Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མན་ཇུ་རོ་ལངས་རྒྱག་ས་ཡོད་པ་མ་རེད།

Posted on 2011-10-062011-10-09 By དབང་ཕྱུག་ 17 Comments on མན་ཇུ་རོ་ལངས་རྒྱག་ས་ཡོད་པ་མ་རེད།

བཀའ་འདྲི་ཞུ་ཡུལ། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ།
བཀའ་འདྲི་ཞུ་མཁན། ཨ་རིའི་རླུང་འཕྲིན་ཁང་གི་པདྨ་རྡོ་རྗེ།
ཡིག་ཐོབ་ཕབ་བཤུ། ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་ཤར་ཕྱོགས་ཁུག་རྟ།

པདྨ་རྡོ་རྗེ།

༼༧གོང་ས་མཆོག་གིས་ཡང་སྲིད་སྐོར་གྱི་བཀའ་ཡིག་དེ་སྩོལ་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།

ཟམ་གདོང་རིན་པོ་ཆེ།

འདས་པའི་དུས་ཚོད་མང་པོའི་ནང་བོད་ནང་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ དབང་འཛིན་པ་ཚོས་བོད་ཀྱི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་ཐེ་བྱུས་དང་། གང་བྱུང་མང་བྱུང་གིས་ཐག་གཅོད་མང་པོ་བྱས་པ་རེད། ལྷག་པར་དུ་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་ལ་༧གོང་ས་སྐྱབས་མགོན་ཆེན་པོས་ ངོས་འཛིན་གནང་བར་ཆ་མ་བཞག་པར། རྒྱལ་མཚན་ནོར་བུ་ཞེས་པ་ཁོང་ཚོས་བརྗོད་ཚིག་ལ་གསེར་བུམ་དཀྲུག་འདོན་ཞེས་བཏགས་ ཏེ་གང་ལྟར་ཁོང་ཚོའི་མངོན་འདོད་སྒྲུབ་ཆེད་བེད་སྤྱོད་བྱས་ཡོད་པ་རེད། དེ་བཞིན་མ་འོངས་པར་བླ་སྤྲུལ་སྤྱི་ཡོངས་ཙམ་མ་ཡིན་པར། ༧གོང་ས་སྐྱབས་མགོན་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་དུས་ཚོད་ཅིག་ཤར་བ་ ཡིན་ནའང་། དེ་ལ་དེ་འདྲ་བྱེད་རྒྱུའི་འཆར་གཞི་ཡོད་པ་དེ་གསལ་བོ་ཞེ་དྲག་རེད། ལྷག་པར་དུ་ ༢༠༠༧ ལོར་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་རྩ་འཛིན་ཡིག་ཆ་ཨང ༥ པ་ཟེར་བ་འདྲ་བོ་འདོན་སྤེལ་ཞུས་ནས། མ་འོངས་པར་དེ་ལག་བསྟར་བྱེད་དགོས་ཚུལ་བཤད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས། བཙན་བྱོལ་དུ་ཡོད་པའི་བླ་ཆེན་རྣམ་པ་ཚོ་མང་པོ་ཞིག་གིས་༧རྒྱལ་བ་རིན་པོ་ཆེར་ ཁོང་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་དེ་གསལ་བོ་ཞིག་བཟོ་དགོས་ཀྱི་འདུག་ཅེས་ སྙན་གསེང་སྔ་རྗེས་ཞུས་པ་རེད། ༧རྒྱལ་བ་རིན་པོ་ཆེས་དེར་གནད་འགག་ཆེན་པོ་གཟིགས་ཡོད་པ་རེད།
ལྷག་པར་དུ་བར་ལམ་ཞིག་ནས་རྒྱ་ནག་གིས་རྒྱུད་སྐུལ་ཞུས་ནས་ཡིན་ནའང་འདྲ། སོ་སོའི་དྲན་ནས་ཡིན་ནའང་འདྲ། ༧རྒྱལ་བ་རིན་པོ་ཆེར་ཁོང་གི་ཡང་སྲིད་སྐོར་ལ་བརྒྱུད་ལམ་སྣ་ཚོགས་ནས་བཀའ་འདྲི་ ཞུ་མཁན་ཡང་ཡང་ཡོང་སྡོད་ཀྱི་ཡོད་པ་རེད། དེ་ཚོ་ཚང་མར་གནས་ཚུལ་ཞིབ་ཚགས་པོ་ཞིག མ་འོངས་པར་༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱ་དགོས་པའི་དུས་ཚོད་ཅིག་ སླེབས་པ་ཡིན་ན། དེའི་སྐབས་སུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པ་ཚོས་ མཚོན་པའི། ཆབ་སྲིད་ཀྱི་དབང་བསྒྱུར་གྱི་ཐོག་ནས་སྐུའི་ཡང་སྲིད་ལ་ངོས་འཛིན་ལ་བར་ཆད་མི་ ཡོང་བའི་ཆེད་དུ་ལམ་སྟོན་གསལ་བོ་ཞིག་གནང་དགོས་པ་གཟིགས་ནས་ད་ཐེངས་བཀའ་ཡིག་ རིན་པོ་ཆེ་དེ་སྩལ་བ་རེད། བཀའ་ཡིག་རང་དུའང་ངོ་སྤྲོད་དུ་གནང་དགོས་དོན་རྒྱུ་མཚན་གསལ་བོར་བཀོད་ཡོད།
པདྨ་རྡོ་རྗེ།

བཀའ་ཡིག་ནང་དུ་ཡང་སྲིད་ངོས་འཛིན་ཙམ་མ་ཟད། སྐྱེ་བ་ལེན་ཚུལ་སོགས་ཞིབ་རྒྱས་བཀོད་པའི་དགོངས་གཞི་གང་ཡིན་ནམ།

ཟམ་གདོང་རིན་པོ་ཆེ།

དེ་བཀོད་དགོས་དོན་དེ། སྤྱིར་བཏང་རྒྱལ་སྤྱིའི་ནང་དུ་ཡང་སྲིད་ངོས་འཛིན་ཟེར་བའི་སྐོར་ལ་གནས་ཚུལ་གསལ་ བོ་མ་ཤེས་མཁན་ཡོད་བསྡད་པ་ཞིག་རེད། ལྷག་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཆོས་ལ་ངོས་ལེན་དང་དད་པ་མེད་མཁན། སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན། ཡང་སྲིད་ཀྱི་རྣམ་བཞག་ཁས་མི་ལེན་མཁན། དེ་འདྲ་ཞིག་གིས་༧རྒྱལ་པཎ་རྣམ་གཉིས་མཚོན་པའི་བོད་ཀྱི་བླ་ཆེན་ཁག་གི་ཡང་སྲིད་ ངོས་འཛིན་ལ་ཁྲིམས་ཀྱི་ཐོག་ནས་ཇུས་གཏོགས་བྱེད་ཀྱི་ཡིན་ཟེར་བ་དེ་ནང་འགལ་ཆེན་ པོ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་སོང་ཙང་། ཕྱོགས་གཅིག་ནས་འཇིག་རྟེན་ཁྱོན་ཡོངས་ལ་རྒྱ་མིའི་ཆོས་མེད་རང་ལུགས་ཀྱི་སྲིད་ གཞུང་ཞིག་གིས། ཡང་སྲིད་ཀྱི་ཐོག་ལ་ཅི་ལྟར་ལག་པ་འཆང་གི་ཡོད་པ་དེ་གསལ་བོ་ཞིག་ཧ་གོ་ཕྱིར། ཅི་ཞིག་ལ་ཡང་སྲིད་ཟེར་མིན། ཡང་སྲིད་ངོས་འཛིན་བྱེད་སྟངས་ཀྱི་ལམ་སྲོལ་འདྲ་མི་འདྲ་ག་རེ་ཡོད་མེད། དེ་དག་ཚང་མ་གསལ་བོ་ཞིག་གསལ་བཤད་མ་གནང་བ་ཡིན་ན་ཡག་པོ་ཞིག་འགོ་མི་ཚོས་པའི་ གནས་བབ་ཡོད་པ་ཡིན་ཙང་། རྒྱལ་སྤྱིའི་ཁྱོན་ཡོངས་ལ། བོད་ཀྱི་ཡང་སྲིད་ངོས་འཛིན་བྱེད་སྟངས་ཀྱི་ལམ་སྲོལ་ག་རེ་རེད། དེར་ཆོས་ལུགས་ཀྱི་རྒྱབ་ལྗོངས་ག་རེ་ཡོད་པ་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་དེ་ལ་ཇུས་གཏོགས་བྱེད་ཀྱི་ཡིན་ལབ་པ་དེ་ འབྲེལ་བ་མེད་པ་ཅི་ལྟར་ཆགས་ཀྱི་ཡོད་མེད་གསལ་བོ་རྟོགས་ཐུབ་པའི་ཆེད་དུ། ཞིབ་ཚགས་པོའི་ཐོག་ནས་བཀའ་སྩལ་བ་རེད་བསམས་ཀྱི་འདུག
ལྷག་པར་དུ་ཡང་སྲིད་ངོས་འཛིན་བྱེད་སྟངས་དེར། སྐུ་གོང་མ་གསེར་ཞལ་འཚོ་བཞུགས་ཀྱི་སྐབས་སུ་ཡང་སྲིད་ངོས་འཛིན་གནང་སྲོལ་ཡོད་པ་ རེད། སྐུ་གོང་མ་དགོངས་པ་རྫོགས་རྗེས་ཡང་སྲིད་ངོས་འཛིན་གནང་སྲོལ་ཡོད་པ་རེད། ལམ་སྲོལ་སྣ་ཚོགས་ཞིག་ཡོད་པའི་ཁྲོད། ༧རྒྱལ་བ་སྐུ་ཕྲེང ༡༤ པའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་དུས་ཚོད་ཅིག་ཤར་བ་ཡིན་ན། ང་ཚོ་གདམ་ག་མང་པོ་ཡོད་པ་སྟེ། ག་ནས་གདམ་གདམ་ཡིན་པ་དེ་ཚང་མས་མཁྱེན་དགོས་པ་རེད། དེ་འདྲ་ཡིན་དུས། དེ་ཚོའི་གནས་ཚུལ་གསལ་ཕྱིར་ཞིབ་ཚགས་ཀྱིས་བཀའ་གནང་བ་རེད།

པདྨ་རྡོ་རྗེ། །

བཀའ་ཡིག་ཁྱབ་བསྒྲགས་བྱས་ནས་ཅུང་མ་འགོར་བར། རྒྱ་ནག་ཕྱི་སྲིད་པས་༧ཏཱ་ལའི་བླ་མའི་སྐྱེ་སྤྲུལ་ཚང་མ་རྒྱ་ནག་གཞུང་ནས་ངོས་ འཛིན་གནང་ཡོད་ཅེས་བཤད་འདུག དེ་ལ་གསལ་བཤད་ཅིག་གནང་རོགས།

ཟམ་གདོང་རིན་པོ་ཆེ།

ཁོང་ཚོས་ངོ་ཚ་རྒྱུ་མེད་པའི་སྐྱག་རྫུན་བཤད་བཞིན་པ་རེད། གསེར་བུམ་དཀྲུག་འདོན་ཟེར་བ་དེ་སྔོན་མན་ཇུ་གོང་མའི་སྐབས་སུ ༡༧༩༣ དང་ ༡༧༩༤་དེ་ཤེད་དུ་བོད་གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་ཕྱིར་ཁོང་ཚོས་གྲོས་ འདུན་དོན་ཚན་མང་པོ་ཞིག་ཞུས་ཡོད་པ་རེད། དེ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་ཡིག་ཏུ་གསལ་བོར་བཀོད་ཡོད་པ་རེད། དེའི་སྐབས་སུ་མ་འོངས་པར་༧རྒྱལ་བ་ཡབ་སྲས་ཀྱིས་མཚོན་བོད་ཀྱི་བླ་སྤྲུལ་ཁག་ གསེར་བུམ་དཀྲུག་འདོན་གྱིས་ངོས་འཛིན་བྱས་ན་ཡག་པོ་ཡོད་པ་རེད་ལབ་པ་ཡིན་ཙང་། དེའི་རྗེས་གསེར་བུམ་དཀྲུག་འདོན་གྱི་ལམ་སྲོལ་ཞིག་ཆགས་པ་རེད། ཡིན་ནའང་དངོས་སུ་གསེར་བུམ་དཀྲུག་ནས་ངོས་འཛིན་བྱས་པ་དེ་༧རྒྱལ་བ་སྐུ་ཕྲེང་ བཅུ་བཞིའི་ནང་དུ། ༡༠ དང་ ༡༢ མ་གཏོགས་བྱུང་ཡོད་པ་མ་རེད། གསེར་བུམ་དཀྲུག་འདོན་གྱི་ལམ་སྲོལ་བྱུང་རྗེས་ཀྱང་གསེར་བུམ་དཀྲུག་མི་དགོས་པ་ བྱས་ནས་ངོས་འཛིན་གནང་བ་མང་པོ་ཡོད་པ་རེད། དེ་དག་མན་ཇུ་སྐབས་ཀྱི་གནས་སྟངས་ཞིག་རེད། མན་ཇུ་གོང་མ་དེ་དག་ཆོས་ལ་དད་པ་ཡོད་མ་ཙམ་དུ་མ་ཟད། བོད་ཀྱི་ནང་ཆོས་ཀྱི་རྗེས་འཇུག་གཙང་མ་དེ་འདྲ་རེད། དེའི་ཕྱིར་ཁོང་ཚོས་ངོས་ནས་གསེར་བུམ་དཀྲུག་འདོན་གྱི་ལམ་སྲོལ་དེ་ང་ཚོ་བོད་པས་ ཟན་རིལ་བསྒྲིལ་བ་དང་འགྲོ་སྟངས་གཅིག་པ་གཅིག་པ་འདྲ་བོ་ཞིག་ཆགས་ཡོད་རེད། ཡིན་ནའང་། མན་ཇུའི་རྒྱལ་རབས་མཇུག་རྫོགས་པའི་རྗེས་སུ་གསེར་བུམ་དཀྲུག་འདོན་གྱི་སྐད་ཆ་ ལྷགས་ཡོད་པ་མ་རེད།
༧རྒྱལ་བ་ ༡༣ པའི་སྐབས་སུ་མན་ཇུའི་ཤུགས་ཕྲན་བུ་ཡོད་པའི་སྐབས་རེད་དེ། སྐུ་ཕྲེང ༡༣ པ་གསེར་བུམ་དཀྲུག་མི་དགོས་པ་བྱས་ནས་ངོས་འཛིན་གནང་བ་རེད། སྐུ་ཕྲེང ༡༤ ངོས་འཛིན་གནང་སྐབས་གསེར་བུམ་དཀྲུག་འདོན་མེད་པ་ཆགས་ཚར་བའི་གནས་བབ་ཀྱི་འོག་ ངོས་འཛིན་གནང་བ་རེད། མ་འོངས་པར་གསེར་བུམ་དཀྲུག་དགོས་ཟེར་བ་དེ་ཁོ་པ་ཚོས་གཞི་རྩ་ཁྱོན་ནས་མེད་པའི་ གནས་ཚུལ་ཞིག་བཤད་ཀྱི་ཡོད་པ་རེད་མ་གཏོགས། དེའི་རྒྱབ་ལོག་ཏུ་བྱུང་རབས་ཀྱི་རྒྱབ་ལྗོངས་ཡོད་པ་མ་རེད་ལ། ཆོས་དང་ཆབ་སྲིད་གང་གི་རྒྱབ་ལྗོངས་ཡོད་པ་མ་རེད།
གལ་སྲིད་མན་ཇུའི་སྐབས་ནས་གསེར་བུམ་དཀྲུག་པའི་ལམ་སྲོལ་ཞིག་ཆགས་ཡོད་པ་དེ་མུ་མཐུད་ཉར་དགོས་པ་དེ་ཁོང་ཚོས་བཤད་ཀྱི་ཡོད་པ་ཡིན་ན། མན་ཇུའི་སྐབས་མཆོད་ཡོན་འབྲེལ་བ་ཡོད་དུས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ ཡིན་ཙང་། དེའི་སྲོལ་རྒྱུན་དེའང་ཁོང་ཚོས་མཇུག་སྐྱོང་བྱེད་དགོས་ཀྱི་རེད། རྒྱ་ནག་གི་སྲིད་དབང་འཛིན་མཁན་དང་༧རྒྱལ་བ་རིམ་བྱོན་མཆོད་ཡོན་འབྲེལ་བ་ཡོད་པ་ དེའང་རྒྱུན་འཛིན་བྱས་པ་ཡིན་ན། ད་སྲོལ་རྒྱུན་འཛིན་དགོས་ཀྱི་རེད་ཅེས་པ་དེ་གོ་རྒྱུ་ཡོད་པ་དང་རྒྱུ་མཚན་ཡོད་པ་ ཞིག་ཆགས་ཀྱི་རེད། དེ་མ་ཡིན་པའི་གནས་ཚུལ་གཞན་བརྒྱ་ཆའི་བརྒྱ་ཐམ་པའི་མགོ་མཇུག་ལོག་ཚར་བའི་རྗེས་ སུའང་། ཡང་སྲིད་ངོས་འཛིན་གནང་སྟངས་ཁོ་ན་དེ་མན་ཇུའི་སྐབས་ཀྱི་སྲོལ་རྒྱུན་རྐྱང་རྐྱང་ བྱས་ཏེ་འགྲོ་དགོས་ཟེར་བ་དེ། དེ་ལས་ལྷག་གི་རྒྱུ་མཚན་མེད་པ་དང་། དེ་ལས་ལྷག་གི་སྐྱག་རྫུན་ཆེན་པོ་ཞིག་བཤད་ཡ་ཡོད་པ་མ་རེད། དེ་ཡིན་ཙང་། དེ་འདྲའི་སྐྱག་རྫུན་ལ་རྣ་བ་གཏོད་དགོས་ཀྱི་མ་རེད།

པདྨ་རྡོ་རྗེ།

རྒྱ་ནག་གཞུང་གི་ཞུན་ཧྭ་དྲ་བ་དང་ཕྱི་སྲིད་མགྲིན་ཚབ་པས་༧ཏཱ་ལའི་བླ་མའི་ཡང་ སྲིད་གཏན་འཁེལ་བྱ་རྒྱུ་དེ་རྒྱ་ནག་གཞུང་མ་གཏོགས། ༧ཏཱ་ལའི་བླ་མ་རང་ཉིད་ཀྱིས་གཏན་འཁེལ་བྱ་རྒྱུ་དེ་ལོ་རྒྱུས་དང་ཆོས་ལུགས་གང་ དུའང་འགལ་བ་རེད་ཅེས་བཤད་འདུག དེར་གསལ་བཤད་ཅིག་གནང་རོགས།

ཟམ་གདོང་རིན་པོ་ཆེ།

ངས་གོང་དུ་ཞུས་པ་དང་གཅིག་པ་རེད། རྒྱ་ནག་གིས་ཡང་སྲིད་ངོས་འཛིན་ག་འདྲ་ཞིག་བྱེད་ཀྱི་རེད། དེ་ན་ཐོག་མར་རྒྱ་ནག་ཆབ་སྲིད་དབང་འཛིན་པ་དེ་ཚོས་ཡང་སྲིད་ཟེར་བ་དེ་གནས་ལུགས་ ཡོད་པ་ཞིག་ངོས་འཛིན་བྱེད་ཀྱི་རེད་དམ། མེད་པར་ངོས་འཛིན་བྱེད་ཀྱི་རེད། སྐྱེ་བ་སྔ་ཕྱི་ཡོད་མེད་ངོས་འཛིན་བྱེད་ཀྱི་རེད་དམ། དེ་གསལ་བོ་བྱས་ནས་ཐག་གཅོད་དགོས་པ་རེད། ཡང་སྲིད་ཟེར་བ་དེ་སྐྱེ་བ་སྔ་ཕྱི་ཡོད་པའི་ཐོག་ནས་ཡོང་གི་ཡོད་པ་རེད་མ་གཏོགས། སྐྱེ་བ་སྔ་མེད་པར་ཡང་སྲིད་ཟེར་བ་ཡོང་ཚུལ་མེད་པ་རེད། ཁོང་ཚོས་རྩ་བ་ནས་ངོས་འཛིན་མི་བྱེད་པའི་དོན་དག་ཅིག་བྱེད་ཀྱི་ཡིན་ལབ་ན། དེ་རྒྱུ་མཚན་ག་འདྲ་ཞིག་ཡོད་པ་རེད་དམ། ལར་ནས་རྒྱ་ནག་གཞུང་གིས་ཐག་གཅོད་བྱས་པ་རེད་ཟེར་བ་དེ། ད་སྔ་ཕན་ཆད་ལ་རྒྱ་ནག་གཞུང་གིས་ཐག་གཅོད་བྱས་མྱོང་བ་གང་ཡང་མེད་པཱ།
གསེར་བུམ་དཀྲུག་སྐབས་གང་ཐོན་པ་མཐའ་མའི་ཐག་གཅོད་རེད་མ་གཏོགས་དེ་ལ་རྒྱ་ ནག་གཞུང་གིས་ཐག་གཅོད་བྱས་དང་མ་བྱས་ཀྱི་གནས་ཚུལ་གང་ཡང་ཡོད་པ་མ་རེད། གསེར་བུམ་ཚད་ལྡན་དཀྲུག་པའི་སྐབས་སུ་བུམ་སྒྲུབ་ཀྱི་ཆོ་ག་དང་བཅས་པ་ཚང་མ་ཡོད་ པ་རེད། ངས་གོང་དུ་ཞུས་པ་ལྟར་ཟན་རིལ་བསྒྲིལ་བ་ལྟར་ཆོས་ལུགས་ཀྱི་གནས་ཚུལ་ཡང་དག་པ་ ཅིག་གི་ཐོག་ནས་ཕེབས་པ་རེད། ཡིན་ནའང་པན་ཆེན་རྫུན་མ་རྒྱལ་མཚན་ནོར་བུ་ངོས་འཛིན་གནང་ཁུལ་བྱེད་སྐབས་བུམ་ སྒྲུབ་ཀྱི་ཆོ་ག་དེ་དག་སྒྲུབ་མི་འདུག ཁོ་ཚོས་རང་འཚམས་བྱས་འདུག དེ་འདྲ་ཡིན་དུས་༧རྒྱལ་བ་རིན་པོ་ཆེ་ན་རིམ་ངོས་འཛིན་སྐབས་རྒྱ་ནག་གཞུང་གི་ཐེ་ བྱུས་གང་ཡང་མེད་པ་འདས་པའི་བྱུང་རབས་སུའང་དེ་ག་རང་རེད་ལ། མཆོད་ཡོན་གྱི་འབྲེལ་བའི་སྐབས་སུ་མཉམ་རུབ་ཏན་ཏན་བྱས་ཡོད་པ་རེད། ཡིན་ནའང་ཐག་གཅོད་དེ་ཆོས་ལུགས་ཀྱི་ཐོག་ནས་གནང་ཡོད་པ་རེད། དེ་བཞིན་མ་འོངས་པར་བླ་སྤྲུལ་སུ་ཡིན་ཡང་ཡང་སྲིད་ཕེབས་མིན་སྐུ་གོང་མ་རང་གིས་ ཐག་གཅོད་གནང་དགོས་པ་ཞིག་རེད།
བོད་ཀྱི་ཡང་སྲིད་ངོས་འཛིན་ནང་སྔ་ཤོས་ཀརྨ་པ་ན་རིམ་རེད། དེ་ཚོ་ཚང་མ་འདའ་ཁའི་ཞལ་གདམས་ལ་བརྟེན་ནས་ངོས་འཛིན་གནང་བ་ཉག་ཅིག་རེད། ཡང་སྲིད་ཕེབས་དགོས་དོན་སྔ་མའི་ལས་འཕྲོ་སྐྱོང་རྒྱུའི་དོན་དག་རེད། དེས་ན་སྐུ་གོང་མས་ངོས་འཛིན་གནང་བ་དེ་བོད་ཀྱི་སྲོལ་རྒྱུན་ནང་འཇགས་བསྡད་པ་ ཞིག་ཡིན་པས། ཁོང་ཚོས་གང་བཤད་ལ་རྣམ་དཔྱོད་ཅན་གྱི་མི་སུ་ཡིན་ཡང་དོ་སྣང་བྱེད་འོས་པ་ཞིག་ ཆགས་ཀྱི་མེད།

༼ཨ་རིའི་རླུང་འཕྲིན་ཁང་ནས་བཅར་འདྲི་ཞུས་པ་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་ཤར་ཕྱོགས་ཁུག་རྟས་ཡིག་ཐོག་ཏུ་སྒྲ་ཅི་བཞིན་པར་བཤུས།༽

བཅར་འདྲི།

Post navigation

Previous Post: བོར་སྒྲི་ཕི་རེ་སི་(WordPress)བོད་ཡིག་ནང་བཟོ་འཆར།
Next Post: རང་ལུས་མེར་སྲེག་གིས་ངོ་རྒོལ་ལས་འགུལ་སྤེལ་མཁན་རྔ་པ་ཀིརྟིའི་གྲྭ་པ་གསུམ་གྱི་གནས་སྟངས།

Comments (17) on “མན་ཇུ་རོ་ལངས་རྒྱག་ས་ཡོད་པ་མ་རེད།”

  1. སྐྱུ་རྩི་ནས། says:
    2011-10-06 at 11:05 am

    ཟམ་གདོང་འདི་ཁྱད་མཚར་རེད། དེ་སྔོན་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྒྱ་དམར་གྱིས་བཙོན་དུ་བཅུག་སྐབས་གསར་འགོད་པས་བསམ་ཚུལ་བཀའ་དྲི་ཞུ་སྐབས་བཙན་བྱོལ་གཞུང་གི་ལས་འགན་འགྲུབ་པ་རེད་ཡང་སྲིད་ངོས་འཛིན་ཞུས་ཚར་བ་རེད། ལབ་སོང་། བཙན་བྱོལ་གཞུང་གི་ལས་འགན་དེ་ཡང་སྲིད་རིན་པོ་ཆེ་རྒྱ་དམར་ལ་རྩིས་འབུལ་ཞུ་རྒྱུའི་ལས་འགན་འགྲུབ་པ་རེད། དེ་རྗེས་པཎ་ཆེན་རིན་པོ་ཆེའི་སྐོར་གླེང་མི་དགོས་པ་གཙོ་གདོན་བྱས་སོང་། ད་རྒན་ཡོལ་བྱ་དུས་སེམས་ལ་འགྱོད་པ་ཙམ་ཡང་མེད་པ་ནི་ཡ་མཚན།

  2. གཡུ་མཚོ། says:
    2011-10-06 at 1:25 pm

    ཁོང་གིས་༼ཡིན་ནའང་པན་ཆེན་རྫུན་མ་རྒྱལ་མཚན་ནོར་བུ་ངོས་འཛིན་གནང་ཁུལ་བྱེད་སྐབས་བུམ་ སྒྲུབ་ཀྱི་ཆོ་ག་དེ་དག་སྒྲུབ་མི་འདུག ཁོ་ཚོས་རང་འཚམས་བྱས་འདུག༽ཅེས་གསུངས་འདུག་པ་འདི་ཅི་རེད།
    དྲན་ཚོད་ཅིག་ལ་སྔོན་ཞིག་ལ་ཁོང་གིས་རྒྱལ་མཚན་ནོར་བུ་ལ་པཎ་ཆེན་རྫུན་མ་མ་ཟེར་བྱས་བོད་མི་དམངས་ལ་ཞུ་བ་འདྲ་ཞིག་ཕུལ་སོང་།
    ད་ལྟ་ཁོང་རང་ཉིད་ཀྱིས་པཎ་ཆེན་རྫུན་མ་གསུང་གིན་འདུག འདི་ག་རེ་རེད། པདྨ་རྡོ་རྗེ་ལགས་ཀྱིས་འདི་ལའང་འདྲི་བརྩད་རེ་བྱེད་རྒྱུ་གུས་མོ་ངའི་རེ་བ་ཡིན།

  3. tenzin says:
    2011-10-06 at 2:00 pm

    It is all about politics. Both China and Samdhong rinpoche is playing with it. Kalon Trisur, it is time for you to meditate and go on retreat, it is not the time for you to exploit the religion.

  4. ཅོ་རི་ཉི་མ། says:
    2011-10-06 at 4:45 pm

    ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་ཟེར་ཡོང་དུས་སུ་ཅི་ཞིག་གོ་དགོས་ཀྱི་རེད་དམ། དྲི་བ་ལ་ལན་འདེབས་མཁན་འདྲ་ཡིན་ནམ། ཡིན་ན་་་་ཟམ་གདོང་བླ་མས་བཀའ་ཁྲི་བྱས་པའི་རིང་བལ་ཡུལ་གྱི་བོད་མི་རྣམས་ཀྱི་རང་དབང་ཤོར་སོང་བ་རེད། ཕྱི་རྒྱལ་ལ་མ་བཏང་པ་རེད། དེང་སྐབས་འདི་འདྲ་ཞིག་ལ་བསྐྱེལ་ཚར་བ་རེད།

    ད་་་མ་འོང་པ་གནས་སྟངས་གང་ཆགས་ཀྱི་རེད། བོད་མི་ཁྲི་གཅིག་ལྷག་ཙམ་ཡོད་པ་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་མངའ་ཁུངས་ནས་ཤོར་འགྲོ་གིན་ཡོད་པ་རེད། འོས་བསྡུ་བྱས་བཅུག་མེད་པ་དང་བོད་མི་རྣམས་སུ་དཀའ་ངལ་བཟོ་བསྡད་ཀྱི་ཡོད། མུ་མཐུད་ནས་མཇུག་འབྲས་གང་ཡོང་ཟམ་གདོང་བླ་མས་ལན་འདེབས་ཚོགས་ཆུང་གིས་ལན་གནང་ན་ཡག་པོ་ཡོང་བ་འདུག་ཞུ་རྒྱུ་ཡིན།

  5. ཀརྡོ་རབ་འབྱམས་པ་ says:
    2011-10-06 at 6:04 pm

    པཎ་ཆེན་བསྟན་འཛིན་དགེ་འདུན་རྒྱལ་འགྱུར་ཅིག །

  6. དབྱངས་འཛོམས། says:
    2011-10-07 at 4:30 am

    ཤར་ཁུག་ལྟ་བུའི་མི་དོགས་གཞི་ཅན་དང་གླེང་བརྫུས་སྤྲུལ་རྫུན་གྲྭ་ལོག་ཅིག་མ་གཏོགས་ཟམ་གདོང་ལ་ལག་ཆ་བྱེད་རྒྱུ་མེད་སོང་བ་དེ་དངོས་གནས་ཡ་ང་ཞིང་།སྐྱུག་རྒྱུ་ཡོང་། མཁས་ཆེན་ཟླ་བ་ནོར་བུ་དང། འཇམ་ནོར། ལྷ་བཟང་་།ཀླུ་མཁར་བྱམས་དེ་ཚོ་མགོ་མནན་ཏེ་ཟམ་གདོང་ལ་མི་ཡག་པ་འདྲ་ཡོད་ཀ།་རྒྱ་དམར་དགའ་ནས་འདོད་ཐོག་ལ་རྟ་རྒྱུགས་ཡོད།
    ཟམ་གདོང་་དང་ཆབ་བྲག་སོགས་ཀྱི་རྒྱ་མིའི་པན་རྫུན་ལ་བརྩི་བཀུར་བྱས་པ་དེ་དོགས་གཞི་དང་བཤད་རྒྱུ་མང་བོ་ཡོད་པ་ཞིག་རེད།

  7. དབྱངས་འཛོམས། says:
    2011-10-07 at 4:39 am

    ཤར་ཕྱོགས་ཁུག་རྟ་ཟེར་བའི་མི་གླེང་གཞི་ཅན་དང་སྤྲུལ་བརྫུས་གྲྭ་ལོག་ཅིག་མ་གཏོགས།ཟམ་གདོང་ལ་ལག་ཆ་བྱས་རྒྱུ་མེད་པ་དེ་དངོས་གནས་ཡ་ང་ཞིང་།སྐྱུག་བྲོ།་་མཁས་ཆེན་ཟླ་བ་ནོར་བུ་དང་འཇམ་ནོར།་ལྷ་བཟང་།ཀླུ་མཁར་བྱམས་སོགས་མགོན་མནན་ཏེ་ཁེར་རྐྱང་བཞག་དང། མི་འདྲ་བུ་དག་ཟམ་གདོང་སྣང་སྲིད་སྐུ་འཁོར་ཏུ་འདུས་ཡོད་པ་དག་རྒྱ་དམར་གྱི་འདོད་ཐོག་ལ་རྟ་རྒྱུག་གི་རེད་ཡ། ལྷག་པར་ཟམ་གདོང་དང་ཆབ་བྲག་སོགས་ཀྱི་རྒྱ་པན་ལ་བརྩི་བཀུར་བྱེད་སྟངས་འདི་བཤད་རྒྱུ་ཡོད་ངེས།

  8. བཀྲ་ཤིས་ཚེ་རིང་། says:
    2011-10-07 at 4:44 am

    བདེན་བདེན་འདྲ་འདུག

  9. རིན་པོ་ཆེ། says:
    2011-10-07 at 5:00 am

    ཀླུ་མཁར་བྱམས་སོགས་ལོག་པའི་སྨོན་ལམ་ཅན་ཚོགས་ཁག་སྟེ། ཤར་ཕྱོགས་ཁུག་རྟས་ཁུངས་མེད་རུ་དཔུང་དུ་བཏགས་པ་རྣམས་ཀྱིས་ཟ་ཟུར་གང་ཞིག་ནས་གོ་སྐབས་ཞིག་རེག་ན་དུག་འདྲེན་ཅི་ཐུབ་དང་། གླེང་གཞི་བཟོ་གང་ཐུབ་བྱེད་པ་འདི་དངོས་གནས་སྙིང་རྗེ་བ་རང་རེད། ཁྱེད་ཚོ་འདྲ་བས་གང་བཤད་ཀྱང་ཤར་ཕྱོགས་ཁུག་རྟའི་སྤུ་གཅིག་ཀྱང་སྒུལ་ཨེ་ཐུབ་བསམས་ཀྱིན་འདུག དཔའ་ཡོད་ན། ཁོང་ལྟར་རྩོམ་ཡིག་ཕྲིས། སྤྱི་བའི་སྡིངས་ཆ་ནས་རིགས་པའི་རྩལ་ངོམས་དང་ང་ཚོས་ལྟོས་ཆོག།

    ཀླུ་མཁར་བྱམས་དང་དོལ་རྒྱལ་སོགས་ལོག་སྨོན་ཅན་རྣམས་དམན་སར་བཀོད་ནས། སྤྱི་ཚོགས་ནང་མཆིལ་མ་འདེབས་པའི་མཚམས་སུ་སླེབས་པ་ན། ཁྱེད་ཚོར་ཤར་ཕྱོགས་ཁུག་རྟར་སྡང་བ་ཁག་མེད་ཀྱང་། ཤར་ཕྱོགས་ཁུག་རྟས་ད་བར་ཁྱེད་ཚོ་ནང་བཞིན་སྤྲུལ་བསྒྱུར་སྣ་ཚོགས། ཚིག་བཙོག་པ་སྐྱག་པ་འདྲ་བ་བེད་སྤྱོད་བཏང་བཞག་པ་གཅིག་ཀྱང་མི་འདུག

    ཟམ་གདོང་རིན་པོ་ཆེའི་ཟིལ་ཤུགས་དང་གཟི་བརྗིད་ཀྱིས་ཀླུ་བྱམས་འཁོར་བཅས་ཀྱི་སློབ་སྦྱོང་ཙམ་པོ་བ་དེ་སྐྱག་པའི་གྲས་སུ་མ་བརྩིས་པར་རླུང་ལངས། ཚིག་ངན་གྱིས་སྡིག་པ་རི་འདྲ་བ་བསགས་ནས་གང་ཕན། དེང་སང་ཀླུ་བྱམས་རྡ་ས་རུ་གདོན་རྫས་ཆགས་འདུག་པ་ཐོས་པས་ཀྱང་རིན་པོ་ཆེ་སོགས་ལ་ཁ་མ་བཏང་ན་ཡག་གི་རེད་མ་གཏོགས། ལས་འབྲས་འཁོར་གི་རེད་གདའ།

  10. སྐྱིད་ཆུ་ཚང་། says:
    2011-10-07 at 7:15 am

    སྐྱབས་སུ་ཆེ། སྐྱབས་སུ་ཆེ། རིན་པོ་ཆེ། སྐྱབས་སུ་ཆེ། རིན་པོ་ཆེ་ཁྱེད་ཀྱི།༼ ཚིག་ངན་གྱིས་སྡིག་པ་རི་འདྲ་བ་བསགས་ནས་གང་ཕན།༽ གསུང་འདུག་ལགས། ཁྱེད་ཀྱི་མཚན་བུའི་ནང་སྐྱག་པ་མང་པོ་གསུང་འདུག རིན་པོ་ཆེས། ཚིག་ངན་གསུང་ན་སྡིག་པ་མེད་པ། ནང་པ་སངས་རྒྱས་པའི་གཞུང་ལུགས་གང་གི་ནང་མཁོད་ཡོད་དམ།། ཡང་རིན་པོ་ཆེ། ལས་འབྲས་འཁོར་གྱི་རེད་གསུང་འདུག འོ་ན། ལོ་རྒྱུས་རིང་ཞིང། རིགས་གཞུང་ཕྱུགས་པའི་མི་རིགས་ཞིག། ཐར་བཙན་བྱོལ་བའི་ལོ་ཟླའི་ནང་ཐིམ་པ་འདི་སུའི་ལས་འབྲས་འཁོར་བ་རས།།

  11. སྐྱིད་ཆུ་ཚང་། says:
    2011-10-07 at 7:19 am

    མཁས་དབང་ཟམ་གདོང་རིན་པོ་ཆེས། བོད་མི་རྒྱ་ཆ།༩༩།ལ་བྱང་ཆུབ་སེམས་ཐོབ་ན། དེའི་ཉིན་མོ་ནས་རྩིས་བའི་ཉིན་གྲང་བདུན་གྱི་ནང་ཚུད། བོད་རང་བཙན་ཐོབ་ཀྱི་རེད་ཅེས་གསུང་འདུག ལྐུགས་པ་ངས་བལྟ་ན། བོད་རང་བཙན་ཐོབ་པའི་དུས་ཞིག་ཤར་སྲིད་ཡང་། བོད་མི་རྒྱ་ཆ།༩༩།ལ་བྱང་ཆུབ་སེམས་ཐོབ་པའི་དུས་ཞིག་ཤར་སྲིད་དམ། གལ་སྲིད་མཁྱེན་པའི་བདག་པོ་མཁས་དབང་ཁོང་གིས་གསུང་པ་བཞིན། བོད་མི་རྒྱ་ཆ།༩༩།ལ་བྱང་ཆུབ་སེམས་ཐོབ་པ་ཡིན་ན། དེ་ནས་བོད་རང་བཙན་གྱི་ག་རེ་བྱེད་དགོས་རས།། ཡང་ན་བོད་མི་རྒྱ་ཆ།༩༩།ལ་བྱང་ཆུབ་སེམས་ཐོབ། བོད་མི་ཅིག་ལ་བྱང་ཆུབ་སེམས་མ་ཐོབ་པར་ལུས་པ་དེ། ཟམ་གདོང་བླ་མ་ཁོ་རང་ཡིན་པ་ཐག་གི་ཆོད།།།

  12. བསོད་ནམས་ནས། says:
    2011-10-07 at 3:28 pm

    ངོ་མ་སྙིང་རྗེ།རིན་པོ་ཆེར་སྤྲུལ་པར་ཁུངས་མ་འཁྱོལ།ད་དུང་ཨུ་ཚུགས་ཀྱིས་རང་གིས་རང་ལ་རིན་པོ་ཆེ་འདྲ་འདེགས་ཁུལ་གྱིས།མ་ཟད་སོ་སོས་སོ་སོར་མཆན་གྱི་ལམ་གྱི་བསྟོད་ར་ར་གཏོང་ཁུལ་བྱས།སྙིང་རྗེ་ན་རྗེ་རྒྱུ་ཁྱོད་ལ་འདུག

  13. ཨ་ར་དཀར་པོ says:
    2011-10-07 at 3:45 pm

    གོང་གི་མཆན་༡༡ནང་ལྷ་སྐྱིད་ཟེར་བས་དགའ་ལྡན་ཁྲི་ཟུར་དེ་གོང་ས་མཆོག་གིས་ཆེད་དུ་མངགས་ནས་རྒྱལ་མཚན་ནོར་བུར་ཐུག་པ་འདྲ་ཞིག་བཤད་འདུག ཁུངས་སྐྱེལ་གསལ་བོ་མེད་ན་ཁྱོད་ཀྱི་སྐད་ཆ་འདི་རིགས་བོད་མི་ནང་ཁུལ་འཁྲུག་གཞིར་མི་འགྲུར་བའི་ངེས་པ་མི་འདུག་པས་དགོངས་པ་ཡག་པོ་བཞེས་རོགས།

  14. ཀརྡོ་རབ་འབྱམས་པ་ says:
    2011-10-08 at 11:26 am

    འདྲེ་སྐྱིད་ལགས།
    ་་་་་། དེ་ཚོ་རྒྱལ་བ་རིན་པོ་ཆེས་ལྐོག་གི་ཕྱག་ལས་རེད།
    ཟེར་ན་ག་རེ་ཟེར་བགྱིད་ཡོད།

  15. ཨ་ར་དཀར་པོ says:
    2011-10-08 at 3:55 pm

    ལྷ་སྐྱིད་ཟེར་བ་འདི་གུང་བྲན་མིན་ན་དོལ་ཚོགས་རེད། ཚང་མས་གཟབ་རོགས། ཨོ་ད་དུང་ཁ་བརྡ་དྲ་བས་ཀྱང་མི་འདི་ལ་དོ་སྣང་བྱ་འོས།

  16. འདྲེ་མགོ་རྡོ། says:
    2011-10-08 at 5:46 pm

    དེང་སང་དྲ་གནས་ཁག་ཏུ་རྒྱ་མིའི་ཉོས་ཚར་བའི་ལས་དོན་བྱེད་ཁུལ་སིམ་འཛུལ་བྱེད་ཀྱི་ཡོད་པ་དངོས་ཡོད་རེད་འདུག་པས། ཚང་མས་གཟབ་གནང་དགོས་ཀྱི་འདུག

  17. སྐྱུ་རྩི་ནས། says:
    2011-10-09 at 12:17 am

    བྱམས་མགོན་སི་ཏའི་སྣང་བརྙན་མཚར་སྡུག་ལ།
    མ་བཟོད་ཀན་སྒྲ་ཏོག་པའི་མཆེ་སྡེར་ཅན།
    མགྲིན་པར་ར་མ་ཎ་ཡི་ཉག་ཕྲན་མདས།
    ལས་འབྲས་བདེན་པར་སྐྱོང་ལ་གསོལ་བ་འདེབས།
    རང་རིགས་བསྣུན་ལ་དཔའ་བའི་མཆེ་སྡེར་ཅན།
    དཀའ་སར་བྲོས་ནས་བོས་ཀྱང་ཨང་མི་ཁུགས།
    དངོས་སུ་པེ་ཅིང་ཚོགས་འདུར་སེང་གེའི་སྒྲས།
    ངོ་མས་གངས་ལྗོངས་སྲུང་ལ་གསོལ་བ་འདེབས།
    སྐུ་ངོ་སྐུ་འཁོར་ལྷ་སའི་ཡུལ་ནས་བྲོས།
    ས་ཡ་དྲུག་པོ་རྒྱ་དམར་དམག་གིས་བཅོམ།
    ཁྲག་དང་མིག་ཆུ་འདྲེས་པའི་སྐྱོ་གདུང་རྣམས།
    མའོ་ལག་ཏུ་ཡིག་འབྲུ་ཁྲི་བདུན་ཕུལ།
    རྒྱལ་དབང་ཡབ་སྲས་ཉི་ཟླ་མ་འཛོམས་ན།
    པུར་རྒྱལ་འབངས་རྣམས་བདེ་བའི་སྐབས་མེད་པས།
    ཆོས་མེད་ཀླ་ཀློའི་རྗེས་བགྲངས་ལྷག་སྐྱིད་སོགས།
    བོད་པ་ཡིན་ན་བསམ་བློ་ཟབ་ཟབ་གཏོང་།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme