Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོག་འགྱུར།

Posted on 2013-05-042013-05-05 By ཁ་བརྡ་ 6 Comments on མདོག་འགྱུར།

བཀྲ་ཤིས་དོན་འགྲུབ།

བཤད་སྒྲུབ་དགོན་པ་ནི་རུས་སྦལ་གྱི་སྒལ་གཞུང་ལྟ་བུའི་དེའུ་འབུར་དེ་ན་ཤེལ་ཀྱི་མཎྜལ་ལ་གཡུ་ཡི་ཕྲ་བཏབ་པ་ལྟར་ཁྲ་ཆེམ་མེར་འགྱིང་ཡོད་ཅིང་། དགོན་པའི་ནང་ངོས་ཀྱི་ཆོས་རའམ་རྩོད་ར་དེ་ནི་རྙིང་གོག་ཏུ་སོང་བའི་ཤོ་གདན་སྒོར་མོ་ཞིག་དང་འདྲ་བར་སྐྱ་ཐལ་ལེར་འདུག་ལ། དེ་ན་རྟགས་བསལ་བ་ངར་མ་སྟག་འདྲ་བ་དང་དམ་བཅའ་བ་དར་མ་གླག་འདྲ་བ་དག་གི་ཧབ་དགོད་དང་ཀི་སྒྲ། རྐང་ལག་རྡེབ་ཤུགས་ཀྱི་ཆོམ་སྒྲ། གདུགས་འཁོར་བ་ལྟ་བུའི་ལྡིང་བསྐོར། ད་དུང་རྟ་འདྲོགས་པ་ལྟ་བུའི་འཕག་མཆོངས་དང་མཐོང་ཆུང་གི་ཆ་ཤས་ཡོངས་སུ་རྫོགས་པའི་ཁ་གཉེར་དང་སྣ་གཉེར་གྱི་ཁ་དབུགས་ཤིག་གིས་ཡོངས་སུ་ཁྱབ་འདུག 

ཏག་ཏག་དགེ་བཤེས་སྟག་ནི་རྩོད་ར་འདིའི་ནང་གི་སྐད་གྲགས་ཆོད་པའི་བསྡུས་གྲྭ་བ་ངར་མ་ཞིག་རེད། ཁོ་ལ་མིང་འདི་འདྲ་ཐོགས་པ་ལ་རྒྱུ་མཚན་མེད་པ་ག་ལ་ཡིན་ཏེ། དགེ་བཤེས་སྟག་གིས་རྟགས་བསལ་ཞིག་བཏང་ན་རྭ་བསྡུས་བསེ་བསྡུས་ཀྱི་རིགས་ཆེན་བརྒྱ་དང་རྩ་བརྒྱད་དང་རིགས་ཆུང་སྟོང་དང་རྩ་དགུ་གཏོང་ངེས་ལ། ཁོའི་རྐང་འཁྲབ་ལག་འཁྲབ་ཀྱི་གར་ཆེན་དག་ནི་ཕོ་རྒོད་དར་མ་ཞིག་གི་ཞབས་བྲོ་ལ་འགྲན་ཆོག་ཆོག་རེད། ལྷག་པར་དུ་ངར་ཤུགས་ཆེ་བ་ལ་སྟག་རྒོད་ཤ་ལ་རྔམ་པའི་དོ་ཟླ་ནུས་པ་ཞིག་ག་ལ་ཡིན།
སྤྱིར་བཏང་བྱས་ན་དགེ་ཤེས་སྟག་ཀྱང་སློབ་ཕྲུག་ཕལ་པ་ཞིག་ལས་མ་འདས་ཀྱང་ང་ཚོའི་དགོན་པར་བསྡུས་གྲྭར་མཁས་པ་དག་ལ་དགེ་བཤེས་ཟེར་སྲོལ་ཡོད་པས་ཁོ་ལ་ཡང་དགེ་བཤེས་ཀྱི་མིང་ཐོགས་པ་རེད། དགེ་བཤེས་སྟག་ནི་དགེ་བཤེས་སྟག་རང་ཡིན་པས་ཁོ་ཡར་ལ་ཕྱོགས་ན་དགེ་རྒན་མང་པོ་འཁུམས་འཁུམས་སུ་ཆགས་འགྲོ་ལ། མར་ལ་ཕྱོགས་ན་སློབ་མ་མང་པོ་གུས་གུས་སུ་འདུག དགེ་བཤེས་སྟག་གིས་བདེན་པ་རེད་ཟེར་ན་བདེན་པ་དང་དགེ་བཤེས་སྟག་གིས་རྫུན་པ་རེད་ཟེར་ན་རྫུན་པ་ཡིན་དགོས་པས་ཁོ་ཡང་འཇིག་རྟེན་བྱེད་པོ་ཆུང་ཆུང་ཞིག་རེད། 
དགེ་བཤེས་སྟག་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་དེ། ཁོ་ལ་གནད་དོན་གང་ཞིག་གི་སྐོར་ལ་དྲི་བ་འདྲ་འདོན་མཁན་བྱུང་ཚེ། སྔོན་ལ་སྒམ་བརླིང་དོད་པོས་སེ་གོལ་གྱི་ཐག་སྒྲ་དང་བཅས་རྟགས་བསལ་འགའ་གཏོང་ངེས། དེ་ནི་དྲིས་ལན་གྱི་སྔོན་འགྲོ་རེད། དྲིས་ལན་ངོ་མ་ནི་གླིང་སྒྲུང་ལྟ་བུའི་འགྲེལ་བཤད་རིང་མོ་ཞིག་གིས་སྟེར་བར་བྱེད། འགྲེལ་བཤད་དེ་ལ་ཡང་གཞུང་ལུགས་ཀྱི་ཆ་ནས་དང་། གོ་ལུགས་ཀྱི་ཆ་ནས་དང་། གོ་ལུགས་ཀྱི་ཆ་ནས་སོགས་“ལུགས་”གང་མང་ཞིག་ལ་དབྱེ་རྒྱུ་འདུག མི་ཚོས་ཟེར་ན་དེ་ནི་དགེ་བཤེས་སྟག་གིས་སྲིད་དོན་པ་ཞིག་གི་གཏམ་བཤད་བྱེད་སྟངས་རྐུ་བརྒྱབས་པ་རེད་ཟེར།
ང་ཚོའི་དགོན་པར་དགེ་བཤེས་སྟག་ལ་དོ་ཟླ་ཆོག་མཁན་ཞིག་མེད་པས་ཚང་མས་ཁོ་དང་གྲོགས་པོ་བསྒྲིག་རྒྱུར་འབད་པ་རེད། དྲང་མོར་བཤད་ན་ང་རང་ཡང་དེའི་གྲས་ཀྱི་གཅིག་ཡིན། དང་ཐོག་ངས་ཐབས་ཤེས་ཡོད་དགུ་བཏོན་ནས་ཁོ་དང་གྲོགས་པོ་བསྒྲིག་རྒྱུར་འབད་པ་ཡིན་མོད། རིམ་བཞིན་ཁོ་ཡང་ངའི་ཧུར་བརྩོན་ལ་མོས་མཐུན་བྱུང་བ་འདྲ། གང་ལྟར་ངེད་གཉིས་གྲོགས་པོ་བློས་ཐུབ་ཅིག་ཆགས་པ་རེད། ཉིན་མོ་དེ་ནས་ངས་ཀྱང་དགེ་བཤེས་སྟག་རྒྱབ་རྩར་ངོམ་ནས་མི་ཐུག་ཚད་ལ་སེ་གོལ་གཏོག་རྐྱང་དང་རྟགས་བསལ་གཏོང་རྐྱང་བྱས་པ་ཡིན།


2 


བཤད་སྒྲུབ་དགོན་པ་ནི་སྔར་བཞིན་བརྗིད་ཆགས་ལ་དགེ་བཤེས་སྟག་གི་ངར་ཤུགས་ལའང་ཉམས་ཞན་གཏན་ནས་མི་འདུག དུས་རྒྱུན་བཤད་སྒྲུབ་དགོན་པའི་ཆོས་ར་དེ་ནི་འདུ་འཛི་ཆེ་ཞིང་འཁྲུགས་ཆ་དོད་པོ་ཞིག་ཡིན་ནའང་། དེ་རིང་ནི་ཆོས་རའི་མདུན་ངོས་ཀྱི་ལམ་མདོ་དེར་མི་མང་པོ་ཞིག་ཕྱོགས་གཅིག་ཏུ་རུབ་འཛོམས་བྱས་འདུག་པ་ལས་ཆོས་རའི་ནང་ལོགས་ཧ་ཅང་སྟོང་འཇགས་ཤིང་ཁུ་སིམ། མདུན་ངོས་ཀྱི་ལམ་མདོ་དེར་འདུས་ཡོད་པའི་མི་ཚོས་ཅི་ཞིག་ལ་འཚང་ཁ་ཆེན་པོས་ལྟ་རུབ་བྱེད་བཞིན་འདུག ཁོ་ཚོའི་ནང་གི་ཅུང་གཟུགས་ཐུང་བ་དག་གིས་རྒྱབ་ལོགས་དག་ནས་རྟིང་པ་བཀྱགས་ཤིང་སྐེ་བསྣར་ཏེ་མདུན་ངོས་སུ་ཅེར་འདུག མི་ཚོགས་ཀྱི་གསེང་ནས “འོ་་་་་་་ཚར¬¬—ཚར” ཞེས་པའི་སྐད་སྒྲ་རེ་གྲགས་འོང་ལ། ཡང་མཚམས་རེར་ཧབ་དགོད་རྣ་བར་མི་ཤོང་བ་ཞིག་ཐོས་འོང་བས་དེར་འདུས་པའི་ལྟད་མོ་བ་དག་ནི་སྔར་བས་སྤྲོ་བ་འཕེལ་འདུག ཁོང་ཚོས་དེ་ལྟར་འཚང་ཁ་ཆེན་པོས་ལྟ་རུབ་བྱེད་པར་ཁག་ག་ལ་ཡོད་དེ། དེ་ན་དགེ་བཤེས་སྟག་གིས་ཕས་རྒོལ་སུ་ཞིག་གི་ལོག་རྟོག་འཇོམས་བཞིན་ཡོད་པས་ཁོང་ཚོར་ཁག་གཏན་ནས་མི་འདུག དགེ་བཤེས་སྟག་གིས་དེ་ལྟར་ཚར་རྒྱག་ཞོར་དང་ཧབ་དགོད་བྱེད་ཞོར་ཆུ་ཚོད་གཅིག་ལྷག་འགོར་ཟིན། གང་འཚམས་ཤིག་ནས་དམ་བཅའ་བ་དེར་ལས་དོན་གལ་ཆེན་ཞིག་བསྒྲུབ་རྒྱུ་ཡོད་མདོག་གིས་དེ་ནས་གཡོལ་སོང་བས་ལྟད་མོ་དག་ཀྱང་རང་སར་གྱེས། 
དགེ་བཤེས་སྟག་གིས་ལག་གཡས་པས་སྟོད་འགག་གི་མར་སྣེ་ཞིག་ནས་བཟུང་སྟེ། ངོ་གདོང་གི་རྔུལ་ནག་དག་འབྱིད་ཞོར་མདུན་ཕྱོགས་སུ་ཡོང་བཞིན་པའི་སྐབས། ང་དང་ལྷན་དུ་ཡོད་པའི་སློབ་གྲོགས་ཤིག་གིས་ཁོའི་སྔུན་བཀག་ནས་རྭ་བསྡུས་ཀྱི་གོ་དོན་དྲིས་བྱུང་། དགེ་བཤེས་སྟག་གིས་སེ་གོལ་གྱི་ཐག་སྒྲ་དང་ལྕེ་ཡི་མགྱོགས་ཚད་གཉིས་འགྲན་པ་ལྟ་བུའི་རྟགས་བསལ་རྫོགས་རྒྱུ་མེད་པ་ཞིག་བཏང་མཐར་གཞི་ནས་མགྲིན་པ་གཟེངས་སུ་བཏེགས་ཏེ། “རྭ་བསྡུས་ཟེར་བ་ནི་རྩོམ་པ་པོས་བསྡུས་གཞུང་དེ་ཉིད་ར་ཚང་ནང་དུ་བརྩམས་པས་མིང་དེ་འདྲ་ཐོགས་པ་རེད། དེ་ཡང་་་་་་་་” ཞེས་ཁོ་རང་གི་རང་ལུགས་ལྟར་“ལུགས”་གང་མང་ཞིག་ཏུ་ཕྱེས་ནས་འགྲེལ་བརྒྱབས་བྱུང་། དྲི་བ་འདོན་མཁན་དེ་ནི་ཧང་སང་མདོག་གིས་དགེ་བཤེས་སྟག་གི་ཁ་ལ་ཅེར་ཏེ་ལུས་འདུག ཁོ་རང་ཡང་སྙིང་དགེ་བཤེས་སྟག་གི་ཁ་ཤ་འགུལ་སྟངས་སམ་ཅི་ཞིག་ལ་ཧང་སང་མིན་སུས་ཤེས། དགེ་བཤེས་སྟག་གིས་སློབ་གྲོགས་དེའི་རྣམ་འགྱུར་མཐོང་ནས་སྤོབས་པ་དང་ང་རྒྱལ་ལྷན་གཅིག་ཏུ་རྒྱས་ཏེ། སྤྲོ་བ་ཆེ་ཆེའི་ངང་མུ་མཐུད་ནས་བསེ་བསྡུས་ཀྱི་གོ་དོན་ཡང་བཤད་འགོ་ཚུགས་སོང་ “བསེ་བསྡུས་ཞེས་པ་ཡང་མིང་ཐོགས་སྟངས་རྭ་བསྡུས་དང་ཆ་མཚུངས་ཡིན། དེ་ཡང་སྔར་སེ་རའི་མཁས་པ་ཞིག་གིས་བརྩམས་པ་ཡིན་པས་མིང་དེ་ལྟར་ཐོགས་པ་སྟེ་ཡུལ་མིང་བསྟན་བཅོས་ལ་ཐོགས་པ་ཟེར་བ་དེ་རེད། དཔེར་ན་་་་་་་” ཞེས་ལུང་རིགས་དཔེ་དང་བཅས་པའི་རྒྱབ་སྐོར་གང་མང་མང་ཞིག་བཤད་རྒྱུ་འདུག་མོད། ཁོའི་སྐད་ཆ་དེར་ང་རང་གཏན་ནས་མི་འཐད་པར་གྱུར། སྤྱིར་བཏང་ནས་དགེ་བཤེས་སྟག་གི་སྐད་ཆ་མང་པོ་ཞིག་ནམ་རྒྱུན་ང་རང་གི་བློ་ལ་འབབ་ཀྱི་མེད་ཀྱང་། མི་གཞན་དང་འདྲ་བར་ང་ཡང་དགེ་བཤེས་སྟག་གིས་མཛུབ་མོས་གར་བསྟན་ཤར་ཡིན་པའི་ལྟ་ཚུལ་ཡོད་མཁན་ཞིག་ཡིན་པ་མ་ཟད། ངས་བསྡུས་གྲྭའི་རིགས་ལམ་ཡང་མི་ཤེས་པས་དགེ་བཤེས་སྟག་གི་ཁ་གཏད་ཆོག་རྒྱུ་མ་རེད་སྙམ་ནས་ཁོས་གང་བཤད་ཉན་རྒྱུ་ལས་དོགས་འདྲི་དང་དགག་གཞག་བྱ་རྒྱུའི་བློ་ཁོག་ག་ལ་ཡོད། 
འོན་ཀྱང་ཉིན་དེར་ནི་ང་ལ་ཡང་དུས་རྒྱུན་དང་མི་འདྲ་བའི་ང་རྒྱལ་ཞིག་སྐྱེས་ཏེ། “སེ་ར་ཡི་དག་ཆ་དང་བསེ་བསྡུས་ཀྱི་དག་ཆ་གཉིས་མི་འདྲ་བས་ཡུལ་མིང་བསྟན་བཅོས་ལ་ཐོགས་པ་ག་ནས་ཡིན་”ཞེས་ཁ་ནས་དབང་མེད་དུ་ཐལ་སོང་བས་ངའི་སྐད་ཆའི་ཚིག་མཐའ་མ་བསྡུས་གོང་ལ་དགེ་བཤེས་སྟག་གིས་ལག་པ་གནམ་ལ་འཕྱར་ཟིན། སྐད་ཅིག་དེ་ཉིད་ལ་ཚག་སྒྲ་རྡིག་སྒྲའི་ཁྲོད་ནས་དགེ་བཤེས་སྟག་གིས་ཡིན་ལོག་དགུ་དང་མིན་ལོག་བཅོ་བརྒྱད་ཀྱི་ཐལ་ཆེན་ཚ་བ་མེ་འདྲ་བ་དང་རྣོ་བ་མདའ་འདྲ་བ་དག་ངའི་སྟེང་དུ་ཐོག་འབེབ་འབེབ་དང་གཡུལ་གཤོམ་གཤོམ་བྱས་བྱུང་། ད་དུང་དེས་ག་ལ་ཚད། ཁོའི་རྐང་ལག་རྡེབ་ཤུགས་ཀྱིས་ཉེ་འཁོར་ཀྱི་མི་དག་ཀྱང་འདྲོགས་དགོས་པ་ཞིག་བཟོས། གང་ལྟར་ཉིན་དེ་ནི་དགེ་བཤེས་སྟག་གིས་ང་རང་རྔུལ་ཆུ་ཉིལ་ལེར་བཏང་། དེ་ནས་བཟུང་དུས་རྒྱུན་རྟག་པར་དགེ་བཤེས་སྟག་གིས་ང་ལ་ཟུར་ཟ་བྱེད་ཀྱི་ཡོད་པས་རིམ་བཞིན་ང་ཡང་དེ་ཙམ་མི་འཐད་པར་གྱུར་བས་ངེད་གཉིས་ཀྱི་གྲོགས་པོའི་རྣམ་ཐར་དེེ་དེ་ལྟར་མཇུག་རྫོགས་པ་རེད། 


3


དགེ་བཤེས་སྟག་ནི་དགེ་བཤེས་སྟག་རང་རེད། ཁོས་ཡིན་པམིན་པར་སྒྲུབ་ནུས་པ་མ་ཟད་མིན་པ་ཡིན་པར་ཡང་བསྒྲུབས་པའི་ལོ་རྒྱུས་གང་མང་ཡོད། དེས་གལ་ཚད་དགེ་བཤེས་སྟག་གིས་“གསར་པ་ཡོད་ཚད་བདུད་ཀྱི་ཆོ་འཕྲུལ་རེད་” ཟེར། འོནཀྱང་རྒྱ་ནག་ནས་ཐོན་པའི་དངོས་གསར་ཞིག་ཡིན་ཚེ་ཁོས་དེ་ལ་བརྩིས་མཐོང་ཆེན་པོ་བྱེད་ངེས། མ་གཞི་ནས་དགེ་བཤེས་གི་ཞེ་འདོད་དང་ལག་ལེན་གཉིས་ཀྱི་བར་ན་འགལ་འདུ་ཆེན་པོ་རེ་ཡོད་མོད། ཁོའི་དམ་བཅའ་ལ་རྒོལ་ཕོད་མཁན་ཞིག་བྱུང་མྱོང་མེད། 
ལྷག་པར་དུ་དགེ་བཤེས་སྟག་གིས་བརྡ་སྤྲོད་རིག་པ་དང་སྐད་ཡིག་ལ་འཁོན་འཛིན་ཆེན་པོ་བྱེད། དུས་རྒྱུན་ཁོས་རང་གི་སློབ་མ་དག་ལ་“ཡི་གེ་གང་ཡང་སྒྲ་གདངས་ཐོན་ན་འགྲིགས་པ་ལས་དག་ཆ་ཟེར་བ་དེར་དགོས་པ་ཅི་ཡང་མེད”ཅེས་ཡང་ཡང་འདོམས་པ་རེད། གོ་ཐོས་ལ་དགེ་བཤེས་སྟག་དང་ཁོའི་སློབ་མ་ཚོས་དག་ཡིག་ལ་དགག་པ་ཚ་ནན་བཏང་བའི་དེབ་ཅིག་རྩོམ་བཞིན་ཡོད་ཟེར། (དགག་ཡིག་དེ་ཚོ་ནི་དངོས་གནས་དགག་ལན་འདེབས་ཐབས་མེད་པ་རྐྱང་རྐྱང་ཡིན་ངེས་ཏེ། ཁྱོད་རང་ཡིད་མི་ཆེས་ན་དཔེའི་ལམ་ན་ར་སྤྲོད་བྱ་ཆོག གལ་སྲིད་ཁོས། རྐུ་མ་རྐུ་བ་ར་རྐུ་ཡིན།། ཞེས་པའི་ཚིག་རྐང་དེར་དགག་པ་ཞིག་རྒྱག་དགོས་ན་ཁོ་རང་གི་དགེ་རྒན་གྱི་ཞལ་རྒྱུན་ལྟར། འོ་ན་ལུག་རྐུ་བ་ཆོས་ཅན། ར་རྐུ་བ་ཡིན་པར་ཐལ། རྐུ་མ་རྐུ་བ་ཡིན་པའི་ཕྱིར། ཞེས་པའི་ཐལ་བ་དེ་འདྲ་གཏོང་ངེས་) མི་ཚོས་ཟེར་ན་ད་རེས་དགེ་བཤེས་སྟག་གིས་འཁོན་ལན་ཡིད་ཚིམ་པ་ཞིག་སློག་ངེས་རེད་ཅེས་རྩེད་མཚར་འདྲེས་མའི་སྡོམ་ཚིག་འདྲ་འཇོག་གི་འདུག་མོད་དེར་ང་ཡང་ཡིད་ཆེས་ཡོད།
ད་དུང་དགེ་བཤེས་སྟག་གིས། “གདན་ས་པ་ཡིན་ན་ཤེས་ཡོན་པ་ཡིན་པའི་ཁྱབ། རྗེས་ལུས་པ་ཡིན་ན་བོད་རིགས་མ་ཡིན་པའི་ཁྱབ། དབྱིན་ཇི་བ་དང་ཚན་རིག་པ་གཉིས་ལ་དོན་གཅིག་ཁྱབ་པ་སྒོ་བརྒྱད་ངེས་”ཟེར་བ་སོགས་ཡིན་ཁྱབ་མིན་ཁྱབ་དང་ཡོད་ཐལ་མེད་ཐལ་སྣོལ་མར་བརྩེགས་པའི་སྲིད་དོན་ཀྱི་རྣམ་བཞག་ཀྱང་གང་འདོད་དུ་བྱེད།
དགེ་བཤེས་སྟག་དགའ་ས་མང་པོ་ཡོད་ཀྱང་། ཁོ་རང་ཆེས་དགའ་ས་དེ་“བསྟོད་པ་”ཡིན། སློབ་གྲོགས་ཁ་བདེ་འགས་དགོས་མཁོ་དེ་འདྲ་ལ་དམིགས་ནས་ཡིན་ལུགས་བརྒྱ་དང་གནས་ལུགས་སྟོང་བཤད་ནས་ཁོ་རང་བསྟོད་པའི་ལྷ་ཡུལ་དུ་སྐྱེལ་བར་བྱེད། དགེ་བཤེས་སྟག་ནི་སྤྲོ་བ་བརྟས་དྲགས་ནས་ངོ་མ་བསྟོད་པའི་ལྷ་ཡུལ་དུ་སླེབས་སྙམ་པར་བྱེད། དགེ་བཤེས་སྟག་དེ་འདྲའི་སྤྲོ་བ་རྒྱས་པའི་སྐབས་སུ་ཁོ་རང་ལ་རྒྱ་གར་གྱི་སྐད་ནས“ཀ་ཅ”ཞེས་བསྟོད་པའི་ཁུལ་གྱིས་སྨད་པ་བྱེད་མཁན་ཡང་འགའ་ཤས་ཡོད་མོད། དགེ་བཤེས་སྟག་གིས་དེ་ཡང་བསྟོད་པ་རུ་གོ་ནས་ཁོ་རང་ལྷ་ཡུལ་གྱི་ཡང་སྟེང་ཡུལ་གང་ཞིག་ལ་སླེབས་པའི་གནང་བ་སྟེར། ཁོ་ལ་བསྟོད་པའི་གཤོག་པ་འདོགས་མཁན་མང་པོ་ཡོད་པའི་ནང་ནས་ཁ་ཤས་མ་རབ་ཚ་བས། དགེ་བཤེས་སྟག་དགའ་དྲགས་ནས་གནམ་ལ་འཕུར་བའི་འཕྲུལ་སྣང་འཆར་བའི་སྐབས་དང་སྟབས་བསྟུན་ཏེ་ཁོའི་དངུལ་ཁུག་སྟོང་པར་བཏང་པའི་ལོ་རྒྱུས་ཁྱད་མཚར་འགའ་ཡང་ཡོད།



4


དགེ་བཤེས་སྟག་ནི་གང་ལྟར་ཡང་དགེ་བཤེས་སྟག་རང་ཡིནཔས་ཁོ་རང་སྤྲོ་སྣང་ལྡན་པ་ཞིག་རེད། དེ་འདྲ་མིན་ན་དགེ་བཤེས་སྟག་ལོ་གསར་གཏོང་རྒྱུར་མོས་པའི་དངོས་ཡོད་ལ་བསྙོན་ག་ལ་ཐུབ། དགེ་བཤེས་སྟག་ལོ་གསར་གཏོང་རྒྱུར་དགའ་བ་ལའང་རྒྱུ་མཚན་བཤད་རྒྱུ་ལོས་ཡོད་དེ་ཁོས“ལོ་གསར་ནི་སྟོན་པའི་གནང་བ་ཡོད་པའི་སྤྲོ་སྐྱིད་གལ་ཆེན་ཞིག་རེད་” ཟེར 
ཐེངས་ཤིག་མགོ་སེར་ནང་ཆོས་མཁས་པ་ཞིག་གིས་དགེ་བཤེས་སྟག་ལ་སྟོན་པས་ལོ་གསར་གཏང་ཆོག་པའི་གནང་བ་སྤྲད་མེད་ལུགས་དང་། གྲྭ་པས་ལོ་གསར་གཏོང་བའི་སྲོལ་འདི་བོད་ནས་དར་བ་སོགས་ཀྱི་གནས་ལུགས་གང་འཚམས་བཤད་པ་རེད། འོན་ཀྱང་དགེ་བཤེས་སྟག་གིས་ལྡོག་ནས་མགོ་སེར་དེ་ལ་ཧབ་དགོད་དང་འཕྱ་དམོད་གང་ཐུབ་ཅིག་བྱས་པ་མ་ཟད། “སྟོན་པ་གཙོ་འཁོར་དང་བཅས་པས་ནཱ་ལེནྡྲར་ལོ་གསར་གྱི་རྟེན་འབྲེལ་གནང་མྱོང་”ཟེར། མགོ་སེར་དེ་ནི་ཧང་སང་ཐག་ཆོད་ནས་ཅི་ཡང་བཤད་རྒྱུ་མེད་པར་ལུས་སོང་། དོན་ངོ་མར་མགོ་སེར་དེ་ཅི་ཞིག་ལ་ཧང་སང་མིན་བརྗོད་དཀའ་ཡང་། དགེ་བཤེས་སྟག་ནི་ཡང་བསྐྱར་སྤོབས་པ་དང་ང་རྒྱལ་གྱིས་མྱོས་ཐག་ཆོད་བཞག དེ་ལ་ཡང་རྒྱུ་མཚན་གང་མང་ཡོད་གྱི་རེད། གོ་ཐོས་ལྟར་ན་དགེ་བཤེས་སྟག་ལ་སྔ་མོ་ནས་ཚན་རིག་པ་ཞིག་ཚར་གཅོད་རྒྱུའི་དམིགས་ཡུལ་ཡོད་པ་རེད་ཟེར་བས་ཕལ་ཆེར་དེས་ཡིན་གྱི་རེད། ངོ་མ་བྱས་ན་ཁོ་ལ་དྲི་བ་འདོན་མཁན་གྱི་མགོ་སེར་དེ་ཚན་རིག་པ་ཞིག་ཡིན་བཟོ་མི་འདུག་ཀྱང་། མགོ་སེར་ཡིན་ན་ཚན་རིག་པ་ཡིན་པའི་ཁྱབ་པ་ནི་དགེ་བཤེས་སྟག་གི་ལྟ་གྲུབ་མ་ཡིན་ནམ། 
དུས་རྒྱུན་དགེ་བཤེས་སྟག་ལ་མི་དགའ་མཁན་དག་གིས་“དགེ་བཤེས་སྟག་ནི་ཡི་དྭགས་གསོན་པོ་ཞིག་རེད” ཟེར་བའམ་ “ཁོས་སྒོར་མོ་ལ་ཁྲུ་གུ་སྐྱེ་རྒྱུ་ཡོད་བསམས་པ་རེད”ཟེར་བ་སོགས་སྒྲོ་འདོགས་སྣ་ཚོགས་བྱེད་མོད། དོན་ངོ་མར་དེ་འདྲ་ཟེར་མཁན་དག་ནི་དགེ་བཤེས་སྟག་ལ་མིག་སེར་ལངས་པ་རང་ཡིན་པ་ལས། དགེ་བཤེས་སྟག་གིས་རྒྱུན་དུ་ཟ་ཁང་འགྲིམས་ནས་ཕག་ཤ་དང་ཇ་ཤ་ཚོན་པོ་དག་ལ་ལྐོག་ཏུ་རོལ་བ་མངོན་སུམ་རེད། དགེ་བཤེས་སྟག་ལ་རྒྱུས་ཆེ་བར་གྲགས་པའི་ཁོའི་གྲོགས་པ་དག་གིས་ནི་“དགེ་བཤེས་སྟག་མཐའ་གཅིག་ཏུ་སེར་སྣ་ཆེ་ཟེར་ན་ཁག་པོ་རེད། འོན་ཀྱང་ཁོས་གྱོན་གོས་གསར་པ་གོན་པ་མཐོང་མ་མྱོང་” ཟེར། དེ་ནི་དངོས་འབྲེལ་རེད། ཁོ་ཚོས་དགེ་བཤེས་སྟག་གིས་གྱོན་གོས་གསར་པ་གོན་པ་མཐོང་མི་འདུག་མ་གཏོགས་དགེ་བཤེས་སྟག་ཀྱང་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན།
སྔར་དགེ་བཤེས་སྟག་ངེད་གཉིས་གྲོགས་པོ་ཡིན་པའི་སྐབས་ཤིག་ལ། ཉིན་ཞིག་ང་རང་ཁོའི་སར་ལས་དོན་ཞིག་གི་ཆེད་དུ་སོང་བ་ཡིན་མོད། དགེ་བཤེས་སྟག་ནི་གཟབ་མཆོར་ཁྲ་ཟིང་ངེ་བ་ཞིག་སྤྲས་ཏེ་འདུག ཁོས་གཟབ་མཆོར་བྱེད་སྟངས་དེ་ནི་རྒྱ་ནག་ནས་ཐོན་པའི་འཕྱིང་ཞྭ་དཀར་པོ་དུང་མདོག་འདྲ་བ་ཞིག་མགོ་ལ་གོན་ཡོད། གོན་ཡོད་ཟེར་ཡང་དོན་ལ་མགོ་ཐོག་ཏུ་ལྷེབ་བེར་བཞག་པ་ཙམ་རེད། རས་ལྷམ་ཡུ་རིང་སྔོན་པོ་གཡུ་མདོག་འདྲ་བ་ཞིག་རྐང་པར་གཡོགས་ཡོད་ལ་མིག་ཤེལ་ནག་པོ་འོད་ཀྲིག་གེ་བ་ཆེ་ཚད་ལ་མཁུར་མཚོས་ཀྱང་ཁེབས་འགྲོ་བ་ཞིག་གོན་འདུག ད་དུང་དམར་ཧར་རེར་ཡོད་པའི་གཤམ་ཐབས་དང་སྟོད་འགག དཔེ་མི་སྲིད་པ་རེད། ཁོའི་འདུག་སྟངས་ནི་ཅི་བས་རྫིག་ཉམས་དོད་པོ་ཞིག་སྟེ། རྐང་པ་གཡོན་པ་མདུན་དུ་བསྣར་ཞིང་གཡས་པ་རྒྱབ་ཏུ་ནུར་ལ། ལག་པ་གཉིས་སྟ་ཟུར་ལ་ཁེན་ནས་སྒྲོབ་ཉམས་དང་བཅས་ཅི་ཞིག་ལ་བལྟ་བཞིན་ཤུགས་གླུ་ཀྱུར་རེར་འདུག ང་རང་མཐོང་ཕྲལ་སྐད་གདངས་མཐོན་པོས་“ཨ་ཁོ་རེ་་་་་་་་ ཅི་འདྲ་རེད། ཧཧ་”ཞེས་ངོམ་སོ་བྱེད། ངོ་མ་ཉིན་དེའི་དགེ་བཤེས་སྟག་ནི་ནམ་རྒྱུན་གྱི་དགེ་བཤེས་སྟག་དེ་ག་ལ་ཡིན་ཏེ་ས་བདག་གམ་གཞི་བདག་མཐུ་བོ་ཆེ་ཞིག་མངོན་སུམ་རེད། དེ་ནི་ལོ་ལྔའི་ཡར་སྔོན་རེད། 


5


ལྟོས་དང་། དེང་སྐབས་དགེ་བཤེས་སྟག་ནི་དངོས་གནས་མི་བརྗིད་ཅན་ཞིག་ཆགས་འདུག ད་ནི་དགེ་བཤེས་སྟག་ཅེས་བརྗོད་རྒྱུ་ཡང་སྟབས་མི་བདེ། དེ་བས་དེང་སང་ཁོ་ལ་མི་ཚོས་དགེ་བཤེས་ཕག་ཟེར་བས་ངས་ཀྱང་དེ་ལྟར་བརྗོད་ན་མི་ཆོག་པ་ག་ལ་ཡོད། གལ་སྲིད་དགེ་བཤེས་ཕག་ཅེས་མ་བརྗོད་པའི་དབང་དུ་བཏང་ཚེ་ཁྱོད་ཀྱིས་ཁོ་རང་ངོ་ཤེས་ཚོད་མི་འདུག་པས་ངས་དགེ་བཤེས་ཕག་ཅེས་མི་བརྗོད་ཀ་མེད་མིན་ནམ། དགེ་བཤེས་ཕག་ཁོ་རང་སྟག་ནས་ཕག་ཏུ་འགྱུར་བ་ལ་རྒྱུ་མཚན་མེད་པ་ག་ལ་ཡིན་ཏེ་རྒྱུ་མཚན་ལོས་ཡོད། མ་ཟད་ཁོ་ལ་མིང་ངན་འདི་འདྲ་འདོགས་དགོས་པ་ལ་ཡང་རྒྱབ་ལྗོངས་གང་མང་ཡོད་དེ། དེང་སྐབས་ཁོས་བསྡུས་གྲྭ་རྩོད་ཀྱི་མི་འདུག དེ་ནི་རྐང་ལག་སྔར་བཞིན་བདེ་རྩལ་དོད་པོ་མིན་པས་ཡིན་གྱི་རེད། ཁོས་དཔེ་ཁྲིད་གར་ཡོད་ལ་གཉིད་ཁོ་ན་ཁུགས་ནས་སྡོད། ལུས་པོ་ཧ་ཅང་རྒྱགས་པ་ཆགས་ཡོད་ལ་དམིགས་བསལ་ལྟོ་བ་འབུར་ཆེ་བས་འཕག་མཆོང་ཅུང་བྱས་ཀྱང་དབུགས་ཧལ་འགྲོ། མཇིང་ཤ་ཐུར་དུ་ལུག་ཆེ་ནས་སྐེ་དང་མ་ནེ་ཡང་མི་མངོན་པའི་ཚད་རེད། མ་ཟད་དེང་སང་ཁོས་སྔར་གྱི་དམ་བཅའ་རྡོ་རྗེ་འདྲ་བ་དག་དོར་ནས་དབྱིན་ཡིག་ལག་ལ་ཐེབས་ན་དབྱིན་ཡིག་དང་རྒྱ་ཡིག་ལག་ལ་ཐེབས་ན་རྒྱ་ཡིག་སྦྱོང་བ་མ་ཟད། གོ་ཐོས་ལ་ཁོས་བྱིས་པ་དག་ཡིག་ཀྱང་སྦྱོང་འགོ་བཙུགས་འདུག་ཟེར། ད་དུང་གྲོགས་པོ་ཁ་ཤས་ཀྱིས་“ལོ་ན་སུམ་ཅུ་ལོན་པའི་བྱིས་པ”ཞེས་ཀུ་རེ་ཡང་བྱེད་ཀྱི་འདུག འོན་ཀྱང་ད་དུང་འཕོ་འགྱུར་རྩ་བ་ནས་ཕྱིན་མེད་པ་གཅིག་ནི་ཁོ་རང་སྔར་བཞིན་བསྟོད་པ་ལ་ལྷག་ཏུ་དགའ་བ་དེ་རེད། རེད་དེ་དེང་སང་ཁོ་ལ་རྒྱ་གར་གྱི་སྐད་ནས “ཀ་ཅ་” ཞེས་བསྟོད་པ་ཡིན་ཁུལ་གྱིས་དམོད་ཚེ་ཁོང་ཁྲོ་ལངས་ཐག་ཆོད་ནས་གློ་སྙིང་མགོ་གཏིང་སློག་པ་ལྟ་བུའི་རྣམ་འགྱུར་སྟོན་ངེས། 
དགེ་བཤེས་སྟག་དགེ་བཤེས་ཕག་ཏུ་འགྱུར་བ་ལ་རྒྱུ་མཚན་བཤད་ན་ཕྱི་ནང་གསང་གསུམ་དུ་ཕྱེས་ནས་བཤད་རྒྱུ་ཡོད་ཟེར་བས་རྫོགས་པར་ག་ལ་འཆད་ནུས། ཡོངས་གྲགས་བྱས་ན། ལོ་ངོ་བཞི་ཙམ་གྱི་ཡར་སྔོན་དུ་དགེ་བཤེས་ཕག་ཆོས་ར་འགྲིམས་པའི་ཉིན་ཞིག་ལ་རིགས་ལམ་གློག་ལས་མྱུར་བའི་བསྡུས་གྲྭ་བ་ངར་མ་ཞིག་དང་ཁ་ཐུག་བརྒྱབས་པ་རེད། མི་དེ་ནི་ཧབ་ཆ་ཚ་ལ་ཧོལ་རྒྱུག་ཆེ་བ་མ་ཟད་ཁ་བདེ་མགོ་བདེ་ཞིག་ཡོད་པས་དགེ་བཤེས་ཕག་ལྟ་བུ་བཅུ་ཡིས་ཀྱང་དོ་ཟླ་མི་ནུས་པའི་ཚོད་རེད། དགེ་བཤེས་ཕག་མི་དེའི་ས་ནས་རྒྱུན་དུ་ཕམ་ཁ་ཁུར་དགོས་བྱུང་བས། དགེ་བཤེས་ཕག་གི་རྗེས་འབྲང་བ་ཉི་མ་ནས་ཉི་མ་ཇེ་ཉུང་ཇེ་ཉུང་དུ་ཕྱིན་པ་མ་ཟད་ཁོ་རང་གི་འཁོར་སློབ་རྙིང་པ་ཚོས་ཀྱང་ཁོ་ལ་མཐོང་ཆུང་བྱེད་འགོ་ཚུགས། ལོ་ཟླ་དེ་ཚོ་ནི་དགེ་བཤེས་ཕག་གི་རླུང་རྟ་ཐུར་ལ་རྒྱུག་པའི་དུས་སྐབས་དག་རེད། དེང་སང་ཡང་བསྡུས་གྲྭ་བ་རེ་ཟུང་རྔུལ་ཆུ་འཆོར་བ་མཐོང་ཚེ་ཁོ་རང་དངན་པ་རིང་པོ་རེ་དབང་མེད་དུ་ཤོར་འགྲོ། ལྟས་ཚོད་ལ་ཕལ་ཆེར་རླུང་རྟ་ཐུར་རྒྱུག་གི་ལོ་ཟླ་དེ་ཚོ་དྲན་གྱི་ཡོད་པ་འདྲ། དེ་ནི་དགེ་བཤེས་སྟག་དགེ་བཤེས་ཕག་ཏུ་འགྱུར་བའི་གོ་རིམ་ཁྲོད་ཀྱི་ཕམ་ཁ་དང་པོ་རུ་བགྲང་ཆོག་ལ། སྟག་རྒོད་ཕག་རྒོད་དུ་འགྱུར་བའི་དབུ་འགོ་དེ་ནས་ཚུགས་པ་རེད།
དགེ་བཤེས་ཕག་གི་ཕམ་ཁ་གཉིས་པ་ནི་ལོ་འཁོར་ཡིག་རྒྱུགས་རེད། དང་ཐོག་ཁོས་“རིགས་ལམ་དཀའ་མོ་འདི་འདྲ་ཤེས་མཁན་ཞིག་ལ་ཡིག་རྒྱུགས་ནི་ཀུ་རེ་ཙམ་རེད་”སེམས་ཀྱི་ཡོད། འོན་ཀྱང་ཡིག་རྒྱུགས་ཀྱི་གྲུབ་འབྲས་སྒྲོག་སྐབས་དགེ་བཤེས་སྟག་གི་མིང་ཨང་དང་པོའི་ནང་ཐོས་རྒྱུ་མེད་ལ་གཉིས་པ་དང་གསུམ་པའི་ནང་དུ་ཐོན་རྒྱུ་མེད་པ་མ་ཟད། སྡེ་ཚན་དང་པོ་དང་གཉིས་པ་གསུམ་པ་བཅས་ཀྱི་ནང་དུའང་ཐོས་རྒྱུ་མ་བྱུང་བས་ཁོ་རང་རེ་ཞིག་ཡིད་མ་ཆེས་པར་གྱུར། འོན་ཀྱང་དངོས་ཡོད་ནི་དངོས་ཡོད་རང་ཡིན་པས་ཉིན་དེ་ཚོར་ཁོ་རང་ལ་དུས་རྒྱུན་གྱི་སྤོབས་པ་དང་ང་རྒྱལ་དག་ཀྱང་མི་མངོན་པས་ཧ་ཅང་ཉམ་ཆུང་། གནད་དོན་འདི་ཚོར་བསམས་ན་ཁོ་ལ་དེ་འདྲའི་འཕོ་འགྱུར་བྱུང་བར་ཁག་ག་ལ་ཡོད་ཨང་།
དགེ་བཤེས་ཕག་ལ་ཕམ་ཁ་གསུམ་པ་སྤྲོད་མཁན་ནི། ཏག་ཏག་ཁོ་རང་གཏན་ནས་མི་དགའ་སའི་རྒྱ་གར་བ་དག་རེད། དགེ་བཤེས་ཕག་ཉིན་ཞིག་རྒྱ་གར་གྱི་གྲོང་ཁྱེར་ཞིག་ཏུ་སྤྲོ་འཆམ་ལ་ཆས་པ་རེད། སྟབས་མ་ལེགས་པ་ཞིག་ལ་ཞག་འདུག་བྱས་སའི་མགྲོན་ཁང་བདག་པོས་དགེ་བཤེས་ཕག་ལ་ཁོག་ཚོད་ལོན་ནས། ཁོའི་དངུལ་ཁུག་མཐུག་པོ་དེ་ལྷག་ལུས་མེད་པར་ཁང་གླར་བླངས་སོང་། ཁོས་དབྱིན་སྐད་དང་ཧིན་སྐད་གང་ཡང་མི་འཁྱོལ་ཁར་བསྡུས་གྲྭའི་རིགས་ལམ་རྣོན་པོ་དེ་ཡང་བེད་སྤྱོད་མ་བྱུང་བས་ཁུ་སེམ་མེར་ལོག་རྒྱུ་ལས་ཐབས་ཅི་ཡོད།
དེ་དུས་དགུན་གསུམ་གྱི་ཕོ་ཉ་རྒྱང་དུ་བཞུད་ཟིན་ཅིང་དཔྱིད་གསུམ་གྱི་བདག་མོ་མདུན་དུ་འབྱོར་ཟིན་ཀྱང་། ཕྱིའི་འཇིག་རྟེན་མཐའ་དག་ནི་ད་དུང་ཡང་མུ་མཐའ་མི་མངོན་པའི་མྱ་ངམ་ཐང་ཞིག་དང་འདྲ་བར་སྐྱ་ཧང་ཧང་གི་སྣང་ཚུལ་ཞིག་གི་ཁྲོད་གཉིད་དུ་ཡུར་འདུག དགེ་བཤེས་སྟག་གིས་སུན་སྣང་དང་བཅས་ཆར་པ་ཞིག་གཏོང་རེ་ཡིས་མགོ་ཐོག་གི་ནམ་མཁའ་ལ་ལན་འགའ་བལྟ་ཙམ་རེ་བྱས་མོད། དགུང་སྔོན་པོར་ནི་སྔར་ལྟར་སྤྲིན་པ་ལག་མཐིལ་ཙམ་ཡང་མི་མངོན་པར་སྔོ་སེང་ངེར་ཡོད་པ་མ་ཟད། མཁའ་དབྱིངས་ཀྱི་ཉི་མ་དེ་ཡང་ནམ་རྒྱུན་དང་མི་འདྲ་བར་ཉི་མ་སྟོང་གི་ཟེར་གཅིག་ཏུ་བསྡོམས་པ་ལྟར་འབར་ཡོང་བས་དགེ་བཤེས་ཕག་ལ་སྣོད་བཅུད་ཐམས་ཅད་རང་གི་དགྲར་ལངས་བའི་སྣང་བ་འཆར།
དེ་འདྲའི་མནར་གཅོད་བཙན་པའི་ནམ་དུས་ཤིག་གི་ཁྲོད་ནས་དགེ་བཤེས་ཕག་ཁོ་རང་སྟག་ནས་ཕག་ཏུ་འགྱུར་བའི་ལམ་དུ་ཆས་བྱུང་། དེང་སྐབས་དགེ་བཤེས་ཕག་གིས་གར་འགྲོའི་ས་ལ་སྲིད་དོན་ཁོ་ན་གླེང་བར་བྱེད་ཅིང་། ཡུན་རིང་མ་འགོར་བའི་སྔོན་ནས་ཁོས་དབྱིན་མོ་ལོ་ལོན་ཞིག་དང་ཡང་ལྐོག་འབྲེལ་དམ་ཟབ་བྱེད་མུས་རེད་ཟེར། ཡང་སྙིང་དགེ་བཤེས་ཕག་གི་འབྱུང་འགྱུར་དེ་ཅི་འདྲ་ཞིག་ཡིན་ནམ། རྡ་རམ་ས་ལའི་སྲང་ལམ་དག་ཏུ་རྒྱུ་བའི་གྲྭ་ལོག་སྲིད་དོན་པ་དེ་ཡིན་ནམ་ཡང་ན་ཨ་རིའི་སྤྱོད་ཁང་འཁྲུད་བཞིན་པའི་བོད་རྒན་ལོ་ལོན་དེ་ཡིན། འདི་དག་ནི་རྙོག་འཛིང་ཆེ་བའི་དྲི་བ་ཏག་ཏག་ཡིན་པས་དུས་ཚོད་ཁོ་ནས་ཐག་གཅོད་ཐུབ།
གང་ལྟར་བཤད་སྒྲུབ་དགོན་པ་ནི་སྔར་བཞིན་རུས་སྦལ་གྱི་སྒལ་གཞུང་ལྟ་བུའི་དེའུ་འབུར་དེ་ན་ཤེལ་གྱི་མཎྜལ་ལ་གཡུ་ཡི་ཕྲ་བཏབ་པ་ལྟར་ཁྲ་ཆེམ་མེར་འགྱིངས་ཡོད་ཅིང་། དགོན་པའི་ནང་ངོས་ཀྱི་ཆོས་རའམ་རྩོད་ར་དེ་ནི། རྙིང་གོག་ཏུ་སོང་བའི་ཤོ་གདན་སྒོར་མོ་ཞིག་དང་འདྲ་བར་སྐྱ་ཐལ་ལེར་འདུག་ལ། དེ་ན་རྟགས་བསལ་བ་ངར་མ་སྟག་འདྲ་བ་དང་དམ་བཅའ་བ་དར་མ་གླག་འདྲ་བ་དག་གི་ཧབ་ཆ་དང་ཀི་སྒྲ། རྐང་ལག་རྡེབ་ཤུགས་ཀྱི་ཆོམ་སྒྲདང་། གདུགས་འཁོར་བ་ལྟ་བུའི་ལྡིང་བསྐོར། ད་དུང་རྟ་འདྲོགས་པ་ལྟ་བུའི་འཕག་མཆོང་དང་མཐོང་ཆུང་གི་ཆ་ཤས་རྫོགས་པའི་ཁ་གཉེར་སྣ་གཉེར་གྱི་ཁ་དབུགས་ཤིག་གིས་ཡོངས་སུ་ཁྱབ་འདུག ཡོངས་སུ་ཁྱབ་འདུག

བརྩམས་སྒྲུང་།

Post navigation

Previous Post: ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་གསུམ་པ།
Next Post: གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ལོག་རྟོག་གསེལ་བཀྲོལ།

Comments (6) on “མདོག་འགྱུར།”

  1. བན་དེ་བ། says:
    2013-05-04 at 5:12 am

    གྲྭ་སའི་སློབ་གཉེར་བ་དང་མཚན་ཉིད་རིགས་པ་སྨྲ་བ་ཚོ་ཏག་ཏག་བཟོས་འདུག ཡིན་ནའང་སྙན་པོ་བྲིས་འདུག རྩོམ་གྱི་མདའ་མོ་དེ་གྲྭ་སའི་བླར་རྒན་གྲྭ་རྒན་ཀླད་རྙིང་ཁྲེགས་བཟུང་བྱེད་མཁན་ཚོ་ལ་འཕེན་ཤག

  2. བཀྲ་ཤིས་དོན་འགྲུབ། says:
    2013-05-05 at 6:51 am

    བརྩམས་སྒྲུང་འདི་ཆ་ཚང་བ་ཞིག་བཀོད་མི་འདུག གང་ཡིན་ནམ?????

  3. བཀྲ་ཤིས་དོན་འགྲུབ། says:
    2013-05-05 at 12:43 pm

    ད་མཇུག་ཡོངས་རྫོགས་བཀོད་གནང་འདུག ཐུགས་རྗེ་ཆེ།

  4. ཐོས་པ་དགའ says:
    2013-05-05 at 5:36 pm

    བཀྲིས་དོན་འགྲུབ་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དངོས་གནས་སྙན་མོ་དང་གནད་ལ་ཁེལ་བ་ཞིག་བྲིས་འདུག དེ་སང་གི་གྲྭ་ས་ནི་ཧ་ཅང་ཉེན་ཚབ་ཆེ་བའི་དུས་བསྐལ་ཞིག་ཏུ་སླེབས་ཡོད་པས་རིང་མིན་གྲྭ་སའི་སྲོལ་རྒྱུན་གྱི་ལམ་ལུགས་སྲོལ་དུས་དང་བསྟུན་ནས་འགྱུར་ནན་མོ་ཞིག་བཏང་མ་ཐུབ་ན་དངོས་ནས་ཁྲོམ་པའི་ནང་གི་སྦལ་བ་རང་ལ་འགྱུར་རྒྱུ་ཡིན་པ་ངེས་ཏན་རེད།
    ད་དུང་ཁྱེད་ཀྱི་སྙན་རྩོམ་ནང་གནས་སྟངས་ཁ་ཤས་ལ་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་རྒྱབ་མ་ཐུབ་པའི་སྣང་བ་བྱུང་། ཡིན་ནས་དངོས་གྲྭ་སའི་འཚོ་བ་མཚོན་ཐུབ་པ་དང་དག་ཡིག་སྙན་གསུམ་ལྡན་པ་ཞིག་འདུག
    དགེ་བཤེས་སྟག་ཕག་ནི་མི་ཚེ་ཧ་ལམ་འཁྱོལ་འགྲོ་ཡི་རེད། དེ་མ་ཡིན་དགེ་བཤེས་སྟག་ལ་ཆེས་བསྟོད་བྱེད་ཀྱི་གྲོགས་པོ་དག་གི་འདུན་ལམ་ནི་དེ་བས་ངེས་གཏན་མེད་པ་ཞིག་རེད།
    རིང་མིན་གྲྭ་སའི་ནང་ཚན་རིག་དང་དེང་རབས་སློབ་ཚན་སློབ་འཁྲིད་ག་ལེར་འཕེལ་ཐུབ་པས་རེ་བ་ཡོད།

  5. མེ་ཏོག་དཀར་པོ says:
    2013-05-05 at 6:00 pm

    ངར་མ་སྟག་རྒོད་ཕག་ཏུ་འགྱུར་བ་བཀླགས།།
    བྱ་ཤ་ཇ་ཤར་འགྱུར་བའི་ཚུལ་ཀྱང་བཀླགས།།
    སྔ་རྗེས་གསུམ་དུ་བྱས་ཏེ་མདོག་འགྱུར་བཀླགས།།
    བཀླགས་པའི་རིན་དུ་ཚིགས་བཅད་འདི་བྲིས་སོ།།

  6. བཀྲ་ཤིས་དོན་འགྲུབ། says:
    2013-05-06 at 3:26 am

    ཧཧཧ ད་རེས་ཡིན་ན། མེ་ཏོག་དཀར་པོ་ཟེར་བ་དེར་གནས་ལུགས་ཏོག་ཙམ་འདུག དངོས་ནས་བྱ་ཤ་ལ་ཇ་ཤ་བྲིས་བཞག དེ་ནོར་བ་ཡིན་པ་ངས་ངོན་ལེན་བྱེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme