Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཚོ་དང་འཚོ་ཡི་ཁྱད་པར་བཤད་པ་གཡུ་མཚོ་སྔོན་མོའི་ཐིགས་པ།

Posted on 2012-09-112012-09-11 By dhatsenpa 11 Comments on མཚོ་དང་འཚོ་ཡི་ཁྱད་པར་བཤད་པ་གཡུ་མཚོ་སྔོན་མོའི་ཐིགས་པ།

ཨ་ཅེ་གཡུ་མཚོ་ལྷ་འཚོ་དགྱེས་པའི་ཕྱིར།།

མཚོ་དང་འཚོ་ཡི་བཤད་པ་འདི་ན་སྤྲོ།།

ལྷ་སྨན་རྣམས་ཀྱིས་སྨྱུག་ཁ་རྟག་འཚོ་ཞིང་།།

རིག་པའི་གླེང་མོ་བྱེད་ལ་གྲོགས་བྱེད་ཤོག།

སྔོན་འཇུག་མ་ཐོབ་པའི་མཚོ་དང་སྔོན་འཇུག་འ་ཐོབ་པའི་འཚོ་འདི་གཉིས་ནི་སྒྲ་ཉེ་ཡང་དོན་ཁ་ཁ་ཡིན་པར་མཁས་པ་རྣམས་ལ་རྩོད་གཞི་ཁྱོད་ནས་མེད་པ་ཞིག་རེད། མ་མཚོ་ནི་རྒྱ་མཚོ་དང་མཚོ་ལ་འཇུག་པ་དང་འ་འཚོ་ནི་སྲོག་འཚོ་བ། ཕྱུགས་འཚོ་བ། སྲུང་བའི་དོན་ཅན་དང་། འཇིག་རྟེན་མིའི་འཚོ་བ་ལ་འཇུག་པའོ། ཐ་སྙད་འདི་གཉིས་ནི་འཇུག་ཡུལ་མི་གཅིག་ཁ་ཁ་རེད། དེ་ལྟར་ཡང་། ཐ་སྙད་འདི་གཉིས་མིའི་མིང་གི་རྗེས་སུ་སྦྱོར་སྐབས་འབྲི་ཚུལ་མི་མཐུན་པ་འདྲ་མིན་ཞིག་ཡོང་གི་འདུག འདི་གཉིས་ལས་གང་ཞིག་དག་མིན་སྐོར་ལ་བསམ་ཚུལ་བཤད་པ་ཡང་རེ་ཟུང་རེ་མཐོང་རྒྱུ་འདུག ཡག་པོ་ཞིག་བསམ་བློ་བཏང་ན། གང་ཞིག་དག་མིན་ཟེར་ནས་མིང་གི་རྗེས་སུ་ཡང་ན་མཚོ་དང་མིན་ན་འཚོ་ཡིན་དགོས་པར་བསམ་པ་དང་འབྲི་ཚུལ་གཅིག་རང་ལ་གཏན་འཁེལ་དགོས་བསམ་པ་དེ་ནི་ནོར་འཁྲུལ་ཅན་གྱི་བསམ་ཚུལ་ཞིག་རེད། དེ་ཡང་མཚོ་དང་འཚོ་གཉིས་ཀྱི་དོན་དག་ཡག་པོ་མ་ཤེས་པ་དེ་ལ་ཐུག་འདུག་སྙམ། ངས་འདིར་བཤད་འདོད་ན་ནི། མཚོ་དང་འཚོ་གཉིས་ཀ་མིང་གི་རྗེས་སུ་འཇུག་པ་རེད་ཟེར་ནས་བཤད་འདོད་བྱུང་། ཡིན་ནའང་། མིང་འདི་གཉིས་དོན་དག་ཁ་ཁ་ཡིན་པས་མིང་གི་རྗེས་སུ་སྦྱོར་ཚུལ་ཡང་ཁ་ཁ་རེད། དེས་ན། མིང་གང་གི་རྗེས་སུ་མཚོ་ཐོབ་པ་དང་མིང་གང་གི་རྗེས་སུ་འཚོ་ཐོབ་པ་རེད་ཟེར་ན། ཤེས་དགོས་པ་དང་པོ་དེ་མིང་འདི་གཉིས་ཀྱི་དོན་དག་ཡག་པོ་ཤེས་དགོས་པ་དེ་རེད།

༡ མིང་གི་རྗེས་སུ་འཚོ་ཐོབ་པ།

ང་ཚོའི་སྔོན་མའི་བསྟན་བཅོས་ཁག་ན། མཁན་ཆེན་ཞི་བ་འཚོ། ས་འཚོ་གྲགས་འཛིན་མ། པཎ་ཊི་ཏ་བློ་སེམས་འཚོ་ཟེར་བ་ལྟ་བུའི་རྗེས་སུ་འ་འཚོ་སྦྱར་འདུག ས་འཚོ་ཟེར་བ་དང་བློ་སེམས་འཚོ་ཟེར་བའི་འཚོ་དེ་ལེགས་སྦྱར་སྐད་ཅི་འདྲ་ཞིག་ནས་བསྒྱུར་ཡོང་བར་ཟུར་ལྟ་བྱེད་ས་མ་རག་ཀྱང་། ཞི་བ་འཚོ་ཟེར་བ་ནི་ལེགས་སྦྱར་གྱི་སྐད་ཤནྟ་རཀྵིཏ་བོད་སྐད་དུ་བསྒྱུར་བ་ལས་བྱུང་བ་ཞིག་རེད། རཀྵི་ཏ་ནི་འཚོ་བའི་དོན་ཅན་དུ་བསྒྱུར་ཡོད་པ་དང་ཡང་སྐབས་རེར་སྲུང་བའི་དོན་ཅན་དུ་བསྒྱུར་ཡོད་པ་ནི། དཔེར་ན། ནཱགེནྡྲ་རཀྵི་ཏ་ལ་ཀླུའི་དབང་བོ་སྲུང་བ་ཞེས་བསྒྱུར་ཡོད་པ་ལྟ་བུ་རེད། བོད་སྐད་དུ་འཚོ་བ་དང་སྲུང་བའི་དོན་གཅིག་པའི་སྐབས་ཡོད་པ་རེད། དཔེར་ན། དཀོན་མཆོག་འཚོ་ཟེར་ན་དཀོན་མཆོག་གི་སྲུང་བའམ་འཚོ་བའི་དོན་ཡིན་པ་རེད། འདི་ནི་དཀོན་མཆོག་སྐྱབས་ཟེར་བ་དང་ཡོངས་སུ་གཅིག་པ་མིན་ནའང་འདྲ་བའི་ཆ་ཡོད་པ་རེད། དེས་ན་མིང་འདི་རིགས་ཏེ། ཏྰ་རེ་འཚོ། སངས་རྒྱས་འཚོ། མགོན་པོ་འཚོ། རྣམ་རྒྱལ་འཚོ། གདུགས་དཀར་འཚོ། ལྷ་མོ་འཚོ་ཟེར་ནས་བྲིས་ན་དག་པ་དང་དོན་དག་འགྲེལ་དུ་ཡོད་པ་རེད། མིང་འདི་རིགས་ལ་མ་མཚོ་སྦྱར་བ་ཡིན་ན་གོ་རྒྱུ་གང་ཡང་མེད་པ་རེད།

༢ མིང་གི་རྗེས་སུ་མཚོ་ཐོབ་པ།

མིང་གང་འདྲ་བའི་རྗེས་སུ་མ་མཚོ་ཐོབ་པར་ཤེས་དགོས་ན། གོང་དུ་བརྗོད་པ་ལྟར་དང་པོ་མཚོ་ཡི་དོན་དག་ཤེས་དགོས་པ་རེད། མཚོ་ནི་འཚོ་བཞིན་འཇུག་ཡུལ་དུ་མ་ཞིག་མེད་པར་རྒྱ་མཚོ་དང་མཚོ་ལ་འཇུག་པ་དང་རྒྱ་མཚོ་ལས་འཕྲོས་ཏེ་རྒྱ་ཆེ་བ་དང་མང་བའི་དོན་ལ་མ་གཏོགས་འཇུག་ཡུལ་མང་པོ་མེད་པའི་མིང་ཚིག་སྟབས་བདེ་ཞིག་ཡིན་པས་དེའི་སྦྱོར་ཚུལ་དེའང་རྙོག་དྲ་ཅན་ཞིག་མ་རེད། ང་ཚོ་བོད་མི་རྣམས་ནི་རང་བྱུང་ནས་འཚར་ལོངས་བྱུང་ཞིང་རང་བྱུང་དང་འབྲེལ་བ་དམིགས་བསལ་ཡོད་པ་དང་དེ་ལ་དགའ་མོས་ཡོད་པ་ཞིག་རེད་ལ། ལྷག་པར་དུ་རང་བྱུང་གི་གཡུ་མཚོ་སྔོན་མོ་དག་ལ་དགའ་མོས་ཡོད་པས། མི་ཡི་མིང་ལ་རྒྱ་མཚོ་ཅན་མང་པོ་ཡོད་པ་དང་བུད་མེད་མཚོ་མོའི་མིང་ཅན་མང་པོ་ཞིག་ཡོད་པ་རེད། དཔེ་བཞག་ན། བསོད་ནམས་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ་ལྟ་བུའི་ཕོ་མིང་དང་། གཡུ་མཚོ། གནམ་མཚོ། མཚོ་རྒྱལ། མཚོ་མོ། ལྟ་བུ་རེད། དེ་དག་ལ་མ་མཚོ་ཐོབ་པ་ལ་ནི་ཕལ་ཆེར་རྩོད་གཞི་མེད་པ་ཞིག་རེད།

༣ མིང་གི་རྗེས་སུ་མཚོ་དང་འཚོ་གཉིས་གང་ཐོབ་འདམ་ཁ་ཅན།

མིང་གང་འདྲ་ཞིག་གི་རྗེས་སུ་འ་འཚོ་ཐོབ་པ་དང་ཡང་གང་འདྲ་ཞིག་གི་རྗེས་སུ་མ་མཚོ་ཐོབ་པ་གོང་དུ་མདོར་བསྡུས་ཤིག་བཤད་ཟིན། ཡིན་ན་ཡང་། ད་རུང་དེ་ཙམ་གྱིས་མཚོ་དང་འཚོ་ཅན་གྱི་མིང་ཡོངས་སུ་རྫོགས་པ་ཐག་ཆོད་མེད། ད་རུང་བསམ་ཞིབ་བྱས་ཡོང་ན་མིང་སྐོར་ཞིག་ལ་འ་འཚོ་ཐོབ་དང་མ་མཚོ་ཐོབ་ཐེ་ཚོམ་གྱི་གཞི་རུ་འགྱུར་ཞིང་། དོན་དག་ལ་བསམ་བློ་བཏང་ན་གཉིས་ཀའི་གང་ཡང་སྤྱད་རུང་བ་དེ་འདྲའི་མིང་ཡང་སྐོར་ཞིག་ཡོད་པ་ནི། བདེ་སྐྱིད་དང་བསོད་ནམས་ལྟ་བུ་རེད། བདེ་སྐྱིད་འཚོ། བསོད་ནམས་འཚོ་ཟེར་ནས་བྲིས་ན། བདེ་སྐྱིད་དང་ལྡན་པའི་ངང་འཚོ་བ་དང་བདེ་སྐྱིད་ལ་རོལ་བའམ་བདེ་སྐྱིད་ཀྱིས་སྲུང་བའི་དོན་དུ་འགྲེལ་ཆོག་པ་དང་། བསོད་ནམས་འཚོ་ཟེར་ནའང་དེ་བཞིན་ནོ། ཡང་བདེ་སྐྱིད་མཚོ་དང་བསོད་ནམས་མཚོ་ཟེར་ན། བདེ་སྐྱིད་ཀྱི་མཚོ་མོ་དང་བསོད་ནམས་ཀྱི་མཚོ་མོ་སྟེ། བདེ་སྐྱིད་དང་བསོད་ནམས་རྒྱ་ཆེན་པོ་ཡོང་བར་སྨོན་པའི་དོན་ཅན་ཡིན་པའོ། དེ་བཞིན་ད་རུང་མཚོ་སྐྱིད་དང་ཡང་ན་སྐྱིད་མཚོ་ལྟ་བུའང་འཚོ་དང་མཚོ་གཉིས་ལས་གང་ཡང་སྦྱར་ཆོག་པའོ། འདི་རིགས་ནི་རང་རང་གི་འདོད་མོས་དང་མཐུན་པར་གང་ཡང་སྦྱར་རུང་བའོ། དོན་དག་ལ་ཅུང་ཟད་ཁྱད་པར་ཡོད་པ་དེ་ཤེས་དགོས་པའོ། གཞན་དང་གཞན་གྱི་མཚོ་དང་འཚོ་ཡི་མིང་ཅན་དག་ལའང་གོང་གསལ་གྱི་དོན་ཚན་གསུམ་གྱི་གང་གི་ཁོངས་སུ་གཏོགས་མིན་རིགས་བསྒྲེ་བར་བྱ།

བོད་ཀྱི་མིང་བརྡ་རྒྱ་ཆེན་མཚོ་མོ་ལས།།

མཚོ་དང་འཚོ་ཡི་ཐིགས་པ་ཆུང་ཆུང་གཉིས།།

སོར་རྩེར་བཏེགས་ཏེ་མ་སྲུ་མོ་སྨན་མཆོད།།

དགའ་བའི་དར་ཁ་ཡོངས་སུ་ཕྱེ་བར་ཤོག།

 

 

དེབ་ཐེར།

Post navigation

Previous Post: ཁ་སང་གི་གཏམ་རྒྱུད།
Next Post: དེ་རིང་གི་བོད། ༠༩༡༡

Comments (11) on “མཚོ་དང་འཚོ་ཡི་ཁྱད་པར་བཤད་པ་གཡུ་མཚོ་སྔོན་མོའི་ཐིགས་པ།”

  1. མགོན་པོ་ཕྱག་གཉིས་པ། says:
    2012-09-11 at 2:58 pm

    དགོངས་དག། བཤད་འདོད་ན་ནི་བཤད་འདོད་པ་ལ་བཅོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-09-11 at 8:57 pm

    མགོན་ཕྱག་གི་ཚོ་གཉིས་བརྐུས་ནས་མ་འོངས་བོད་རིག་པའི་མཁས་པའི་ཚོགས་འདུར། ང་རང་གི་མིང་བེད་སྤྱད་ནས་སྒྲོགས་སྦྱང་བྱེད་འདོད་ཡོད་པས། དེ་ཡི་བར་ལ་དྲྭ་གྲོགས་ཀུན་གྱིས་གསང་བ་གྱིས་ཤིག ཧ་ཧ་ཀུ་རེ་ཡིན་ནོ། འཚོ་དང་མཚོ་ཡི་ཆེད་རྩོམ་གྱི་བརྗོད་བྱ་དབྱེ་འབྱེད་གསལ་ལ་རྗོད་བྱེད་ཀྱང་ཤིན་ཏུ་སྙན་པ་ཅིག་བྲིས་འདུག་གོ །

  3. འདོད་ལྷ་ཁམས་པ། says:
    2012-09-11 at 9:21 pm

    མཚོ་དང་འཚོ་ཡི་སྒྲ་གདངས་འདྲ་ན་ཡང་། །
    མཚོ་དང་འཚོ་ཡི་ཐ་སྙད་མི་འདྲ་བའི། །
    མཚོ་དང་འཚོ་ཡི་མིང་བརྡ་རེ་རེ་བཞིན། །
    མཚོ་དང་འཚོ་ཡི་འཇུག་ཚུལ་ཁྱད་པར་ཆེ། །

    རྒྱ་མཚོའི་མཚོ་དང་མཚོ་སྔོན་པོ། །
    གཡུ་མཚོ་ལྷ་མཚོ་ཚྭ་མཚོ་སོགས། །
    འཁྱིལ་བའི་ཆུ་བོ་རིགས་ལ་ནི། །
    མ་མཚོ་ཡིན་པ་ཡིད་ལ་བཟུང་། །

    བདེ་སྐྱིད་འཚོ་དང་བསོད་ནམས་འཚོ། །
    ཚེ་རིང་འཚོ་དང་དོན་འགྲུབ་འཚོ། །
    བཀྲ་ཤིས་འཚོ་སོགས་མིང་མཐའ་ལ། །
    འ་འཚོ་ཡིན་ལ་མ་མཚོ་མིན། །

    འོན་ཀྱང་པདྨ་འཚོ་དང་མཚོ་པདྨ།། །
    ཞི་བ་འཚོ་དང་ཞི་བདེ་མཚོ། །
    འདི་འདྲའི་རེ་ཟུང་མ་གཏོགས་པའི། །
    གཞན་དག་འཁྲུལ་བའི་རྩོད་གཞི་མེད། །

  4. BONPO says:
    2012-09-11 at 9:42 pm

    མགོན་པོ་ཕྱག་གཉིས་པ་ལགས། ཁྱེད་ཀྱིས་མཚོ་དང་འཚོ་གཉིས་དབར་འབྲི་སྟངས་མི་འདྲ་བའི་ཁྱད་པར་འབྱེད་དགོས་ཚུལ་ལེགས་པར་བྲིས་གནང་བར་བཀའ་དྲིན་ཆེ། བཀའ་འདྲི་ཞུ་རྒྱུ་ཞིག་ལ། དུས་རྒྱུན་སྐུ་ཉིད་ནས་་་་དམངས་གཙོ་་་་འབྲི་བ་མ་གཏོགས་་་་མང་གཙོ་་་་ཟེར་ཕལ་ཆེར་འབྲི་གནང་གི་མི་འདུག། དེ་འདྲ་ཡིན་དུས་་་་དམངས་གཙོ་་་་ཟེར་བ་དང་་་་མང་གཙོ་་་ཟེར་བའི་ཚིག་འདི་གཉིས་ལ་གོ་དོན་དང་འགྲེལ་བཤད་མི་འདྲ་བ་གང་ཡོད་པ་རྣམས་གསལ་པོ་ཞིག་གསུངས་རོགས་ཞུ་རྒྱུ་ཡིན།

  5. མངའ་རིས་ཕྲིན་ལས། says:
    2012-09-11 at 10:58 pm

    མདའ་ཚན་ལགས་ཀྱི་ཚབ་ངས་བྱེད་ཆོག་༼མང་གཙོ་༽ནི་མང་མོས་དང་འདྲ་གང་མང་བ་དེ་གཙོ་བོར་བྱེད་པ་དཔེར་ན་རྒྱ་གར་མང་གཙོའི་རྒྱལ་ཁབ་ལྟ་བུ་ཡིན། ༼དམངས་ཙོ༽ནི་རིགས་རུས་དམན་པ་དང་། དབུལ་པོ་སོགས་སྐྱོ་བོ་རྣམས་གཙོ་བོ་འཛིན་པའི་ལྟ་བ་༼མ་ཁེ་སི་ལི་ཉན་རིང་ལུགས༽ཀྲུང་གོའི་དམངས་གཙོ་བདག་གཉེར་དབུ་ཡོན་ལྷན་ཁང་ཟེར་བ་ལྟ་བུ་རེད།

  6. རུ་ཤུལ་བུ་ says:
    2012-09-12 at 12:48 am

    མཚོ་དང་འཚོ་གཉིས་ལ་ཁྱད་པར་ཡག་པོ་བྲིས་འདུག འོན་ཀྱང་བོད་དམངས་ཁྲོད་དུ་དེའི་དོན་ཤེས་མཁན་དཀོན་པོ་ཡིན་རྒྱུ་རེད། ངའི་སྣང་ཚུལ་ནི་འཚོ་དང་མཚོ་འདི་གཉིས་ཀྱི་འབོད་ཚུལ་ནི་འབྲོག་ཕྱོགས་སུ་མ་མཚོ་ཤུགས་ཆེ་ལ་རོང་ཕྱོགས་སུ་འ་འཚོ་ཤུགས་ཆེ་བར་མངོན། འདི་རོང་འབྲོག་གཉིས་ཀྱིས་སྐད་གདངས་ཀྱི་སྒྲ་འབྱིན་ཚུལ་མ་འདྲ་བ་ལས་མིང་གི་བརྗོད་དོན་མ་འདྲ་བ་ལ་སེམས་པ་ཞིག་མིན་ཚོད་རེད།

  7. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-09-12 at 1:24 am

    བཀའ་དྲིན་ཆེ། རྩོམ་ཡིག་ཡག་གི། ཀློག་བྲོ་བ་ཞིག་འདུག

  8. ཆབ་མདོ་ངག་ཕུན། says:
    2012-09-12 at 5:54 am

    མ་མཚོ་དང་འ་འཚོ་གཉིས་ཀྱི་སྐོར་ལ་ཡག་པོ་བྲིས་འདུག

  9. འཇམ་རྡོ says:
    2012-09-12 at 7:25 am

    ཨ་མདོའི་མིང་ཞིག་གསུང་གི་ཡོད་པ་འདྲ། ང་ཚོ་དབུས་གཙང་ལ་ནི་རྙོག་དྲ་དེརིགས་མི་འདུག།

  10. མགོན་པོ་ཕྱག་གཉིས་པ། says:
    2012-09-12 at 6:33 pm

    BONPO ལགས། ཁྱེད་ཀྱི་མཆན་༤ པའི་དྲི་ལན་མ་སྟོང་ཙམ་ཞིག་བྲིས་ཏེ་ཁ་བརྡའི་ནང་བཀོད་ཡོད་པས་དེར་གཟིགས་ཞིབ་ལེགས་པོར་གནང་སྟེ་དགོངས་ཚུལ་མི་མཐུན་པ་གསུང་བར་དགའ་བསུ་ཞུ། གཞན་འདིར་ཕེབས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ།

  11. ལ་དྭགས་ངག་དབང་རྒྱ་མཚོ། says:
    2013-05-01 at 3:52 am

    ཉ་པས་མཚོ་ལ་བབརྟེན་ནས་འཚོ་བ་སྐྱེལ། །རྫི་ཚོས་ཕྱུགས་རིགས་འཚོ་བཞིན་འཚོ་ཐབས་འབད། །མཚོ་མོ་གཡང་འཚོ་གཉིས་ལ་ཚོ་ལྷ་མཇལ། །མི་ཚོར་་ཡིད་ཀྱིས་མ་ངེས་མཚོར་རྒྱུགས་སོང། །འཚོ་དང་མཚོ་ཡི་འགྲེལ་བཤད་དེ་དཔེ་མི་སྲིད་པའི་ཡག་པོ་འདུག ཐུགས་རྗེ་ཆེའོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme