Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཆོད་སྤྲིན།

Posted on 2011-07-23 By ཁ་བརྡ་ 7 Comments on མཆོད་སྤྲིན།

སྙན་བཟང་གཡུང་དྲུང་ཚེ་རིང་།

སྡུག་བསྔལ་རྒྱ་མཚོར་བྱིང་བའི་ལུས་ཅན་འགྲོ།།བདེ་ཆེན་ལམ་དུ་འགོད་པའི་འདྲེན་པ་རྗེ།།ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ལ།།མི་ཕྱེད་དད་པའི་ལན་མང་གསོལ་བ་འདེབས།།མདོ་ཁམས་གཡར་མོ་ཐང་གི་འགྲོ་རྣམས་ཀྱིས།།བསོད་ནམས་ཡོལ་གོར་བསྐྱིལ་བའི་ལྷ་ཡི་མཚོ།།རྟེན་འབྱུང་རླུང་ཤུགས་དཀར་པོའི་ཉེར་བསྲུབས་པས།།གང་སྐུ་ཟླ་གཞོན་ལྗོངས་འདིའི་རྒྱན་དུ་བཞད།།ཟླ་བཞིན་དཀྱིལ་འཁོར་རྫོགས་པའི་བཞིན་རས་ལ།།སྔོན་སྨོན་སྟོང་གི་ཆབ་ཀྱིས་ཁྲུས་བྱས་པའི།།སྙིང་རྗེའི་འཛུམ་དཀར་གཡོ་བའི་རྣམ་འཕྲུལ་གྱིས།།ས་གསུམ་སྐྱེ་དགུའི་སྙིང་ལ་བདེ་དགའ་བསྐྲུན།།ཁ་གྱ་འཇམ་དབྱངས་དཔལ་གྱི་བཞུགས་ཁྲི་ལ།།བྱས་བསགས་གནམ་གྱི་རྒྱལ་མོའི་རྒྱས་བཏབ་པས།།གང་སྐུ་མཛེས་པའི་རྒྱན་དུ་མངོན་བཞུགས་ཏེ།།རྒྱལ་བསྟན་གདུགས་ཆེན་དཀར་པོ་མཁའ་ལ་བསྒྲེངས།།འདྲེན་མཆོག་བློ་བཟང་བསྟན་པའི་ཞབས་སྐྱེས་རྡུལ།།ཆོས་ཀྱི་འཁོར་ལོའི་ཟོལ་གྱིས་རབ་བཅིངས་ཏེ།།ཐུགས་སྟོབས་ལྷ་ཆེན་རལ་བའི་ལང་ཚོ་ཡིས།།གཙུག་ལག་གངྒའི་མཛེས་མ་གྲོགས་སུ་བསུས།།མདོ་སྔགས་ཆོས་ཀྱིས་བརླན་པའི་བསྟན་པའི་མགོན།།འཇིགས་མེད་གཉེན་དུ་བཀུར་ཏེ་ཐུགས་སྟོབས་ཀྱིས།།རམ་འབྱམས་གཞུང་ལུགས་བརྒྱ་ཡི་གདུགས་དཀར་མོ།།བསྒྲེངས་པའི་གྲགས་དཀར་སྐྱེ་དགུའི་ཁ་ལ་འགྱུ།།ཕས་རྒོལ་རལ་བ་རྩ་ནས་གཅོད་པའི་བཤེས།།བླ་ཁོ་ཤེས་རབ་རྒྱ་མཚོའི་ཞབས་གཏུགས་ནས།།དབང་ལུང་མན་ངག་བདུད་རྩིའི་དྭངས་མའི་མཚོ།།རོ་མངར་མྱངས་པས་གཟི་བྱིན་བླ་ན་འབར།།རྒྱལ་བའི་ལམ་རིམ་ཆེན་མོའི་ཤིང་པར་ལ།།ཞུ་ཆེན་ཞིབ་གསལ་མཛད་པའི་ལེགས་བྱས་ཀྱིས།།དྲེགས་ལྡན་སྐྱེས་བུའི་སྙིང་ལ་སྐྱེངས་སྟེར་བ།།ཁྱེད་གཅིག་ཁོ་ན་མེད་ཅེས་ལྷ་ཡིས་གླེང་།།ཁྱད་པར་གང་ཐུགས་ཡོན་ཏན་རྒྱ་མཚོའི་ནོར།།ཇི་ལྟར་ལེན་པའི་སྤོབས་པ་ཞུམ་གྱུར་པས།།བུ་སློབ་བློ་དང་འཚམས་པའི་དཀའ་གནད་རྒྱ།།གྲོལ་བའི་བཀའ་དྲིན་ཚེ་འདིར་གཞལ་ནུས་མིན།།ལྗོངས་འདིར་ཁྲག་གི་དར་ཁ་ཆགས་པའི་དུས།།གང་སྐུ་ལྕགས་ཀྱི་སོ་ཁར་གཏད་ནའང་།།མ་ཉམས་དམ་པའི་རང་རྟགས་ངོ་མཚརགླུ།།གཟུགས་ཅན་ཟོལ་གྱིས་སྐྱེ་དགུའི་སྙིང་ལ་བབས།།འགྲོ་བ་ས་ཡི་སྙིང་གི་བསིལ་འཇམ་ཟླ།།སླར་ཡར་མུན་པའི་ཕུག་མདོར་ཤར་གྱུར་པས།།ཟབ་རྒྱས་ཆོས་དང་སྲོལ་རྒྱུན་རིག་པའི་གནས།།བསྐལ་བར་གནས་པའི་འོད་དཀར་རྒྱན་དུ་བཀོད།།སྡེ་བཞིའི་འདུལ་ཁྲིམས་མཛེས་པའི་བསྟན་འཛིན་ལ།།རྒྱལ་བ་བློ་བཟང་གྲགས་པའི་བྱང་ཆུབ་ལམ།།དམར་ཁྲིད་གནང་བའི་ཐུགས་རྗེ་བརྩེ་བའི་ཁྱོན།།ཇི་ལྟར་གཞལ་བའི་སྤོབས་པ་བག་ལ་ཞ།།དཔལ་ལྡན་བྱ་ཁྱུང་ཐེག་ཆེན་དར་གླིང་ནས།།ཁྱིམ་དང་ཁྱིམ་གྱི་རོ་ལ་ཐུགས་ཕྱུངས་ཏེ།།རྒྱལ་བསྟན་བདག་གིར་བཞེས་པའི་བསྟན་འཛིན་སྡེ།།བསྙེན་རྫོགས་སྡོམ་རྒྱུན་གནང་བ་གྲངས་མི་ལངས།།སྲིད་འདིའི་རིན་ཆེན་བརྡལ་བའི་དཀོར་མཛོད་ཀྱིས།།མཚོན་ནུས་མིན་པ་ལེགས་བཤད་ལྷུན་པོའི་ཚད།།ཨེ་མ་གླེགས་བམ་ཟོལ་གྱིས་བབས་པའི་ནོར།།མ་ཐེག་དབྱིག་འཛིན་བུ་མོའི་འཁུན་སྒྲ་འབྱིན།།མཉམ་མེད་རྒྱལ་བའི་རང་ལུགས་མདོ་སྔགས་ཆོས།།ཇི་ལྟར་གསུངས་པའི་གདམས་ངག་ཆར་རྒྱུན་གྱིས།།སྙིང་ཁམས་བརླན་པར་བྱས་པའི་འགྲོ་རྣམས་ཀྱི།།དད་པའི་ངང་ཚུལ་དུད་པའི་སྙེ་མ་བཞིན།།འགྲོ་འདིར་འདུས་བྱས་མི་རྟག་སྟོན་པའི་ཕྱིར།།ཤཱཀྱའི་སྲས་བཞིན་མཛད་པ་བསྟན་ཟིན་ཀྱང་།།དུས་སྙིགས་མུན་པ་ནག་པོ་སེལ་བྱེད་དུ།།སླར་ཡང་གང་སྐུ་ཟླ་གཞོན་འཛུམ་པར་ཤོག།
ཅེས་པ་འདི་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱབས་རྗེ་དམ་པ་༸ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ཡི་འཁོར་མོ་གཅིག་འཁོར་བ་དང་སྟབས་བསྟུན། སྐྱབས་རྗེ་དམ་པ་གང་གི་མཛད་པ་རྒྱ་མཚོ་ལས་ཆུ་ཐིགས་ཙམ་ཞིག་རྗེས་དྲན་མཚོན་བྱེད་དུ། ཧྥ་རན་སིའི་ནུབ་ཆེན་རྒྱ་མཚོ་འགྲམ་དུ་སྙན་བཟང་གཡུང་དྲུང་ཚེ་རིང་གིས་བྲིས་པ་དགེ་ལེགས་འཕེལ།
༼ཟུར་ཞུ། དེ་རིང་ཁོ་བོས་སྔོན་གྱི་རྩོམ་ཡིག་རྙིང་པ་ཁག་བསྔོགས་སྐབས། སྔོན་ཆད་དུས་དེབ་དང་ཚགས་པར་ཁག་ཏུ་སྤེལ་མ་མྱོང་བའི་རྩོམ་འགའ་རྙེད་བྱུང་། དེའི་ཁྲོད་ཀྱི་སྙན་ངག་འདི་ནི་ཁོ་བོས་ལོ་ངོ་བརྒྱད་དགུའི་སྔོན་ཙམ་ལ་བྲིས་པ་ཞིག་རེད། གཅིག་བྱས་ན་དྲ་ཐོག་འདིར་སྙན་ངག་ྐློག་མཁན་རེ་ཟུང་ཡོད་མི་སྲིད་པ་མིན་སྙམ་ནས་གློག་ྐླད་དུ་བཅུག་པ་ཡིན།༽

སྙན་ངག

Post navigation

Previous Post: ཕུག་རོན་ནད་པ་ཞིག་དང་ངའི་"སྙིང་རྗེའི་འཁྲབ་སྟོན་"ལས་འཕྲོས་པ།
Next Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Comments (7) on “མཆོད་སྤྲིན།”

  1. སྤོབས་པ་མཐའ་ཡས། says:
    2011-07-23 at 4:42 am

    ཀློག་མཁན་ཡོད་ད་ཡོད། ངས་ཤར་མར་བཀླགས་ཐེངས་གཅིག་དང་ཡང་བསྐྱར་ཞིབ་ལྟ་ཞིག་བྱས་པ་ཡིན། དོན་བཟང་པོ་དང་ཚིག་བཟང་པོ་ངོ་མ་སྙན་ངག་ཟེར་བ་འདི་འདྲ་ཞིག་ལོས་ཡིན་སྙམ་བྱུང་། འདི་དང་མཉམ་དུ་ཤར་གདོང་ཚང་གི་ངོ་སྤྲོད་ཉུང་བསྡུས་ཤིག་ཀྱང་ཡོད་ན་ལེགས་ས་རེད།

  2. རྩམ་དགའ། says:
    2011-07-23 at 6:01 am

    ངག་རིག་སྨྲ་བའི་གཞོན་ནུ་གང་། །
    གང་ན་འཚོ་ཡང་ཁྱད་མེད་དུ། །
    དུ་མར་བྲིས་པའི་སྙན་རྩོམ་དག །
    དག་མོར་བཀླགས་དང་ཀློག་བཞིན་ཡོད། །

  3. ཉི་མ་གཞོན་ནུ། says:
    2011-07-23 at 10:01 am

    ཡག་བྱུང་། སྙན་པོ་བྱུང་།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-07-23 at 2:18 pm

    ལེགས་པར་བརྩམས་པར་ལེགས་གསོལ་ཞུ། ཁོ་བོ་གཞོན་པའི་དུས་ལས་ད་ལྟ་སྙན་ཚིག་འབྲི་བ་དང་ཀློག་པ་པོ་མང་དུ་མཐོང་བ་ནི། ཁ་བརྡའི་བློ་གསལ་སྐྱེས་བུ་རྣམས་ཀྱི་བོད་ཀྱི་རིག་གཞུང་ཉམས་པ་སུར་ཆུད་མི་ཉམས་གོང་སྤེལ་ལ་ཞབས་འདེགས་བླ་ན་མེད་པ་ལྟ་བུར་མཛད་པར་བཀའ་དྲིན་ཆེ། རང་རེས་རྩོམ་སོགས་འབྲི་བ་ན། བོད་རིགས་སྐྱེ་བོ་དག་སྐད་ཀྱི་སྒོ་ནས་གཅིག་སྒྲིལ་འབྱུང་བ་ལ་འབད་དགོས། བཀའ་བསྟན་གསུང་འབུམ་སོགས་བརྗོད་བྱ་ཙམ་མ་ཡིན་པར་རྗོད་བྱེད་ཚིག་གི་སྒོ་ནས་ཀྱང་རང་རེ་ལ་རིན་ཐང་ཆེ། དེས་ན་བོད་སྐད་སྙན་རྩོམ་སོགས་འབྲི་མཁན་དག་གིས་བཀའ་བསྟན་སོགས་ཀྱི་གཞུང་རང་བློ་དང་འཚམས་པ་རེ་སྦྱང་དགོས་པ་གལ་ཆེ་་སྟེ།
    མཁས་པས་ཡང་དག་རབ་སྦྱར་བའི།
    ངག་ནི་འདོད་འཇོའི་བ་རུ་བཤད།
    དེ་ཉིག་ཉེས་པར་སྦྱར་ན་སླར།
    སྦྱོར་པོ་བ་ལང་ཉིད་བརྗོད་བྱེད།།
    དེའི་ཕྱིར་སྙན་དངགས་དག་ལ་སྐྱོན།
    ཆུང་བར་གྱུར་ཀྱང་ཅི་ཞིག་ལྟར།
    བཏང་སྙོམས་མི་བྱ་ལུས་མཛེས་ཀྱང་།
    སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར།། མེ་ལོང་མ། ལེ་༡ ཚི་ ༦དང་༧
    དེས་ན་གཤམ་གསལ་ཚིག་དག་ལ་བཀའ་བསྟན་ལྟར་བདག་གིས་འདི་ལྟར་འདོན་ཅིང་འབྲི་སྟེ།
    ཕས་རྒོལ་རལ་བ་རྩ་ནས་གཅོད་པའི་བཤེས། ཞེས་པར། ཕས་རྒོལ་རལ་པ་རྩ་ནས་གཅོད་པའི་བཤེས།
    རྒྱལ་བའི་ལམ་རིམ་ཆེན་མོའི་ཤིང་པར་ལ།། ཞེས་པར། རྒྱལ་བའི་ལམ་རིམ་ཆེན་མོའི་ཤིང་སྤར་ལ།།
    བསྐལ་བར་གནས་པའི་འོད་དཀར་རྒྱན་དུ་བཀོད། ཞེས་པར། །བསྐལ་པར་གནས་པའི་འོད་དཀར་རྒྱན་དུ་བཀོད།
    བསྙེན་རྫོགས་སྡོམ་རྒྱུན་གནང་བ་གྲངས་མི་ལངས།། ཞེས་པར། བསྙེན་རྫོགས་སྡོམ་རྒྱུན་སྩལ་པ་་གྲངས་མི་ལངས།།
    དེ་ཡང་གནང་ཞེས་པ་དབུས་གཙང་ན་སྩོལ་དང་མཛད་པའི་དོན་ལ་བཀོལ་ཀྱང་ལ་དྭགས་པ་ལྟ་བུ་ཞིག་གིས་གནང་ཞེ་པའི་ཚིག་དེ་ཉིད་དེ་དག་གི་དོན་ལ་གཏན་ནས་མི་བཀོལ་བར་མ་ཟད་དེ་ལ་གོ་བ་ཐེབས་པའང་དཀའོ།།

  5. མིག་བརྒྱད་པ། says:
    2011-07-23 at 3:12 pm

    རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ནི་དུས་རབས་ཉི་ཤུ་བའི་ནང་གི་བོད་ཀྱི་རིག་གཞུང་ལ་མཛད་རྗེས་ཆེ་བའི་མཁས་དབང་དམ་པ་ཞིག་རེད། ཁོང་གིས་མཚོ་སྔོན་མི་རིགས་སློན་ཆེན་གྱིས་མཚོན་པའི་སློབ་གྲྭ་ཁག་དང་དགོན་སྡེ་ཁག་མང་པོར་བོད་ཀྱི་ཆོས་དང་རིག་གནས་སློབ་ཁྲིད་དང་ཁྲིད་རྒྱུན་སྤེལ་བ་སོགས་མཛད་རྗེས་བླ་ན་མེད་པ་བཞག་གནང་བ་དང་༡༩༩༤་ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་སློབ་ཡོངས་ལ་ནང་པའི་ཆོས་ཀྱི་ལས་འབྲས་ཀྱི་རྣམ་བཞག་སོགས་དམ་པའི་ཆོས་ཀྱི་བསླབ་བྱ་མང་པོ་གནང་ཡོད། མཁས་པའི་དབང་པོ་འཇིགས་མེད་དམ་ཆོས་རྒྱ་མཚོ་དང་མཁས་དབང་དགེ་བཤེས་ཤེར་རྒྱམ་དང་ཚེ་ཏན་ཞབས་དྲུང་སོགས་བོད་ཀྱི་མཁས་པ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་བཀའ་ཁྲིད་མང་པོ་གསན་མྱོང་བར་མ་ཟད། གཡུང་དྲུང་བོན་དང་བཅས་བའི་བོད་ཀྱི་ཆོས་ལུགས་ཁག་གི་ལོ་རྒྱུས་དང་ལྟ་གྲུབ་ཀུན་ལ་བྱང་ཆུབ་པའི་ཉེ་རབས་ཀྱི་ལོ་རྒྱུས་སྨྲ་བ་ཞིག་ཀྱང་རེད།

  6. མིག་བརྒྱད་པ། says:
    2011-07-24 at 4:00 am

    དུས་ཀྱི་སྨག་ཆེན་ཞྭ་ལྟར་གྱོན་ན་ཡང་།།
    མཛད་རྗེས་རི་མོ་གངས་རིའི་ལྗོངས་ན་འཚེར།།
    བྷོ་ཊའི་རིག་གཞུང་ཉམས་པ་མེད་པར་སྤེལ།།
    ཐུ་མིའི་གདུང་འཚོབ་ཁྱེད་ལ་དད་པས་མཆོད།།

    མཁས་པའི་བྱ་བ་གསུམ་གྱི་འཁོར་ལོའི་འགྲོས།།
    སྐུ་ཚེའི་མཛད་པ་འཆད་ཁྲིད་དོན་དུ་བྲེལ།།
    སློབ་བུ་སྟོང་ཕྲག་མང་པོས་སྙན་ངག་གླུ།།
    ཁྱེད་ལ་སྐྱོར་བའི་བཀའ་དྲིན་རྗེས་དྲན་ཞུས།།

    རྔམས་ནག་དུས་ཀྱིས་མནར་པའི་མུན་ཀློང་ལས།།
    རྒྱལ་བའི་བསྟན་དང་བོད་ཀྱི་རིག་གཞུང་ལ།།
    མཁྱེན་དཔྱོད་གཟི་འོད་འབར་བའི་བླ་སྲོག་བསྐྲུན།།
    ངེས་དོན་ཐོན་མི་གཉིས་པ་ཁྱེད་ལ་བསྔགས།།

  7. སྙན་བཟང་གཡུང་དྲུང་ཚེ་རིང says:
    2011-07-27 at 7:22 pm

    རྒན་བློ་བཟང་འཇལ་དཔལ་མཆོག་གིས་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ། པར་ལ་སྤར་བཅོས་གནང་བ་དེ་ལྟར་རེད། ཡིན་ནའང་བདག་སྒྲའི་སྐོར་འདི་རྩོད་གཞི་ཅན་ཞིག་ནའང་། བཀའ་བསྟན་སོགས་དང་རྗེས་མཐུན་བྱེད་པ་འདི་ཡང་གནད་འགག་ཅིག་རེད། ཞོར་དུ་རྩམ་དགའ་ལགས་ལའང་བཀའ་དྲིན་ཆེ་ཞུ་འདོད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme