Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཐོང་ཆུང་དང་དམའ་འབེབ་རི་འདྲ་བོ་ཞིག་བྱས་སོང་།

Posted on 2014-11-282014-11-28 By རེབ་གོང་བཀྲ་ཤིས། 25 Comments on མཐོང་ཆུང་དང་དམའ་འབེབ་རི་འདྲ་བོ་ཞིག་བྱས་སོང་།

བློ་བཟང་མཁྱེན་བརྩེ། དྷ་ས། (བོད་ཀྱི་བང་ཆེན་ནས་དྲངས།)

 

དེང་སང་ང་ཚོའི་སྤྱི་ཚོགས་ནང་ད་ལྟའི་བཀའ་ཤག་འདིའི་བཀའ་བློན་ཚོས་བོད་རང་གི་ཡི་གེ་ཤེས་ཀྱི་མེད་པ་དང་། རང་མི་རིགས་ཀྱི་རིག་གཞུང་ལ་དུང་བ་མེད་རབས་སོགས་བཤད་དེ་སྐྱོན་བརྗོད་བྱེད་མཁན་དང། ཁ་རྡུང་གཏོང་མཁན་གྱི་རིགས་གང་མང་ཞིག་ཡོད་རེད་ལ། ལྷག་པར་མི་སྒེར་གྱི་དགའ་མིན་དགའ་དོགས་དང་འཁོན་འཛིན་སོགས་རྒྱུ་མཚན་དུ་བྱས་ཏེ་སྐྱོན་འཛུགས་དང་རྒྱབ་བཤད་བྱེད་མཁན་གྱི་དྲ་འབུའི་རིགས་ཀྱང་ཡོད་རེད། འོན་ཀྱང་དེ་དག་གི་ནང་ལས་ཁ་ཤས་ཀྱིས་གནད་དོན་གང་གི་ཐད་ནས་བཀའ་ཤག་འདིས་འཐུས་ཤོར་འགྲོ་ཡི་ཡོད་པ་ཤེས་ཀྱི་ཡོད་ན་ཡང་། གནད་དོན་དེ་གླེང་ཙམ་ལས་གཏིང་ཟབ་ས་ནས་གླེང་ཐབས་བྱས་མེད་པ་དང་། ཁ་ཤས་ཀྱིས་སོ་སོ་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་སྐྱོན་འཛུགས་དང་རྒྱབ་བཤད་བྱས་ཏེ། སྤྱི་ཚོགས་དཀྲུག་ཤིང་དང་ནང་ཁུལ་མི་བདེ་བ་བཟོས་པ་ཙམ་ལས། དངོས་གནས་བཀའ་ཤག་འདིའི་སྐྱོན་དང་འཐུས་ཤོར་ཡོད་སའི་གནད་དོན་གྱི་ཐད་ནས་གླེང་སྟེ་སྐྱོན་བརྗོད་དང་ལམ་སྟོན་བྱེད་མཁན་བྱུང་མ་སོང་བ་ལྟ་བུ་རེད། དེ་བས་དེ་རིང་ངས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་འདིས། བོད་སྐད་ཡིག་ལ་བརྩི་མཐོང་ག་ཚོད་ཡོད་མེད་དང་། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་བཅས་ཀྱི་ཐད་ནས་གླེང་རྒྱུ་ཡིན།

རྒྱུ་མཚན་ནི་གོང་དུ་བཤད་པ་ལྟར། དེང་སང་ང་ཚོའི་སྤྱི་ཚོགས་ནང་བཀའ་ཤག་འདིས་བོད་རང་གི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཡོད་མེད་དང་། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་མེད་སོགས་ཀྱི་ཐད་ནས་སྐད་ཆ་དང་དོགས་པ་མང་པོ་ཞིག་ཡོང་གི་ཡོད་པ་དེས་རེད་ལ། གནད་དོན་འདི་ནི་མི་རེ་ཟུང་གི་ཚོར་བ་དང་སེམས་འཚབ་ལྟ་བུ་མ་ཡིན་པར། མི་རིགས་འདིའི་འདས་མ་ད་གསུམ་ལ་སེམས་ཁུར་དང་དུང་བ་ཟབ་པའི་བོད་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་དང་། ལྷག་པར་དུ་རང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་རྒྱུན་འཛིན་ཐད་འགན་ཁུར་དང་ལྷག་བསམ་ཆེ་བའི་ཤེས་ཡོན་པ་ཚོའི་སེམས་ནང་གི་སྡུག་ཡུས་དང་ན་ཟུག་ཅིག་རེད། མ་ཟད་གནད་དོན་འདི་དེང་སང་ང་ཚོའི་སྤྱི་ཚོགས་ནང་བཤད་ཡམ་ལྟ་བུ་ཞིག་ཏུ་གྱུར་ཏེ་ཁ་ཡོད་ཚད་ཀྱིས་གླེང་དགོས་པའི་སེམས་ནང་གི་ན་ཚ་ཞིག་ཏུ་ཡང་གྱུར་འདུག
དེར་བརྟེན་བཀའ་ཤག་འདིས་བོད་སྐད་ཡིག་ལ་དོ་སྣང་དང་བརྩི་འཇོག་ཡོད་མེད་ཀྱི་ཐད་ནས་བཤད་ན། སྐབས་སྔོན་མའི་བཀའ་ཤག་གིས་གཞུང་འབྲེལ་ལས་རིམ་དང་ཡིག་ཆ་སོགས་བོད་ཡིག་ཐོག་བཟོ་དགོས་པའི་བཀོད་ཁྱབ་བཏང་སྟེ། བོད་མིའི་སྒྲིག་འཛུགས་གཙོས་ཚོགས་སྡེ་ཁག་དང། སྤྱི་ཚོགས་ཁྱོན་ཡོངས་ནས་བོད་སྐད་ཡིག་ཡར་རྒྱས་གཏོང་ཐབས་ལ་འབད་བརྩོན་བྱས་ཡོད་པ་ཚང་མས་ཤེས་གསལ་རེད། འོན་ཀྱང་ད་ལྟའི་བཀའ་ཤག་འདིས་དེ་ལས་ཟློག་སྟེ་གཞུང་འབྲེལ་ལས་རིམ་དང་ཡིག་ཆ་སོགས་མི་རིགས་གཞན་གྱི་སྐད་ཐོག་བཟོ་ཡི་ཡོད་པ་དེ་ཡང་ཤེས་ཀྱི་ཡོད་རེད།

གཅིག་བྱས་ན་ང་ཚོའི་སྐད་ཡིག་གིས་གཞུང་འབྲེལ་གྱི་ལས་རིམ་སོགས་ཡིག་ཆ་ཁག་གི་ནང་དོན་བཤད་ཐུབ་ཀྱི་མེད་པ་ཡིན་ནམ། ཡང་ན་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་བོད་ཡིག་ཐོག་ལས་རིམ་དང་མགྲོན་ཤོག་ཚད་ལྡན་ཞིག་བཟོ་ཐུབ་ཀྱི་མེད་པས་རེད། གང་ལྟར་རྒྱུ་མཚན་གང་ཡིན་མ་ཤེས་ཀྱང་དེང་སང་གཞུང་གི་མགྲོན་ཤོག་དང་ལས་རིམ་སོགས་ཡིག་ཆ་མང་པོ་ཞིག་སྐད་ཡིག་གཞན་གྱི་ཐོག་བཟོས་ཡོད་རེད། གནད་དོན་དེའི་ཐོག་ནས་བལྟས་ན། བཀའ་ཤག་འདིས་དངོས་གནས་བོད་སྐད་ཡིག་ལ་བརྩི་མཐོང་དང་དོ་སྣང་བྱེད་ཀྱི་མེད་པ་གསལ་པོ་རེད།
མ་གཞི་ནས་སྐུ་ངོ་བཀའ་བློན་ཚོས་བོད་སྐད་ཡིག་དང་རིག་གཞུང་ཡག་པོ་ཤེས་ཀྱི་ཡོད་མེད་ལ་མ་ལྟོས་པར། ཁོང་ཚོ་ད་ལྟའི་ཆར་སྒྲིག་འཛུགས་འདིའི་འཛིན་སྐྱོང་བཀའ་ཤག་གི་འགན་ཁུར་མི་སྣ་གཙོ་བོ་ཡིན་པའི་ཆ་ནས། སོ་སོས་སློབ་སྦྱོང་བྱེད་མ་ཐུབ་ཀྱང་སྲིད་ཇུས་རྒྱུན་འཁྱོངས་དང་ལག་བསྟར་བྱེད་དགོས་པ་དེ་མིག་སྔུན་གྱི་ལས་འགུལ་ཁ་ཚ་དགོས་གཏུགས་ཤིག་ཆགས་ཡོད་རེད། ཡིན་ན་ཡང་སྐུ་ངོ་ཚོས་ཐུགས་བསམ་དེ་འདྲ་བཞེས་ཀྱི་མེད་པ་འདྲ། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་དུས་ཆེན་ཐེངས་༥༤ པ་སྲུང་བརྩིའི་ལས་རིམ་ཞིག་དང་མགྲོན་ཤོག་ཅིག་འབྱོར་སོང་། ལས་རིམ་དང་མགྲོན་ཤོག་དེའི་རྒྱབ་མདུན་གྱི་ཡི་གེ་ཚང་མ་དབྱིན་ཡིག་ཁོ་ནའི་ཐོག་བྲིས་འདུག་པས་བོད་ཡིག་ཚིག་གཅིག་མཐོང་རྒྱུ་མི་འདུག

དངོས་གནས་བྱས་ན་དུས་དྲན་སྲུང་བརྩིའི་ལས་རིམ་དེ་ཚོགས་པ་བྱེ་བྲག་པ་དང་མི་སྒེར་གང་ཞིག་གིས་བཟོས་པའི་ལས་རིམ་ལྟ་བུ་མ་ཡིན་པར། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོའི་ལས་རིམ་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། ལས་རིམ་དང་མགྲོན་ཤོག་དེ་བོད་ཡིག་ཐོག་བཟོ་དགོས་པ་དེ་ཡང་། བོད་ཕྱི་ནང་གཉིས་སུ་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གི་གནས་སྟངས་འོག ཆགས་དང་འཇིག་གི་ས་མཚམས་སུ་ཡོད་པའི་མི་རིགས་འདིའི་སྐད་ཡིག་ལ་དོ་སྣང་དང་བརྩི་འཇོག་བྱེད་སྟངས་ཤིག་ཆགས་ཡོད་ན་ཡང་། དེ་ལྟ་མ་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་ལས་རིམ་དང་མགྲོན་ཤོག་དེ་མི་རིགས་གཞན་ཞིག་གི་སྐད་ཡིག་ཐོག་བཟོས་ཡོད་པ་དེས། མི་རིགས་རང་གི་སྐད་ཡིག་ལ་མཐོང་ཆུང་དང་དམའ་འབེབས་རི་འདྲ་བོ་ཞིག་བྱས་པ་རེད།
མ་ཟད་གོང་དུ་བཤད་པ་ལྟར་བོད་སྐད་ཡིག་ཆགས་དང་འཇིག་གི་ས་མཚམས་སུ་སླེབས་ཡོད་པའི་སྐབས་དེར། ང་ཚོའི་གཏམ་དཔེར་རྨ་ཁར་ཚྭ་བཏབས། རོ་ཐོག་ལ་རྟ་བརྒྱུགས་ཞེས་པའི་དཔེ་ལྟར་ཆེད་དུ་ཀྱག་ཀྱག་བྱས་པ་ཡང་རེད། དེ་ཡང་ལས་རིམ་དེ་ཉེ་ཆར་རང་བྱུང་བ་ཡིན་པར་བརྟེན་དཔེར་མཚོན་ཙམ་ཡིན་པ་ལས། དེ་ལྟ་བུའི་གནད་དོན་གཞན་བགྲངས་རྒྱུ་མེད་པ་གཏན་ནས་མིན།

གཞན་ཡང་དེ་འདྲ་བའི་གཞུང་གི་ལས་རིམ་གཙོས་པའི་ཡིག་ཆ་དང་། དྲ་རྒྱ་སོགས་གནད་དོན་མང་པོ་ཞིག་བོད་ཡིག་དང་འབྲེལ་བ་གཏན་ནས་མེད་པ་དེ་ཡང་། གྲོས་ཚོགས་ཚོགས་དུས་༨ པའི་སྟེང་གྲོས་ཚོགས་ཀྱི་འཐུས་མི་ཚོས་སྐད་གསེང་མཐོན་པོས་གསལ་བཤད་གནང་སོང་བ་ལྟ་བུ་རེད།
ཡང་གནད་དོན་དེའི་ཐད་ཉེ་ཆར་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་དགེ་རྒན་ཚོར་བོད་སྐད་ཡིག་སློབ་ཁྲིད་བྱེད་ཕྱོགས་དང་འབྲེལ་བའི་བཅར་འདྲི་བྱེད་སྐབས། དགེ་རྒན་ཞིག་གིས་འདི་འདྲ་ཞིག་བཤད་བྱུང་། སྔོན་མ་ཡིན་ན་གཞུང་གི་ལས་རིམ་དང་འབྲེལ་བའི་ཡིག་ཆ་ཁག་བོད་ཡིག་ཐོག་བཟོ་དགོས་པའི་བཀའ་ཁྱབ་བཏང་ཡོད་ན་ཡང་། དེང་སང་ཟབ་སྦྱོང་དང་དེ་འདྲའི་སྐབས་ལས་རིམ་ཚང་མ་དབྱིན་ཡིག་ཐོག་འབྲི་ཡི་འདུག དེང་སང་བོད་ཡིག་ལ་དོ་སྣང་དང་མཐོང་འཇོག་གི་མི་འདུག

དེར་བརྟེན་ལོ་ཁ་ཤས་ཀྱི་ནང་བོད་ཡིག་ཉམས་ཆག་འགྲོ་སོང་ཞེས་སེམས་ཚོར་ཆེན་པོའི་འགྲེལ་བརྗོད་གནང་སོང་བ་ལྟ་བུ་རེད། མ་ཟད་དེང་སང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་བྱེད་ཚོའི་སྦྲགས་སྐད་རྒྱག་སྟངས་དེ་མཐོང་ཚེ། སེམས་ལ་དགའ་སྡུག་གི་ཚོར་བ་ཡོད་མཁན་ཞིག་ཡིན་ན་ངོ་མ་ཡི་མུག་པ་ཞིག་རེད། དེ་ཡང་ཁོང་ཚོ་ལས་ཁུངས་ཀྱི་ཕྱི་ལོགས་སུ་འགྲོ་སྐབས་སྲང་ལམ་བར་གྱི་སྐད་ཆ་ལྟ་བུ་ཡིན་ན་ཁག་མེད། འོན་ཀྱང་དེ་འདྲ་མ་རེད། ཉེ་ཆར་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སྲིད་སྐྱོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཚོར་དབུ་མའི་ལམ་སྐོར་ལ་གཏམ་བཤད་ཅིག་གནང་སོང་།
སྐབས་དེར་གསར་འགོད་པའི་མིང་ཐོག་ནས་ནང་དུ་བཏང་མ་སོང་ཡང། ཟུར་ཉན་པའི་མིང་ཐོག་ནས་སོང་བ་ཡིན། སྲིད་སྐྱོང་གིས་གཏམ་བཤད་ཚར་རྗེས་སྲི་ཞུ་བ་ཚོ་དང་ལྷན་དྲི་བ་དྲིས་ལན་གནང་སྐབས། སྲི་ཞུ་བ་ཁག་ཅིག་གིས་ཕྱེད་ཁ་བོད་སྐད་དང་ཕྱེད་ཁ་དབྱིན་སྐད་ཡིན་པའི་དྲི་བ་ཁག་ཅིག་ཡིན་ཤག་ཤག་གིས་བཏང་སོང་ལ། ལན་རྒྱག་མཁན་གྱི་ངོས་ནས་ཀྱང་ཡིན་ཤག་ཤག་གིས་ལན་བརྒྱབ་སོང་། སྦྲགས་སྐད་ག་ཚོད་བརྒྱབ་ཀྱང་མཛད་གཙོ་རྣམ་པ་དང་སྲི་ཞུ་བ་རྣམ་པ་ཚོ་སྣང་མེད་རེད་འདུག་པས། བྱེད་སྟངས་དེར་བལྟས་ན་ནམ་རྒྱུན་ལྷན་ཁང་ཁག་གི་ནང་ལས་ཀ་བྱེད་སྐབས་ཀྱང་། ཁོང་ཚོས་སྦྲགས་སྐད་དེ་དག་སྣང་མེད་ཀྱི་ཐོག་ནས་རྒྱག་གི་ཡོད་པའི་ཚོར་བ་ཞིག་འགོག་མེད་དུ་སྐྱེས་སོང།

འདིར་ངས་སྣང་མེད་རེད་འདུག་ཅེས་བཤད་པར་གོ་རྒྱུ་དང་ཉན་རྒྱུ་ཟུར་དུ་ཡོད། ཁོང་ཚོས་སྦྲགས་སྐད་དེ་ཚོ་ཤོར་བ་རེད་མི་འདུག་ཆེད་དུ་རྒྱག་གི་འདུག རྒྱུ་མཚན་ནི་སྦྲགས་སྐད་དེ་བརྒྱབ་ན་སྐྲག་དགོས་ས་དང་བརྩི་དགོས་ས་སུ་ཡང་མེད་པར། རང་སྣང་གང་དྲན་གྱིས་སྦྲགས་སྐད་ལ་ཚོད་དང་སྟངས་འཛིན་གང་ཡང་མེད་པར་རང་དབང་གི་ཁོར་ཡུག་ཅིག་རེད་འདུག ཁོང་ཚོས་སྦྲགས་སྐད་དེ་ཚོ་ཤོར་སོང་བ་ཡིན་ན་ཁག་མེད་ལ། ཡང་ན་སྦྲགས་སྐད་དེ་ཚོ་བརྒྱབ་རྗེས་མ་འགྲིག་པའི་རྣམ་འགྱུར་ཞིག་བསྟན་ན་དེ་ཡང་བྱེད་སྟངས་ཤིག་ཡིན་མོད། དེ་འདྲ་ཕར་ཞོག་ད་དུང་གང་ཞིག་འཇོན་ཡོད་མདོག་གིས་ཡིན་ཤག་ཤག་རེད་འདུག གནད་དོན་དེ་ཚོར་བལྟས་ཡོང་དུས་བཀའ་ཤག་འདིས་བོད་སྐད་ཡིག་ལ་མཐོང་དང་དོ་སྣང་མེད་པ་དེ་གསལ་པོ་ཆགས་ཡོང་གི་འདུག

དངོས་གནས་བྱས་ན་གཞུང་གི་སྲི་ཞུ་བ་ཚོས་ལྷན་ཁང་ཁག་གི་ནང་ལས་ཀ་བྱེད་སྐབས་དང་། དེ་བཞིན་མཛད་གཙོ་རྣམ་པ་ཡོད་ས་ནས་བགྲོ་གླེང་དང་གཏམ་བཤད་དེ་འདྲའི་སྐབས། བརྗོད་གཞི་དམིགས་བསལ་བ་ཡིན་ན་མ་གཏོགས་སྦྲགས་སྐད་དམ་ར་མ་ལུག་གི་སྐད་རྒྱག་རྒྱུར་སྟངས་འཛིན་དང་འགྲོ་སྟངས་ཤིག་ཡོད་ན་ཡག་པོ་ཡོད་ས་རེད། ཡིན་ན་ཡང་ཁོང་ཚོར་བསམ་བློ་དེ་འཁོར་གྱི་མེད་པ་འདྲ། བྱེད་སྟངས་འདིར་བལྟས་ན་མི་འགྱངས་བར་བཙན་བྱོལ་ནང་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་མི་ཐུབ་པའི་གནས་སྟངས་ཤིག་ཆགས་མི་སྲིད་པ་གཏན་ནས་རེད་མི་འདུག་ལ། གནས་སྟངས་དེ་ཡང་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནས་མགོ་བརྩམས་དེ་ཡོང་ཉེན་འདུག

ཡིན་ན་ཡང་གནད་དོན་འདི་དག་གི་ཐོག་གཞུང་གི་མཛད་གཙོ་རྣམ་པ་དང་སྲི་ཞུ་བ་ཚོས་བསམ་བློ་གཏོང་མྱོང་ཡོད་ཚོད་མི་འདུག མ་གཞི་ནས་འདི་ཚོར་ག་ཚོད་ལབ་ན་ཉན་འཇོག་བྱེད་ཀྱི་མ་རེད། གྲོས་ཚོགས་ཀྱི་འཐུས་མི་ཚོས་གཞུང་འབྲེལ་གྱི་མཛད་རིམ་དང་ཡིག་ཆ་ཁག་བོད་ཡིག་ཐོག་བཟོས་དགོས་པའི་བསམ་ཚུལ་དང་རེ་བ་བཏོན་ཏེ་ཉིན་ཤས་ལས་སོང་མེད་ཀྱང་། དེ་རིང་ཡང་༧གོང་ས་མཆོག་གིས་ཞི་བདེ་གཟེངས་རྟགས་བཞེས་ནས་ལོ་༢༥ འཁོར་བའི་གཞུང་འབྲེལ་མགྲོན་ཤོག་དེ་དབྱིན་ཡིག་ཐོག་བཟོས་འདུག དེར་བརྟེན་ང་ཚོས་ག་ཚོད་བཤད་ཀྱང་ཕན་ཐོགས་མེད་པ་གསལ་པོ་རེད།

ཡང་ངས་འདིར་བཤད་འདོད་པའི་གནད་དོན་གཞན་ཞིག་ཡོད་པ་དེ། བཀའ་ཤག་འདིས་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་མེད་དེ་རེད། སྤྱི་ཚོགས་ནང་མི་མང་པོ་ཞིག་གིས་དེའི་ཐད་དོགས་པ་དང་གླེང་སློང་བྱེད་ཀྱི་འདུག དེ་བས་བཀའ་ཤག་འདིས་དེང་སང་མི་ཚོགས་གང་མང་སར་སྲིད་ཇུས་དེ་རྒྱུན་འཁྱོངས་དང་ལག་བསྟར་བྱེད་ཀྱི་ཡོད་ཟེར་ནས་མ་ཎི་བགྲངས་བགྲངས་བྱེད་ཀྱི་ཡོད་པ་རེད། དེ་ཁ་ཙམ་རེད་དམ་དངོས་གནས་རེད། མི་མང་མགོ་འཐོམས་འདུག

རྒྱུ་མཚན་ཉིན་ཤས་སྔོན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག གངས་སྐྱིད་དུ་ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཡུལ་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེའི་དམིགས་བསལ་ཚོགས་འདུ་ཞེས་པ་ཞིག་འཚོགས་སོང་། སྐབས་དེར་ཤེས་རིག་དྲུང་ཆེས་ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོར་གསུང་བཤད་གནང་སྐབས། “མང་ཚོགས་ཀྱིས་ཤེས་ཡོན་སྲིད་ཇུས་ཀྱི་གནས་སྟངས་དང་། ལངས་ཕྱོགས་ག་འདྲ་ཆགས་ཀྱི་ཡོད་རེད་བསམ་པའི་དོགས་པ་དང་རྣམ་རྟོག་ཡོང་ཆོག་གི་རེད། བཀའ་ཤག་སྐབས་༡༤ པའི་ངོས་ནས་ཤེས་ཡོན་སྲིད་ཇུས་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་ཀྱི་ཡིན་ཟེར་ནས། སྲིད་སྐྱོང་གིས་ཚོགས་འདུ་རིམ་པའི་ནང་བཀའ་གནང་ཡོད་རེད། དེར་བརྟེན་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་ལ་ཐེ་ཚོམ་དང་དོགས་པ་གནང་དགོས་པ་གང་ཡང་མེད་ཞུ་རྒྱུ་ཡིན་”ཞེས་གསུངས་པ་ཙམ་ལས། དེ་སྔོན་ཤེས་ཡོན་སྲིད་ཇུས་ལག་བསྟར་མེད་སའི་སློབ་གྲྭ་གང་ཞིག་ལ་ད་ལྟ་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་སྟངས་དང་། དེ་བཞིན་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་ཇུས་ལག་བསྟར་ཡོང་ཆེད་ཀྱི་ལས་འགུལ་འདི་དང་འདི་སྤེལ་ཡོད་ཅེས་གཅིག་ཀྱང་ངོ་སྤྲོད་བྱེད་རྒྱུ་མི་འདུག

ཚོགས་འདུ་དེ་སྤྱི་ཚོགས་ནང་མི་མང་གི་བཀའ་ཤག་འདིས་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་མེད་སྙམ་པའི་དོགས་པ་སེལ་ཆེད་དུ་རེད་དམ། ཡང་ན་དོན་ངོ་མར་གང་ཞིག་བྱེད་འཆར་རེད། དཔེ་སྟོན་སློབ་གྲྭ་ཡག་རབས་བཤད་དགོས་ཀྱི་ཡོད་མ་རེད། དེ་མི་མང་གིས་ཀྱང་ཤེས་ཀྱི་འདུག མི་མང་གི་དྲི་བ་དེ་མ་འོངས་པར་དེ་སྔོན་ཤེས་ཡོན་སྲིད་ཇུས་ལག་བསྟར་མེད་པའི་སློབ་གྲྭ་ག་ཚོད་ཅིག་ལ་ལག་ལེན་བསྟར་འཆར་ཡོད་མེད་དང་། དེ་སྔོན་ལག་བསྟར་ཡོད་པའི་སློབ་གྲྭ་ཁག་གི་གནས་སྟངས་ག་འདྲ་བྱས་ནས་ཡར་རྒྱས་གཏོང་གི་ཡིན་ཟེར་བ་དེ་རེད།

མདོར་བསྡུས་ན་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་སོ་སོའི་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་ཇི་ལྟར་བདག་པོ་དང་སྲུང་སྐྱོབ་བྱེད་ཀྱི་ཡིན་ཟེར་བ་དེ་རེད། དེ་བས་གནད་དོན་འདིའི་ཐད་མི་རིགས་འདིའི་རིག་གཞུང་དང་སྐད་ཡིག་ལ་དུང་བ་ཡོད་མཁན་མང་པོ་ཞིག་གིས་མགོ་འཐོམས་སོང་ཟེར་གྱི་འདུག ཁག་མི་འདུག་ནམ་རྒྱུན་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཙམ་ལ་དེ་ཙམ་གྱིས་བདེན་པར་ཆ་འཇོག་གི་མེད་ཀྱང་། དེང་སང་ང་ཚོའི་སྤྱི་ཚོགས་ནང་བཀའ་ཤག་འདིས་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་མེད་ཀྱི་དོགས་པ་དང་སྐད་ཆ་མང་པོ་ཞིག་ཡོང་གི་ཡོད་པར་བརྟེན། དངོས་གནས་བྱས་ན་སྐབས་དེར་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་དང་འབྲེལ་བའི་སྐད་ཆ་གསར་པ་མང་པོ་ཞིག་གོ་རྒྱུར་རེ་བ་ཆེན་པོ་ཞིག་བྱས་ཏེ་སོང་བ་ཡིན། ཡིན་ན་ཡང་སྐད་ཆ་ཚང་མ་སྤྱི་བཤད་ཙམ་རེད་འདུག་པས། སྐད་ཆ་གསར་པ་དང་ཁ་གསལ་པོ་གཅིག་ཀྱང་རག་མ་སོང་།

བཀའ་ཤག་འདིས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལས་ཁུར་གནང་སྟེ་ཉིན་ཁ་ཤས་ཤིག་དང་ཟླ་བ་ཁ་ཤས་ཤིག་མ་རེད། མི་ལོ་གསུམ་འཁོར་ཡོད་རེད། དེར་བརྟེན་དངོས་གནས་བྱས་ན་སྐབས་དེར་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱས་ཏེ་ཡར་རྒྱས་འདི་འདྲ་ཞིག་སོང་ཡོད་སྐོར་དང་། མ་འོངས་པར་ལས་འཆར་འདི་འདྲ་ཞིག་ཡོད་ཅེས་ངོ་སྤྲོད་བྱ་རྒྱུའི་ཚབ་ཏུ། མཚམས་དེ་འདྲ་ཞིག་ལ་ད་དུང་ཤེས་ཡོན་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར་བའི་སྐད་ཆ་དེ་འཚམས་པོ་ཞིག་རེད་འདུག་གམ། ངས་བལྟས་ན་སྐད་ཆ་དེ་རང་གིས་བཀའ་ཤག་འདིས་ཤེས་ཡོན་སྲིད་ཇུས་ལ་དོ་སྣང་དང་ཉམས་འཇོག་མེད་པ་མ་ཟད། ལས་དོན་དེའི་ཐོག་ཤུགས་སྣོན་རྒྱག་གི་མེད་པ་མཚོན་གྱི་ཡོད་རེད་བསམ་གྱི་ཡོད།

འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་གཞན་གྱིས་མི་རིགས་གང་ཞིག་ཡུན་གནས་ཐུབ་མིན་དེ་སྐད་ཡིག་གནས་ཐུབ་མིན་ལ་རག་ལས་ཡོད་ཟེར་བ་དེ། ང་ཚོའི་སྐུ་ངོ་ཚོས་ཀྱང་རྟག་པར་ཚོགས་འདུ་དང་བགྲོ་གླེང་སོགས་ཀྱི་ཐོག་བཤད་ཀྱི་ཡོད་ན་ཡང་། དེ་ནི་ཁོང་ཚོའི་བཤད་རྒྱུན་ཙམ་ལས་དོན་ངོ་མར་གནད་དོན་དེ་ལག་བསྟར་དང་རྒྱུན་འཁྱོངས་ཡོང་ཆེད་ལས་ཀ་ག་ཚོད་ཅིག་བྱེད་ཀྱི་ཡོད་མེད་དོགས་པ་རེད། དོགས་པ་དེ་ཡང་ང་དང་ང་ལྟ་བུའི་ནམ་རྒྱུན་སྤྱི་ཚོགས་ཀྱི་འགྲོ་སྟངས་མི་ཤེས་མཁན་དང་། མི་རིགས་ཀྱི་རིག་གཞུང་ལ་འགན་ཁུར་མེད་པའི་གླེན་པ་མགོ་འཁོར་ཁག་ཅིག་གི་དོགས་པ་ལྟ་བུ་མ་ཡིན་པར། བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་མང་པོ་ཞིག་ལ་ཡང་གཅིག་མཚུངས་ཀྱི་ཡོད་པའི་དོགས་གནས་ཤིག་ཆགས་ཡོད་པ་དེ། ཉེ་ཆར་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་ཤེས་རིག་གི་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས། གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གིས། ཤེས་རིག་བཀའ་བློན་ལ་གནད་དོན་དེ་དང་འབྲེལ་ནས་དྲིི་བ་མང་པོ་ཞིག་བཏང་བའི་གནས་སྟངས་ལས་ཤེས་ཐུབ་པ་ཞིག་རེད་ལ། དེ་བཞིན་གྲོས་ཚོགས་དེའི་སྟེང་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་ཐད་གྲོས་ཚོགས་ནང་ཚོགས་ཆུང་གསར་འཛུགས་དགོས་པའི་གྲོས་ཆོད་བཞག་ཡོད་པ་རེད། དངོས་གནས་བྱས་ན་འཛིན་སྐྱོང་བཀའ་ཤག་གིས་ཀྱང་ཚོགས་ཆུང་ཆེད་འཛུགས་ཀྱིས་ཤེས་ཡོན་སྲིད་ཇུས་ལག་བསྟར་དང་གྲུབ་འབྲས་སོགས་ཀྱི་ཐད་བསྐྱར་ཞིབ་བྱེད་ཀྱི་ཡོད་འདུག

ཡིན་ན་ཡང་ལས་དོན་འདི་གལ་ཆེན་ནང་གི་དོན་ཆེན་ཞིག་ཆགས་ཡོད་པར་བརྟེན། གྲོས་ཚོགས་ཀྱི་འཐུས་མི་ཚོས་གྲོས་ཚོགས་རང་གིས་གནད་དོན་དེའི་ཐད་བསྐྱར་ཞིབ་དགོས་སྐོར་གསུངས་ཏེ། ཨུ་ཚུགས་ཀྱིས་ཚོགས་ཆུང་ཆེད་འཛུགས་དགོས་པའི་གྲོས་ཆོད་དེ་བཞག་ཡོད་པ་རེད། དེར་བརྟེན་ཚོགས་ཆུང་གཉིས་ཀྱིས་དུས་ཡུན་ཐུང་ཐུང་ནང་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་ལ་བསྐྱར་ཞིབ་བྱ་རྒྱུ་བྱས་ཡོད་རེད། མ་གཞི་ནས་བསྐྱར་ཞིབ་བྱས་མིན་གྱི་གནད་དོན་ཞིག་མ་རེད། ལག་བསྟར་བྱེད་འདོད་མེད་ན་ཚོགས་ཆུང་དང་བསྐྱར་ཞིབ་ཀྱིས་གང་ཡང་ཕན་ཐོགས་ཀྱི་མ་རེད། གལ་ཏེ་ཚོགས་ཆུང་འདི་གཉིས་ཀྱི་སྙན་ཐོར་ཤེས་ཡོན་སྲིད་ཇུས་ལག་བསྟར་ཡག་པོ་བྱས་མེད་པའི་གྲུབ་དོན་ཐོན་ན། ག་རེ་བྱེད་རྩིས་ཡོད། དེ་ལྟར་དགོས་པའི་ཁྲིམས་དང་སྒྲིག་གཞི་སུ་ལ་སྟོན་རྒྱུ་ཡོད།

དངོས་གནས་བྱས་ན་ད་ལྟའི་ཆར་ཤེས་ཡོན་སྲིད་ཇུས་ལག་བསྟར་ཡོད་སའི་སློབ་གྲྭ་ཉུང་ཤས་ལས་མེད་པ་ཚང་མས་ཤེས་ཀྱི་ཡོད་རེད། ཡིན་ན་ཡང་སུས་ཀྱང་དེའི་ཐད་ནུས་པ་འདོན་ཐུབ་ཀྱི་ཡོད་མ་རེད། མ་ཞིག་ནས་ཤེས་རིག་ལས་ཁུངས་ལ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཚང་མས་ཤེས་ཡོན་སྲིད་ཇུས་ལག་བསྟར་དགོས་པའི་བཀོད་ཁྱབ་གཏོང་དབང་ཡོད་རེད་དམ་མ་རེད། གལ་ཏེ་ཡོད་ན་ཁོང་ཚོས་དེ་ལྟར་ཉན་རྒྱུ་རེད་དམ་མ་རེད། དེ་ཚོ་ཚང་མ་དོགས་པ་རེད། དེ་བས་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང་དེ་ཚོར་བསམ་བློ་གཏོང་དགོས་པ་ཞིག་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། གནད་དོན་འདི་བོད་པའི་སྤྱི་ཚོགས་ཀྱི་མཐོ་བ་གྲོས་ཚོགས་ནས་དམའ་སྲང་ལམ་བར་གྱི་སྤྱི་ཚོགས་ཀྱི་བཤད་ཡམས་ལྟ་བུ་ཞིག་ཆགས་འདུག

མཐར་བཤད་འདོད་པ་ཞིག་ནི། ང་ལ་འདིར་བཀའ་ཤག་འདིའི་ལས་དོན་ཕྱོགས་ལ་བསྔགས་བརྗོད་དང་ཡི་རངས་བྱ་རྒྱུ་མེད་པ་མིན་ཡང་། རེ་རེ་བཞིན་བྱ་འདོད་མེད། རྒྱུ་མཚན་ནི་ཉེ་ཆར་གྲོས་ཚོགས་ཚོགས་དུས་༨ པའི་སྟེང་ལྷན་ཁང་ཁག་གི་ལས་བསྡོམས་ལ་བགྲོ་གླེང་གནང་སྐབས། གྲོས་ཚོགས་ཀྱི་འཐུས་མི་ཚོས་བསྔགས་བརྗོད་དང་ཡི་རངས་ཚད་མཐོ་ས་ནས་བྱས་སོང་བ་དེས་ཆོག་པ་གྱིས།།

རྩོམ་རིག

Post navigation

Previous Post: དཔའ་རྟུལ་མགོན་པོ་རྣམ་རྒྱལ་གྱི་སྐོར་ལ་དེབ་ཞིག་ཐོན་འདུག
Next Post: ཨ་སྒོར་ས་ཡ་གསུམ་དང་འབུམ་གཉིས་ཀྱི་རོགས་དངུལ་སྐོར།

Comments (25) on “མཐོང་ཆུང་དང་དམའ་འབེབ་རི་འདྲ་བོ་ཞིག་བྱས་སོང་།”

  1. ལུང་རྟོགས། says:
    2014-11-28 at 11:39 pm

    སྐྱོན་བརྗོད་བྱེད་ན་གནས་ལུགས་ཡོད་པ་འདི་འདྲ་བྱེད་དགོས་པ་རེད། འདི་ནི་དངོས་གནས་མི་རིགས་ལམའགན་ཁུར་བའི་སྐད་ཆ་ཞིག་ཡིན་པར་མཐོང་སོང་། ང་ཡང་སྔར་ནས་བཀའ་ཤག་གིས་བོད་ཀྱི་སྐད་ཡིག་ཐོག་འཛིན་པའི་སྲིད་བྱུས་ལ་དོག་པ་རྣམ་རྟོག་ཡོད། སྲིད་སྐྱོང་གི་སྐྱོན་ཆ་ཆེ་ཤོས་ཀྱང་བོད་ཡིག་གི་གནས་ཚད་ལེགས་པོ་མེད་པ་འདི་རེད་བསམ་གྱི་ཡོད། འདིས་ཐད་མི་མང་གིས་བཀའ་ཤག་ལ་གནོན་ཤུགས་སྤྲད་དགོས་རྒྱུ་གལ་ཆེན་པོ་མཐོང་སོང་།

  2. བསྟན་འཛིན། says:
    2014-11-29 at 12:11 am

    བོད་མི་རིགས་ཀྱི་སྲོག་རྩ་དེར་དཔྱད་གླེང་གནང་འདུག། སྒེར་འཁོན་དང་སྐབས་འཚོལ་བའི་རྣམ་པ་མེད་པའི་ཐོག་ནས་དོན་དངོས་ཀྱི་བོད་མི་རིགས་ཀྱི་སེམས་ཁམས་གླེང་འདུག། རྒྱ་དམར་གྱིས་བོད་སྐད་ཡིག་རིག་གཞུང་རྩ་མེད་བཏང་གི་ཡོད་པ་དང་། རྒྱ་དམར་དང་ལྷན་དུ་དབུ་ལམ་འཛིན་དོན་ཡང་བོད་མི་རིགས་ཀྱི་སྐད་ཡིག་གཙོས་པའི་རིག་གཞུང་དག་ཆགས་འཇིག་གིས་ཛ་དྲགས་ཀྱི་འོག་ནས་སྐྱོབ་ཐབ་ཡིན་ཚུལ་བཤད་བཞིན་པ་དེ་རྫུན་གཏམ་གྱི་དྲིལ་སྒྲགས་ཤིག་ལ་མི་འགྱུར་བའི་ངེས་པར་མི་འདུག་གོ། ཕྱི་སྡོད་རང་དབང་ཡུལ་གྱི་བོད་མིའི་བསྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་བོད་ཀྱི་སྤྱི་ཚོགས་ནང་བོད་སྐད་ཡིག་འདི་བཞིན་བཀོལ་སྤྱོད་མེད་པ་ནི་བོད་ཀྱི་དབུ་འཁྲིད་རྣམ་པ་རང་ཉིད་ཀྱིས་བཟོ་བཞིན་འདུག།

  3. བསྟན་འཛིན། says:
    2014-11-29 at 12:21 am

    དཔྱད་གླེང་འདི་དྲ་ཐོག་གཅིག་པུ་མིན་པར་བཀའ་སྤྱི་གཙོས་པའི་བོད་མིའི་བསྒྲིགས་འཛུགས་ཀྱི་ལྷན་ཁང་ཁག་ཚང་མ་ལ་འབུལ་རྒྱུ་གལ་ཆེ་མཐོང་། འདིར་ཟུར་ཆན་པ་དག་གིས་མི་རིགས་ཀྱི་བླ་སྲོག་དང་འབྲེལ་ནས་གླེང་རྒྱུ་ཡང་གནད་འགག་རེད།

  4. ཇུས་ཏོག་ says:
    2014-11-29 at 12:28 am

    སྲིད་སྐྱོང་ལ་བོད་ཡིག་གལ་ཆེན་པོ་ཡིན་པ་ང་ཚོའི་འོས་བསྩུའི་ཆ་རྐྱེན་ནང་ག་
    པར་བཀོད་འདུག་།སྲིད་སྐྷོང་ལ་་བསམ་་བློའི་གནས་ཚད་དང་འཇོན་སྟངས་
    དགོས་རེད་།བོད་ཡིག་གལ་ཆེན་ཡིན་ན་བོོད་ཀྱི་ས་ཆའི་བདག་དབང་་བརྩོད་
    དགོས་པ་རེད་།བོད་མི་རིགས་འདི་བྱ་སྤུ་རི་ལ་གཏོར་བ་ནང་བཞིན་དུ་ཁ་
    འཐོར་ནས་བོད་སྐད་བོད་ག་འདྲ་བྱས་ནས་སྲུང་གི་ཡིན་གཅིག་བཤད་དང་ཡ་
    ཧ་ཧ་ཧ་ལས་མེད་དྲ་འབུ་་ཚོ་སྙིང་རྗེ་ཡ་ང་ཤ་ཚ་།

  5. བྱམས་པ། says:
    2014-11-29 at 1:27 am

    ཕོ་རབ་ཅིག་གིས་སྤྱི་དོན་གླེང་ཞེས་པ་བཞིན་བྱུང་འདུག ཐུགས་རྗེ་ཆེ་ཞུ།

  6. བསྟན་འཛིན། says:
    2014-11-29 at 1:27 am

    ཇུས་ཏོག་ལགས། ཁྱེད་རང་ཉིད་ཀྱི་ཁ་ཕོར་དེར་ཇུས་རྟོགས་དང་བསམ་ཞིབ་ཐུབ་མི་འདུག། ཁྱེད་དང་སྲིད་སྐྱོང་གཉིས་པོའི་བོད་ཡིག་གནས་ཚད་འདྲ་པོ་ཡིན་པའི་བཟོ་འདུག། ༡༽ སྲིད་སྐྱོང་གི་བོད་ཡིག་གནས་ཚད་སྐྱོ་ནས་སྲིད་སྐྱོང་མི་འོས་བཤད་མཁན་འདིར་མེད། སྲིད་སྐྱོང་རང་ཉིད་ཀྱི་བོད་ཡིག་གནས་ཚད་ཚོད་ལོང་པ་ཞིག་མེད་ན་ཡང་སྲིད་སྐྱོང་ལ་བོད་སྐད་ཡིག་ཡར་རྒྱས་གཏོང་རྒྱུའི་འཇོན་མཐང་དང་བསམ་བློའི་གཞི་རྩ་ཞིག་ཡོད་དགོས་རྒྱུ་རེད། ༢༽ བོད་སྐད་ཡིག་འདི་བཞིན་སྲུང་སྐྱོབ་དང་རྒྱུན་འཛིན་བཀོལ་སྤྱོད་དགོས་རྒྱུར་འབད་རྩོལ་ཞིག་མེད་ན་བོད་མི་རིགས་འདི་ཉིད་རྒྱུན་གནས་དང་མི་རིགས་འདིའི་ཁྱད་ཆོས་གླེང་སྡོད་པ་ནི་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱིས་བོད་ལ་འཛིན་པའི་སྲིད་ཇུས་དང་གཉིས་སུ་མེད་པ་ཞིག་རེད། ༣༽ བོད་སྐད་ཡིག་འདི་ཉིད་མ་གནས་ཚེ་བོད་མི་རིགས་ཞེས་རིགས་རྒྱུད་ཙམ་གྱིས་བོད་ལ་དགེ་མཚན་ཆེ་རྒྱུ་ཅི་ཡང་མེད་དོ།

  7. ཐོས་པ་དགའ། says:
    2014-11-29 at 1:57 am

    སྤྱིར་བཏང་བསམ་ཚུལ་ཕུན་སུམ་ཚོགས་པ་འདུག་ཀྱང་། དག་ཡིག་ནོར་འཁྲུལ་མང་པོ་འདུག་པས་བོད་ཡིག་གལ་ཆེན་ཡིན་སྐོར་མ་གསུངས་གོང་རང་ཉིད་ཀྱི་རྩོམ་ལ་ཞུ་དག་ལེགས་པར་བགྱིས་རོགས་ཞུ་རྒྱུ་ཡིན། ད་དུང་རྩོམ་རིང་ཐག་ཆོད་འདུག་པས་དེང་སང་དུས་ཁོམ་མེད་པ་དང་འགྱིད་ལུག་པས་མི་རྣམས་ལ་དཔྱད་རྩོམ་རྣམས་ཚིག་ཉུང་གོ་བ་ལྡན་པ་ཞིག་དགོས་གལ་ཆེ་བར་མཐོང་། གཅིག་བྱས་ནས་གང་ཟག་རང་ཉིད་ལ་དེང་སང་གི་རྩོམ་རིག་སྤེལ་སྟངས་ཀྱི་ཉམས་མྱོང་མེད་པས་བཟོ་འདྲ་བ་ཞིག་འདུག

    ནང་དོན་ལ་མཚོན་ན་ད་ལྟའི་བཀའ་ཤག་གི་བོད་ཡིག་སྐད་དང་རིག་གནས་ལ་དེ་ཙམ་གྱི་མཁྱེན་རྒྱ་མེད་པ་ཡིན་དུས། རང་བཞིན་གྱི་དོ་སྣང་མེད་པ་ཆགས་རྒྱུ་ངེས་པ་རེད་ལ་མངོན་སུམ་དུའང་དེ་འདྲ་རེད། ཤེས་ཡོན་སྲིད་བྱུས་སྐོར་ལ་མོས་མཐུན་ཡོད་ཀྱང་རང་ཅག་བོད་རིག་ཚོས་ཁ་མིག་ལྟ་ས་ནུབ་ཕྱོགས་ཡིན་དུས་དེ་འདྲའི་སྤྱི་ཚོགས་ཤིག་གི་ནང་སྲིད་བྱུས་དེ་འདྲ་ལ་རྒྱབ་སྐྱོར་ཐོབ་དཀའ་བ་མ་ཟད། བཀའ་ཤག་ངོས་ནས་ལག་བསྟར་རྒྱ་སྐྱེད་བྱས་ཀྱང་ང་ཚོ་ལ་མི་ཅ་ཡོད་མིན་མི་ཤེས། དེ་ནས་གནད་དོན་དེ་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཞིག་རེད། སྲིད་སྐྱོང་གི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་དང་མ་བྱས་པ་ལ་བརྟེན་ནས་ཁོང་གི་འོས་གྲངས་ལ་འགྱུར་བ་ཐེབས་ཀྱི་མེད་པ་ཤེས་ཀྱི་ཡོད། དེ་ལས་བོད་མི་རྣམས་ལ་རོགས་དངུལ་མང་དུ་ཐོབ་ཐབས་དང་ནུབ་ཕྱོགས་ཀྱི་བསྐྱོད་རྒྱུའི་གོ་སྐབས་སོགས་བསྐྲུན་ཐབས་བྱས་ན་ཁོང་རང་ལ་མང་ཚོགས་ནས་འོས་གྲངས་མང་བ་ཐོབས་ངེས་ཡིན་པ་ཤེས་ཀྱི་ཡོད། བྱས་ཙང་ཇི་སྲིད་ཤེས་ཡོན་སྲིད་བྱུས་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་བསྒྱུར་ནས་རྩོད་མ་ཐུབ་ཚེ། རང་གི་རིག་གཞུང་ལ་ཤེས་རྒྱ་མེད་པའི་གང་ཟག་དེ་དག་གི་དེ་ལ་དོན་འཁྱོལ་གྱི་རྒྱབ་སྐྱོར་ཞིག་བྱེད་དཀའ་བ་ཡིན།

  8. ཚ་ཕྲུག་རྒྱལ། says:
    2014-11-29 at 2:10 am

    བསམ་ཚུལ་ལེགས། དཔྱད་ཚུལ་བཟང་། བོད་ལ་གདུང་ཞེན་དགོས་ན་བོད་སྐད་ཡིག་སྲུང་སྐྱོབ་དང་བཀོལ་སྤྱོད་ཁྱབ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རེད། ཐོས་པ་དགའ་ལགས་ཀྱི་བརྡ་དག་དང་ཚིག་སྦྱོར་ཧཧཧཧཧཧཧཧ།

  9. དཔལ་དོན། says:
    2014-11-29 at 3:12 am

    ལས་ངན་པ་ཞིག་ལ་རང་རེའི་བཙན་བྱོལ་གྱི་སྒྲིག་འཛུགས་འདི་ཡང་། རྗེས་མའི་འཆར་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་ཁག་ཅུང་ཆེ་ཤས་ཀྱི་གྲས་ཤིག་ཏུ་འགྱུར་རྒྱུ་རེད། དངོས་གནས་ལས་ངན་རེད་ཡ། ལས་ངན་རེད། སྒྲིག་འཛུགས་སྤར་མཐིལ་གང་པོ་ཅི་བྱེད་ཀྱི་རང་དབང་རང་ལ་དབང་ནའང་རང་གི་སྐད་ཡིག་མི་སྤྱོད་པར་མི་རིགས་གཞན་གྱི་སྐད་ཡིག་ཅིག་ལ་ཨུ་ཚུགས་རྒྱག་དགོས་དོན་ཅི་ཡིན་ནམ། དངོས་གནས་བོད་ཞེན་ཞིག་མི་མེད་པ་རེད་དམ།

  10. ཅོ་རི་ཉི་མ། says:
    2014-11-29 at 4:46 am

    བོད་རང་བཙན་བློས་བཏང་མཁན་གྱི་ཚོགས་ཁག་དང་དཔོན་ཁག་ཚོས་བོད་ཡིག་བློས་གཏོང་བྱེད་ཀྱི་ཡིན་པར་གཏན་ཚིགས་རིག་པས་གྲུབ། རང་བཙན་མི་དགོས་ཟེར་མཁན་ཞིག་གི་ངོས་ནས་བོད་ཡིག་དང་དོན་དག་ཆུང་ཆུང་རེད་བ།

    ཁྱོད་རང་ཚོས་ཡག་པོ་བྱས་ནས་བལྟས་དང་། དབུ་མའི་ལམ་དུ་འགྲོ་དགོས་དོན་ཆོས་དང་རིག་གཞུང་ཉེ་སྐྱོབ་ཀྱི་ཆེད་དུ་ཡིན་ཟེར་མཁན་ཚོའི་བུ་ཕྲུག་དང་ཚ་བོ་ཚ་མོ་རྣམས་ཀྱིས་བོད་ཡིག་ཤེས་ལེ་མ་རེད། དཔེར་ན་་་རྒྱ་ལོ་དོན་འགྲུབ་ཀྱི་ཕྲ་གུ་་ཚོ་ལ་ལྟོས། བློ་བཟང་སེང་གེའི་ཕྲུ་གུ་ལ་ལྟོས། དེ་དང་དེ་འདྲ་བོད་རང་བཙན་མི་དགོས་དབུ་མ་ཡིན་ཟེར་མཁན་ཚོའི་ཕྲུ་གུ་ལ་བོད་ཡིག་སློབ་མཁན་ཡང་ཉུང་ཉུང་རེད། གོ་ཐོས་བྱས་ན་རྒྱ་ཡིག་སློབ་ཀྱི་ཡོད་རབས་དང་། རྒྱ་ཡིག་ཡག་པོ་ཤེས་རབས་འདུག

  11. ཁྱུང་དཀར། says:
    2014-11-29 at 4:54 am

    བཀའ་ཤག་སྐབས་གོང་མས་བསྐྱང་བཞིན་པའི་ལྷན་ཁང་ཁག་གི་གཞུང་ཡིག་ཚང་མ་བསྐྱར་དུ་བོད་ཡིག་བཞག་ནས་དབྱིན་ཡིག་ལ་བསྒྱུར་བ་ཡག་པོ་ཅིག་མཐོང་མ་སོང་། དངོས་ནས་ཡིན། ཁ་ཙམ་ལས་ཤེས་ཡོན་སྲིད་ཇུས་ཡར་རྒྱས་གཏོང་གི་མེད་པ་སྲིད་སྐྱོང་གཙོ་བྱས་ནས་དེའི་གཞོགས་འདེགས་ཚང་མར་བོད་སྐད་ཡིག་གི་མ་རྩ་མཐུག་མིན་དང་དུང་ཞེན་ཡོད་མེད་ཀྱང་གསལ་བོ་མཚོན་ཡོད།

  12. ཅོ་རི་ཉི་མ། says:
    2014-11-29 at 4:55 am

    རང་གི་ནང་མིས་བོད་སྐད་མི་བཤད་པར།
    རིག་གཞུང་སྐྱོབ་མདོག་བཤད་པར་གཡོ་སྒྱུ་རེད།
    རང་གི་ཕྲུ་གུས་བོད་ཡིག་མི་ཤེས་པར།
    རིག་གཞུང་སྐྱོབ་མདོག་བཤད་པར་མ་བྷན་རེད།།

    ཁ་ནས་རིག་གཞུང་ཟེར་ནས་གཏམ་བཤད་མང་།
    ལག་ལེན་དབྱིན་ཡིག་མིན་ན་བརྡ་མི་འཕྲད།
    ཁ་དང་ལག་པ་འགལ་བའི་སྐུ་ངོ་ཚོས།
    ཡུལ་ལུང་ཕུང་ལ་སྦྱར་བ་ཉུང་ཉུང་མིན།།

  13. ཀརྡོ་གཉེར་ཕྱག་པ་ says:
    2014-11-29 at 5:18 am

    བློ་བཟང་མཁྱེན་བརྩེ། དྷ་ས། (བོད་ཀྱི་བང་ཆེན་ནས་དྲངས།)

    དེང་སང་ང་ཚོའི་སྤྱི་ཚོགས་ནང་ད་ལྟའི་བཀའ་ཤག་འདིའི་བཀའ་བློན་ཚོས་བོད་རང་གི་ཡི་གེ་ཤེས་ཀྱི་མེད་པ་དང་། རང་མི་རིགས་ཀྱི་རིག་གཞུང་ལ་དུང་བ་མེད་རབས་སོགས་བཤད་དེ་སྐྱོན་བརྗོད་བྱེད་མཁན་དང། ཁ་རྡུང་གཏོང་མཁན་གྱི་རིགས་གང་མང་ཞིག་ཡོད་རེད་ལ། ་་་་་་་་་་་

    ་་་་་་་་་ དེ་བས་དེ་རིང་ངས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་འདིས། བོད་སྐད་ཡིག་ལ་བརྩི་མཐོང་ག་ཚོད་ཡོད་མེད་དང་། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་བཅས་ཀྱི་ཐད་ནས་གླེང་རྒྱུ་ཡིན། ་་་་་་་་་

    ་་་་་་་་་ རྒྱུ་མཚན་ནི་གོང་དུ་བཤད་པ་ལྟར། དེང་སང་ང་ཚོའི་སྤྱི་ཚོགས་ནང་བཀའ་ཤག་འདིས་བོད་རང་གི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཡོད་མེད་དང་། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་མེད་སོགས་ཀྱི་ཐད་ནས་སྐད་ཆ་དང་དོགས་པ་མང་པོ་ཞིག་ཡོང་གི་ཡོད་པ་དེས་རེད་ལ། གནད་དོན་འདི་ནི་མི་རེ་ཟུང་གི་ཚོར་བ་དང་སེམས་འཚབ་ལྟ་བུ་མ་ཡིན་པར། མི་རིགས་འདིའི་འདས་མ་ད་གསུམ་ལ་སེམས་ཁུར་དང་དུང་བ་ཟབ་པའི་བོད་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་དང་། ལྷག་པར་དུ་རང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་རྒྱུན་འཛིན་ཐད་འགན་ཁུར་དང་ལྷག་བསམ་ཆེ་བའི་ཤེས་ཡོན་པ་ཚོའི་སེམས་ནང་གི་སྡུག་ཡུས་དང་ན་ཟུག་ཅིག་རེད། མ་ཟད་གནད་དོན་འདི་དེང་སང་ང་ཚོའི་སྤྱི་ཚོགས་ནང་བཤད་ཡམ་ལྟ་བུ་ཞིག་ཏུ་གྱུར་ཏེ་ཁ་ཡོད་ཚད་ཀྱིས་གླེང་དགོས་པའི་སེམས་ནང་གི་ན་ཚ་ཞིག་ཏུ་ཡང་གྱུར་འདུག ་་་་་་་་

    ་་་་་་་་་ ཡིན་ན་ཡང་སྐུ་ངོ་ཚོས་ཐུགས་བསམ་དེ་འདྲ་བཞེས་ཀྱི་མེད་པ་འདྲ། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་དུས་ཆེན་ཐེངས་༥༤ པ་སྲུང་བརྩིའི་ལས་རིམ་ཞིག་དང་མགྲོན་ཤོག་ཅིག་འབྱོར་སོང་། ལས་རིམ་དང་མགྲོན་ཤོག་དེའི་རྒྱབ་མདུན་གྱི་ཡི་གེ་ཚང་མ་དབྱིན་ཡིག་ཁོ་ནའི་ཐོག་བྲིས་འདུག་པས་བོད་ཡིག་ཚིག་གཅིག་མཐོང་རྒྱུ་མི་འདུག ་་་་་་

    ་་་་་་་་་ སྲིད་སྐྱོང་གིས་གཏམ་བཤད་ཚར་རྗེས་སྲི་ཞུ་བ་ཚོ་དང་ལྷན་དྲི་བ་དྲིས་ལན་གནང་སྐབས། སྲི་ཞུ་བ་ཁག་ཅིག་གིས་ཕྱེད་ཁ་བོད་སྐད་དང་ཕྱེད་ཁ་དབྱིན་སྐད་ཡིན་པའི་དྲི་བ་ཁག་ཅིག་ཡིན་ཤག་ཤག་གིས་བཏང་སོང་ལ། ལན་རྒྱག་མཁན་གྱི་ངོས་ནས་ཀྱང་ཡིན་ཤག་ཤག་གིས་ལན་བརྒྱབ་སོང་། ་་་་་་་་
    ་་་་་་་ དགེ་རྒན་ཞིག་གིས་འདི་འདྲ་ཞིག་བཤད་བྱུང་། སྔོན་མ་ཡིན་ན་གཞུང་གི་ལས་རིམ་དང་འབྲེལ་བའི་ཡིག་ཆ་ཁག་བོད་ཡིག་ཐོག་བཟོ་དགོས་པའི་བཀའ་ཁྱབ་བཏང་ཡོད་ན་ཡང་། དེང་སང་ཟབ་སྦྱོང་དང་དེ་འདྲའི་སྐབས་ལས་རིམ་ཚང་མ་དབྱིན་ཡིག་ཐོག་འབྲི་ཡི་འདུག དེང་སང་བོད་ཡིག་ལ་དོ་སྣང་དང་མཐོང་འཇོག་གི་མི་འདུག ་་་་་་་
    ་་་་་་ དེར་བརྟེན་ལོ་ཁ་ཤས་ཀྱི་ནང་བོད་ཡིག་ཉམས་ཆག་འགྲོ་སོང་ཞེས་སེམས་ཚོར་ཆེན་པོའི་འགྲེལ་བརྗོད་གནང་སོང་བ་ལྟ་བུ་རེད། མ་ཟད་དེང་སང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་བྱེད་ཚོའི་སྦྲགས་སྐད་རྒྱག་སྟངས་དེ་མཐོང་ཚེ། སེམས་ལ་དགའ་སྡུག་གི་ཚོར་བ་ཡོད་མཁན་ཞིག་ཡིན་ན་ངོ་མ་ཡི་མུག་པ་ཞིག་རེད། ་་་་་་

    ་་་་་་་་་་ ང་ལ་འདིར་བཀའ་ཤག་འདིའི་ལས་དོན་ཕྱོགས་ལ་བསྔགས་བརྗོད་དང་ཡི་རངས་བྱ་རྒྱུ་མེད་པ་མིན་ཡང་། རེ་རེ་བཞིན་བྱ་འདོད་མེད། ་་་་་་་་་་་་་་་

  14. བདེན་པའི་ཕོ་ཉ་ says:
    2014-11-29 at 5:42 am

    ཅོ་རི་འདི་སྨྱོ་དང་དུས་བློ་སེང་ལ་སྟོད་སྨྱོ་བའི་སྐབས་ལ་བློ་སེང་སྨད་དུག་སྦྲུལ་ལྕེ་གཉིས་རང་རེད་

  15. ཅོ་རི་ཉི་མ། says:
    2014-11-29 at 6:03 am

    ཅོ་རིས་སྐྱོན་ཡོད་ན་སྐྱོན་བརྗོད་དང་། བསྟོད་དགོས་ས་བསྟོད་ར་བཏང་གི་ཡོད། སྐྱོན་དང་ཡོན་ཏན་གཉིས་ཁ་ཁར་ཕྱེས་ནས་ཁ་ཐུག་བརྗོད་ཀྱི་ཡོད། ཁྱོད་ཚོ་ནང་བཞིན་རང་ཉིད་དང་མི་མཐུན་དུས་ཕྱོགས་ཐམས་ཅད་ནས་སྐྱོན་རྐྱང་པ་བརྗོད་ཀྱི་མེད།

  16. བདེན་པའི་ཕོ་ཉ་ says:
    2014-11-29 at 6:35 am

    ད་ཡིནན་་བློ་སེང་ལ་སྐྱོན་བརྗོད་བྱེད་དགོས་པའི་སྐྱོན་གང་ཡོད་སྟོད་དགོས་་པའི་རྒྱུ་མཚན་གང་ཡོད་ཤོད་དང་་

  17. ནད་མེད་ཚེ་རིང་། says:
    2014-11-29 at 9:03 am

    ད་དུས་ཚོད་སྡུག་ཏུ་འགྲོ་བཞིིན་འདུག་གོ། དེང་སང་སྲིད་སྐྱོང་མཆོག་རྒྱ་གར་གཏན་སློབ་ནང་སློབ་གྲྭ་བསྐྱོད་མྱོང་ཡོད་ཙང་བོད་ཡིག་འབྲི་ཀློག་གཅུང་དྲག་ངེས། འོན་ཀྱང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ནི་བོད་ཡིག་འབྲི་ཀློག་རང་སྐྱ་འཕེར་བ་མེད་སྟབས་བོད་ཡིག་ནང་ཡིག་འབྲེལ་བྱ་རྒྱུ་ཕར་བཞག་བོད་ཡིག་ནང་ཡིག་གེ་འབྱོར་སྐབསསྐད་བསྒྱུར་ཞུ་དགོས་པ་ནི་ངོ་ཚ་དགོས་པ་ཡིན། རང་དབང་ལུང་པར་གནས་པའི་བོད་མི་རྣམས་རང་གི་སྐད་ཡིག་མ་ཤེས་ན་རྒྱ་དམར་འོག་གནས་པའི་བོད་རིགས་ཚོའི་རང་གི་རིག་གཞུང་དང་སྐད་ཡིག་བཅས་པར་བདག་གཅེས་དང་སྲུང་སྐྱོབ་གང་ཡོང་གནང་བཞིན་བ་ནི་ཁོང་ཚོར་མངགས་བརྗོད་དང་བཙན་བྱོལ་བ་ཚོར་ངོ་ཚ་དགོས་པ་ཡིན། བཀའ་ཁྲི་ཟམ་གདོང་བླ་མས་དགོངས་པ་རྒྱ་ཆེ་བཞེས་ཏེ་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པ་ཡིག་འབྲེལ་བོད་ཡིན་ནང་བྱ་དགོས་བཟོས་པ་ནི་དགོངས་པ་བསླབ་ཆེན་ཡིན་པ་བརྗོད་མི་དགོས་ཤིང་། ད་ཆ་བཀའ་ཤག་ནས་སྐབས་རེ་གྲོས་ཚོགས་སུ་ལན་འདེབས་འབུལ་སྐབས་དབྱིན་ཡིག་ནང་ཕུལ་ཡོད་པ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཆེ་རིང་ལགས་ནས་སྐབས་ཅིག་གྲོས་ཚོགས་ཀྱི་ཚོགས་ཐེངས་ཤིག་ནང་གསུང་སོང་བས། དངོས་འབྲེལ་བྱེད་ན་སྤྱི་འཐུས་ཚོགས་གཙོ་ནས་སྐབས་དེར་བཀའ་ཤག་གི་ཕྱག་བྲིས་བརྩི་མེད་གཏོང་བའམ་ཡང་ན་བོད་ཡིག་ནང་གཏོང་དགོས་པའི་བཀོད་མངགས་གནང་དགོས་པ་ཡིན། ཆུ་མགོ་ནས་རྙོག་ན་ཆུ་གཙང་མ་ཡོང་ཐབས་མེད་པའི་དཔེ་ལྟར་མགོ་ནས་སྦོ་ལུག་ནས་འོག་ལ་བལྟ་བཟོ་མེད་པ་ཆགས་ངེས་ཡིན་པ་ཤེས་གསལ་ལ་སོང་། མཛད་གཙོ་རྣམ་པའི་རང་གི་སྐད་ཡིག་ལ་ཆེས་མཐོང་དང་མི་ཉམས་གོང་འཕེལ་གཏོང་བར་ཁ་ཞེ་གཉིས་མེད་ཀྱིས་ཕྱག་ལས་གནང་རོགས་འབོད་སྐུལ་ཞུ་རྒྱུ་ཡིན། དེ་མིན་ང་ཚོས་རྒྱ་ནག་གི་བོད་ནང་རིག་གཞུང་རྩ་མེད་གཏོང་གི་འདུག་བཤད་ནས་ང་རང་ཚོའི་དོ་སྣང་མ་གནང་ན་ཁ་ནས་རྫིག་པོ་བཤད་པ་དང་དོན་དངོས་མི་མཐུན་པ་ཆགས་རྒྱུ་ཡིན་སྟབས་དེ་ལུགས་གནང་ཕྱོགས་ཡོང་བ་ཞུ་རྒྱུ། མ་འོངས་པར་སྲིད་སྐྱོང་དང་བཀའ་བློན་འདེམས་སྐབས་ཆ་རྐྱེན་གཙོ་བོ་གཅིག་བོད་ཀྱི་སྐད་ཡིག་རང་སྐྱ་འཕེར་བ་དགོས་པ་དང་། ད་བཞིན་དུ་བཙན་བྱོལ་བོད་མི་རང་ལོ་ ༡༨ ཡན་དང་དཔྱ་དེབ་འབུལ་མཁན་རྣམས་ནས་ཐུགས་བསམ་བཞེས་རོགས་ཞུ་རྒྱུ་ཡིན། ང་ཚོའི་མགོ་འཁྲིད་བོད་སྐད་ཆུ་ཚད་མེད་པ་ཡིན་ནི་དགྲ་ལ་ཇི་ལྟར་ཁ་གཏད་གཅོག་གམ། བོད་མི་རྣམས་བསམ་སྣོ་ཡག་པོ་མཐོང་།།།།།

  18. ནུབ་ཕྱོགས་གངས་ཕྲུག says:
    2014-11-29 at 1:18 pm

    བོད་པའི་དབུ་འཁྲིད་ལ། བོད་སྐད་དང་བོད་ཡིག་གལ་ཆེན་རེད། དབྱིན་ཇི་གལ་ཆེ་མ་རེད། དཔེར་ན་རྒྱ་ནག་གི་དབུ་འཁྲིད་ཚོ་དབྱིན་ཇི་ཤེས་ཀྱི་མི་འདུག རྒྱ་སྐད་ཐོག་སློབ་སྦྱོང་བྱས་ནས་ཡང་རྒྱས་ཚགས་ཚུད་བྱུང་ནས་ད་ཆ། འཛམ་གླིང་ནང་སྟོབས་ཆེན་གཉིས་པ་ཆགས་ཡོད། དེ་བཞིན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ཀྱང་དབྱིན་ཇིིའི་སྐད་ཡག་པོ་མེད་ན་ཡང་། འཇོན་ཐང་གི་ངོས་ནས་རྒྱ་གར་མི་མང་གི་སྲིད་བློན་དུ་བསྐོས་པ་རེད།

  19. དབྱངས་ཅན་དགྱེས་པའི་བློ་གྲོས། says:
    2014-11-30 at 4:54 am

    གནད་པ་ཕུགས་པའི་བསམ་ཚུལ་གསུངས་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུག སྙན་ཞུའི་རྩོམ་ཡིག་འདིའི་རིགས་ལ་མི་མང་གི་ས་རྟགས་བསྡུ་རུབ་བྱས་ནས་འབྲེལ་ཡོད་ལས་ཁུང་སོ་སོར་འབུལ་རྒྱུ་གལ་ཆེན་པོ་རེད།

    དེ་བཞིན་དུ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མང་ཙམ་སྤེལ་རོགས། བསྐྱར་དུ་བཀའ་དྲིན་ཆེན་ཆེ།
    བཀའ་ཤག་འདི་མུ་མཐུད་འདི་ལྟར་སོང་ན་བོད་ཡིག་རྩ་མེད་བཟོ་རྒྱུ་ཉག་ཅིག་རེད་དོ།།

  20. རྒོད་པོ། says:
    2014-11-30 at 11:47 am

    ཡག་པོ་བྲིས་འདུག། དངོས་ཡོད་རེད། རྒྱབ་སྐྱོར་ཆ་ཚང་ཡོད་བོད་ཀྱི་སྐད་ཡིག་འདི་བོད་མི་རིགས་ཀྱི་བེད་སྤྱོད་མ་བྱེས་ན་རྒྱ་མི་དང་ཕྱི་གླིང་བ་རྒྱ་གར་ཀྱི་མི་རིགས་བཅས་ཀྱི་བེད་སྤྱོད་བྱེད་གི་མ་རེད། བོད་ཡིག་རྒྱལ་ལོ།

  21. རྫ་ཚེ་རིང་བཀྲ་ཤིས། says:
    2014-12-01 at 11:52 pm

    ཡག་པོ་དངོས་གནས་བྲིས་འདུག་ལགས།

  22. ཁྱི་ནག་ says:
    2014-12-02 at 1:42 am

    སྐད་ཡིག་དེ་བདག་པོ་རྒྱག་ཐུབ་མིན་ལ་ཆ་རྐྱེན་མང་པོ་ཚང་དགོས་ཟེར། བོད་ཕར་ཞོག ཡུ་རོབ་རྒྱལ་ཁབ་ནང་ལ། ཕ་རན་སིའི་སྐད་དང་། པོ་ལན་ཊིའི་སྐད། དེ་བཞིན་ཆེག་གི་སྐད་བཅས་ཀྱང་དབྱིན་ཇི་དང་རྒྱ་སྐད། དེ་བཞིན་སི་པན་གྱི་སྐད་བཅས་ཀྱི་དབང་ཤུགས་འོག་ལ། ལོ་བརྒྱའི་ནང་གནས་ཐུབ་མིན་ཤོད་ཁག་པོ་རེད་ཟེར་སྐབས། ད་སྐད་ཡིག་གཞན་པ་རྣམས་ཅི་བྱེད། འདིའི་སྐོར་ལ་བགྲོ་གླེང་གནང་རོགས།

  23. ཀརྡོ་གཉེར་ཕྱག་པ་ says:
    2014-12-02 at 2:54 am

    ་་་་་་་་ དབྱིན་ཇི་དང་རྒྱ་སྐད། དེ་བཞིན་སི་པན་གྱི་སྐད་བཅས་ཀྱི་དབང་ཤུགས་འོག་ལ། ལོ་བརྒྱའི་ནང་གནས་ཐུབ་མིན་ཤོད་ཁག་པོ་རེད་ཟེར་་་་་་་་་་

  24. ཀརྡོ་གཉེར་ཕྱག་པ་ says:
    2014-12-02 at 2:57 am

    གལ་སྲིད་གཞན་འོག་འགྲོ་དགོས་ན། ཨིན་སྐད་འོག་ལ་འགྲོ་འདོད་ཡོད་ཀྱང་། སིན་པིན་སྐད་དང་། རྒྱ་ནག་སྐད་འོག་ལ་འགྲོ་འདོ་རྩ་བ་ནས་མེད་དོ།། ཧཧཧཧ།། །།

  25. ཀརྡོ་གཉེར་ཕྱག་པ་ says:
    2014-12-02 at 3:06 am

    བོད་ཡིག་དང་། བོད་སྐད་ཉམས་པའི་རྒྱུ་བཞི་ནི།
    གཅིག ༥༩བར་བོད་སྐད་དང་བོད་ཡིག་དེང་རབས་ཅན་དུ་འགྱུར་མ་ཐུབ་པ།
    གཉིས། མའོ་སོགས་ཀྱིས། བོད་ཀྱི་ཆོས་དང་ཡུལ་ལུང་གོམས་གཤིས་མཉམ་དུ་བོད་ཀྱི་སྐད་ཡིག་ཀྱང་རྩ་གཏོར་བྱེད་བཞིན་པ།
    གསུམ། བོད་མིའི་སྒྲིག་འཛུགས་ཀྱིས། གཞུང་ཡིག་ཆ་ཚང་བོད་ཡིག་ཏུ་ལག་བསྟར་མི་བྱེད་པ།
    བཞི། བོད་རིགས་ས་ཡ་བདུན་བརྒྱད་ཀྱི་ངག་གི་མ་སྐད་གཙོ་བོ་དེ། བོད་སྐད་བྱེད་འདོད་མེད་པ་དང་བཞིའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme