Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་སྤྱི་འཐུས་ལ་འཚམས་པའི་མགོ་ལོག་ཟླ་བྷེ།

Posted on 2010-06-112010-07-06 By ཀླུ་ 47 Comments on མདོ་སྨད་སྤྱི་འཐུས་ལ་འཚམས་པའི་མགོ་ལོག་ཟླ་བྷེ།

ཟླ་བྷེ

སྐར་ཁྲི་བཙན།
བཙན་བྱོལ་ནང་གི་ད་ལྟའི་སྤྱི་འཐུས་ཀྱི་གནས་སྟངས་ངོ་མ་བཤད་མི་དགོས་པར་ཧ་ལམ་དྲ་གྲོགས་ཚོའི་སེམས་ ནང་ན་གསལ་ལྷང་ངེ་ཡོད་པ་བཞིན།
གུས་པས་ཀྱང་འདས་ཟིན་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་སྤྱི་འཐུས་རྣམ་པའི་མཛད་རྗེས་ལ་བལྟས་པ་ཡིན་ལ་དེ་རིང་སྤྱི་འཐུས་ཀྱི་རྐུབ་སྟེགས་གནོན་མཁན་རྣམ་པ་ཡང་མཐོང་གི་འདུག། མ་ཟད་མ་འོངས་བར་བོད་མི་མང་གིས་སྤྱི་འཐུས་གདམ་སྟངས་ལ་དཔག་བཞིན་ཡོད། ལོ་རྒྱུས་ཀྱི་བྱུང་རིམ་ཐུང་ངུའི་ནང་དུ་ཆེ་གེ་མོ་འགའ་རེ་སྤྱི་འཐུས་ཀྱི་སྟེགས་བུར་ག་འདྲ་བསྙེགས་ཡོད་པར་ཕྱིར་མིག་ཐེངས་གཅིག་གི་དབུ་ཤད་བྱས་ཤིང་དེ་རིང་སྐྱབས་བཅོལ་བ་ཡོད་དོ་ཅོག་གིས་ཁ་རྩང་་གི་བྱུང་རིམ་དེའི་འཐུས་ཤོར་སྣ་ཚོགས་བསྡོམ་རྩིས་གཟབ་མོ་ཞིག་གི་བརྗོད་གཞི་གཙོ་བོ་ཀླད་ཀྱི་ནང་དོན་དུ་འགོད་དགོས་པ་གལ་ཆེ་བར་འདོད་བཞིན་ཡོད།


རྒྱལ་ཁབ་དང་སྤྱི་ཚོགས་ཆེ་ཆུང་གང་ཡིན་ཡང་འཐུས་ཤོར་ཟེར་བའི་ཐ་སྙད་དེ་ཡོད་པ་ཞིག་རེད་ལ་ཡོད་ཆོག་པ་ཞིག་ཀྱང་རེད། ཡིན་ན་འཐུས་ཤོར་འཐུས་ཤོར་དུ་ངོས་མི་ཟིན་པར་འཐུས་ཤོར་གྱི་གོམ་སྟབས་སྔར་ལས་མགྱོག་ཏུ་གཏང་བ་ན་སྤྱི་ཚོགས་དེ་རྗེས་ལུས་ཀྱི་མིང་ཚིག་དང་མཉམ་དུ་གཏན་སྡོད་ལས། འོད་སྟོང་འབར་བའི་ཡར་རྒྱས་ཀྱི་རྣམ་པ་ནམ་ཡང་མངོན་མི་ཐུབ་ཅེས་སྤོབས་པའི་མགོ་བོ་ཐེངས་གཅིག་དགྱེ་ན་འདོད། དམངས་གཙོ་ཡི་དབྱངས་རྟ་ངག་ཏུ་གྱེར་བ་ཙམ་གྱིས་དུས་རབས་ཉེར་གཅིག་གི་འགྱུར་འགྲོས་མཐོང་གི་ཡོད་མེད་བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོ་ལོངས་སྤྱོད་བྱ་སྟངས་ལ་གཞིག་ན་གསལ་བོ་རེད། མི་འགའ་རེས་སྤྱི་འཐུས་ཟེར་བ་ཉམ་ཆུང་དག་ལ་ལྟ་རྟོག་བྱ་མཁན་དང་ཡང་མི་ཉུང་བ་ཞིག་གིས་སྤྱི་འཐུས་ནི་མི་དམངས་ཀྱི་སྐུ་ཚབ་ཏུ་ངོས་འཛིན་བྱ་བཞིན་ཡོད། ཡིན་ན་སྤྱི་འཐུས་ཤིག་ལ་དོན་ངོ་མ་ཆ་རྐྱེན་གང་དང་གང་ཚང་དགོས་པ་དང་ཚད་ལྡན་ཡིན་མིན་ངག་ཐོག་ནས་གླེང་བ་ལས་དོན་ཐོག་ཏུ་ཆ་ཚང་བ་ཞིག་སྨིན་གྱི་མེད་པས་སྤྱི་འཐུས་འདེམས་སྟངས་ཀྱི་འཐུས་ཤོར་དེ་ལྷག་ཡོད་པར་སྙམ། ཉག་ཕྲ་དང་ཉམ་ཆུང་གི་ན་ཚ་ཕོག་པའི་ང་ཚོ་ལ་དགོས་པ་ནི་གཞུང་དམངས་བར་ལ། མིག་གཉིས་བར་གྱི་གདོང་བ་དང་ཆུ་གཉིས་བར་གྱི་ཟམ་པ་ལྟར་ཆོལ་ཁ་ཡི་ཕྱོགས་ཞེན་གསར་བའི་དྲི་ངན་གོས་མེད་བའི་སྤྱི་འཐུས་ཤིག་དགོས་པ་ལས། ཕྱི་དགྲ་མི་ཐུབ་པར་ནང་ཁུལ་ནས་དཔའ་ཉམས་དང་རྫིག་མདོག་གི་རྣམ་འགྱུར་སྟོན་པའི་སྤྱི་འཐུས་ཤིག་ལ་རེ་བསྙེག་བྱེད་མི་རུང་། ང་ཚོ་ལ་ཆོས་ལུགས་ཀྱི་ཕྱོགས་རེས་རྙིང་བའི་འབགས་ལྷད་མ་གོས་པར་བོད་ཕྱི་ནང་བར་ལ་དམ་ཚིག་གི་གསེར་ཟམ་འཛུགས་ནུས་པའི་སྤྱི་འཐུས་ཤིག་དགོས་པ་ལས། ནང་ཁུལ་ལ་དཀྲུགས་ཤིང་གི་འཁོར་ལོ་སྐོར་ཤིང་ངག་ནས་ཞེ་ས་འདྲ་མིན་གྱི་མ་ཎི་ཁོ་ན་བགྲང་མཁན་ཞིག་ལ་རེ་བསྙེག་བྱེད་མི་རུང་། ང་ཚོ་ལ་མ་འོངས་བར་བོད་ཀྱི་བདེན་མཐའ་སེལ་བར་རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་བོད་ཕྱི་ནང་གི་གནས་སྟངས་ངོ་མ་མཐོང་མཁན་གྱི་རྣམ་དཔྱོད་ལྡན་པའི་སྤྱི་འཐུས་ཤིག་དགོས་པ་ལས། བསྒྲུབ་ནུས་པའི་བྱ་བ་རྐང་གཅིག་མེད་པར་རང་ཆེ་མདོག་དང་འཇོན་མདོག་གི་སྒྱུ་འཕྲུལ་སྟོན་ཤེས་པ་ཙམ་ཞིག་ལ་རེ་བསྙེག་བྱེད་མི་རུང་། ང་ཚོ་ལ་དགོས་པ་ནི་རྒྱ་ནག་ཆབ་སྲིད་ཀྱི་གཡོ་ཇུས་རིགས་ལ་ཆ་རྒྱས་ཡོད་པ་དང་བདེན་མཐའི་འཐབ་བརྩོད་ལ་གདོང་ལེན་བྱེད་པར་བློ་སྟོབས་ལྡན་པའི་སྤྱི་འཐུས་ཞིག་དགོས་པ་ལས། ཕྱི་ནང་གི་གནས་ཚུལ་རྣ་ཐོས་ཙམ་གྱིས་མུན་ནག་མདའ་འཕེན་ལ་གོམས་པའི་སྤྱི་འཐུས་ཤིག་ལ་རེ་བ་བྱེད་མི་རུང་།
ང་ཚོ་ལ་དགོས་པ་ནི་༸རྗེ་གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་དམ་ཚིག་ལྷད་མེད་ཡིན་པ་དང་ཤེས་འཇོན་ཉིས་ལྡན་གྱི་སྤྱི་འཐུས་ཤིག་དགོས་པ་ལས། ཕྱི་གླིང་བ་འགའ་ལ་མགོ་སྐོར་གྱི་ནུས་པ་དང་རྒྱ་གར་སྐད་ཐ་ཐོར་ཤེས་པ་ལས་རང་སྣང་གང་ཤར་གྱི་སྐད་མགོ་མཐོ་བའི་སྤྱི་འཐུས་ཤིག་ལ་རེ་བ་རྒྱག་མི་རུང་།
མགོ་ལོག་ཟླ་བྷེ་ལ་མཚོན་ན་ད་བར་དུ་ཁོང་གི་སྒྱུ་རྩལ་གྱི་ཐབས་ལམ་ལ་རྟེན་ཤིང་བོད་སྤྱི་བའི་བྱ་བཞག་ལ་བྱས་རྗེས་ག་འདྲ་བཞག་ཡོད་པ། ཁ་ཡོད་ལག་ཡོད་ཀྱི་བོད་ལ་དགའ་བའི་མི་བུ་དག་གི་སེམས་ཁོང་ན་གསལ་ལྷང་ངེ་ཡོད་ལ། མ་འོངས་བར་དངོས་ཡོད་ལོ་རྒྱུས་ཀྱིས་ཀྱང་ཁོང་གི་མཛད་རྗེས་ལ་རྒྱབ་རྩ་བྱེད་ངེས་པར་འདོད། ཁོང་གི་སྐད་ཆའི་སྒྱུ་རྩལ་ཁོ་ནས་ངའི་སེམས་པ་འཕྲོག་མྱོང་མེད། ངས་ཁོང་གི་སྒྱུ་རྩལ་བརྩམས་ཆོས་ཀྱི་རྒྱུ་ཆ་དག་ལ་སེམས་པ་ཤོར་མྱོང་ཡོདཔ་དངོས་ཡོད་ཡིན། ཁོང་གི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་དེས་གྲོགས་དགའ་རུ་བཅུག་ཡོད་ལ་དགྲ་སྡུག་ཏུ་ཡང་བཅུག་ཡོད། ཁོང་གི་དངོས་ཡོད་ཀྱི་རྒྱུ་ཆ་དག་གིས་ཁོང་གི་རྣམ་དཔྱོད་ཀྱི་ཚད་དུས་རབས་ཀྱི་རྗེས་སུ་ལུས་མེད་པའི་བདེན་དཔང་བྱས་ཡོད་ལ་། ཁོང་བསྙེགས་མྱོང་བའི་སྟེགས་བུ་རེས་ཁོང་མི་རིགས་ལ་ཤ་ཞེན་གཟབ་པ་མ་ཟད་བདེན་དོན་གྱི་ཆེད་དུ་ཡོད་ཚད་བློས་གཏོང་ནུས་པའི་དཔའ་རྒོད་ཅིག་ཡིན་པ་ཡང་ར་སྤྲོད་བྱས་ཡོད། ཁོང་གི་རྟོགས་སད་ཀྱི་ཅོང་བརྡ་ཡར་ཀླུང་གཙང་བོའི་རླབས་སྒྲ་དང་མཉམ་དུ་ལྷང་མྱོང་ཡོད་ལ། རྨ་ཀླུང་ཕྱུག་མོའི་བཞུར་རྒྱུན་དང་མཉམ་དུ་ཡང་རྒྱུ་མྱོང་ཡོད། མི་འགའ་རེའི་ཡ་ཆུང་གི་གླིང་ག་ནས་རི་ཆུ་ཁྲི་ཕྲག་གི་ཁོང་གསེང་དང་། འབགས་ལྷད་མེད་པའི་མཁའ་དབུགས་དང་སྤྲིན་དཀར་གྱི་འདབས་ནས་ལྷང་བའི་དུས་རབས་ཀྱི་ཅོང་བརྡ་དེ། ཁ་བདེ་ཁོ་ན་ཞིག་ལ་ངོས་འཛིན་ལས། སྒྱུ་རྩལ་བ་ཁོང་གི་རྣམ་དཔྱོད། ལྷག་བསམ། ཤེས་འཇོན། སྤོབས་པ་དམ་ཚིག་སོགས་མཐོང་གི་མེད་སྲིད་པ་རེད། ཡིན་ནའང་སྐྱབས་བཅོལ་སྤྱི་ཚོགས་ནང་གི་མི་སྣ་འགའ་རེ་ནང་བཞིན་ར་མ་ལུག་གི་སྐད་ལ་བྱང་ཆ་དང་བཅས་མི་དམངས་ཀྱི་གོང་ནས་མཁས་མདོག་སྟོན་མཁན་དང་། སྐྲ་སེར་ཚོའི་མདུན་ནས་མེད་ཁ་མུག་ཁ་འདོན་མཁས་བ། སྐད་རིགས་ཆད་ལེ་ཆོད་ལེ་སྣ་མང་ཤེས་རུང་དོན་ལ་རང་སྐྱ་མི་འཕེལ་བའི་མི་སྣ་ཞིག་སྤྱི་འཐུས་ལ་གདམ་པ་ལས། རྣམ་དཔྱོད་ཀྱི་གཤོག་རྩལ་ཡངས་ལ་ལྷག་བསམ་གྱི་གངས་རི་དཀར་བ།
བོད་ཕྱི་ནང་གི་གནས་སྟངས་ཐུགས་དགོངས་ན་མེ་ལོང་བཞིན་གསལ་བའི་མགོ་ལོག་ཟླ་བྷེ་མ་འོངས་བར་སྤྱི་འཐུས་ཀྱི་སྟེགས་བུར་གདན་འདྲེན་བྱེད་ན་འོས་ཤིང་འཚམས་པར་འདོད་བཞིན་ཡོད། དེ་ནི་བོད་སྤྱི་བའི་གཟི་བརྗིད་ཅིག་ལ་སྣང་མྱོང་ཡོད་ལ། མདོ་སྨད་མི་མང་གི་རྒྱན་ཆ་ཞིག་ལ་ངོས་འཛིན་བྱས་ཡོད།
ཁོང་སྐྱབས་བཅོལ་དུ་ཕེབས་དགོས་པའི་རྒྱུ་མཚན་གྱི་ཕྱོགས་ནས་གླེང་བ་ན། གཅིག་ནས་རྒྱལ་ཁབ་ཅིག་གི་སྒྱུ་རྩལ་མཁན་པོའི་ཆོ་ལོ་ཐོབ་མྱོང་ཞིང་རྒྱལ་ཁབ་ཀྱི་ཆེས་ཚད་མཐོའི་འཁྲབ་སྟོན་པ་ཞིག་ལ་ཟླ་ཕོག་གི་མ་འདང་བས་འཚོ་བར་དཀའ་ངལ་སྣ་ཚོགས་ཀྱིས་འདི་གར་ཕེབས་པ་དང་། བརྡ་རམ་སར་འབྲས་དང་ལྡ་ལིའི་ཆེད་དམ། ཡང་ན་ཁ་ཤགས་ཤིག་བཤད་པར་དམིགས་ནས་ཕེབས་པར་མི་འདོད་ལ། ཁོང་གིས་རྒྱ་གར་ལྷ་ཡུལ་ལྟ་བུའི་ཟས་རང་འདོད་དང་གོས་རང་འགྲུབ་ཀྱི་ངོ་མཚར་གྱི་གཏམ་བཟང་ཐོས་ནས་སྐྱབས་བཅོལ་གྱི་ལམ་ཁ་འདིར་བསྙེགས་པ་རེད་དེ་བས་ཀྱང་སྣང་གི་མེད། མ་ཟད་ཁོང་རི་བོ་མཐོ་ས་དང་ཆུ་བོ་གཙང་ས་ནས་ཡར་གྱི་ཤྭ་རྗེས་མ་ཆོད་ལ་མར་གྱི་ཤེའུ་གྲལ་མ་ཟིན་པར་འདི་གར་ས་ལྷུང་རྡོ་ལྷུང་བྱས་ཡོང་བ་ཞིག་དང་གཏན་ནས་མི་འདྲ་བསམ་བཞིན་ཡོད། ཁོང་གི་ཀྱག་ཀྱོག་གི་མི་ཚེའི་བརྒྱུད་རིམ་ཁྲོད་ནས་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་དྲང་བདེན་གྱི་ཆེད་དུ་རྒྱ་ནག་གུང་ཁྲན་ཚོགས་པའི་སེམས་མི་བདེ་བ་གྲངས་མང་བྱས་པས། ཁོང་ལ་ཡང་གུང་ཁྲན་ཚོགས་པས་སུན་གཙེར་སྣ་ཚོགས་ཀྱིས་འགྲོ་ཟེར་ན་རྫ་ཁ་གངས་དང་། འདུག་འདོད་ན་ཉལ་ས་ཆུ་ཡིན་པས་སྐྱབས་བཅོལ་གྱི་ལམ་ཁ་འདི་མི་འདོད་བཞིན་མི་བདམས་རང་བདམས་སུ་ཆགས་པ་རེད་སེམས། ཁོང་གི་ཚེ་འཇུག་གི་མི་ཚེ་ཕྱི་གླིང་ནས་བསྐྱལ་དགོས་པ་དེ་ཁོང་སྡུག་ཆེ་ནས་ཉ་མོ་སྐམ་སར་ལྷུང་བ་ལས། སྐྱིད་ཆེ་བས་གླ་བོ་བྲག་ལ་མཆོང་བ་ཞིག་ལ་འདོད་ཀྱིན་མེད་པས། གུས་པས་ཤེས་འཇོན་ཉིས་ལྡན་ཙམ་མ་ཡིན་པར་ཕྱོགས་ཞེན་གྱི་དྲི་ངན་མི་ཐུལ་ཞིང་ལྷག་བསམ་དང་དམ་ཚིག་ལ་དོགས་པ་མི་དགོས་པའི་མི་བུ་འདི་ངོ་སྤྲོད་རགས་ཙམ་བྱས་པ་ཡིན་པས། དྲ་གྲོགས་རྣམ་པས་བློ་གཟི་བོ་བྱེད་པའི་རེ་བ་ཉག་ཅིག་འབོད་སྒྲ་དེ་དང་པོའོ།

སྣ་ཚོགས།

Post navigation

Previous Post: རྒྱ་གར་ནས་བོད་ཡིག་བཙལ་བ།
Next Post: ཉི་མ་ཉིན་གང་བོར།

Comments (47) on “མདོ་སྨད་སྤྱི་འཐུས་ལ་འཚམས་པའི་མགོ་ལོག་ཟླ་བྷེ།”

  1. མེ་ཆ་། says:
    2010-06-11 at 11:50 pm

    ཨོ་ལགས་སོ་། ཡིན་དང་ཡིན་། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་།

  2. བོད་ཀྱི་བུ says:
    2010-06-11 at 11:54 pm

    ཁོང་ཚང་གི་འཁྲིས་ཀྱི་བཞིན་བཟང་མ་འདི་སུ་རེད།
    ཨ་ལག་ཚང་གི་གསང་ཡུམ་འེ་རེད། དགོངས་དག ངའི་ཁ་འདི།

  3. བསང་ཆུ་འབྲུག་བྷེ། says:
    2010-06-12 at 1:10 am

    སྒྱུ་རྩལ་བ་ནི་ནམ་ཡང་སྒྱུ་རྩལ་བ་ཡིན་པས། སྲིད་སྟེགས་སུ་མི་འོས་པར་མཐོང་། ་ཡིན་ན་ཡང་ཁ་ཤོ་སྣ་རལ་དུ་གྱུར་ཟིན་པའི་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་སྐྱ་བོ་དང་སེར་མོ་བ། མཁས་པ་དང་བླུན་པོ་སོགས་ཀྱི་བར་གསེང་ཆེན་པོ་མེད་པར་སུ་འདོད་ན་སུ་འོས་ཆོས་བླུགས་ཆོག

  4. སྐར་ཁྲི་བཙན། says:
    2010-06-12 at 1:17 am

    ནོར་བཅོས
    གཟུ།

  5. penpa says:
    2010-06-12 at 1:25 am

    བསམ་ཚུལ་བཟང་གི། ཡིན་ན་ཡང་དང་པོ་ཁྱེད་རང་ནས་འགོ་འཛུགས་གནང་རོགས།

  6. ཀརྡོ་རབ་འབྱམས་པ་ says:
    2010-06-12 at 4:43 am

    དུས་བབ་རྩོམ་སྒྲིག་པའི་གཏམ་ལ་མཆན་བུ་འགོ་མཇུག་དང་མགོ་རྐུབ་ཀྱི་ཁྱད་འབྱེད་བྱས་པ་ལ་དགོས་ཡེ་དགག་ལན་མེད་པར་མི་དགོས་ཕྱིར་འདོན་བཀག་སོང་བློ་ཕམ་ཡོད།

  7. ཤ་རུས་གཅིག་པ་ says:
    2010-06-12 at 10:46 am

    མགོ་ལོག་ཟླ་བྷེ་ནི་བོད་ནང་གི་སྒྱུ་རྩལ་བ་སྐད་གྲགས་ཅན་ཞིག་ཡོན་མོད་ཀྱང་སྲིད་སྟེགས་ཀྱི་སྐུབ་ཅག་ལ་མཚམས་པའི་མི་ཞིག་མིན་པར་མཐོང་། དེ་བས་མགོ་ལོག་ཟླ་བྷེ་ནི་སླར་ཡང་བཙན་ཁྲོད་ཀྱི་སྒྱུ་རྩལ་གྲགས་ཅན་ཞིག་ཏུ་གྱུར་ནས་རིམ་བཞིན་འཛམ་གླིང་ན་གྲགས་པ་ཆེ་བའི་སྒྱུ་རྩལ་བ་ཞིག་ཏུ་ཆག་རྒྱུ་རེ་བ་དང་ཡིད་ཆེས་ཡོད་པའི་དེ་ཕྱོགས་འབད་ན་མི་ལེགས་སམ།

  8. མདོ་ལྷ་ཁམས་པ། says:
    2010-06-12 at 12:00 pm

    རེད་ད་རེད་དེས། ཡིན་ཡང་། བཙན་བྱོལ་སྤྱི་ཚོགས་འདིའི་ཁྲོད་ན་ཁོང་གི་སྒྱུ་རྩལ་གྱི་བྲོ་བ་མྱོང་བའི་ཁོར་ཡུག་ཅིག་ཁེག་ཙམ་མི་འདུག་གམ། དེ་ལས་དྷ་རམ་ས་ལའི་འཁོར་ཡུག་དང་འཚམ་པའི་སྲིད་ཀྱི་སྣེ་ཞིག་ལ་འཇུས་ན་བཟང་གི་རེད། སྐད་ཆ་འདི་སེམས་ཀྱི་དམར་དམར་པོ་དེ་ཡིན།

  9. རྨ་ཆུའི་རླབས་སྒྲ་ says:
    2010-06-12 at 12:38 pm

    སྤྱིར་གསར་ཞེན་ཆེ་བའི་མི་བུ་རིགས་གཅིག་གིས་་་དེ་རིང་ཕྲད་པའི་མི་འདི་སྐྱོན་མེད་དུ་མཐོང་སླ་ལ།
    སང་ཉིན་ཕྲད་པ་དེ་དེ་ལས་ཀྱང་སྐྱོན་མེད་ཅིང་ཡོན་དན་ཆེ་བ་མཐོང་སྲིད་པས་གསར་འདྲོགས་ལ་དགའ་
    བའི་མི་རྣམས་ལ་གཟབ་དགོས། གོང་གི་ངོ་སྤྲོད་བྱའི་མི་འདི་ལྷག་བསམ་དང་མཇོན་ཐང་ཅན་ཞིག་ཡིན་ན་
    སྤྱི་མཐས་མ་ཡིན་པས་སྔོན་འགྲོའི་ལས་རིགས་མང་ནི་རེད་བྲེལ་དགོས་མ་རེད་སྙམ།
    ངའི་བསམ་ན་ཁོང་གིས་སྒྱུ་རྩལ་གྱི་ལས་རིགས་ཞིག་འགོ་རྩམ་རྒྱབ་སྐྱོར་བྱེད་མཁན་རྣམས་པའི་དེ་ལ་
    འབད་ན་འཛའ་གི་སྙམ།

  10. ཤར་ཕྱོགས་པ། says:
    2010-06-12 at 4:28 pm

    ཨ་ཁ་༌༌༌ཟླ་བྷེ་ཡིན།

  11. ལྷགབསམ་རྒྱ་མཚོ། says:
    2010-06-12 at 11:15 pm

    སྒྱུ་རྩལ་བ་ཆབ་སྲིད་ཀྱི་སྐུབ་སྟེགས་ཏུ་བཞུགས་ན་ཆབ་སྲིད་ཟློས་གར་ལྟ་བུར་འགྱུར་ཉེན་ཡོད། སྒྱུ་རྩལ་བས་རང་གི་ཁྱད་ཆོས་ལ་བརྟེན་ནས་ཆབ་སྲིད་སློབ་གསོ་གནང་ན་ཀུན་ཀྱིས་རྗེས་དྲན་བྱེད་པའི་རླབས་ཆེན་གྱི་མི་སྣར་འགྱུར། ཟླ་བྷེ་ལྟ་བུའི་གྲགས་ཅན་ཞིག་སྤྱི་འཐུས་བྱས་ན་ཆབ་སྲིད་ལམ་ཕྱོགས་དང་ཆོལ་ཁའི་ལམ་ལུགས་ཀྱི་རྭ་བར་ཚུད་པས་སྒྱུ་རྩལ་ཤི་ཚར་བ་རེད། ནམ་ཞིག་ཆབ་སྲིད་དང་ཆོལ་ཁའི་ཕྱོགས་རིས་ཅོག་ཏུ་སུས་ཀྱང་བརྩི་མཐོང མེད་པ་ཞིག་ཏུ་འགྱུར་ཡོང་བས་གཟབ་པར་འཚལ།

  12. བཙད་པོ། says:
    2010-06-13 at 12:23 am

    བོད་ཀྱི་བུ། ཁྱོད་ཀྱི་འུ་ཚང་ལ་བཀའ་དྲིན་ཉག་གཅིག་ཆེ་བའི་པན་ཆེན་སྐུ་གོང་མའི་སྲས་མོ་མི་ཤེས་པ་ངོ་མ་ཡིན་ནམ། མགོ་ལོག་ཟླ་བྷེའི་མཉམ་དུ་པར་རྒྱབ་ཚད་ཁོ་པའི་གསང་ཡུམ་ཡིན་པས་མི་ཁྱབ། མཐོང་རྒྱ་ཆེ་ཙམ་བྱེད་རོགས།

  13. ཀརྡོ་རབ་འབྱམས་པ་ says:
    2010-06-13 at 3:03 am

    སྔར་བ་ཡེ་མ་ཆུའུ་གཅོད་པ་ ཐར་གྱི་ལོ་རྒྱུས་ལ་སོམས་དགོས་པ་དང་། ཡང་། མདོ་སྨད་རྒྱུན་ལས་ལ་སྡོད་ ཐུབ་པ་བྱས་ནས། ཐེངས་རྗེས་མའི་སྤྱི་འཐུས་ལ་ངེས་པར་དུ། དང་། ཡང་། ཟླ་བྷེ་ལྟ་བུའི་གྲགས་ཅན་ ཞིག་སྤྱི་འཐུས་བྱས་ན་ཆབ་སྲིད་ལམ་ཕྱོགས་དང་ཆོལ་ཁའི་ལམ་ལུགས་ཀྱི་རྭ་བར་ཚུད་ པས་སྒྱུ་རྩལ་ཤི་ཚར་བ་རེད། ཅེས་པའི་བསམ་འཆར་འདུག

  14. ཀརྡོ་རབ་འབྱམས་པ་ says:
    2010-06-13 at 3:05 am

    གྲོས་མི་༼གཞན་༽ལ་དྲིས། ཐག་རང་གིས་གཅོད། དཔེ་ལྟར་དགོས་པ་འདྲ།

  15. རིག་པ། says:
    2010-06-13 at 7:24 am

    འདི་ནི་ཤེས་ཡོན་དང་ལྷག་བསམ་གྱིས་འདང་ན་ཡང་།
    ཆོས་ལུགས་ཀྱི་ཞེན་ཁོག་ཁྱེར་ནས། ཨ་མདོ་མང་མོས་མེད་པ་ཐག་ཆོད་ནས་བཤད་ཆོག

  16. ཇ་མ་ནས། says:
    2010-06-13 at 8:53 am

    སྒྱུ་རྩལ་པ་ཟླ་བྷེ་མདོ་སྨད་སྤྱི་འཐུས་བྱས་ན་ཧ་ཅང་རན་པོ་ཡོད། ཁོང་གི་སྨྲ་སྒོ་གློག་གི་མེ་སྒྱོགས་ཀྱིས་ཁ་བདེ་ལྕེ་བདེའི་རིགས་དང་ལོགས་སྨྲ་བའི་རིགས་རྣམས་བྱེ་མར་གཏོར་ནུས་པའི་ཡིད་ཆས་ཡོད།

  17. སྒྲིབ་བྲལ་ཤེས་རབ་རྡོ་རྗེ། says:
    2010-06-13 at 11:11 am

    ཨ་རོགས་མགོ་ལོག་ཟླ་བྷེ།    
    ང་ལ་མང་པོ་བཤད་རྒྱུ་མེད།    སྤྱི་འཐུས་ཀྱི་ནང་དུ་གཏན་ནས་མ་འདུག    འགན་མི་ཁུར་བའི་མི་ཚོས་བསྟོད་སྨད་ཇི་བྱེད་ལ་གཏན་ནས་ཉན་རྒྱུ་མེད།   འདི་ངས་ལུང་བསྟན་ཡིན།   ང་ཁྱོད་ཀྱི་གྲོགས་པོ་ཡག་ཤོས་ཤིག་ཡིན།    འདི་མོ་འདིའི་ཐོག་ལ་ཉམས་མྱོང་གི་ཕ་མཐར་སོན་པ་ཞིག་ཡིན།   གལ་ཏེ་ཁྱོད་སྤྱི་འཐུས་ཀྱི་ནང་དུ་སྡོད་རྒྱུ་ཟེར་ན་ང་ཁྱོད་ཀྱི་རྒྱུད་པ་ལ་གཅིག་མི་འཐམ་ན་ཡོད་ཀ་ཟེ།   ཨོ་ལེ་འདི་ཁྱོའི་སེམས་ལ་ཟུངས།

  18. མེ་ཏོག་དཀར་པོ། says:
    2010-06-13 at 12:56 pm

    ལྟོས་དང་ཇ་མས་ག་རེ་བཤད་གིན་འདུག སྤྱི་མཐུས་ཟེར་དུས་འཁྲུག་པ་རྒྱག་མཁན་ཞིག་ལ་ངོས་འཛིན་འདུག་ག

  19. མེ་ཏོག་དཀར་པོ། says:
    2010-06-13 at 12:59 pm

    སྒྲིབ་བྲལ་གྱི་དེ་སེམས་གཏམ་ཞིག་རེད་འདུག གཞན་ང་ཚོ་སྤྲེལ་ཚ་ཚོ་གསར་པ་ལ་ཅི་འདྲའི་དགའ་སྣང་ཅན་ཞིག་རེད་ཨང་།

  20. lala says:
    2010-06-13 at 5:37 pm

    བོད་ཀྱི་བུ་དང་ལྷན་རྒྱས་ལ་ཞུ་རྒྱུ། པར་ནང་ཟླ་བྷེ་དང་ལྷན་དུ་བཞུགས་མཁན་དེ་ནི་པཎ་ཆེན་སྐུ་གོང་མ་མཆོག་གི་སྲས་མོ་ཡབ་གཞིས་རིག་འཛིན་དབང་མོ་རེད། དྲ་གྲོགས་མང་པོས་རྒྱུས་ཡོད་ཤག སྲས་མོ་ཁོང་ནི་ཡབ་ཆེན་མྱ་ངན་ལས་འདས་རྗེས་ཨ་རིར་སློབ་སྦྱོང་ལ་ཕྱིན་པ་དང་། ད་ཆ་པེ་ཅིང་སློབ་ཆེན་དུ་འབུམ་རམས་པའི་སློབ་གནས་ལ་འཇུག་བཞིན་ཡོད། ཨ་རིའི་སློབ་ཆེན་ནང་ཆབ་སྲིད་སྐོར་སྦྱངས་པ་དང་ད་ལྟ་རྒྱ་ནག་ཏུ་དཔལ་འབྱོར་སྐོར་སྦྱོང་གནང་མཛད་ཀྱི་ཡོད་པ་ཡོད། དུས་བབ་དྲ་བར་ལུང་རིགས་ལགས་ཀྱིས་སྲོང་བཙན་རྒྱུད་པ་རྒྱལ་སྲས་ལྷ་རྒྱ་རི་རྣམ་རྒྱལ་དབང་ཕྱུག་སྐོར་རྩོམ་ཡིག་ཡག་པོ་ཞིག་བཞག་འདུག ཁོམ་ན་དེ་ཚོ་ལ་རྒྱུས་འདྲ་ལོན། བོད་མི་ཞིག་གི་མདོག་ཁ་འཁྱོངས་ཡོང་། དེ་མིན་བུད་མེད་ཀྱི་པར་རེ་མཐོང་བ་དང་ལག་པ་དང་སྙིང་འདར་ནས་མ་བཞུགས། ཧ་ཧ། སྐུ་རྩེད་ཞུས།

  21. བོད་ཀྱི་བུ says:
    2010-06-13 at 8:23 pm

    ལ་ལ་ལགས།
    མ་སྐུལ་དྭངས་བླངས་ཀྱིས་གསལ་བཤད་གནང་བ་བཀའ་དྲིན་ཆེ།
    མཛེས་མ་འདི་འདྲ་མཐོང་བ་ཙམ་གྱིས་ལག་པའི་ནང་གི་སྨྱུ་གུའང་རང་དབང་མེད་པར་ས་ལ་ཟགས་འགྲོ།
    ངས་ཀྱང་ཁ་སྔོན་མཆན་བཏབ་བའི་རྗེས་ཀྱི་ཕྱི་ཉིན་མོ་རང་ངོས་ཟིན་སོང་།

    སྔོན་ཞིག་ལ་ཨ་རིའི་ཚགས་ཤོག་ཅིག་སྒང་། གློག་བརྙན་འཁྲབ་མཁན་ སི་ཊེ་ཝིན སེ་དགའ ་ཡིས་མོ་རང་ལ་ཤ་ཚ་བྱེད་པའི་སྐོར་གསལ་བོ་ཞིག་ཀློག་མྱོང་། དེ་མིན། སྲས་མོ་མཆོག་ལ་འཆའ་རྒྱུས་དེ་ཙམ་མེད་ལགས།

  22. drong says:
    2010-06-13 at 8:53 pm

    ཟླུ་བྷེ་ལགས་བོད་ཀྱི་སཔaaཡི་འཐུས་ཀྱི་ཞབས་སྟེག་ལ་བཞུགས་འདོད་ཡོད་ན་ཁྱེད་ལ་ཆོལ་ཁའི་རིགས་ཞེན་ཡོད་དགོས་གལ་ཏེ་ཁྱེད་ལ་ཆོལ་ཁའི་རིགས་ཞེན་མེད་ན་ཁྱེད་མདོ་སྨད་སྤྱི་འཐུས་སུ་འཐོབ་མི་སྲིད།
    ཆོས་ལུགས་དང་ཆོལ་ཁའི་སྤྱི་འཐུས་དེ་ཚོར་རང་རང་སོའི་རིགས་ཞེན་མེད་ན་སྤྱི་འཐུས་སུ་སླེབ་མི་སྲིད།
    ཆོལ་ཁ་དང་ཆོས་ལུགས་སྤྱི་འཐུས་དེ་ཚོར་ཁག་མེད།
    གལ་ཏེ་དེ་ལྟའི་རིགས་ཞེན་མེད་ན་ཁྱེད་ཚོར་དེ་ཚོའི་སྤྱི་འཐུས་སུ་སླེབ་མི་ཐུབ།
    ཡིན་ནའང་རང་རང་སོའི་རིགས་ཞེན་རི་བོ་ལྟ་བུ་དེ་གངས་ཆེན་ལྟ་བུའི་གཡོ་སྒྱུའི་འོག་ཏུ་སྦས་དགོས་དེ་ནི་ཆབ་སྲིད་རེད།
    གལ་ཏེ་ཁྱེད་ཀྱི་རིགས་ཞེན་གནམ་ས་ཀུན་ཏུ་བསྟན་ཚེ་ཁྱེད་ལ་ཁ་ངན་གྱི་ཐལ་པ་གཡོགས་སྲིད།
    སྤྱི་འཐུས་ཐམས་ཅད་ལ་ཆོས་དང་ཆོལ་ཁའི་རིགས་ཞེན་མེད་པ་ཡོང་མི་སྲིད།
    མ་གཞི་ནི་འདི་ཆབ་སྲིད་ཀྱི་གར་སྟེགས་ལས་ཆོས་ཀྱི་བྱམས་སྙིང་རྗེ་སྒོམ་སའི་གར་སྟེགས་ཞིག་ནི་མ་རེད།
    གལ་ཏེ་དེ་ལྟའི་རིགས་ཞེན་མི་དགོས་ཚེ་ཆོལ་ཁདང་ཆོས་ལུགས་ལས་སོགས་རིས་སུ་ཕྱེས་པའི་སྤྱི་འཐུས་ཞིག་མི་དགོས་རིགས།
    ཡང་འགའ་ཞིག་གིས་ཆོས་ལུགས་སྤྱི་འཐུས་མི་དགོས་ཟེར་དེ་ལྟར་ན་ཆོལ་ཀའི་སཔaaཡི་འཐུས་ཀྱང་མི་དགོས་རིགས་རིགས་ཞེན་གྱིས་མ་བཟི་བའི་མི་ཞིག་ཤིན་ཏུ་དཀོན་ཡང་ན་བྱང་ཆུབ་སེམས་དཔའ་ཞིག་ཡིན་ན་མ་གཏོགས་དེ་མིན་ས་སྟེང་འདིར་དེ་ལྟའི་མི་སིན་ཏོ་དཀོན་ནོ།་གལ་ཏེ་ཡོད་ཚེ་ཁྱེད་རྣམས་ཀྱི་མཚན་གཞི་ཞིག་འཇོག་རོགས་ཞུ།

  23. drong says:
    2010-06-13 at 8:57 pm

    བོད་ཀྱི་སྤྱི་འཐུས་ཞེས་པར་བཅོས་རོགས།
    ཆོལ་ཁའི་སྤྱི་འཐུས་ཞེས་བཅོས་རོགས།
    ཤིན་ཏུ་དཀོན་ཞེས་བཅོས་རོགས།

  24. སྒྲིབ་བྲལ་ཤེས་རབ་རྡོ་རྗེ། says:
    2010-06-14 at 12:33 am

    ཨ་ཨ།

  25. སྦིས་ས། says:
    2010-06-14 at 1:40 pm

    ངའི་བསམ་འཆར་ལ་ཟླ་བེ་སྤྱི་འཐུས་ལ་ཕེབས་ན་འཚམ་པོ་མིན་འདུག ཟུར་བོར་གནས་པའི་གཏམ་ཡིན། རྒྱུ་མཚན་གསུམ་གཤམ་ལ་འགོད་ཡོད། 

    ༡༽ ཁོང་ལ་བཙན་བྱོལ་གྱི་ཆབ་སྲིད་ཉམས་མྱོང་མེད་པའི་རྐྱེན་གྱིས་གནས་ཚུལ་མང་པོ་ཞིག་ཁོང་གིས་གོ་ཚོད་ཀྱི་མ་རེད། སྤྱི་འཐུས་ནང་སླེབས་རྗེས་གཞན་གྱིས་གང་ཟེར་ཉན་ནས་སྡོད་པ་ལས་སྒེར་ཚུགས་ཐོག་གཏམ་གྱི་བརྗོད་མ་ཐུབ།

    ༢༽ ཁོང་ལ་ཆབ་སྲིད་དང་དཔལ་འབྱོར་གྱི་སློབ་གསོའི་ཆུ་ཚད་མིན་འདུག སྒྱུ་རྩལ་པ་རེད། ཡིན་ནའང་། དེ་ཆབ་སྲིད་ཀྱི་ངོ་བོར་སྒྱུར་མི་ཐུབ། འཇོན་ཐང་དགོས། 

    ༣༽ ཁོང་ལ་ད་བར་གྱི་དམངས་ཀྱི་བྱ་བ་སྒྲུབ་པའི་ཉམས་མྱོང་མིན་འདུག ཆབ་སྲིད་པ་ལེགས་པོ་ཞིག་བྱེད་དགོས་ན། མི་དམངས་ཀྱི་འཚོ་བའི་རྒྱུད་བབ་ཡག་པོ་ཤེས་པ། མིག་སྔའི་ཆབ་སྲིད་ཀྱི་གནས་བབ་ཡག་པོ་ཤེས་པ། དེ་དག་ཤེས་པར། སློབ་གསོ་དང་སྐད་ཡིག བྱ་བའི་ཉམས་མྱོང་སོགས་ལེགས་པོ་དགོས། ཁོང་ལ་དེ་རྣམས་ཚང་མིན་འདུག

    མཐའ་མ། སྒྱུ་རྩལ་པ་སྒྱུ་རྩལ་པ་ལ་བཞག་ནས་དམངས་ལ་བྱ་བ་སྒྲུབ་བཅུག་ན་འདི་བཟང་གི། སྔོན་མ་གཅོད་པ་ཐར་ཡང་རྒྱ་གར་ལ་ཆབ་སྲིད་ཀྱི་ལས་ཀ་ཞིག་བྱེད་པར་གདན་འདྲེན། མཐའ་མ་ཁོང་གི་སྒྱུར་རྩལ་གྱི་ཤེས་བྱ་དེ་ཡང་མེད་པ་བཟོས། ཆབ་སྲིད་པའི་འཇོན་ཐང་ཡང་སྐྱེས་མི་ཐུབ། མཐའ་མ་མཁས་དབང་ཁོང་གི་ལྟོ་གོས་མ་ཕྱིད་པར་ད་བར་ལུས་ཡོད། 

    དཔེ་འདི་ཡག་པོ་མིན་འདུག་གམ

  26. ཤ་རུས་གཅིག་པ་ says:
    2010-06-14 at 10:44 pm

    ཁྱོད་ཀྱིས་གསུང་པ་དངོས་གནས་ཡག་པོ་འདུག་དྲ་གྲོགས་ཁས་ཀྱི་བཙན་འབྱོར་བའི་འཁོར་ཡུག་ཅུང་དྲག་ནས་མགོ་ལོག་ཟླ་བྷའི་སྒྱུ་རྩལ་གྱི་ལམ་བུ་མི་འོང་པར་འདོད་པ་དེ་ཡང་རྒྱུ་མེད་པ་མ་ཡིན་མོད་ད་འོན་ཀྱང་ཡུག་ཅུང་ནས་རིམ་བཞིན་ཆེ་རུ་བཏང་དང་རེ་བ་ཆེ་དྲག་ན་མཐའ་མ་དེ་ཙམ་བྱུང་མེད་པ་མང་པོ་འཐོང་རྒྱུ་ཡོད་པ་དེ་དཔེ་མཚོན་ཙམ་མ་ཡིན་ནམ། དེས་མགོ་ལོག་ཟླ་བྷེ་ནི་སྒྱུ་རྩལ་གྱི་ལམ་ལ་འཇུག་ན་བཟང་པར་བསྙམ།།

  27. བསིལ་རླུང་ says:
    2010-06-14 at 11:33 pm

    མགོ་ལོག་ཟླ་བྷེ་ལགས་ལ་ཐོག་མར་འཚམས་འདྲི་དང་ཆབས་ཅིག་མདོ་སྨད་སྤྱི་འཐུས་ལ་འདུག་མིན་དེ་ཁོ་རང་ལ་ཐུག་ཡོད་ལ་ཁ་ཤས་ཀྱིས་ཉམས་མྱོང་མེད་ན་དཀའ་རབ་བཤད་ནོ་མ་གཏོགས་ཉམས་མྱོང་མང་དྲག་ན་ནད་རྙིང་འཕར་བའི་དཀའ་ངལ་མང་པོ་མཐོང་སོང་ང་། དེ་ལས་གསར་བ་རེ་ཡིན་ན་མི་བཟང་ངམ་བསམ་པ་དེ་ཡིན་གྱི་རེད། བསམ་ཚུལ་ཡག་པོ་བཏོན་འདུག་

  28. སྨྱུ་གུ says:
    2010-06-15 at 9:52 am

    བོད་རིགས་ཚོས་ཤེས་དགོས་པ་ཞིག་དང་། ལྷག་པར་དུ་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཀྱི་འཐུས་མི་འདེམས་མཁན་ཚོས་ཤེས་དགོས་རྒྱུར། མགོ་ལོག་དྷ་བྷེ་འདི་ཉིད་ལ་རྒྱ་ཅན་ཞིག་དང་། སྒྱུ་རྩལ་པ་ཞིག་ཡིན་ཡང་། བོད་མི་མང་གི་སྤྱི་འཐུས་སུ་འོས་པའི་མི་ཞིག་གཏན་ནས་མ་རེད། དེའི་རྒྱབ་ལྗོངས་ལོ་རྒྱུས་ལ་ཞིབ་འཇུག་བྱོས

  29. ཤ་རུས་གཅིག་པ་ says:
    2010-06-15 at 10:52 pm

    སྒྱུ་རྩལ་པ་ནི་སྒྱུ་རྩལ་པ་རང་བྱས་ན་དགེ་མཚན་ཆེ་པར་སུས་ཀྱང་ཤེས། མདོ་སྨད་པ་མི་ཟད་ནི་ཐེབས་མེད་པའི་ཡིན་ཅིག་སྒྱུ་རྩལ་པ་ཞིག་སྲིད་སྟིགས་སུ་གདན་འདྲེན་ཞུ་དགོས་པར་མ་མཐོང་།

  30. ཤ་རུས་གཅིག་པ་ says:
    2010-06-15 at 10:57 pm

    སྒྱུ་རྩལ་པ་ནི་ནམ་ཡང་སྒྱུ་པ་རང་རེད། དེར་རྟེན་སྲིད་སྟེགས་སུ་གདན་དྲངས་ན་འོས་པ་མ་མཐོང་།

  31. ཤ་རུས་གཅིག་པ་ says:
    2010-06-16 at 1:57 am

    འགོ་ལོག་ཟླ་བྷི་སྤྱི་མཐུས་བྱས་ན་སྤྱི་མཐུན་ནི་གར་སྟིགས་ལྟ་བུ་ཞིག་ཏུ་ཆགས་ཀྱི་རེད་།

  32. སྒྱུ་རྩལ་པ། says:
    2010-06-16 at 11:08 am

    ལུང་བསྟན་ཞིག་མ་བསྟན་ན་མ་འགྲིག་ཐལ།

  33. ཁ་རུ་ཁ་ཐུག says:
    2010-06-17 at 7:06 am

    གྲོགས་པོ་ཚོ། མགོ་ལོག་ཟླ་བྷེ་མ་གཞི་མི་རིགས་ཀྱི་ལ་རྒྱ་སོགས་ཡོད་མཁན་ཞིག་ཡིན་གྱི་རེད་དེ། གྲོས་ཚོགས་ཟེར་བ་དེ་ཁ་ཤག་ཤོད་ས་མ་རེད། ཧ་ཨེ་གོ

  34. ཇ་མ་ says:
    2010-06-18 at 9:36 am

    གནའ་མི་བོད་ཀྱི་བཤད་རྒྱུན་ལ་ཁ་བདེ་ན་སྡེ་བའི་དཔོན་པོ་དང་། ལག་བདེ་ན་སྡེ་བའི་གཡོག་པོ་ཟེར། འོན་ཀྱང་། མགོ་ལོག་ཟླ་བྷེ་ལ་མཚོན་ན་མདོ་སྨད་སྤྱི་འཐུས་ལས་སྒྱུ་རྩལ་ལམ་ལ་ཕེབས་རྒྱུ་གལ་ཆེན་མཐོང་།

  35. མེ་ཏོག་དཀར་པོ། says:
    2010-06-18 at 10:59 am

    ཁ་བརྡའི་མཁན་པོ་གཉིད་ཁུག་འདུག་

  36. མེ་ཏོག་དཀར་པོ། says:
    2010-06-18 at 2:00 pm

    ད་གཉིད་སད་སོང་བ་འདྲ། མཆན་འཇིགས་སྣང་ཚ་པོ་དེ་མཐོང་རྒྱུ་མིན་འདུག་ག

  37. བོད་ཀྱི་བུ says:
    2010-06-19 at 4:04 pm

    མགོ་ལོག་ཟླ་བྷེ་ཡི་མགོ་ལ་བཙན་ཚུགས་བྱས་ཏེ་འཁུར་བོ་འཇོག་ཨ་ཁུ་ལོ་ལོ་ཆབ་བོ།
    བ་སྔོན་ཀུན་གླེང་གི་བཅར་འདྲི་ལ་ལན་གནང་དུས། སྒྱུ་རྩལ་བ་བྱེད་ཀི་མིན། ཨ་ལག་བྱས་ནས་ཆོས་འཁོར་བསྐོར་གི་ཡིན། གདུལ་བྱ་སྐྱོང་གི་ཡིན་ཟེར་བ་མ་གོའམ།

  38. ཚེ་རིང་སྒྲོན་མ། says:
    2010-06-20 at 10:55 am

    ཁོ་རང་གི་འདོད་པ་བྱེད་དགོས་ནི་རེད།

  39. གཞོན་ནུ་ཟླ་མེད། says:
    2010-06-20 at 12:52 pm

    ད་ཡང་ཟླ་བྷེ་འདི་བླ་མ་ཟིག་ལ་ཡིན་ནི་འེ་རེད། ད་ཡང་ཆི་ཟིག་ཡིན་ན་མི་ཤེས་ཀི སྔོན་མ་འདི་བླ་མ་ཟིག་ཡིན་རབས་གོ་མ་མྱོང་མོད། འདི་ན་འདྲ་མི་འདྲ་གོ་རྒྱུ་འདུག ཤེས་ནི་ཟིག་ཡོད་ན་བླ་མ་བྱས་པའི་སྐོར་དེ་གསལ་བོ་ཞིག་གསུངས་རོགས། གང་ཡིན་ཟེར་ན་དེང་སང་གི་བླ་མ་བཟོ་སྟངས་དེར་མང་བོ་ཞིག་དོགས་པ་ཡོད་ཡོད་པ་རེད། ཡང་ང་བླ་མ་ཞིག་ཡིན་རྒྱུ་མ་རེད།

  40. ལྷ་མོ། says:
    2010-06-21 at 11:36 am

    ཨ་ཁུ་ཟླ་བ་བདེ་མོ འོ་མ་རེ་ཨ་ལག་ཟླ་བྷེ་བདེ་མོ། རྒྱ་གར་གྱི་བོད་ཡིག་ཤ་ཉེ་རེ་ཡོད་ན་རིག་གི མེད་ན་རིག་རྒྱོ་དཀའ། དེ་ལྟོས་ན་དབྱིན་ཡིག་རེ་འུ་རྙེད་གི། རྩེད་མོ་ཡིན་ད་བདེ་མོ།

  41. དགྲ་ལྷ། says:
    2010-06-24 at 5:52 am

    ཟླ་བྷེ་སྤྱི་འཐུས་ལ་འོས་ཟེར་བ་ཟླ་བྷེ་ཁོ་རང་སྐད་ཆ་ཞིག་མ་རེད་དམ།

  42. བློ་བཟང་དར་རྒྱས། says:
    2010-06-26 at 7:50 am

    ཟླ་བྷེ་སྤྱི་འཐུས་ལ་འོས་དང་མ་འོས་ཁོ་རང་གི་འཇོན་ཐང་ལ་རག་ལས་པ་རེད། རེད། ཉིན་གཅིག་ཐུག་ནས་གང་འདྲ་ཞིག་འདུག་བལྟ་གི་ཡིན། ༼ཐོས་པ་བརྒྱ་ལས་མཐོང་པ་གཅིག་ལྷག༽ཟེར་བའི་དཔེ་བཞིན་རེད། མཆན་བྲི་བ་རྣམ་པས་ངའི་རྣ་མཆོག་བསུན་པོ་ཟོས་སོང། རེད། ད་ནས་བཟུང་ངས་ཟླ་བྷེ་ལ་མིག་གིས་ལོངས་སྤྱོད་ཞིག་བྱ་འདོད།

  43. yangbum says:
    2010-07-04 at 5:08 pm

    གཞོན་ནུ་ཟླ་མེད་ལགས་ཀྱིས་གོང་གསལ་མཆན་ཞིག་ཏུ་བ་ཡེ་མ་ཁྱེ་གཅོད་པ་ཐར་ལགས་ནས་ཚད་མེད་ཡོན་ཏན་མ་ཡི་དབྱངས་བརྩམས་པའི་སྐོར་ཞིག་གསུང་འདུག

    གཅོད་པ་ཐར་ལགས་ནི་དེ་སྔ་བོད་ཀྱི་དབྱངས་རྩོམ་མཁན་སྐད་གྲགས་ཅན་ཞིག་ཡིན་པ་ཡོངས་གྲགས་རེད། ཡིན་ནའང་ཁོང་རྒྱ་གར་དུ་ཕེབས་ནས་ཚད་མེད་ཡོན་ཏན་མ་ཡི་དབྱངས་བརྩམས་མེད་ལ། སྐུ་དྲག་ཚོས་རྒྱ་དབྱངས་རེད་ཟེར་བའམ་་་་གནམ་གྲུ་འཕུར་ན་རྒྱ་ཡི་རེད། རླུང་འཁོར་སོང་ན་རྒྱ་ཡི་རེད་་་ད་ནས་བཟུང་དབྱངས་མི་བརྩམས་་་ཞེས་གསུང་སྐད་ཤོར་དགོས་སའི་གཞི་རྩ་ཡང་མེད། གཅོད་པ་ཐར་ཁོང་ཨ་རི་ལ་བྲོས་ནས་ཡོང་བ་མིན་པར་བོད་གཞུང་གིས་སློབ་སྦྱོང་ལ་བཏང་ནས་ཡོང་བ་ཞིག་རེད། ཁོང་གིས་ལོ་ལྔའི་སློབ་སྦྱོང་བྱེད་ཡུན་རིང་རྒྱ་ཡིག་ཐོག་ བོད་རྒྱལ་ཁབ་ ཅེས་པའི་དཔེ་དེབ་ཅིག་རྩོམ་སྒྲིག་བྱས་ཡོད། ད་ལྟ་ཁོང་གིས་ཉིག་ཡོག་གྲོང་ཁྱེར་དུ་ཡོད་པའི་ཀོ་ལིམ་སྦི་ཡ་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་བོད་ཡིག་སྡེ་ཚན་དུ་ལོ་ ༡༢ གོང་ནས་ཕྱག་ལས་གནང་མགོ་བརྩམས་ཡོད།

  44. གངས་བུ་བསམ་འགྲུབ། says:
    2010-07-08 at 7:09 pm

    ༈ ཀ་ཡེ་གངས་རིའི་བུ་ཕྲུག་ཕོ་མོ་ཚོ། ཁ་ཡེངས་མིག་ཡེངས་བྱེད་པའི་དུས་མ་ཡིན། །ག་ལེར་བསམ་བློ་ཞིབ་མོར་ཐོངས་མཛོད་དང་། །ང་ཚོ་བོད་ཀྱི་གནས་སྟངས་ཅི་འདྲ་འདུག། གངས་བུ་བསམ་འགྲུབ་ནས།

  45. དམག་ལོགས་ says:
    2010-07-10 at 12:11 pm

    མགོ་ལོག་ཟླ་བྷེ་བཙན་བྱོལ་དུ་སླེབས་པ་བཀྲ་ཤིས་བདེ་ལེགས་དང་དེ་འདྲའི་བུ་མོ་མཛེས་མ་ཞིག་ཁྲིད་འདུག ཨ་ཁ་ཁ་

  46. གངས་བུ་བསམ་འགྲུབ། says:
    2010-07-10 at 9:24 pm

    དམག་ལོགས་ཁྱོད་ལ་གོ་ལོག་བྱུང་འདུག། མགོ་ལོག་ཟླ་བྷེ་ལགས་དང་མཉམ་པོར་སྒྲོན་པའི་སྐུ་པར་འདི་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྲས་མོ་རེད། དེ་ལ་ཁྱོད་ཀྱིས་ཨ་ཁ་ཁ་ཟེར་དོན་ཅི། དམག་ལོགས་ཁྱོད་དྲ་རྒྱའི་ནང་འདིར་མ་འཛུལ་བའི་སྔོན་དུ་ཤེས་བྱའི་གནས་ལ་བློ་ཁོག་ཅུང་ཡངས་བར་བྱེད་དགོས་འདྲ། གཞན་དུ་ཁྱི་རྒན་ཅ་ཅོ་འདོན་པར་སུ་ཞིག་ཉན་འདོད། རང་མལ་ཉལ་ནས་རང་ཁ་བཙུམས་ན་ལེགས་སོ།།།།། ་་་་་

  47. མགོ་ལོག་ཟླ་བྷེ། says:
    2010-08-14 at 7:41 am

    སྐར་ཁྲི་བཙན་སོགས་དྲ་གྲོགས་ཚོས་མཐོང་སྤྲད་པ་བཀའ་དྲིན་ཆེ །
    འོན་ཀྱང་ང་ལྟ་བུའི་གསར་འབྱོར་སྐད་མི་འཕྲོད ། མྱི་མི་ཤེས །
    རྒྱུས་མི་མངའ་མཁན་ཞིག་ལ ། བོད་སྲིད་འབྱོར་རིག་གསུམ་གྱི་ཁ་ལོ་བ་
    དཔལ་ལྡན་སྤྱི་འཐུས་ཞིག་གི་ཆ་རྐྱེན་ག་ལ་ཚང་ ། མང་གཙོའི་ལུང་བ་ཞིག་ལ་
    མཚོན་ན་སྤྱི་འཐུས་ཚད་ལྡན་ནི་གང་ལས་ཀྱང་གལ་ཆེ་ངེས་ཡིན་པས །
    དེ་མ་བརྟག་པར་འདེམས་ཆོག་ཆོག་དང་ ། མ་བསམ་པར་འདུག་ཆོག་ཆོག་
    ཞིག་གཏན་ནས་མིན ། ང་རང་ལ་འཇོན་ནུས་ཕྲན་བུ་ཞིག་ཡོད་སྲིད་ན །
    བོད་གཞིས་བྱེས་གཉིས་པོར་ཞབས་ཞུ་ཅི་ལྕོགས་མ་ཤི་བར་དུ་བསྒྲུབ་རྒྱུའི་དམ་བཅའ་ཙམ་འཇོག་ཁུལ་བྱས་ཡོད ། དམིགས་གསལ་གྱི་སྐུབ་སྟེགས་ཤིག་
    དགོས་དོན་མི་འདུག དེའི་ཕྱིར་མདོ་སྨད་སྤྱི་འཐུས་འོས་གཞི་
    མ་བླུགས་གོང་དེར ། རྡ་སའི་མགོ་ལོག་པ་ཚོའི་མཉམ་འཛོམས་གསོལ་ཚིགས་
    ཞིག་གི་སྟེང་མི་ལྔ་བཅུ་ལྷག་ལ་ང་རང་སྤྱི་འཐུས་འོས་གཞིར་མི་ལངས་ཚུལ་
    བཤད་པ་དང་ ། གཞན་དབུས་འོས་བསྡུ་ལས་ཁུངས་ལའང་དེ་བཞིན་གྱི་
    ཡར་ཞུ་བྱས་པ་ཡིན ། སྤྱིར་ང་རང་ཉིད་ཀྱི་སྔོན་ཆད་བོད་ནང་ནས་བརྩམས་
    འཁྲབ་བཤད་གསུམ་བྱས་པའི ། ཁ་ཤགས་དང་བཞད་གར་་གཞས་ཚིག་
    སོགས་ལས་དངོས་ཤུགས་བརྒྱུད་གསུམ་ནས་བོད་དོན་མཚོན་གསལ་ཡོད་
    པ་རྣམས་ཕྱོགས་སྒྲིག་བྱས་ཏེ ། འགྲེལ་བཤད་གསལ་བསྒྲགས་ཤིག་སྤེལ་བ་
    དང་སྤྲགས ། ས་གནས་ཁག་ལ་སྐོར་སྐྱོད་གློག་བརྙན་བཤམ་སྟོན་ཞིག་བྱེད་
    རྩིས་ཡོད་ཀྱང་། སྐར་ཁྲི་བཙན་ལགས་ཀྱིས་དོ་བདག་འཐད་མིན་ལ་
    མ་གཞིགས་པར་དམངས་གཙོའི་ཐོབ་ཐང་ལྟར ། རང་མོས་རྩོམ་ཡིག་སྤེལ་
    བ་ནས ། རང་ལ་སྤྱི་འཐུས་འོས་ཤོག་རག་ཐབས་དང་འདྲ་བར་དོགས་ནས་
    དེ་དོན་ཕྱིར་བཤོལ་བྱས་པ་ཡིན །
    མཇུག་མཐར་ལྷག་བསམ་གཙང་མ་འཆང་བའི་སྐར་ཁྲི་བཙན་སོགས་ལ་
    དགོངས་དག་དང་དྲ་གྲོགས་ཀུན་གྱི་ཐུགས་ལ་འཇགས་པར་ཞུ །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme