Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“མཚན་མོ་”བོད་འགྱུར་མའི་འགྲེམས་སྤེལ་སྐབས་ཀྱི་འཕྲོས་གཏམ།

Posted on 2019-10-162019-10-27 By ཁ་བརྡ་ 16 Comments on “མཚན་མོ་”བོད་འགྱུར་མའི་འགྲེམས་སྤེལ་སྐབས་ཀྱི་འཕྲོས་གཏམ།

པད་མ་འབུམ།

ཀ ལོ་ངོ་ཉེར་བཞིར་སྒུག་པའི་དཔེ་སྐྲུན།

མཚན་མོ་ཞེས་པའི་གྲགས་རྩོམ་འདི་ཁྲིམས་མཐུན་གྱིས་དཔེ་སྐྲུན་བྱས་ནས་འགྲེམ་སྤེལ་བྱེད་ཐུབ་པར་གྱུར་པ་འདིས་ང་ལ་སྤྲོ་སྣང་ཞིག་སྦྱིན། རྒྱུ་མཚན་ནི། ངས་ཁྲིམས་མཐུན་གྱིས་དེབ་འདི་པར་སྐྲུན་བྱེད་རྒྱུའི་རེ་བ་དོར་ཚར་བ་ཡིན། འགྱུར་བྱང་དུ་གསལ་བ་ལྟར། ངས་དེབ་འདི་ ༡༩༩༥ ལོ་བསྒྱུར་ཚར་ཡོད། དེ་དུས་འཆར་གཞི་ནི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་དཔེ་སྐྲུན་བྱ་འཆར་ཡིན། ༡༩༩༧ ལོའི་ཟླ་བདུན་པར་ང་ནེའུ་ཡོར་ཁི་རུ་དེབ་འདིའི་རྩོམ་པ་པོ་ཨེ་ལི་ཝེ་བཟེལ་ལ་ཡང་སྐུ་དངོས་སུ་མཇལ་རྒྱུའི་གོ་སྐབས་ཤིག་བྱུང་། སྐབས་དེར་རྩོམ་པ་པོ་ཁོང་འདུས་པའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ལྔ་དྲུག་ལྷན་འཛོམས་གནང་བའི་སྐབས་ཤིག་རེད། ང་ཁོང་ལ་མཇལ་ས་ཡང་ལྷན་འཛོམས་ཀྱི་ཚོགས་ཁང་དེ་རེད། ངས་ཁོང་ལ་འགྱུར་དེབ་འདི་ལ་པར་དབང་གནང་རྒྱུ་དང་། འགྱུར་དེབ་ལ་སྔོན་བརྗོད་ཅིག་འབྲི་རྒྱུའི་རེ་འདུན་ཞུས་པ་ཡིན། ཁོང་གིས་འགྱུར་དེབ་པར་དབང་གནང་རྒྱུ་ཞལ་བཞེས་གནང་ཡང་སྔོན་བརྗོད་འབྲི་རྒྱུ་ཞལ་བཞེས་གནང་མ་སོང་། རྒྱུ་མཚན་ནི་རང་གི་བརྩམས་ཆོས་ལ་རང་གིས་སྔོན་བརྗོད་འབྲི་བར་འོས་འཚམས་ཡོད་པ་མ་རེད་ཟེར། ཁོང་གི་བརྩམས་ཆོས་འདི་བོད་ཡིག་ཏུ་བསྒྱུར་བ་ལ་ཁོང་ཧ་ཅང་ཐུགས་མཉེས་པོ་བྱུང་སོང་ཞེས་གསུངས། ཁོང་ཚོ་འཛམ་གླིང་གི་སྐྱེས་ཆེན་དུ་མ་ལྷན་འཛོམས་ཀྱི་སྐབས་དེར་ང་ལྟ་བུའི་མི་ཕལ་བ་ཞིག་གིས་ཁོང་གི་དུས་ཚོད་བཟུང་ནས་འདུག་པར་འཚེར་སྣང་ཞིག་བྱུང་། ཡིན་ན་ཡང་ཁོང་གིས་ཅི་ཡང་སྙམ་གྱི་མེད་པ་ལྟར་ང་ལ་བཀའ་མོལ་ཡུན་ཙམ་གནང་ཞིང་། ད་དུང་ངེད་གཉིས་མཉམ་དུ་འདྲ་པར་ཞིག་རྒྱག་ཐུབ་སོང་། དེ་ནས་ཉིན་ཤས་ཀྱི་རྗེས་སུ་རྩོམ་པ་པོ་མཆོག་ནས་པར་དབང་གི་ཆོག་མཆན་ཁོང་གི་ཕྱག་བྲིས་ངོ་མ་ཞིག་འབྱོར་སོང་། དེ་དུས་ཁོང་གི་བརྩམས་ཆོས་འདིར་སྙན་གྲགས་རྒྱས་འགོ་ཚུགས་ཙམ་རེད། ད་ལྟ་རྩོམ་པ་པོ་ནི་འདས་ཚར་བ་རེད། ཁོང་ད་ལྟ་ཡང་འཚོ་བཞུགས་ཡིན་ན་བོད་འགྱུར་མ་འདི་དཔེ་སྐྲུན་དང་འགྲེམས་སྤེལ་བྱེད་པའི་སྐབས་འདིར་ཁོང་ཡང་ཐུགས་མཉེས་པ་ཡོང་བ་ལ་ང་རང་ཡིད་ཆེས་ཡོད།

དེབ་འདིའི་རྩོམ་པ་པོ་ཨེ་ལི་ཝེ་བཟེལ་

ང་ལ་ཁོང་གི་པར་དབང་གི་ཡི་གེ་འབྱོར་རྗེས་ངས་བསྒྱུར་ཡིག་དང་། རྩོམ་པ་པོ་དང་ངེད་གཉིས་ཀྱི་འདྲ་པར། པར་དབང་གི་ཆོག་མཆན་གྱི་ཡི་གེ་བཅས་ཨ་མྱེས་རྨ་ཆེན་ལ་བསྐུར་བ་ཡིན་བསམས་ཡོད། ཡིན་ན་ཡང་རྒྱུ་མཚན་ཅི་ཡིན་ངས་མི་དྲན། དཔེ་སྐྲུན་བྱེད་ཐུབ་ཡོད་པ་མ་རེད། ཕྱིས་སུ་ཉིས་སྟོང་བདུན་གྱི་ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་གཅོད་པ་ཀླུ་རྒྱལ་ལགས་ནས་པར་དབང་ལེན་ཐུབ་ན་བོད་འགྱུར་མ་དེ་ཁོ་ཚོས་དཔེ་སྐྲུན་བྱེད་ན་འདོད་ཟེར། ཁོ་ཚོར་པར་སྐྲུན་གྱི་འགྲོ་སོང་དང་ཆོག་མཆན་ཡང་ཐོབ་འདུག ངས་ཨ་མྱེས་རྨ་ཆེན་ཚང་ལ་པར་དབང་གི་ཡི་གེ་དེ་ང་ལ་གནང་རོགས་ཞེས་ཞུས་པ་ཡིན། ཁོང་ཚོས་བོད་འགྱུར་མ་འདི་པར་རྩ་བསྒྲིགས་ཚར་བ་དང་། རྩོམ་པ་པོ་དང་ངེད་གཉིས་ཀྱི་འདྲ་པར་བཅས་ང་ལ་བསྐུར་འདུག ཡིན་ན་ཡང་རྩོམ་པ་པོའི་པར་དབང་གི་འཕྲིན་ཡིག་དེ་མི་འདུག་ཟེར། དེ་ནས་གཅིག་བྱས་ན་ང་རང་གིས་ཕར་མ་བསྐུར་བ་ཡིན་རྒྱུ་རེད་སྙམ་ནས་ངའི་ཡིག་རྙོག་རྙིང་པ་མང་པོའི་ནང་ལ་བཙལ་ཡང་མ་རྙེད། ང་རང་གིས་པར་དབང་གི་ཤོག་ལྷེ་འདྲ་བཤུས་ཤིག་མ་བརྒྱབ་པ་ལ་ང་རང་འགྱོད་པ་སྐྱེས་བཞིན་རྩོམ་པ་པོ་ལ་ཡང་སྐྱར་པར་དབང་གནང་རོགས་ཞུས་པ་ཡིན། ཡིན་ན་ཡང་རེ་ཞུ་དེར་ལན་གནང་མཁན་ནི་རྩོམ་པ་པོ་རང་མིན་པར་ཁོང་གི་དྲུང་ཡིག་རེད། དྲུང་ཡིག་དེས་དེབ་དེའི་པར་དབང་ནི་དེའི་དཔེ་སྐྲུན་ཁང་ལ་ཞུ་དགོས་པ་རེད་ཟེར། དཔེ་སྐྲུན་ཁང་ལ་འབྲེལ་བྱས་དུས་ཨ་མདོའི་ཁ་དཔེར་ཆུ་ནང་ལ་རྡོ་འཕངས་པ་ཟེར་བ་ཞིག་ཡོད་པ་དེ་དང་གཅིག་མཚུངས་རེད། ཕར་ལ་འགྲོ་བ་མ་གཏོགས་ཚུར་ཅི་ཡང་ཡོང་རྒྱུ་མེད་པར་གྱུར། ད་དུང་ཐེངས་འགར་འབྲེལ་ལམ་གཞན་པ་བརྒྱུད་ནས་པར་དབང་ཐོབ་ཐབས་བྱས་ཀྱང་འབྲས་བུ་ཅང་བྱུང་མ་སོང་། དེ་འདྲའི་ངང་ནས་བོད་འགྱུར་མ་འདི་ལོ་ངོ་ཉེར་བཞི་ཙམ་ལ་ཉར་ནས་བསྡད་ཅིང་། ད་ལྟ་ཡང་ཅི་བྱ་གཏོལ་མེད་ཀྱི་ངང་དུ་གནས་བཞིན་པའི་སྐབས་ལ་ཨ་རིའི་དབྱིན་ཌི་ཡ་ན་སློབ་གྲྭ་ཆེན་མོའི་ཡོ་རུབ་དང་ཨེ་ཤར་ཡ་དཀྱིལ་མ་རིག་པའི་སྡེ་ཚན་གྱི་དགེ་རྒན་ཆེན་མོ། ཁ་ཆེའི་ཆོས་ལུགས་ཞིབ་འཇུག་ལས་གཞིའི་འགན་འཛིན་ Ron Sela ལགས་ནས་རོགས་རམ་གནང་བར་བརྟེན་ནས་པར་དབང་ཐོབ་པ་དང་། དེ་ལ་བརྟེན་ནས་ད་ལྟ་བོད་འགྱུར་མ་འདི་ཁྲིམས་མཐུན་གྱིས་དཔེ་སྐྲུན་བྱེད་ཐུབ་པའི་སྐལ་བཟང་འདི་བྱུང་། དེ་ཡང་ང་ཚོ་རང་གི་འགྱུར་བརྒྱ་རྩ་བརྒྱད་ཀྱི་ལས་གཞིའི་པར་སྐྲུན་གྱི་དཔེ་དེབ་དང་པོར་གྱུར་བའི་སྐབས་འདིར། ད་བར་དུ་པར་དབང་མ་ཐོབ་པ་དང་དཔེ་སྐྲུན་བྱེད་མ་ཐུབ་པ་དེ་ནི་རྐྱེན་ངན་གྲོགས་ཤར་གྱི་ཚོར་བ་ཞིག་ཀྱང་བྱུང་།

 

ཁ། མ་ཕྱིའི་རྩོམ་རིམ། དཔེ་སྐྲུན། གྲགས་རྩོམ་དུ་གྱུར་བ།

བརྩམས་ཆོས་འདིའི་ངོ་སྤྲོད་མདོར་བསྡུས་ཤིག་དཔེ་དེབ་ཀྱི་ཟུར་རྒྱན་དུ་བཀོད་ཡོད། ད་དུང་དེའི་སྐོར་ལ་ཤེས་རྟོགས་མང་ཙམ་ཞིག་ཡོང་ཆེད་དེའི་རྩོམ་ལ་ཞུགས་རིམ་དང་བྱུང་རིམ་དང་དཔེ་སྐྲུན་གྱི་གནས་ཚུལ་ཐར་ཐོར་རེ་དྲ་ཐོག་ནས་འཚོལ་སྡུད་བྱས་པ་འདིར་བཀོད་ན་ཕན་རྒྱུ་རེད་བསམས་སོང་།

རྩོམ་པ་པོ་ཨེ་ལི་ཝེ་བཟེལ་འཁྲུངས་ས་ནི་དེང་སང་རོ་མ་ནི་ཡ་ཡི་རྒྱལ་ཁོངས་ན་ཡོད་པའི་ཋི་རང་སིལ་ཧྥ་ནི་ཡ་བྱང་མ་ (Northern Transylvania) ཡིན། ༡༩༤༠ ནས་ ༡༩༤༤ ལོའི་བར་ཡུལ་ཁམས་དེ་ཧང་གྷ་རི་ཡི་ཁོངས་སུ་ཡོད་ཅིང་། ལོ་དེའི་ཟླ་གསུམ་པའི་ཚེས་ ༡༩ ཉིན་འཇར་མན་ན་ཚི་ཡིས་ཧང་གྷ་རི་བཙན་བཟུང་བྱས་པ་དང་། ཧང་གྷ་རི་ཡི་ཁོངས་ཏེ། གཙོ་བོ་རྩོམ་པ་པོ་འདི་འཁྲུངས་སའི་ཋི་རང་སིལ་ཧྥ་ནི་ཡ་བྱང་མ་ནས་ཇེའུ་པ་ཆིག་འབུམ་ལྔ་ཁྲི་བཙོན་སྒར་ལ་བཙན་འདེད་བྱས། དེའི་ནང་དུ་དེབ་འདིའི་རྩོམ་པ་པོ་ཡང་ཚུད། དེ་དུས་ཁོང་དགུང་ལོ་བཅོ་ལྔ་ཡིན། དེབ་འདིའི་ནང་དུ་རྩོམ་པ་པོ་དང་ཁོང་གི་ཡབ་གཉིས་བཙོན་སྒར་ Auschwitz དང་Buchenwald གཉིས་ལ་ ༡༩༤༤ ནས་ ༡༩༥༥ ལོ་གཅིག་གི་དུས་ཡུན་ལ་སྡུག་སྦྱོང་ཇི་ལྟར་མྱངས་པའི་སྐོར་བྲིས་ཡོད། དེ་ནི་”སྡེབ་གསོད་ཆེན་མོ་”སྟེ་ (Holocaust) ཇར་མན་ན་ཚི་ཡིས་ཇེའུ་ཡི་མི་གྲངས་ས་ཡ་དུ་མ་དུག་རླངས་སོགས་ཀྱིས་སྡེབ་གསོད་ཀྱི་གདུག་རྩུབ་རྩེར་སོན་པའི་དུས་སྐབས་ཡིན། ༡༩༤༥ ལོའི་ཟླ་བཞི་བའི་ནང་ཨ་རིའི་དམག་གིས་ཨེ་ལི་ཝེ་བཟེལ་ཡོད་སའི་Buchenwald ཞེས་པའི་བཙོན་སྒར་བཅིངས་འགྲོལ་བྱས། དེ་དུས་ཁོང་དགུང་ལོ་བཅུ་དྲུག་ཡིན།

༡༩༤༥ ལོ་ནས་ ༡༩༥༤ ལོ་བར་དུ་ཁོང་གི་མྱོང་བ་དེ་དག་ཁྲོམ་སྤེལ་གནང་མེད། ༡༩༥༤ ལོར་ཁོང་གིས་ཧྥ་རན་སི་ལ་གསར་འགོད་པའི་ཕྱག་ལས་གནང་བཞིན་པའི་སྐབས་ལ་འཕྲལ་རྐྱེན་ཞིག་གིས་བསྐུལ་ཏེ་ཁོང་གིས་མྱོང་བ་དེ་དག་ཡིག་ཐོག་ཏུ་ཕབ། ལོ་དེར་ཁོང་གི་གྲོགས་པོ་རྩོམ་པ་པོ་ཞིག་བརྒྱུད་ནས་ཁོང་གིས་ཧྥ་རན་སིའི་སྲིད་བློན་Pierre Mendès-France ཟེར་བ་ལ་བཅར་འདྲི་ཞིག་བྱེད་ཐུབ་པར་གྱུར། བཅར་འདྲིའི་སྐབས་སུ་ང་ཚོས་དད་པ་དང་ཡང་དོན་ཞིག་ལ་ཞེད་སྣང་གི་ཚོར་བ་སྟོན་སྐབས་བླ་མ་མཁྱེན་ནམ་དཀོན་མཆོག་མཁྱེན་ཟེར་བ་ལྟར་སྲིད་བློན་དེས་ཡང་དང་ཡང་དུ་བཀའ་མོལ་བར་དུ་སྟོན་པ་ཡེ་ཤུ་མཁྱེན་ཞེས་ཡང་ཡང་ངག་ནས་ཤོར་། ཨེ་ལི་ཝེ་བཟེལ་གྱིས་བཙོན་སྒར་Auschwitz དང་Buchenwald གཉིས་ལ་ཉེས་མེད་ཀྱི་བྱིས་པ་བརྒྱ་ཕྲག་ལ་མནར་གཅོད་གཏོང་བ་དང་གསོན་སྲེག་བྱེད་པ་མཐོང་བ་དང་། དེ་དུས་ལྷ་དང་དཀོན་མཆོག་ཟེར་བ་ཞིག་སྐྱོབ་མཁན་མེད་པར་མཐོང་བ་དང་། ལྷག་པར་ཇེའུ་མི་རིགས་ཀྱིས་Godསྟེ་དཀོན་མཆོག་མ་གཏོགས་སྟོན་པ་ཡེ་ཤུ་ལ་དད་པ་མི་བྱེད། དེའི་སྟབས་ཀྱིས་སྲིད་བློན་དེས་ཡང་སྐྱར་སྟོནཔ་ཡེ་ཤུ་མཁྱེན་ཟེར་སྐབས་ཨེ་ལི་ཝེ་བཟེལ་གྱིས་དེ་ལ་བསྲན་བཟོད་མ་ཐུབ་པར། ཁོང་གིས་ལོ་བཅུ་ཙམ་གྱི་ཡར་སྔོན་ལ་བྱིས་པ་བརྒྱ་ཕྲག་མང་པོས་མནར་གཅོད་མྱངས་པ་མཐོང་བ་དང་། དེ་ནི་སྟོན་པ་ཡེ་ཤུས་རྒྱོངས་ཤིང་སྟེང་ལ་མྱངས་པའི་མནར་གཅོད་ལས་ཀྱང་ཡ་ང་བ་ཡིན། ཡིན་ན་ཡང་ང་ཚོས་བྱིས་པ་དེ་ཚོའི་སྐོར་ལ་ཚིག་འབྲུ་ཙམ་ཡང་མི་གླེང་བ་ཅི་ཡིན་ཞེས་ཞལ་ནས་ཤོར། དེ་ལྟར་རང་གི་གུས་མེད་ཀྱི་བཤད་སྟངས་ལ་རང་ཉིད་ཀྱང་ངོ་ཚ་ནས་ཁོང་གིས་བཅར་འདྲི་བྱེད་མཚམས་ཀྱང་ཅམ་འཇོག་བྱས་ཏེ་ལངས་ཏེ་སོང་། རྩོམ་པ་པོའི་བསམ་ཡུལ་ལས་འདས་པ་ཞིག་ལ་སྲིད་བློན་གང་ཁོང་གིས་ཅི་བཤད་ལ་ཚིག་པ་མི་ཟ་བར་མ་ཟད་རྩོམ་པ་པོའི་རྗེས་སུ་རྒྱུག་ཡོང་ནས་རྩོམ་པ་པོས་མྱངས་པ་དེ་དག་འབྲི་དགོས་པའི་གཞེན་སྐུལ་གནང་།

ཨེ་ལི་ཝེ་བཟེལ་གྱིས་དཔེ་དེབ་འདི་ཁོང་གསར་འགོད་ཀྱི་ཆེད་དུ་བྷི་ར་བཟེལ་ལ་བསྐྱོད་པའི་གྲུ་གཟིངས་ཀྱི་ནང་དུ་བརྩམས། དེ་དུས་ཁོང་གིས་ཇེའུ་སྐད་དུ་བརྩམས་ཤིང་ཤོག་གྲངས་ ༨༦༢ ཡོད། གྲུ་གཟིངས་དེའི་ཐོག་ཇེའུ་སྐད་ཀྱི་དཔེ་དེབ་དཔེ་སྐྲུན་པ་ཞིག་ཡོད་པ་དེ་ཨེ་ལི་ཝེ་བཟེལ་གྱིས་ངོ་ཤེས་ཏེ་ཁོང་གི་བརྩམས་ཆོས་ཁོ་ལ་ཀློག་རྒྱུ་བྱུང་འདུག དཔེ་སྐྲུན་པ་དེས་ ༡༩༥༦ ལོར་དཔེ་སྐྲུན་བྱས་པ་ལ་ཤོག་གྲངས་༢༤༥ ཡོད་པ་དང་། དེ་དུས་བརྩམས་དེབ་ཀྱི་མིང་ལ་ “མཚན་མོ་”མི་ཟེར་བར་ “དེ་ནས་འཇིག་རྟེན་ཁུ་སིམ་མེར་གནས་སོང་”ཟེར་བ་ལྟ་བུ་ཞིག་སྟེ་ཇེའུ་སྐད་ཀྱིས་Un di velt hot geshvign (“And the World Remained Silent”)ཟེར།

ཕྱིས་སུ་རྩོམ་པ་པོ་རང་ནས་བརྩམས་ཆོས་འདི་ཧྥ་སྐད་དུ་བསྒྱུར་ཏེ་ཧྥ་རན་སི་ལ་ Les Éditions de Minuit ཟེར་བའི་དཔེ་སྐྲུན་ཁང་ནས་༡༩༥༦ ལོར་དཔེ་སྐྲུན་བྱས་པའི་དེབ་མིང་ལ་ཧྥ་སྐད་ཀྱི་ La Nuit ཟེར་ཞིང་དེ་ལ་ཤོག་གྲངས་ ༡༧༨ ཡོད། དེ་ནས་ལོ་གཉིས་འགོར་རྗེས་ Stella Rodway ཡི་དབྱིན་འགྱུར་མ་ “Night” (མཚན་མོ་)ཞེས་པ་ཨ་རིའི་ Hill & Wang ཟེར་བའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་ལ་ཤོག་གྲངས་ ༡༡༦ ཡོད། དབྱིན་འགྱུར་མ་འདི་ནི་ད་ལྟ་ང་ཚོས་འགྲེམས་སྤེལ་བྱེད་པའི་བོད་འགྱུར་མ་འདིའི་ཕྱི་མོ་ཡིན། བརྩམས་ཆོས་འདི་ལ་ཐོག་མའི་དུས་སུ་ཐོབ་འོས་ཀྱི་མིང་གྲགས་མ་ཐོབ། དེབ་གྲངས་སྟོང་ཕྲག་གསུམ་བཙོང་བ་ལ་ལོ་གྲངས་གསུམ་འགོར་ཡོད། ཡིན་ན་ཡང་དཔེ་དེབ་དེས་རྩོམ་རིག་དང་དཔེ་དེབ་དཔྱད་བརྗོད་པ་རྣམས་ཀྱི་དོ་སྣང་དྲངས་པའི་རྐྱེན་གྱིས་བརྙན་འཕྲིན་གྱི་བཅར་འདྲི་བྱུང་ཡོད་ལ་རྩོམ་པ་པོ་གྲགས་ཅན་ལ་ཐུག་རྒྱུའི་གོ་སྐབས་ཀྱང་བྱུང་ཡོད། དེ་འདྲའི་རྒྱུ་རྐྱེན་ལ་བརྟེན་ནས་རིམ་གྱིས་དཔེ་དེབ་འདིའི་མིང་གྲགས་རྒྱས་ཏེ་ ༡༩༩༧ ལོར་ཨ་རི་ལ་དེབ་གྲངས་འབུམ་གསུམ་རྒྱུགས་ཡོད། དེ་ནས་མུ་མཐུད་ནས་སྙན་གྲགས་རྒྱས་ཏེ་ད་བར་དུ་ཨ་རི་ལ་དེབ་གྲངས་བྱེ་བ་གཅིག་ཙམ་རྒྱུགས་ཡོད་པ་དང་སྐད་ཡིག་སུམ་ཅུ་ལ་ཕབ་སྒྱུར་བྱས་ཡོད། རྩོམ་པ་པོའི་སྐུ་ཟླ་ Marion Wiesel གྱིས་དབྱིན་འགྱུར་གཉིས་པ་ལ་རྩོམ་པ་པོས་སྔོན་གླེང་གསར་པ་བསྣན་ནས་༢༠༠༦ ལོར་དཔེ་སྐྲུན་བྱས་ཡོད། ནེའུ་ཡོར་ཁི་དུས་བབ་ཀྱི་དཔེ་དེབ་བྲིན་ཤོས་ཀྱི་ནང་དུ་ཡང་ཚུད་ཡོད།

ཨེ་ལི་ཝེ་བཟེལ་ལ་”མཚན་མོ་” འདུས་པའི་བརྩམས་ཆོས་དེབ་གྲངས་ལྔ་བཅུ་ལྷག་ཡོད། དེ་དག་གི་ནང་ནས་མཚན་མོ་ནི་མི་རྣམས་ཀྱིས་ཁོང་གི་ཚབ་མཚོན་བརྩམས་ཆོས་སུ་ཆ་འཇོག་བྱེད། རྩོམ་པ་པོ་རང་ནས་ཀྱང་གལ་ཏེ་མི་གཅིག་གིས་རང་གི་མི་ཚེ་ལ་དཔེ་དེབ་གཅིག་མ་གཏོགས་བརྩམས་མི་ཆོག་པ་ཡིན་ན་ཁོང་གི་དཔེ་དེབ་གཅིག་པོ་དེ་མཚན་མོ་ཡིན་ཞེས་བརྗོད་ཡོད། སྒྲུང་གི་ནང་གི་བྱུང་རིམ་ཆ་ཚང་བྱུང་དོན་ངོ་མ་ཡིན་མིན་ལ་ཐེ་ཚོམ་བྱེད་མཁན་ཡོད་ན་ཡང་། རྩོམ་པ་རང་ནས་ཆ་ཚང་བྱུང་དོན་ངོ་མ་ཡིན་ཞེས་བརྗོད་ཡོད།

“མཚན་མོ་”ཡི་རྗེས་སུ་༡༩༦༡ ལོར་“སྐྱ་རེངས་(Dawn)”ཞེས་པ་བརྩམས་པ་དང་། ཡང་དེའི་ཕྱི་ལོ་སྟེ་ ༡༩༦༢ ལོར་ “ཉིན་དཀར་ (Day)”ཟེར་བ་དེ་བརྩམས། དེ་གཉིས་ཀྱི་ནང་དུ་ “སྡེབ་གསོད་ཆེན་མོ་”ཡི་སྐབས་དང་དེའི་རྗེས་ཀྱི་ཁོང་གི་བསམ་བློ་དང་ཉམས་མྱོང་རྣམས་བྲིས་ཡོད། དེ་གསུམ་པོ་ལ་རྩོམ་པ་པོ་ཨེ་ལི་ཝེ་བཟེལ་གྱི་ “སྒྲུང་རྩོམ་སུམ་འགྲིག་མ་”ཟེར།

 

ག བོད་འགྱུར་གྱི་རིམ་པ།

སྤྱི་ལོ་ ༡༩༩༣ ཙམ་ལ་རྒྱ་གར་ན་ཡོད་པའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་ཕྱི་རྒྱལ་གྱི་གྲགས་རྩོམ་ཡིག་སྒྱུར་བྱེད་རྒྱུའི་འགོ་བརྩམས། དེའི་བསྒྱུར་བྱའི་ཐོ་གཞུང་དུ་ “མཚན་མོ་”ཞེས་པ་འདི་ཡང་ཡོད། ༡༩༩༤ ལོར་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་ང་ལ་ཨ་རི་ལ་དབྱིན་སྐད་སྦྱོང་བའི་གོ་སྐབས་ཤིག་བྱུང་། དེ་དུས་ངས་ཨ་མྱེས་རྨ་ཆེན་ཚང་གི་བསྒྱུར་བྱའི་ཐོ་གཞུང་གི་ནང་ནས་དཔེ་དེབ་གཅིག་དབྱིན་སྐད་སློབ་སྦྱོང་གི་ཞོར་དུ་བསྒྱུར་ཐུབ་ན་ཨ་མྱེས་རྨ་ཆེན་ཚང་གི་ལས་གཞི་དང་ང་རང་གི་དབྱིན་སྐད་ཀྱི་སློབ་སྦྱོང་གཉིས་ཀ་ལ་གཉིས་ཕན་རེད་བསམས་ནས་ “མཚན་མོ་”་བདམས་པ་ཡིན། དེ་དུས་བརྩམས་ཆོས་འདི་ལ་སྙན་གྲགས་ཆེན་པོ་ད་དུང་རྒྱས་མེད། བརྩམས་ཆོས་འདི་དམག་ཆེན་གཉིས་པའི་ནང་ལ་འཇར་མན་ན་ཚི་ཡིས་ཇེའུ་མི་རིགས་ལ་སྡུག་སྦྱོང་ཇི་ལྟར་བཏང་ཚུལ་གྱི་སྐོར་ཡིན་པ་ངས་ཤེས། ཡིན་ན་ཡང་དེ་ནི་ངས་དཔེ་དེབ་འདི་བསྒྱུར་རྒྱུར་བླངས་པའི་རྒྱུ་མཚན་གཙོ་བོ་མིན། རྒྱུ་མཚན་གཙོ་བོ་ནི་དཔེ་དེབ་དེབ་ཀྱི་བོངས་ཚད་ཆུང་ཞིང་ཤོག་གྲངས་ཉུང་བ་དེ་ཡིན། ཕར་བལྟས་ན་དཀའ་ལས་ཡུན་རིང་པོར་རྒྱག་མི་དགོས་པའི་ཚོར་བ་ཞིག་སྐྱེས།

ངས་གོང་དུ་ “མཚན་མོ་”ཡི་འགྱུར་དེབ་འདི་ད་བར་དུ་དཔེ་སྐྲུན་བྱེད་མ་ཐུབ་པ་དེ་རྐྱེན་ངན་གྲོགས་ཤར་གྱི་ཚུལ་དུ་གྱུར་ཅེས་བརྗོད་ཡོད། དེ་ལ་རྒྱུ་མཚན་གཞན་པ་ཞིག་ཀྱང་ཡོད། དེ་ནི་དུས་ཡུན་དེའི་རིང་ལ་ཡང་སྐྱར་ཞུས་དག་གཏོང་རྒྱུའི་གོ་སྐབས་བྱུང་སོང་། ལྷག་པར་དུ་ “འགྱུར་བརྒྱ་རྩ་བརྒྱད་”ཀྱི་ལས་གཞི་ཡི་ནང་དུ་བླངས་རྗེས་གོ་རིམ་དང་ལྡན་པའི་ཞུས་དག་གི་ལས་རིམ་ཆ་ཚང་བ་ཞིག་བརྒྱུད་རྒྱུ་བྱུང་བ་དེས་འགྱུར་སྤུས་རིམ་པ་གཅིག་འཕར་སོང་བ་ལྟ་བུ་ཞིག་བྱུང་། རང་གི་འགྱུར་ལ་ཞུས་དག་ཡང་ཡང་བཏང་བ་ལས་ང་ལ་ཤེས་རྟོགས་ཤིག་ཀྱང་བྱུང་། དེ་ནི་འགྱུར་སྐྱོན་མང་པོ་ཞིག་རང་གིས་མི་གོ་བའི་མ་ཡིག་གི་ཚིག་དོན་སྐོར་ཞིག་རང་གིས་གོ་བར་རློམ་ནས་བསྒྱུར་བ་དེ་དག་ལས་ཡོང་གི་འདུག དེ་ལོས་ཡིན། མི་གོ་བ་ཞིག་ཡིན་ན་གཞན་ལ་དྲིས་ནས་གོ་བར་བྱས་ནས་བསྒྱུར་རྒྱུ་ནི་རང་བཞིན་རེད། ལོ་ཙཱ་བ་ཞིག་ལ་མཚོན་ན་མི་གོ་བ་དེ་སྐྱོན་ཡིན་ཡང་སྐྱོན་ཆེན་པོ་མ་རེད། སྐྱོན་ཆེན་པོ་ནི་མི་གོ་བ་རང་གིས་མི་ཤེས་པ་དེ་རེད། ངས་ད་བར་དུ་གཞན་གྱི་འགྱུར་རིང་ཐུང་དུ་མ་ལ་ཞུས་དག་གི་རོགས་རམ་བྱས་མྱོང་བ་ལས་ཀྱང་ཐེངས་མང་པོར་ངའི་གོང་གི་ཤེས་རྟོགས་དེ་རང་མངོན་ཡོང་།

“མཚན་མོ་”བསྒྱུར་དུས་མ་ཡིག་གི་ཐ་སྙད་མང་པོ་ཞིག་ལ་བོད་ལ་གོ་དོན་ཇི་བཞིན་འདྲེན་པའི་ཐ་སྙད་མེད་པ་དང་། སྒྲ་སྒྱུར་བྱེད་དགོས་པ་རྣམས་བོད་སྐད་དུ་ཇི་བཞིན་མི་ཐོན་པ་སོགས་ཀྱི་དཀའ་ངལ་ལྟ་བུ་བྱུང་བ་ནི་ལོ་ཙཱ་བ་ཚང་མས་གཡོལ་ཐབས་མེད་པ་ཞིག་ཡིན་སྟབས་འདིར་ངས་དཀའ་ངལ་དེ་དག་བགྲང་མི་འདོད། ངས་བཤད་འདོད་པ་གཅིག་ནི་ཡིག་སྒྱུར་འདི་བོད་ཡུལ་དང་རྒྱ་གར་གྱི་རྡ་རམ་ས་ལ་ལྟ་བུ་ལ་བྱས་ཡོད་ན་ཕྱོགས་རེ་ཟུང་ནས་ད་ལྟའི་འགྱུར་སྤུས་འདི་འདྲ་ཞིག་ཡོང་ཐུབ་རྒྱུ་མིན་པ་དེ་ཡིན། དེ་དུས་དེང་སང་ནང་བཞིན་དྲ་རྒྱའི་སྟེང་ནས་མི་ཤེས་པ་འཚོལ་ས་དང་། སྤྱི་ཚོགས་བརྒྱུད་ལམ་སྟབས་བདེ་བ་འདི་འདྲ་བརྒྱུད་ནས་མི་སྒེར་བ་ལ་འདྲི་རྩད་བྱེད་ས་ཡོད་པ་མ་རེད། དཔེར་ན་ “མཚན་མོ་”ཡི་ནང་དུ་ཇེའུ་མི་རིགས་ཀྱི་ཆོས་དད་དང་གོམས་སྲོལ་སྐོར་གྱི་ཐ་སྙད་མང་པོ་ཡོད། དབྱིན་སྐད་ཤེས་པ་ཙམ་གྱིས་དེ་དག་གཞན་ལ་གོ་རྒྱུ་ཅན་ཞིག་བསྒྱུར་མི་ཐུབ། བོད་ཡུལ་ལྟ་བུ་ཞིག་ཡིན་ན་གོ་དོན་ཧ་ཅང་ཚད་བཀག་ཅན་གྱི་དབྱིན་རྒྱའམ་དབྱིན་བོད་ཡིག་ཚིག་མཛོད་ལས་རྙེད་པའི་གོ་དོན་འོལ་སྤྱི་ཙམ་ལ་ཆ་འཇོག་བྱེད་རྒྱུ་དང་། དེ་ཡང་མ་བྱུང་ན་སྒྲ་སྒྱུར་ཙམ་བྱེད་པ་ལས་འོས་མེད། ཡིན་ན་ཡང་ “མཚན་མོ་”ནི་ང་ཨ་རིའི་དབྱིན་ཌི་ཡ་ན་སློབ་གྲྭ་ཆེན་མོ་ཡོད་དུས་བསྒྱུར་བ་དང་། དེ་ན་ཇེའུ་མི་རིགས་ཀྱི་གོམས་སྲོལ་ལས་འཚར་ལོངས་བྱུང་བ་དང་ཇེའུ་མི་རིགས་ཀྱི་སྐོར་ལ་མཁས་པ་དེ་འདྲ་ཡོད་སྟབས་དེ་དག་ལ་དངོས་སུ་ཐུག་ནས་གསེད་བཀྲོལ་བྱེད་རྒྱུ་བྱུང་བ་ལྟར་བསྒྱུར་བ་དང་མཆན་འདོགས་རྒྱུ་བྱུང་ཡོད།

དཔེ་དེབ་ཅིག་བསྒྱུར་སྐབས། བསྒྱུར་བྱའི་དེབ་ཀྱི་ཚིག་དོན་གོ་བ་ཇི་བཞིན་ལེན་ཐུབ་མིན་དང་། དེ་ཇི་བཞིན་བསྒྱུར་བྱའི་སྐད་དུ་འདྲེན་ཐུབ་མིན་གྱི་དཀའ་ངལ་སེམས་ཁྲལ་ཡང་ཡིག་སྒྱུར་བ་ཚང་མ་ལ་ཡོད་པ་རེད། ཡིན་ན་ཡང་དཔེ་དེབ་འདི་བསྒྱུར་སྐབས་ང་ལ་དཀའ་ངལ་སྣོན་མ་ཞིག་བྱུང་། དང་པོ་ངས་སྒྲུང་གི་ཚིག་དོན་ཇི་བཞིན་གོ་རྒྱུའི་འབད་བརྩོན་བྱས། ཚིག་དོན་གོ་དུས་ལོས་དགའ་ཡང་དེ་དང་མཉམ་དུ་སྒྲུང་གི་བྱུང་དོན་རེ་རེས་སེམས་ལ་ཟུག་རྔུ་བསྐྱེད། སྤྱིར་བཏང་གི་སྒྲུང་རྩོམ་མང་པོ་ནི་སྐྱི་གཡའ་བ་དང་སེམས་ལ་ན་ཟུག་སྟེར་བ་སྒྲུང་གི་ཆ་ཤས་ཤིག་ཡིན། འོན་ཀྱང་”མཚན་མོ་”ནི་མགོ་ནས་མཇུག་བར་དུ་དེ་ལྟར་ཡིན། ཤོག་ལྷེ་རེ་རེ་ཀློག་དུས་འགྲོ་བ་མི་ཟེར་བ་འདིའི་ཡ་ང་སྙིང་རྗེ་མེད་པ་མཐའ་ལ་སོན་པའི་ཆ་དེ་གདུག་རྩུབ་ཀྱི་སྤྱོད་པར་འཕོས་པའི་རི་མོ་ཡི་ཕྲེང་བ་ལ་བལྟ་བ་དང་མཚུངས། མནར་གཅོད་གཏོང་ཡུལ་ལ་སྐྱོ་གདུང་གི་མིག་ཆུ་ཡང་ཟད་པའི་ཚད་ལ་སླེབས་ཡོད། སྒྲུང་འདིའི་ནང་དུ་རྩོམ་པ་པོའི་ཕ་རྒན་ཤི་སྐབས་ཀྱི་གནས་ཚུལ་འདི་ལྟར་བྲིས་ཡོད།

ཟླ་དང་བོའི་ཚེས་ ༢༩ ཡི་སྐྱ་རེངས་ཤར་སྐབས་ང་གཉིད་ལས་སད། ངའི་ཨ་ཕའི་ཉལ་ས་ན་ནད་པ་གཞན་པ་ཞིག་ཉལ་འདུག ཁོ་ཚོས་སྐྱ་རེངས་མ་ཤར་སྔོན་ངའི་ཨ་ཕ་མལ་ཁྲི་ལས་ཁྱེར་ཏེ་སྲེག་ཐབ་ཏུ་བསྐྱལ་བར་ངེས། ཁོང་སྐབས་དེར་ཡང་གསོན་པོ་ཡིན་སྲིད།
ཁོང་འདས་པ་ལ་བསྔོ་སྨོན་ནི་མེད། ཁོང་དྲན་གསོའི་ཆེད་ལ་སྒྲོན་སྦར་རྒྱུ་ཡང་མེད། ཁོང་གི་ཚེ་མཇུག་གི་ཚིག་ནི་ངའི་མིང་ཡིན། དེ་ནི་ངས་ཨ་ལན་ཙམ་ཡང་མ་བྱིན་པའི་འབོད་སྐད་ཅིག་ཡིན།
ང་མ་ངུས། ང་སྐྱོ་གདུང་གིས་ངུ་མ་ཐུབ། ང་ལ་མིག་ཆུ་ཚར་འདུག ངའི་སེམས་ཀྱི་གཏིང་རིམ་དུ། ཉམ་ཞན་དུ་གྱུར་བའི་ངའི་རྣམ་ཤེས་ཀྱིས་མཐའ་མཇུག་ཁོ་ལ་རང་དབང་ཐོབ་པ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་ཡོད་སྲིད ….

ཁོང་གི་ཡབ་འདས་པའི་མཚན་མོ་དེར་ཁོང་ཕ་བུ་གཉིས་ཁང་མིག་གཅིག་གི་ནང་ན་ཉལ་ཁྲི་སྟེང་འོག་བྱས་ནས་ཉལ་ཡོད། ཁོང་གི་ཡབ་ནི་རྒྱུ་ཚད་ན་ནས་ཚེ་མཐར་སླེབས་ཡོད། ཕྱི་ཉིན་ཞོགས་ཀར་ང་ཚོའི་རྩོམ་པ་པོ་གཉིད་ལས་སད་དུས་ཁོང་གི་ཡབ་ཀྱི་ཉལ་ས་ན་ཡོད་པ་ནི་མི་གཞན་པ་ཞིག་ཡིན། རྩོམ་པ་པོས་ཀྱང་མ་ཤེས་པར་ཁོང་གི་ཕ་རྒན་ནི་སྲེག་ཐབ་ཏུ་བསྐྱལ་ཚར་བ་རེད། ཕ་རྒན་གྱི་ཚེ་སྲོག་ཆད་ཡོད་མེད་ཀྱང་ཐེ་ཚོམ་རེད། ཕ་རྒན་ཤི་ཁའམ་སྲེག་ཐབ་ལ་བསྐྱལ་སྐབས་གཅིག་བྱས་ན་ང་ཚོའི་རྩོམ་པ་པོའི་མིང་ནས་བོས་ཡོད་སྲིད་ཀྱང་། རྩོམ་པ་པོ་ཡང་རབ་ཏུ་ངལ་བར་གྱུར་ཏེ་གཉིད་སྟུག་པོས་ནོན་ཏེ་ཨ་ལན་ཙམ་ཡང་སྟེར་ཐུབ་ཡོད་པ་མ་རེད། ཕ་རྒན་འདས་པའི་མྱ་ངན་གྱིས་ནོན་པའི་ཁོང་ལ་སེམས་གསོ་བྱེད་མཁན་ནི་མེད། ཕ་རྒན་ཚེ་ལས་འདས་པ་ནི་“ཁོ་ལ་རང་དབང་ཐོབ་པ་”ཡིན་པའི་ངོས་འཛིན་གྱིས་རྩོམ་པ་པོ་རང་གིས་རང་ལ་སེམས་གསོ་བྱས་ཡོད། སེམས་གསོ་བྱས་རྗེས་ཡང་ཁྱད་གསོད་དང་མནར་གཅོད་མྱོང་དུ་འགྲོ་དགོས། རྩོམ་པ་པོ་སེམས་ལོས་སྐྱོ་ཡང་མིག་ཆུ་ཚར་ནས་འདོན་རྒྱུ་མེད། ཁོང་ལ་མིག་ཆུ་འདོན་རྒྱུ་མེད་པ་དེས་ང་ཚོའི་མིག་ཆུ་འདོན་པར་བྱེད། སེམས་ཁམས་གནོན་པར་བྱེད།

གོང་དུ་བཤད་པ་ལྟར། ངས་སྒྲུང་འདི་བསྒྱུར་བ་ནི་རང་གི་དབྱིན་སྐད་སློབ་སྦྱོང་ལ་རམ་འདེགས་རེ་ཡོང་བ་ཙམ་ལ་དམིགས་པ་ཡིན། དེ་མ་གཏོགས་རྩོམ་རྩལ་རེ་སྦྱོང་འདོད་དང་ལྟ་བ་གསར་བ་རེ་ལེན་པ་ལ་དམིགས་མེད། འདི་བསྒྱུར་ཚར་རྗེས་ངས་རང་གི་ “དྲན་ཐོ་སྨིན་དྲུག་སྐེ་འཁྱོག་”བྲིས་པ་ཡིན། དེ་འབྲི་འཆར་ཡང་སྔོན་མ་ནས་ཡོད་པ་ཞིག་ཡིན་མ་གཏོགས་ “མཚན་མོ་”ཡིས་འབྲི་འདོད་བསླངས་པ་ཡང་མིན། འོན་ཀྱང་དེ་བྲིས་ནས་ཤོག་ལྷེ་ཁ་ཤས་སོང་བ་ན་ང་ལ་ཚོར་སྣང་ཞིག་བྱུང་། དེ་ནི་ “མཚན་མོ་”ཡི་འབྲི་སྟངས་འགའ་རེ་ང་རང་གི་སྨྱུག་འོག་ན་ང་རང་གིས་ཀྱང་མ་ཤེས་པར་ཡོང་གི་ཡོད་པ་ཚོར། ངའི་སེམས་ལ་ཤུགས་རྐྱེན་ཟེར་བ་དེ་བློ་སྔོན་དུ་བཏང་ནས་ལེན་རྒྱུ་ཞིག་ཡིན་པ་དང་མཉམ་དུ་རང་གིས་ཀྱང་མ་ཤེས་པར་རང་གི་རྒྱུད་ལ་ཞུགས་རྒྱུ་ཞིག་ཀྱང་ཡོད་པ་འདྲ་སྙམ་སོང་།

 

ང་། འགྱུར་བརྒྱ་རྩ་བརྒྱད་ཀྱི་བྱུང་རིམ།

ད་ངའི་འགྱུར་འདི་ “འགྱུར་རྩ་བརྒྱད་”ཀྱི་ལས་གཞིའི་དཔེ་དེབ་དང་པོའི་ཚུལ་དུ་དཔེ་སྐྲུན་བྱེད་སྐབས་འདིར་ལས་གཞི་འདིའི་བྱུང་སྟངས་དང་། འདིའི་བསམ་བློ་གཏོང་སྟངས། བཅས་ཀྱི་སྐོར་ལ་ཚིག་ཁ་ཤས་བཤད་འདོད་བྱུང་།

༢༠༡༤ ལོར་ཨ་རིའི་དབྱིན་ཊི་ཡ་ན་སློབ་གྲྭ་ཆེན་མོའི་བོད་ཡིག་གི་དགེ་རྒན་དགེ་འདུན་རབ་གསལ་ལགས་རྒྱ་གར་ལ་ཕེབས་ནས་༧རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱུན་ཕྲིན་ལས་རྡོ་རྗེ་མཆོག་དང་མཇལ་བའི་གོ་སྐབས་ཤིག་བྱུང་ནས་རྣམ་པ་གཉིས་ནས་ཡིག་སྒྱུར་སྐོར་ལ་བཀའ་མོལ་ཞིག་གནང་འདུག བཀའ་མོལ་དེའི་སྐབས་སུ་༧ རྒྱལ་དབང་ཀརྨ་པ་མཆོག་ནས་ཐེངས་རྗེས་མར་ཨ་རིར་ཆིབས་སྒྱུར་གནང་སྐབས་ཨ་རི་ན་ཡོད་པའི་རྩོམ་རིག་བརྩམས་ཆོས་ཡིག་སྒྱུར་བྱེད་མཁན་འགའ་རེ་དང་ལྷན་འཛོམས་ཀྱིས་བཀའ་མོལ་ཞུ་འདོད་ཡོད་པ་དང་། དེ་རབ་གསལ་ལགས་ནས་ཡིག་སྒྱུར་བ་འགའ་ལ་འབྲེལ་གཏུགས་དང་མཉམ་འཛོམས་བཀོད་སྒྲིག་བྱེད་པའི་ཐུགས་རེ་གང་འདུག རབ་གསལ་ལགས་དང་ངེད་གཉིས་ནས་ཁོང་གི་ཐུགས་འདུན་བསྒྲུབ་པ་ལ་ལ་རྩེ་དཔེ་མཛོད་ཁང་ལ་མཐུན་རྐྱེན་ཚང་བར་སྙམ་སྟེ་ ༢༠༡༥ ལོར་༧རྒྱལ་བ་ཀརྨ་པ་མཆོག་ནེའུ་ཡོག་ལ་ཕེབས་སྐབས་ནེའུ་ཡོར་ཁི་གཙོ་བྱས་པའི་ཨ་རི་ནང་ལོགས་ཀྱི་ཕེབས་སྟབས་བདེ་བའི་ཡིག་སྒྱུར་ཁག་ཅིག་ལ་རྩེ་དཔེ་མཛོད་ཁང་ལ་འཛོམས་པ་ཡིན།

ཉིན་དེ་ནི་ཧ་ཅང་བརྗེད་དུ་ཕངས་པ་ཞིག་ཡིན། ཉིན་གང་གི་ཚོགས་ཡུན་ལ་༧རྒྱལ་བ་ཀརྨ་པ་དབུ་བཞུགས་ཀྱིས་ང་ཚོའི་བསམ་ཚུལ་ལྷུག་བརྗོད་ཀྱི་བགྲོ་གླེང་གི་ནང་དུ་མཚར་གཏམ་དང་དགོད་གཏམ་བསྲེས། གུང་ཚིགས་དང་དགོང་ཚིགས་ཀྱི་སྐབས་སུ་ཡང་༧རྒྱལ་བ་ཀརྨ་པ་དང་ཚོགས་ཞུགས་པ་རྣམས་ཀྱིས་ཅོག་ཙེ་གཅིག་གི་མཐའ་བསྐོར་ནས་ཟ་མ་ཟ་ཞོར་དུ་བགྲོ་གླེང་གནང་བའི་སྐལ་བཟང་ཞིག་བྱུང་། དེ་དུས་༧རྒྱལ་བ་ཀརྨ་པ་མཆོག་གཙོ་བོར་གྱུར་བའི་ཚོགས་ཞུགས་པ་མང་ཆེ་བའི་ལྟ་བ་ལ། ང་ཚོའི་ཡིག་སྒྱུར་གྱི་ལས་གཞི་འདི་རྩོམ་སྟངས་གསར་བ་ཞིག་གམ་ལྟ་བ་མཐོན་པོ་ནང་འདྲེན་བྱེད་པ་ཙམ་མ་ཡིན་པར་ང་ཚོའི་སྐད་ཡིག་གི་གསོན་རྐྱེན་དུ་འགྱུར་དགོས་པ་དེ་རེད། དེ་ལྟར་འགྱུར་བ་ལ་བོད་ཡིག་ཏུ་བསྒྱུར་བའི་བརྩམས་ཆོས་གང་ཞིག་བོད་པ་མང་ཆེ་བས་ཀློག་འདོད་པ་དང་ཀློག་ན་གོ་ཐུབ་པ་ཡིན་དགོས། ཀློག་མཁན་ཉུང་བ་དང་ཀློག་ན་གོ་དཀའ་བའི་འགྱུར་དེ་སྐད་ཡིག་གི་གསོན་རྐྱེན་དུ་འགྲོ་དཀའ་བར་འདོད། ༧རྒྱལ་བ་ཀརྨ་པ་མཆོག་ནས་བོད་འགྱུར་མ་ཁ་ཤས་འཛམ་གླིང་གི་གྲགས་རྩོམ་ཡིན་པ་བདེན་ན་ཡང་། ཀློག་ན་གོ་རྒྱུ་མེད་པ་དེ་འདྲ་འདུག དེ་འདྲ་བསྒྱུར་ནས་ཕན་ཐོགས་ཨེ་ཡོད་གསུངས་པ་ནི་ང་ཚོ་ཚོགས་ཞུགས་པ་མང་ཆེ་བས་གྲགས་རྩོམ་གྱི་རྗེས་ལ་གཡམ་རྒྱུགས་བྱེད་པ་འདིར་བསམ་བློ་ཞིག་གཏོང་དགོས་པའི་བརྡ་རྟགས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས། སྐབས་དེར་ང་ཚོའི་བསམ་ཚུལ་ལ། ནུབ་ཕྱོགས་ཀྱི་གྲགས་རྩོམ་བསྒྱུར་དགོས་ཀྱི་འདུག་ཟེར་མཁན་མང་ཆེ་བ་རྒྱ་ཡིག་གི་སྟེང་ནས་གྲགས་རྩོམ་གང་མང་བཀླགས་ཚར་བའི་མི་རྣམས་རེད། དེང་སང་བོད་མིའི་ཁྲོད་དུ་རྒྱ་ཡིག་ཤེས་མཁན་ཇེ་མང་དུ་འགྲོ་བ་མ་གཏོགས་ཇེ་ཉུང་དུ་འགྲོ་གི་མ་རེད། ནུབ་ཕྱོགས་ཀྱི་གྲགས་རྩོམ་ཀློག་འདོད་པ་རྣམས་ཀྱིས་རྒྱ་ཡིག་གི་སྟེང་ནས་ཀློག་རྒྱུ་རེད་མ་གཏོགས་བོད་ཡིག་གི་འགྱུར་ལ་སྒུག་ནས་འདུག་རྒྱུ་མ་རེད། རྒྱ་ཡིག་གི་སྟེང་ནས་བརྩམས་ཆོས་ཤིག་བཀླགས་རྗེས་དེའི་ཀློག་འདོད་དེ་བསྐངས་པ་རེད། ད་བོད་ཡིག་གི་སྟེང་ནས་ཡང་སྐྱར་ཀློག་པའི་ངེས་པ་ཡོད་པ་མ་རེད། དེས་ན་འགྱུར་དེས་རང་གི་སྐད་ཡིག་ལ་ནུས་པ་ཐོན་ཤུགས་ཀྱང་ཆེན་པོ་ཡིན་མི་སྲིད་སྟབས། ང་ཚོས་རྒྱ་ཡིག་ལ་མ་བསྒྱུར་བའི་གྲགས་རྩོམ་བསྒྱུར་དགོས་པའི་བསམ་ཚུལ་བཏོན་པ་ཡིན། ད་ལྟ་ལས་གཞི་ལག་བསྟར་བྱས་ནས་ཡོང་དུས་རྒྱ་འགྱུར་མ་མེད་པ་ཞིག་རྙེད་དཀའ་བ་ལྟ་ཅི། བོད་འགྱུར་མ་མེད་པ་ཡང་རྙེད་རྒྱུ་ཇེ་དཀའ་ནས་ཇེ་དཀར་འགྲོ་བཞིན་པ་གསལ་པོ་རེད། ཐ་ན་གྲགས་རྩོམ་གཅིག་ལ་བོད་འགྱུར་མ་གསུམ་བཞི་རེ་ཡོད་པ་ཡང་འདུག གྲགས་རྩོམ་ཞིག་ང་ཚོའི་ལས་གཞིའི་ནང་དུ་བླངས་ནས་སྒྱུར་བཞིན་པའི་སྒང་ལ་གཞན་ནས་བསྒྱུར་ཚར་བས་མི་ཚད་དཔེ་སྐྲུན་ཡང་བྱས་ཏེ་ང་ཚོས་སྒྱུར་མཚམས་ཅམ་འཇོག་བྱེད་དགོས་པ་ཡང་བྱུང་སོང་། ཕྱི་རྩོམ་ལ་དགའ་བ་འགའ་རེས་རྒྱ་ནག་ལ་གྲགས་རྩོམ་གཅིག་ལ་འགྱུར་དུ་མ་རེ་ཡོད་པས་ང་ཚོ་བོད་པ་ལ་འགྱུར་འགའ་རེ་ཡོད་ན་མང་སྐྱོན་དུ་མི་འགྱུར་བར་ཡང་བཤད། འདི་ལ་ང་སྒེར་ལ་བསམ་ཚུལ་དེ་དང་མི་མཐུན་པ་ཡོད་པ་དེ་ནི་སྐབས་གཞན་ཞིག་ཏུ་བཤད་ཆོག

དེ་དུས་ང་ཚོས་ཡིག་སྒྱུར་གྱི་ལས་གཞི་དེ་ལ་རྩེ་དཔེ་མཛོད་ཁང་ལྟ་བུའི་ཨ་རི་ན་ཡོད་པའི་ཁྲིམས་མཐུན་གྱི་ལས་ཁུངས་ཤིག་གི་ངོས་ནས་བསྒྲུབ་ན་བསྒྱུར་བྱའི་བརྩམས་ཆོས་ཀྱི་པར་དབང་ནི་ཐོབ་ཤག་བྱས་པ་རེད། ལས་གཞི་ལག་བསྟར་བྱས་ཡོང་དུས་པར་དབང་ནི་དེ་འདྲ་ཐོབ་སླ་བོ་ཞིག་གཏན་ནས་མ་རེད། ཅི་ཙམ་གྱིས་གྲགས་རྩོམ་ཡིན་ན་དེ་ཙམ་གྱིས་པར་དབང་ཐོབ་ཁག་པོ་འདུག གྲགས་རྩོམ་གྱི་པར་དབང་དཔལ་འབྱོར་གྱི་ཁེ་ཕན་དང་འབྲེལ་འདུག ང་ཚོ་ལྟ་བུའི་ཚོང་གི་དོན་དུ་མིན་པར་སྐད་ཡིག་ཅིག་གི་གསོན་རྐྱེན་དུ་རིན་མེད་དུ་འགྲེམས་སྤེལ་བྱེད་པ་ཞིག་ལ་ཡ་ལན་བྱེད་མཁན་ཧ་ཅང་དཀོན་པོ་རེད། བརྩམས་ཆོས་གཅིག་ལ་པར་དབང་གི་ཞུ་ཡིག་ཐེངས་ཁ་ཤས་ལ་བཏང་ཡང་ཕྱིར་ཨ་ལན་ཙམ་ཡང་མི་འབྱོར། ད་ལྟ་ “བརྒྱ་རྩ་བརྒྱད་”ཀྱི་ལས་གཞིའི་ཁོངས་སུ་བསྒྱུར་དང་སྒྱུར་བཞིན་པའི་བརྩམས་ཆོས་ཉི་ཤུ་ཙམ་ཡོད། དེ་དག་ལས་པར་དབང་ཐོབ་པ་གཉིས་མ་གཏོགས་བྱུང་མ་སོང་། དེ་ཡང་འབྲེལ་ལམ་བརྒྱུད་ནས་ཐོབ་པ་རེད། སྤྱིར་བཏང་ཡིག་སྒྱུར་གྱི་འགྲོ་སྟངས་ནི་ཡིག་སྒྱུར་གྱི་འགོ་མ་བརྩམས་སྔོན་ལ་པར་དབང་ཞུ་དགོས་ཀྱི་འདུག དེ་ཡང་ང་ཚོའི་ཉམས་མྱོང་ཞིག་ཡིན། གཅིག་བྱས་ན་ཉམས་མྱོང་འདི་འདྲས་ཡིག་སྒྱུར་གྱི་ལས་གཞི་རྩོམ་མཁན་རྣམས་ལ་ཕན་ཐོགས་རེ་ཡོང་སྲིད།

དེ་ནས་༧རྒྱལ་དབང་ཀརྨ་པ་མཆོག་ནས་”འགྱུར་རྩ་བརྒྱད་”ཀྱི་ཆེད་བརྗོད་དུ་གསུངས་པ་པ་བཞིན། “འགྱུར་རྩ་བརྒྱད་”ཀྱི་དོ་དམ་ཚོགས་ཆུང་གིས་ང་ཚོའི་འགྱུར་གྱི་དབྱིན་ཡིག་གི་ནང་དུ་བྱུང་བའི་ས་མིང་མི་མིང་སོགས་གཅིག་གྱུར་ཡོང་ཆེད་དེ་དག་སྒྲ་འབེབས་བྱེད་སྟངས་ཀྱི་སྒྲིག་སྲོལ་ཞིག་དང་རེའུ་མིག་ཅིག་རགས་ཟིན་དང་པོ་ཡིན། དེ་ད་ལྟ་འགྲེམས་སྤེལ་བྱེད་བཞིན་པའི་ “མཚན་མོ་”དང་མི་འགྱངས་པར་སྐྲུན་འགྲེམས་སྤེལ་བྱེད་རྒྱུའི་དཔེ་དེབ་གཉིས་ལ་བེད་སྤྱོད་བཏང་ཡོད། དེ་ང་ཚོའི་དྲ་རྒྱའི་སྟེང་ལ་ཡང་སྤེལ་ཡོད་པ་ལྟར། ཐུགས་སྣང་ཅན་རྣམས་ཀྱིས་གཟིགས་ཞིབ་ཀྱིས་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་བ་ཞུ། ང་ཚོས་རགས་ཟིན་གཉིས་པ་དང་གསུམ་བྱས་ནས་ཇེ་ལེགས་སུ་གཏོང་བའི་རེ་བ་ཡོད། ང་ཚོའི་སྒྲ་འབེབས་བྱེད་སྟངས་འདི་ལ་སྤྱི་མོས་ཡོང་བ་དཀའ་སྲིད་ན་ཡང་། ང་ཚོ་ཚང་མས་མཐུན་པའི་ཆ་མང་ཙམ་ཞིག་བཙལ་ནས་ང་ཚོའི་སྒྲ་འབེབས་བྱེད་སྟངས་འདི་སྒྲ་འབེབས་གཅིག་གྱུར་ཡོང་བའི་རྐང་སྟེགས་ལྟ་བུ་ཞིག་ཏུ་གྱུར་ན་ཡང་ང་ཚོའི་ལས་དོན་འབྲས་བུ་མི་ཆུང་བ་ཞིག་སྨིན་པ་རེད།

ད་དུང་ཞུ་རྒྱུ་ཞིག་ལ། ང་ཚོའི་ “འགྱུར་བརྒྱ་རྩ་བརྒྱད་”ཀྱི་ལས་གཞི་འགོ་བརྩམས་ཚུན་ལ་ཁྲིན་ཏུ་དང་ཟི་ལིང་བཅས་སུ་ཡིག་སྒྱུར་གྱི་ལས་གཞི་གསར་བ་དུ་མ་ཞིག་འགོ་བརྩམས་འདུག་པ་ནི་དགའ་བའི་གནས་ཡིན། ང་ཚོ་ལ་ལྟ་བུ་ལ་མཚོན་ན་བསྒྱུར་ནས་དཔེ་སྐྲུན་བྱས་ཚར་བ་ཞིག་ཡིན་ན་ཡང་སྐྱར་བསྒྱུར་རྩིས་མེད། ཟློས་སྒྱུར་འགོག་ཆེད་ང་ཚོའི་བསྒྱུར་བྱའི་དཔེ་དེབ་རྣམས་སྔོན་མ་ཐེངས་གཉིས་ལ་དྲ་ཐོག་ཏུ་སྤེལ་མྱོང་། དེ་བཞིན་ཡིག་སྒྱུར་གྱི་ལས་གཞི་སྤེལ་མཁན་གཞན་པ་རྣམས་ཀྱིས་ཀྱང་རང་རང་གི་ལས་འཆར་དུ་བཅུག་ཚར་བའི་བརྩམས་ཆོས་རྣམས་སྒྱུར་ཟློས་མི་ཡོང་ཆེད་དྲ་ཐོག་ལྟ་བུ་ལ་སྤེལ་ཐུབ་ན་ང་ཚོ་ཚང་མ་ལ་ཕན་ཐོགས་འདུག་ཞུ་བ་ཡིན།

འཕྲུལ་དེབ་ཏུ་བཀོད་པའི་མཚན་མོ།

ཀློག་མཁན་རྣམས་ཀྱིས་བོད་འགྱུར་མ་ “མཚན་མོ་” ལ་རྩེའི་དྲ་རྒྱ་ནས་ཕབ་ལེན་བྱེད་ཐུབ།

www.latse.org/program/108-translations

ད་དུང་དམ་ཆོས་འཕྲུལ་དེབ་ཅེས་པའི་དྲ་རྒྱ་ནས་ཕབ་ལེན་བྱེད་ཐུབ།
www.dharmaebooks.org

གསར་འགྱུར།, ངོ་སྤྲོད།, དེབ་ཐེར།

Post navigation

Previous Post: ང་ཚོས་ཅི་ཞིག་གི་སླད་དུ།
Next Post: “མཚན་མོ་”བཀླགས་བྱང་ཐོར་བུ། དྲ་ལམ་ནས་བཏུས་པ།

Comments (16) on ““མཚན་མོ་”བོད་འགྱུར་མའི་འགྲེམས་སྤེལ་སྐབས་ཀྱི་འཕྲོས་གཏམ།”

  1. དུར་བྱང་། says:
    2019-10-17 at 1:41 am

    རྒན་པདྨ་འབུམ་ལགས་བཀའ་དྲིན་ཆེ། ལྷན་རྒྱས་ནས་དགོངས་པ་བཞེས་སྟངས་དང་ལག་ལེན་གནང་སྟངས་སོགས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། མི་རིགས་ཤིག་དང་ཡང་ན་སྐད་ཡིག་ཅིག་ལ་ཞབས་འདེགས་ཟེར་རམ་གསོན་ཤུགས་ཟེར། གང་ལྟར་འདི་ལྟ་བུའི་རླབས་ཆེན་གྱི་ཕྱག་ལས་ལ་དགའ་སྤྲོ་མི་སྐྱེ་མཁན་ཞིག་ཡོད་མི་སྲིད། ཁྱེད་ཅག་གི་དགོངས་གཞི་ལྟར་འགྲུབ་པའི་སྨོན་ལམ་འདེབས།
    མཚན་མོའི་ཆེད་བརྗོད་དང་སྔོན་གླེང་། མཇུག་གཏམ་གསུམ་ལ་བལྟས་པ་ཡིན། ཡིག་ལྷག་འགའ་ཞིག་མཐོང་སོང་ལ། ཤད་དགོས་སར་ཤད་ཆད་པ་ཞིག་ཀྱང་མཐོང་། གང་ལྟར་བཀའ་དྲིན་ཆེ་ཞུ།

  2. ཨ་ཁུ་འབྲོག་པ། says:
    2019-10-17 at 7:05 am

    འཛམ་གླིང་ནང་གི་གྲགས་ཅན་གྱི་དེབ་མང་པོ་བོད་ཡིག་ནང་ཀློག་རྒྱུ་ཡོད་པ་བཟོ་གནང་མཁན་གྱི་མཁས་པ་རྣམས་དཔེ་མེད་པའི་བཀའ་དྲིན་ཆེན་པོ་རེད། འོན་ཀྱང་འདི་ཚོ་མ་འོངས་པར་ཀློག་མཁན་གྱི་མི་ཞིག་དགོས་པ་དེ་གང་ནས་བལྟས་ཀྱང་དཀོན་པར་འགྱུར་ཉེན་འདུག་པ་འདིའི་ཐད་ལའང་མཁས་པ་ཚོས་བཀའ་དྲིན་ཞིག་གནང་ན་བསམ།

  3. ཨ་ཁུ་འབྲོག་པ། says:
    2019-10-17 at 7:30 am

    ད་ལྟའི་ཨ་རི་དང་ཡུ་རོབ་སོགས་ཀྱི་ཁ་འཐོར་བོད་པའི་གནས་སྟངས་ལ་བལྟས་ན། ཨ་ཕ་ཨ་མས་བྲིས་པའམ་བསྒྱུར་པའི་དེབ་དེ། རང་གི་བུ་ཕྲུག་ཚོས་ཀློག་ཐུབ་ཀྱི་འདུག་གམ། བཀླག་ཐུབ་ས་རེད་དམ། ཀློག་ཐུབ་དབང་དུ་བཏང་ཡང་དོན་གོ་ས་རེད་དམ། དེ་མིན་གཞན་སུ་འདྲ་ཞིག་གིས་བཀླག་ས་རེད། ཅེས་དྲི་བ་ཁ་ཤས་རང་བཞིན་གྱིས་སླེབས་ཀྱི་མི་འདུག་གམ།

  4. དགེ་རབ་ says:
    2019-10-17 at 7:55 am

    དུར་བྱང་ལགས་དང་ཨ་ཁུ་འབྲོག་པ་ལགས་རྣམ་གཉིས་ལ། གུས་ཞབས་དང་བཅས་ཞུ་རྒྱུར། ཕྲན་ལའང་། བོད་ཡིག་གི་ཚིག་འགྲོས་དང་དག་ཆའི་སྐོར་འདི་དཀའ་ངལ་ཞིག་ཡིན་པ་གསལ་པོར་ར་འཕྲོད་ཡོད། འོན་ཀྱང་དཀའ་ངལ་འདི་གསར་པ་ཞིག་ཀྱང་མ་རེད་ལ། མི་གཅིག་གིས་སེལ་ཐུབ་པ་ཞིག་ཀྱང་མ་རེད། འདི་ནི་ང་ཚོ་འདི་ལྟར་བསམ་འཆར་བཤད་རེས་བྱས་ཏེ་བསྐྱོད་དགོས་པ་ལས་རིམ་གྱིས་ཐུན་མོང་བའི་ཆ་མང་དུ་འཕེལ་འགྲོ་བ་ཞིག་རེད་བསམས། དཀའ་ངལ་འདི་བཀའ་འགྱུར་དང་བསྟན་འགྱུར་ནའང་ཡོད་པ་རེད་ལ། ཕྱིས་ཀྱི་མཁས་པ་མིང་གྲགས་ཅན་གྱི་གསུང་ནའང་ཡོད་པ་རེད། ད་ནི་འདི་ཙམ་ལ་མགོ་བོ་མ་འཁོར་བར་དེབ་ཀྱི་ནང་དོན་ཨེ་ཤེས་དང་། དེ་ནས་དེབ་ཀྱི་ནང་དོན་དང་བོད་ཀྱི་ལས་དབང་སོགས་ལ་དགོངས་པ་བཞེས་ཏེ་མཚུངས་བསྡུར་བྱེད་ཨེ་ཐུབ་ལ་གཟིགས་དང་། ཐུགས་རྗེ་ཆེ།

  5. ཨ་ཁུ་འབྲོག་པ། says:
    2019-10-17 at 8:02 am

    ད་བར་བཀའ་འགྱུར་དང་བསྟན་འགྱུར་མཆོད་ཤོམ་ནང་བསྒྲིགས་ཏེ་བཞག་པ་ལྟར། མ་འོངས་པར་བུ་ཕྲུག་ཚོས་ཨ་ཕ་ཨ་མའི་བརྩམས་ཆོས་ཞེས། མཆོད་ཁྲིའམ་དཔེ་མཛོད་ཅིག་ཏུ་བཞག་སྟེ། རྩ་བ་ནི་ཆེན་པོ་རེད། ཀློག་ནི་མི་ཤེས་པས་དོན་ནི་མི་གོ། ཞེས་ཟེར་བའི་དུས་ཤིག་འཆར་བའི་སྐྱ་མདའ་གཏོང་གྲབས་མི་འདུག་གམ།

  6. དགེ་རབ་ says:
    2019-10-17 at 8:34 am

    མི་འདུག་ལགས།

    ཨོ། ཡང་ཞུ་རྒྱུ་གཅིག་བརྗེད་འདུག དེང་རབས་སྐད་བརྡའི་སློབ་སྦྱོང་གི་ཁྲོད་ན་འཛམ་གླིང་གི་སྐད་གང་ཞིག་ཡིན་ཡང་དེ་ནི་གསོན་པོ་ཞིག་ཡིན་ཞེས་བཤད་སྲོལ་འདུག དེའི་གོ་བ་ནི་སྐད་ཅེས་པ་ནི་འགྱུར་བཞིན་འགྱུར་བཞིན་ཡོད་པ་དང་། འགྱུར་བཞིན་འགྱུར་བཞིན་གསོན་བཞིན་གསོན་བཞིན་ཡོད་པ་རེད་ཟེར། ད་ནི་དེབ་འདི་ཉིད་འགྲེམ་སྤེལ་བྱས་པའི་ཉིང་དགོས་ཏེ། བཀླག་པར་བྱའོ།།

  7. ཨ་ཁུ་འབྲོག་པ། says:
    2019-10-17 at 9:01 am

    དགེ་རབ་ལགས། དེས་ན་དཔེ་ཡག་པོ་རེད། ཁྱོད་ཀྱི་བུ་ཕྲུག་ཚོས་ཁྱོད་ཀྱི་བརྩམས་ཆོས་རྣམས་ཀློག་ཐུབ་ཀྱི་ཡོད་པ་འདྲ། དཔེ་དགའ་བོ་བྱུང་།

  8. ཨ་ཁུ་འབྲོག་པ། says:
    2019-10-17 at 9:21 am

    འོན་ཀྱང་རྒྱང་རིང་གི་ཁོར་ཡུག་རྣམས་བཞག་སྟེ། ཁྱེད་དང་ཁྱེད་འདྲ་བའི་ཁོར་ཡུག་ཙམ་ལ་གཟིགས་ཏེ་སྣང་བ་དག་ནས་མི་བཞུགས་པའི་རེ་བ་ཆེ།

  9. དགེ་རབ་ says:
    2019-10-17 at 9:59 am

    ཨ་ཁུ་འབྲོག་པ་ལགས། དེ་རིང་ཕྲན་ལ་མཚོན་ན་དེབ་འདིའི་ནང་དོན་དང་། དེ་བཞིན་དེབ་འདི་གསར་དུ་སྤེལ་བའི་དགའ་སྟོན་ལ་འཚམས་འདྲི་བ། ལས་ཀྱི་བྱེད་པོ་དང་དབུ་འཛིན་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་སོགས་ལས་ནམ་རྒྱུན་གྱི་བརྡ་སྤྲོད་ལས་འཕྲོས་པའི་རྩོད་པ་ལ་འཇུག་པར་མི་འདོད། ང་ཚོས་བརྡ་སྤྲོད་པ་དང་འབྲེལ་བའི་རྩོད་པ་ཡུན་རིང་བྱས་ཟིན་པ་ཡིན། དེ་དོན་དགོངས་འཇགས་འཚལ།

  10. ཨ་ཁུ་འབྲོག་པ། says:
    2019-10-17 at 10:37 am

    འོ་ལགས་སོ།།

  11. བྱང་ཆུབ་ལོ་མ། says:
    2019-10-19 at 9:28 pm

    འགྱུར་དེབ་འདི་འགྲེམས་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ།
    ཀློག་གིན་ཡོད། ཞུ་རུང་མིན་མི་ཤེས་ཏེ། དོ་དམ་ཚོགས་ཆུང་གི་སྔོན་གླེང་དེར།
    ཡིག་ཆད་འདུག་ལ། ཡིག་ནོར་འགའ་ཡང་འདུག

  12. ཨ་ཁུ་འབྲོག་པ། says:
    2019-10-25 at 10:18 am

    ཞུས་ན་ནི་སྐུ་ཞུས་རེད། གསོལ་རླིག་ཁོ་ནི་ཐལ་བར་འདྲེས་འདུག །ཅེས་ངེད་འབྲོག་པའི་ཁ་དཔེ་ལྟར་ཞུས་ན་མི་འོས་ཀྱང་། ཡི་གེ་མ་དག་པའི་འགོ་ནི། ཀ ལོ་ངོ་ཉི་ཤུར་སྒུག་པའི་དཔེ་སྐྲུན། ཞེས་པའི་སྒུག་པ་ནས་བཙུགསའདུག །

  13. དགེ་རབ་ says:
    2019-10-25 at 1:07 pm

    དེའི་རྐྱེན་གྱིས་ཁྱེད་ལ་གོ་ནོར་ཐེབས་སོང་ངམ།

  14. ཇ་མ་ says:
    2019-10-25 at 10:41 pm

    གང་ལྟར་ཁོམ་སྐབས་ཀློག་གི་ཡིན། དགེན་པདྨ་འབུམ་ལགས།

  15. ཨ་ཁུ་འབྲོག་པ། says:
    2019-10-28 at 7:47 am

    མཚན་མོ་འདི་འོག་ལ་མ་འཛུལ་གོང་མཆན་ཞིག་འདེབས་སྙིང་འདོད། ཡུལ་མིང་ནེའུ་ཡོར་ཁི་དང་གཅིག མི་མིང་ཨེ་ལི་ཝི་བཟེལ་དང་གཉིས་ནི། བོད་པ་ཞིག་གིས་བྲིས་པའི་བོད་ཡིག་དང་མི་འདྲ་བར་འབྲུག་པའི་རྫོང་ཁའི་ཡི་གེ་ཟེར་བའི་འབྲི་སྟངས་དང་འདྲ་བོ་འདུག མཁས་པ་ཞིག་ཡིན་ན་མཁས་མིང་དེ་དང་སྙམ་དུ་འགན་འཁུར་ཞིག་ཀྱང་དགོས། རྒྱུ་མཚན་ནི། རང་མཁས་པར་སྒོམ་མཁན་ཚོས་རང་གི་ཡི་གེའི་དག་བྱ་སོགས་ལ་མིག་དཔེའམ། ལད་ཟློས་བྱེད་སྲིད་པས་ཡིན། ད་ལྟ་བོད་ཡིག་ནང་མ་དག་རྒྱུན་འབྱམས་མང་པོ་ཞིག་ཡོད་པ་རྣམས་མཁས་མིང་ཡོད་པ་ཚོས་གང་བྱུང་བྲིས་པའི་རྐྱེན་ཁོ་ནར་ཐུག་ཡོད། New York ལ་ཆ་མཚོན་ན། མཁས་པ་འགའ་ཞིག་གིས་ནེའུ་ཡོརྐ་ཞེས་འབྲི་གནང་གི་འདུག་པ་ནི་ཤིན་ཏུ་ལེགས། དེ་ལྟར་མ་བྱུང་ཡང་དེང་ཚང་མས་ནེའུ་ཡོག་ཅེས་གཅིག་གྱུར་དུ་འབྲི་བཞིན་པ་དེ་ལས་ལྡོག་སྟེ་བྲིས་པ་ནི། མཁས་པ་ཧང་རྒྱག་གམ། རྒྱ་ཡིག་གི་ཤན་ཞུགས་ཏེ་རང་ཚུགས་ཟིན་མ་ཐུབ་ཞིག་རེད་སྙམ་མོ།

  16. ཐུབ་ཤེས། says:
    2019-11-04 at 1:37 am

    འགྱུར་རྩོམ་པ་ཐམས་ཅད་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme