད། ང་རང་ཁྱེད་མ་བུ་གསུམ་ལ་བརྩེ་བ་མེད་པའི་གཏན་ནས་མིན། ངའི་རྒྱུད་ན་བརྩེ་བ་ནི་འགྲོ་བ་མི་ཡོད་ཚད་ལ་ཡོད་པ་མ་ཟད། སྲོག་ཆགས་དབུགས་ཐོག་ཚང་མ་ལ་ཡོད། དེ་ནི་ཁ་སྤོབས་ཙམ་མིན་པར་ངའི་ཟ་འཐུང་གི་སྐོར་ནས་ཁྱོད་ལ་ངོ་སྤྲོད་ཐོབ་ཡོད་སྲིད་པ་ཡིན།

གལ་སྲིད། ང་རང་སྟབས་མ་ལེགས་པར་ཞི་བའི་འཐབ་རྩོད་ཀྱི་ཁྲོད་ནས་ཚེ་འདས་པ་ཡིན་ན། ང་རང་ནི་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་པའི་བོད་མི་ཞིག་ཡིན་དུས། བསྐལ་བའི་མཐའ་ལ་ཐུག་གི་བར་དུ་ཁྱོད་མ་བུ་གསུམ་གྱི་གཙོ་བའི་ཉམ་ཐག་སྐྱེ་འགྲོ་དག་གི་ཆེད་དུ། གཞན་དོན་ཁོ་ན་བྱེད་པའི་སྐྱེ་བ་ཐོབ་པར་སྨོན་འདུན་དང་ཁྱོད་མ་བུ་གསུམ་ལ་སྙིང་ཐག་པ་ནས་འགྱོད་གཤེགས་དང་བཅས་དེ། ཁྱོད་ཀྱི་ལྷན་དུ་མི་ལོ་གསུམ་ལྷག་བསྐྱལ་མྱོང་བའི་འཇིག་རྟེན་འདིའི་སྟེང་གི་དགའ་བོ་ཞིག་ནས་བྲིས་པ་ཡིན། ངས་ཡི་གི་འདི་འབྲི་དུས་སུ། ང་ད་དུང་ཁྱོད་དང་ལྷན་དུ་ཡོད་ལ། ཁྱོད་ཀྱི་ལག་དུ་བུ་ཆུང་ཁ་བའི་ལྷ་སྲས་བཟུང་ནས། རང་གི་མ་ལོ་ལ་ཁ་བརྡ་ཞིག་བྱེད་ཞོར་དུ། བརྙན་འཕྲིན་ལ་བལྟས་དེ་བསྡད་ཡོད། མཇུག་མཐར་ངས་ཁྱོད་མ་བུ་གསུམ་གྱི་མི་ཚེ་ནང་དུ་དཀའ་ཚེགས་མི་ཡོང་བར་སྨོན་འདུན་ཞུ། ཞོར་དུ་ཁྱོད་ཀྱི་མ་ལོ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ལོ་ངོ་འདི་དག་གི་རིང་ལ་ང་ཚོ་ལ་ཟས་གོས་གནས་མལ་གྱི་འགྲོ་གྲོན་བཏང་བ་རེད། ལྷག་དུ་ང་རང་སོང་ཤུལ་ནས་ཁྱོད་ལ་ཁྱོད་ཀྱི་མ་ལོས་བལྟ་སྐྱོང་དང་རོགས་རམ་མང་དུ་གཏོང་དགོས་པ་ཡིན་དུས་། ངས་ཁྱོད་རང་རྒྱུད་དེ་མོ་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་དང་དགོང་དགས་ཞུ་རྒྱུ་ཡིན། ཁྱོད་ཀྱི་ཕ་ལོས་ཀྱང་། ངས་དེ་རིང་ཡི་གེ་འབྲི་བྱེད་ཀྱི་གློག་ཀླད་འདི་དང་འཕྲུལ་ཆས་ཀྱི་རིགས་དང་། བུ་མོ་གཉིས་ལ་ཅ་དངོས་ཆེས་མི་ཉུང་བ་ཞིག་ལག་སྐྱེས་སྤྲད་པ་དེར་ངས་གཏན་ནས་བརྗེད་མེད་ཅེས་ཞུ་རོགས་གནོང་། ད་མང་བོ་མི་བཤད། བར་སྐབས་འདི་ནས་མཚམས་འཇོག་གི་ཡིན། བཤད་དགོས་པ་ཕལ་ཆེར་ངས་བཤད་ཚར་ཡོད། བདེ་མོ་བྱོས།

༡༤།༢།༡༢དགའ་བོའི་ཉིན་མོ་བྲིས།

འཕྲིན་ཡིག, རྩོམ་རིག

Post navigation

Previous Post: མི་རྗེ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་བཀའ་ཤག་ལྷན་རྒྱས་ཀྱི་ཞབས་དྲུང་དུ།
Next Post: བོད་ཀྱི་དེང་དུས་དཔར་རིས་སྒྱུ་རྩལ་འགྲེམས་སྟོན་ཞིག

Comments (13) on “མཛའ་མོ་ཡལ་ལ་བཞག་པའི་འཕྲིན་ཡིག”

  1. ལྗང་སྨྱུག says:
    2012-02-27 at 12:15 pm

    བོད། ལྷ་ཀླུ་གཉན་གསུམ་ལགས། ཁྱེད་ཀྱིས་གསུངས་པ་དངོས་གནས་ཡིན་པས། གང་ལྟར་ཁྱེད་ཀྱིས་གང་མགྱོགས་ཡག་ཉེན་གཅིག་མཛད་རྒྱུ་ཡིན་པས། མནོ་བསམ་ཡག་པོ་བཞེས་ནས་བྱ་བར་འཇུག་མ་གཏོགས། རྗེས་སུ་འགྱོད་པ་བྱུང་ན་མི་ལེགས་སོ། །ཁྱེད་ཀྱིས་བྲིས་པ་དག་ཆ་ཚང་ཞིག་བཀླགས་ཡིན། ང་ནི་དངངས་སྐྲག་ཅིག་སྐྱེས་སོང་། དོན་དངོས་ཡིན་ན། ཁྱེད་དེ་འདྲའི་སྙིང་སྟོབས་ཆེན་པོ་ཞིག་རེད་བ་བསམ་བྱུང་།

  2. ཁཱ་ཏ་ཁ་ཏ་བ། says:
    2012-02-27 at 12:17 pm

    ལ་རྒྱའི་ཕོ་རྒོད། རྒྱལ་གཅེས་དཔའ་བོ་ཁྱེད་ལ་སྙིང་ནས་གུས་འདུད་ཞུ། བོད་རྒྱལོ། ཡང་བསྐྱར་ཞུ་བ་འཐེན་གྱི་མིན། ཕོ་རྒོད་ཀྱིས་སེམས་ཐག་བཅད་ཚར་འདུག བཞི་བའི་ལས་འགུལ་དེ་དོན་དང་ལྡན་པ་ཞིག་སྤེལ་བའི་རེ་བ་དང་། ལས་འགུལ་དེ་ཁྱེད་ཀྱི་བསམ་ཟོན་བཞིན་ལམ་འགྲོ་ཡོང་བའི་སྨོན་ལམ་གྲངས་མེད་ཞུ།།

  3. ཞལ་ལུ་དཀར་པོ says:
    2012-02-27 at 12:28 pm

    ལྷ་ཀླུ་གཉན་གསུམ་ཁྱོད། དོན་དངོས་སུ་ས་ཕྱོགས་གཞན་ནས་གཞན་དུ་སྙིང་སྡུག་དང་བུ་ཕྲུག་སྐྱུར་ཏེ་འགྲོ་རྩིས་ཡིན་ནམ་དེ་མིན་གང་བྱུང་གི་སྒྲུང་གཏམ་འབྲི་བའི་ལམ་དུ་ཆས་པ་ཡིན། གལ་ཏེ་ཁྱེད་ཉིད་དེ་དང་དེ་ལྟ་བུའི་ཤུལ་ལམ་རིང་མོ་ཞིག་ལ་ཆས་འགོ་ཚུགས་ཟིན་ན་ཕྱི་བཤོལ་ཞིག་དགོས་སམ་སྨོན་ལམ་ཞིག་དགོས། ཕྱི་བཤོལ་ཞིག་བྱས་ན་འོས་ཤིང་འཚམས་པ་ལོས་ཡིན་ཏེ་ཤུལ་དུ་ལོས་པའི་བཟའ་ཟླ་དང་བུ་ཕྲུག་ཡོད་སྐད་ཤེས་སོང་། སྨོན་ལམ་ཞིག་འདེབས་པའང་ཆེའི་གལ་ཆེན་ཞིག་ལོས་ཡིན་ཏེ་ཆས་པའི་ལམ་སོ་དེ་ནི་ཤིན་ཏུ་འཇིགས་ཤིང་སྐྲག་པའི་གཡང་གཟར་རིང་མོ་སྟེ་སེམས་ལྡན་སུ་ཞིག་ཀྱང་འགྲོ་བར་མི་འདོད་པའི་ཡ་ང་ཞིང་ཡི་མུག་པའི་གྲོག་རོང་དེ་རེད། ཨ་ཙི་ད་ནི་བཤོལ་ཐོག་གི་འབད་པ་ཞིག་ཅིས་མི་བྱ། སོང་སོང་གི་ལམ་ཁ་བྱང་ཞིང་ལམ་ཁ་ཁྲག་ལ་འདྲེས་ཀྱང་དགོས་ངེས་ཀྱི་ཡིད་བཞིན་ནོར་བུ་མ་ལོན་ཁར་ཤ་རུས་ཀྱི་འབྲེལ་ཐག་གཅིག་པའི་མིང་སྲིང་དག། ཕྱིར་མི་ལྡོག་པའི་སྟོང་དབྱིངས་སུ་ལྡིང་ནས་ད་ནི་འཕུར་རྗེས་ཙམ་ཞིག་མི་སྣང་། ཁྱེད་ལ་ངས་སེམས་ཁོངས་ནས་བཤུལ་མ་ཞིག་བྱེད་ན་ངའི་སྙིང་གཏམ་འདི་ནི་ཁྱེད་ཀྱི་སྙིང་སྡུག་མའི་ཞལ་ལས་འབབ་པའི་བདུད་རྩི་ཟིལ་མ་ཞིག་ཏུ་བརྩིས་ནས། ལམ་དེ་ལས་གཞན་པ་ཞིག་ལ་འགྲུལ་བཞུད་གནོངས་དང་།
    དེ་ནས་འུཅག་་་་་་་་་་་་་་་་་་་་་་་་ཀྱང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  4. ཕྱུགས་རྫི says:
    2012-02-27 at 1:18 pm

    ཁྱེད་ལ་བྱ་བ་ལམ་འགྲོ་ཡོད་བའི་སྨོན་འདུན་ཡོད་

  5. མི་རྐང་གླིང་བུ། says:
    2012-02-27 at 2:07 pm

    མཛའ་མོའི་རེ་འབོད་ཀྱིས་ཕྱི་གཤོལ་མི་ཐུབ་ན། གངས་དཀར་ལྷ་སྲས་ཀྱིས་ཕྱི་བཤོལ་མ་ཐུབ་ན། བུ་མོ་ཐར་མོ་མཚོས་ཕྱི་བཤོལ་མ་ཐུབ་ན། ་་་་་་་་ངས་རེ་འབོད་ཅི་ཡང་མེད། རྒྱ་ནག་གི་མནའ་གཏམ་ཞིག་ལ། ༼རང་སྲོག་ལ་མ་འཇིག་ན། གོང་མ་རྟ་ལས་ཕབ༽ ཟེར་བ་ལྟར་ཁྱོད་ཀྱིས་ལས་ཀ་ལ་དོན་སྙིང་ལྡན་ངེས། བོད་རྒྱལ་ལོ། བོད། ལྷ་གཉན་གསུམ་རྒྱལ་ལོ། ཀི་ཧིཧིཧིཧིཧིཧིཧིཧིཧི།

  6. ཀརྨ་ཡེ་ཤེས says:
    2012-02-27 at 2:26 pm

    བོད་ལྷ་ཀླུ་གཉན་གསུམ་ལགས། ཁྱོད་དང་ངེད་གཉིས་འགྲོགས་ནས་ལོ་མང་པོ་ཞིག་སོང་ཟིག ། ངས་ཁྱོད་ལ་ཤ་ཞེན་དང་སྙིང་སྟོབས་ཡོད་པར་ཤེས་ཡོད། ད་ཡིན་ན་སྙིང་གི་གྲོགས་པོ་གཏམ་འདི་དང་སྐུ་ཟླ་དང་མིང་སྲིང་ཁོ་ལག་མ་རྒྱས་པ་ལ་སོམས་དང་། ཁྲེལ་མེད་དེ་འདྲ་མ་བྱེད། སྨོན་ལམ་དང་ཁ་ཡག་རྐྱང་པས་ཅི་ཡང་མི་ཕན། གྲྭ་རྐྱང་དང་མི་རྐྱང་དབང་རྩ་མི་ཚང་བ་ཚོ་ནང་བཞིན་མ་བྱེད་ཡ། རྒྱུ་མཚན་ད་ལྟའི་ཁྱོད་ཀྱི་བོད་ལུས་འདི་དོན་ཡོད་པར་བྱོས། མེ་བསྲེགས་དང་ཆུ་ལ་འཆོངས་ནས་རང་ཤི་རྒྱག་པའི་ལས་འགན་དེ་འདྲ་སྤེལ་ན་ཡག་གི་ཡོད་བསམ་ན། ཁྱོད་སྨྱོ་ནི་རེད། གོང་ས་མཆོག་དང་རྒྱལ་བ་ཀརྨ་པས་དེ་འདྲ་མ་བྱེད་གསུངས་ཀྱིན་ཡོད་ཐལ། ཕ་བཟང་བུ་ཞི་གཅིན་ཕིན་འདྲ་གསོད་ཐུབ་ཀི་མེད་ན་དེ་འདྲ་ལབ་རྒྱག་གི་མ་འདུག ཁ་རོག་བཞུགས་གྲོགས་མཛོད།

  7. འདོད་ལྷ་ཁམས་པ། says:
    2012-02-27 at 4:57 pm

    དེང་སང་སའི་གོ་ལའི་འཁོར་ཕྱོགས་ལ་བལྟས་ཡོང་དུས་་ཤི་ན་ཕན་པའི་དུས་ཚོད་དེ་་མ་རེད། གསོན་ན་ཕན་པའི་དུས་ཚོད་རེད། རང་ཉིད་ཤི་ན་་མི་ཕན་པ་མ་ཟད་གཞན་མི་བསད་ན་ཡང་ཕན་ཐོགས་མེད་པའི་དུས་ཚོད་དེ་རེད།
    དེང་སང་དང་སྔ་མོ་མི་འདྲ་བ་རེད། སྔོན་ཆད་་ དཔའ་པོ་དེ་ཚོར་དཔའ་རྟགས་བཞག་ན་རྒྱལ་ཁ་ཟེར་བ་ཞིག་ལེན་རྒྱུ་ཡོད་པ་རེད། དེ་དུས་གཞན་བསད་ན་དཔའ་བོ་དང་རང་ཤི་ནའང་དཔའ་བོ་ཡིན། ཡིན་ཡང་་དུས་ཚོད་དེ་དང་ལུགས་སྲོལ་དེས་དེང་སང་གི་ཚབ་བྱེད་ཐུབ་གི་མ་རེད། ལམ་དེར་ཞུགས་ན་ཚགས་ཆེན་དོན་ཆུང་དང་རྒྱུ་མང་འབྲས་ཉུང་དུ་གྱུར་ཚར་བ་རེད།
    གལ་ཏེ། ས་ཡ་དྲུག་གཅིག་ཀྱང་མ་ལུས་པར་དེ་འདྲ་བྱས་ན་ཡང་འདི་བ་ཚང་གི་མི་ལ་སྙིང་རྗེ་ཟེར་པ་དང་ལས་འབྲས་ཟེར་པའི་ཚིག་དེ་འདྲ་རྣ་བས་ཐོས་མྱོང་མེད་ཙང་གཡག་སྙིང་རྡོ་ཡི་ཕ་བོང་འདྲ་བ་དེ་ཚོ་སྒུལ་ལྕོགས་གཏོང་རྒྱུ་ཧ་ཅང་དཀའ་མོ་རེད།
    མ་ཟད་་རྒྱལ་ཚོགས་དང་ཕྱི་རྒྱལ་གཞན་དག་ལ་རེ་བ་བྱས་ཀྱང་ནུས་པ་ག་འདྲ་ཐོན་མིན་འདས་པའི་མཉམ་མྱོང་ནས་ཚོད་དཔག་ཐུབ་གི་རེད། སོང་ཙང་། ཨ་མས་ཆུང་དུས་གཏམ་དཔེ་འདི་འདྲ་ཞིག་ཡང་ཡང་ཤོད་གི་རེད། ངས་དེ་ཡིད་ལ་འཁོར་གིས དེ་ག་རེ་རེད་ཟེར་ན། ༼ རང་རང་མ་ཤི་རང་རང་རྒྱལ། །རང་རང་ཤི་ན་བྱ་ཁྭ་ཏའི་རྒྱལ། ༽ དཔེ་འདི་བཞིན་དུ་་་་བོད་མི་མ་ཤི་བོད་མི་རྒྱལ། །བོད་མི་ཤི་ན་རྒྱ་མི་རྒྱལ། །བོད་མི་གཅིག་ཡིན་ཡང་ཤི་བའི་དུས་ཚོད་མ་རེད། བོད་མི་གཅིག་ཡིན་ཡང་་ཇེ་མང་དང་སྲུང་སྐྱོབ་དགོས་པའི་དུས་ཚོད་རེད།
    ཕྱོག་གཅིག་ནས་དེང་སང་བོད་མི་རིགས་གི་སོན་རྩ་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་ཙང་ཉིན་གཅིག་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་མི་རིགས་གི་མྱུ་གུ་དང་མེ་ཏོག་མང་པོ་སྡེབས་ལ་ཤར་པ་དང་དེ་ནས་་འབྲས་བུ་སྨིན་གི་རེད། མེ་ཏོག་ཤར་རྗེས་འབྲས་བུ་མི་སྨིན་པ་སྲིད་གི་མ་རེད། ཏན་ཏན་སྨྀན་གི་རེད། ཡིན་ན་ཡང་མེ་ཏོག་ཤར་ཡག་དང་འབྲས་བུ་སྨིན་ཡག་གི་དབར་ལ་དུས་ཚོད་ཏོག་ཙམ་དགོས་གི་རེད། དེང་སང་ག་རེ་རེད་ཟེར་ན་མེ་ཏོག་ཤར་བཞིན་པའི་སྒང་ཡིན་ཙང་ངང་བསྒུག་གང་ཙམ་བྱེད་དགོས་གི་རེད། དོན་དག་འདི་ཚང་མའི་སེམས་ལ་ངེས་དགོས་གི་རེད།

  8. བསྟན་འཛིན། says:
    2012-02-27 at 11:57 pm

    བོད་ལྷ་ཀླུ་གཉན་གསུམ་ལགས། ད་ཁྱེད་ནས་ངེད་བོད་མི་རྣམས་སྡུག་གཅིག་རྩེག་སྒང་ལ་ཉིས་བརྩེགས་བྱེད་དུ་མ་འཇུག འདི་ལྟར་བྱེད་པའི་དུས་ཚོད་མ་རེད། ང་ཚོས་གོ་སྐབས་ལ་སྒུག་དགོས། རྒྱལ་སྤྱིའི་མིག་མདུན་ན་གྷི་རིའི་སའི་དཔལ་འབྱོར་དཀའ་ངལ་དང་། སི་རི་ཡའི་དཀའ་རྙོག་སོགས་ལས་བོད་ཀྱི་གནད་དོན་ད་དུང་ཐེམ་རིམ་འོག་མ་ཞིག་ན་འདུག རྒྱལ་སྤྱིའི་དཀའ་རྙོག་མང་པོ་ཞིག་ལ་རྒྱ་ནག་གི་རྒྱབ་སྐྱོར་ལ་བརྟེན་དགོས་པའི་དུས་འདིར། བློ་གྲོས་ལ་བརྟེན་རྒྱུ་ལས་དཔའ་ཁེར་རྒྱུག་གིས་ཕན་གོ་ཆེན་པོ་མི་ཡོང་བ་དེ། ཁྱེད་རང་ཡི་གེ་ཤེས་མཁན་ཞིག་གི་བསམ་བློ་གཏོང་མི་ཤེས་པ་ཡོད་དམ། དེ་ཕན་ཆད་ནས་ཁྱེད་ལ་མ་ཤི་གསོན་ནས་ཐོག་ནུས་ཤུགས་འབུལ་རྒྱུ་གཞན་ཞིག་མེད་དམ།

  9. པཀྵི says:
    2012-02-28 at 2:49 am

    ཉིད་ཀྱི་སྙིང་སྟོབས་དང་བློས་བཏང་ལ་རྗེས་སུ་ཡི་རངས་ཡོད་ནའང་། རང་གི་ཕྲུ་གུ་གཉིས་དང་མཛའ་མོ་ཡལ་གཙོ་བྱས་པའི་ཉེ་དུ་ཐམས་ཅད་སྡུག་བསྔལ་དང་མིག་ཆུར་བསྒྲེས་ནས་ལམ་ལ་ཆས་པ་ནི། རང་གི་དྲན་ཚུལ་ལས་གཞན་གྱི་སྐྱིད་སྡུག་ལ་བསམ་བློ་གཏོང་མི་འདོད་པའི་རང་ཤེད་ཅན་གྱི་མིའི་བྱེད་སྟངས་སུ་བདག་གིས་སེམས་ལ།ང་ཚོ་བོད་པ་མི་རེ་ངོ་རེ་ལ་བོད་ཀྱི་བདེན་དོན་ཆེད་ཕྱར་བ་གྲུ་འདེགས་བྱེད་རྒྱུའི་འགན་འཁྲི་ངེས་པར་ཡོད་ནའང་། ང་ཚོས་རང་གི་ནང་མི་བུ་ཕྲུག་སྡུག་ལ་མ་གཏད་པར་བོད་དོན་ཐད་ཞབས་འདེགས་ཞུ་ཆོག་ལ་ཞུ་ཡང་ཐུབ་པས། ངེས་པར་དུ་བསམ་བློ་བསྐྱར་གཏོང་གནང་རོགས།

  10. ཕུག་རོན། says:
    2012-02-28 at 3:19 am

    དྲ་གྲོགས་ཚོ་གཟབ་ནན་གྱིས་གསན་ཨཱ། ངའི་གོ་ཐོས་ལ། བོད། ལྷ་ཀླུ་གཉན་གསུམ་ཟེར་བ་འདི། བོད་མི་ཚོས་དག་ཞིང་དུ་སྒོམ་བཞིན་པའི་ནུབ་ཕྱོགས་ཡུལ་གྲུ་ཞིག་ན་འདུག་ཟེར། ས་དེ་ན་ཁོང་ལ་སྙིང་ཉེ་བའི་ཆུང་མ་དང་བུ་བུ་མོ་གཉིས་འདུག་ཟེར། ཁྱིམ་ཚང་གི་ཆ་རྐྱེན་ཡང་ཡག་པོ་འདུག་ཟེར། རྒྱུན་དུ་ཁོང་ནི་གཞན་ཕན་གྱི་བསམ་བློ་ཤུགས་ཆེན་པོ་ཡོད་མཁན་ཞིག་དང་། མི་རིགས་རིག་གཞུང་ལ་དུང་བ་ཟབ་མོ་ཡོད་མཁན་ཞིག་རེད་ཟེར། ན་ནིང་ལོ་ནས་བོད་ནང་དུ་བོད་མི་མང་པོ་ཞིག་བོད་མི་རིགས་ཀྱི་ཆེད། གཅིག་རྗེས་གཉིས་མཐུད་ཀྱིས་འདས་གྲོངས་སུ་ཕྱིན་པ་དེས། ཁོང་ལ་བློ་ཕམ་ཚད་མེད་བྱུང་ཡོད་པ་མ་ཟད། གཞན་ཕན་གྱིས་བསམ་བློ་དེའི་དབང་གིས། རང་གི་རིན་བྲལ་གྱི་ཚེ་སྲོག་མི་རིགས་ལ་འབུལ་འདོད་ཡོད་ཚུལ་གྱི་སྐད་ཆ་གྲོགས་པོ་འགའི་ཁ་ནས་ཐོས་སོང་། གང་ལྟར། ཁ་སང་ངས་གོ་ཐོས་ལ། ལྷ་ཀླུ་གཉན་གསུམ་ཕྱི་རྒྱལ་ན་སེམས་ཐག་བཅད་དེ་ཡོང་གི་འདུག་ཟེར། ཁ་ཆེམས་བཞག་སྟེ་ཡོང་གི་འདུག་ཟེར། ནང་མི་གཡུག་སྟེ་ཡོང་གི་འདུག་ཟེར། ད་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༣ ཉིན་རྒྱ་གར་དུ་འབྱོར་རྒྱུ་རེད་ཟེར། ཤུལ་དུ་ནང་མི་བུ་ཕྲུག་ཚོས་མིག་ཆུ་འདོན་བཞིན་འདུག་ཟེར། དེ་ལས་ཡིད་སྐྱོ་བ་ཞིག་ལ། བོད། ལྷ་ཀླུ་འདིའི་དྲིན་ཆེན་ཕ་མ་གཉིས་ངྷ་ས་ན་སྨྱོ་གྲབས་བྱེད་ཀྱིན་འདུག ཁོང་གི་ཨ་མའི་ཉིན་མཚན་ཀུན་ལ་མིག་ཆུ་འདོན་བཞིན་འདུག་ཟེར། གྲོགས་པོ་ཚོ། ཐབས་ཤེས་ཤིག་ཡོད་ན་ནི། ཁོང་ལ་རོགས་པ་ཤིག་གནང་རོགས། དོན་མེད་དུ་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་གིས་ཚེ་སྲོག་ཤོར་ན། གྱོང་ཆེན་པོ་རག་གི་རེད། འདི་ནི་ངའི་སེམས་གཏམ་ཙམ་ཡིན། ངས་ཀྱང་ཁོང་འདི་ལྟར་བཞུད་པ་མཐོང་སྐབས།་སེམས་ཀྱིས་བཟོད་ཀྱི་མི་འདུག

  11. བྱེ་རླུང་འཚུབ་མ། says:
    2012-02-28 at 5:41 am

    ལས་དོན་ཅི་ཞིག་ཡིན་ན་མགོ་འཛིན་སླ་ར་མཇུག་མཐུད་དཀའ་ནི་རེད། བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས་ཡ།

  12. མངའ་རིས་ཕྲིན་ལས། says:
    2012-02-28 at 12:13 pm

    དངོས་གནས་ཡིན་ན་རྗེ་སུ་ཡི་རངས་ཡོད། གཞིས་ལུས་རྣམས་ནས་ཀྱང་བཙན་བྱོལ་ནང་འདི་འདྲ་རེ་གཉིས་ཡོད་པ་འདྲ་བསམ་ནས་སེམས་ཤུགས་སྐྱེ་ངེས་པ་རེད། རབ་བྱུང་ན་སྲོག་དོར་མ་དགོས་པའི་ཐོག་ནས་རྒྱལ་སྤྱིའི་སྟེང་ནས་ལས་འགུལ་འདྲ་མིན་སྤེལ་ན་ལེགས། འཚེ་མེད་ཞི་བས་ཕན་འབྲས་རྩ་བ་ནས་མི་ཡོང་ངེས་ཚེ། ད་གཟོད་དཔའ་བོ་བློ་སྟོབས་ཅན་ཁྱེད་རྒྱ་དཔོན་ཞིག་དང་སྐེ་སྦྲེལ་ནས་འཆི་རྒྱུ་རེ་བ་བྱ་རྒྱུ་ཡིན། དེ་མིན་རང་ཤི་རྒྱབ་ནས་དོན་ཕན་མེད་པ་འདས་པའི་གནས་ཚུལ་ལས་ཤེས་ནུས།

  13. འཛུམ་ཤོར། says:
    2012-03-01 at 2:51 am

    ངས་ཁ་སང་བཤད་མྱོང་བ་བཞིན། ཁྱེད་ཀྱི་སྙིང་སྟོབས་ལ་ཡི་རངས་གུས་བཀུར་ཡོད། མ་ཟད། ང་ལ་གལ་སྲིད་ནུས་པ་ཞིག་ཡོད་ན། ཡོད་ཚད་ཁྱོད་ཀྱི་སྤུངས་ངེས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme