Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་ཇར་སོང་བ་ཡིན།

Posted on 2011-09-092011-09-11 By ཡེ་ཤེས་ 7 Comments on མང་ཇར་སོང་བ་ཡིན།

(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
གཉའ་འབྲོང་ཐུ་བུ།

མང་ཇ། གྲྭ་ཇ། ཚོམ་ཇ། དེ་དག་ནི་གནའ་ནས་བཟུང་སྦྱིན་བདག་གི་ཆེད་དུ་འཚོག་གི་ཡོད་མེད་མི་ཤེས་མོད། དེང་སང་ཕལ་ཆེར་སྦྱིན་བདག་གི་ཆེད་དུ་འཚོག་གི་ཡོད། དེའི་སྟབས་ཀྱིས་སྐུ་འགྱེད་ཀྱི་ཆེ་ཆུང་ཡང་གོང་ནས་ལན་སྐྱེལ་གྱིན་ཡོད་ལ། སྐུ་འགྱེད་མི་ཆེ་ན་ཚོགས་ཉུང་བ་ཡང་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན། སྐུ་འགྱེད་མི་ཆེ་དུས་ཚོགས་ལ་ཕེབས་མཁན་མི་འདུག་གསུངས་ནས་ཚོགས་གཏམ་གཏོང་བ་དང་སྒོར་ཆད་གཅོད་པ་ཡང་ལུགས་སྲོལ་ཞིག་ཡིན། སྐབས་རེར་གྲྭ་ཇའི་ཡོང་སྒོ་ལས་གྲྭ་ཆད་ཀྱི་འགྲོ་སྒོ་མང་གི་ཡང་བསམ་མྱོང་། དོན་ངོ་མར་བཤད་ན་སྐུ་འགྱེད་ཆེ་ཆུང་མགོ་ནས་གླེང་ཚར་བའི་རྗེས་ལ་སྐུ་འགྱེད་ཆེ་ན་ཚོགས་ལ་ཡོང་བ་དང་མི་ཆེ་ན་མི་ཡོང་བ་དེང་གི་གྲྭ་བའི་གཤིས་ཀ་གཅིག་བུས་ཐག་གཅོད་མི་ཐུབ་བམ། དེ་ལས་དང་པོ་ནས་མང་ཇ་གྲྭ་ཇ་འདུག་ཅེས་ལན་ཕུལ་བ་དེ་ག་རང་གིས་འགྲིག་པ་བྱས་ན་གྲྭ་མང་གི་འདུ་ཤེས་འཛིན་ཚུལ་ལ་མང་ཇ་དང་གྲྭ་ཇ་ཡོད་ན་འགྲོ་དགོས་བསམ་པ་ཞིག་ལས་གཞན་འཁོར་རྒྱུ་མེད་སྙམ།

ངས་ཤེས་པའི་ཕ་ཡུལ་གྱི་གཞིས་དགོན་དག་ནས་ཚོགས་འཚོག་དུས་སྐུ་འགྱེད་ཡོད་མེད་དང་དེའི་ཆེ་ཆུང་གསལ་བསྒྲགས་བྱེད་ཀྱི་མི་འདུག་ལ། གྲྭ་མང་ནང་ནའང་སྐུ་འགྱེད་ཡོད་མེད་ཀྱི་སྐད་ཆ་འདྲི་མཁན་མི་འདུག དེའི་རྒྱུ་མཚན་ཡིན་ནམ་དང་ཐོག་ང་སེ་སར་སླེབས་དུས་ངས་སྐུ་འགྱེད་ཀྱི་ཆེ་ཆུང་འདྲི་མི་ཕོད། འོན་ཀྱང་ད་ནི་དེ་ངེས་པར་འདྲི་དགོས་པའི་གནད་དོན་ཞིག་ཆགས་འདུག གང་ལྟར་དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་ལྟ་བུར་ཆགས་ཚར་བ་རེད། ད་གླེང་ནས་ཅི་བྱེད། ངས་གླེང་རྒྱུ་ངོ་མ་ནི། དེ་རིང་གི་མང་ཇ་ལས་བྱུང་བའི་ཚོར་སྣང་དག་རིམ་པ་བྱས་ནས་ཀློག་པ་བོའི་མིག་སྔར་བསྟར་རྒྱུ་དེ་ཡིན། དེ་རིང་མང་ཇ་འཚོག་ཐེབས་གསུམ་ཡོད་ལ། ཞོགས་པའི་ཆུ་ཚོད་ 5.50 ནས་མང་ཇ་དང་པོ་དང་། ཆུ་ཚོད་ 9.00 ནས་མང་ཇ་གཉིས་པ། ཆུ་ཚོད་ 11 ནས་མང་ཇ་གསུམ་པ་བཅས་འཚོགས་སོང་། མང་ཇ་གསུམ་ནི་༧ གོང་ས་མཆོག་གི་ཞབས་བརྟན་ཡིན་ལ་དེ་ཡང་འདི་ལོའི་རྡོར་གདན་དུས་དབང་ལ་བར་གེགས་མང་བས་དེ་དག་བཟློག་ཆེད་ཡིན་གསུངས་སོང་། བར་གེགས་གང་ཞིག་ཡིན་པ་ངས་ཤེས་མ་སོང་། འཚོག་ཐེབས་རེ་ལ་སྐུ་འགྱེད་ཧིན་སྒོར་ཉི་ཤུ་རེ་འདུག སྦྱིན་བདག་ཨ་རུ་ན་ཅལ་མངའ་སྡེའི་དུས་དབང་བཀོད་སྒྲིག་ཚོགས་ཆུང་ཡིན་པ་འདྲ། དེའི་ནང་ནས་སྒོར་བཅུ་དང་ཚོགས་རྫས་ཀྱི་སྦྱིན་བདག་སྒེར་བ་ཞིག་རེད་ཟེར་མཁན་འདུག ཉིན་གུང་སྦྱིན་བདག་གཞན་ཞིག་གིས་ཀྱང་སྐུ་འགྱེད་སྒོར་སུམ་ཅུ་བརྒྱབ་སོང་། གང་ལྟར་ཞོགས་པའི་ཚོགས་བསྐོར་ནས་ཚོགས་རྫས་བགོ་འགྲེམས་བྱས་སོང་མོད། ཚོགས་རྫས་བྱི་རིལ་རེ་རེ་དང་། ཀོ་རེ་ཀ་ར་ཤོག་ཐུམ་ཁ་གཏེལ་ནས་ནང་ནས་རྡོག་མ་རེ་རེ་ཕུལ་སོང་། ཆ་ཚང་ལ་ད་དུང་ཀོ་རེ་ཀ་ར་ཐེམས་མ་སོང་། ངས་བཤད་རྒྱུ་ནི་འདི་ལྟར་ཚོགས་པ་དང་མི་སྒེར་སུ་ཡིན་ཡང་རང་ཉིད་ལ་འབྱོར་བ་ཡོད་མེད་ལ་མ་ལྟོས་པར་གཅིག་ཡོད་ན་རེད་གཉིས་ཡོད་ན་རེད། འདི་ལྟར་༧ གོང་ས་མཆོག་གི་ཞབས་བརྟན་ལ་ཕུལ་བ་དེ་བླ་སློབ་ཀྱི་དམ་ཚིག་ཤེལ་སྒོང་ལྟར་གཙང་མ་ཡིན་པའི་རྟགས་མཚན་མ་ཡིན་ནམ་སྙམ། ཁྱེད་ཚོས་ཀྱང་དེ་དགོངས་ཀྱི་རེད། འདང་སྐོར་ལོག་རྒྱག་རྒྱུ་མ་རེད་འདོད། ཕྱོགས་གཞན་ཞིག་ནས་བཀའ་བཞིན་སྒྲུབ་པའི་མཆོད་པ་ཕུལ་ཐུབ་ན་ཞབས་བརྟན་དངོས་གནས་དེ་ཡིན་ཞིང་བསོད་ནམས་བསགས་ཟེར་བའང་དེ་ཡིན་རྒྱུ་རེད་འདོད། དེ་རིང་གི་ཞབས་བརྟན་དེ་འདྲ་ཞིག་ཡིན་མི་སྲིད་ཀྱང་། འདྲ་ཆགས་པོ་བྱས་ན་༧གོང་ས་མཆོག་གཏན་ནས་ཐུགས་མི་དགྱེས་ཤིང་། མི་སུ་འདྲ་ཞིག་ཡིན་ནའང་དེ་འདྲ་ལ་མི་དགའ་བ་གཅིག་མཚུངས་རེད་མོད།

ངའི་སེམས་སུ་གནད་དོན་གཞན་ཞིག་ཤར་བ་ནི་དེང་སང་ཚོང་རའི་འགྲན་རྩོད་ཉིན་རེ་ནས་ཇེ་ཆེ་ཡིན་ལ་དངོས་ཟོག་གི་རིན་གོང་ཡང་ཉིན་རེ་ཇེ་མཐོ་རེད། འདི་ནི་འཛམ་གླིང་སྤྱི་ལ་ཁྱབ་པའི་ཚོང་རའི་ཕྱོགས་ཀྱི་ཟིན་ཐོ་ཞིག་ཡིནའང་ང་ཚོའི་ཚོང་རྫས་ནི་བཟོ་གྲྭ་ནས་ཉོ་མི་དགོས་པ་དང་། ཇི་འདྲ་ཞིག་བཙོང་ཡང་ཚར་རྒྱུ་མེད་པ། ལས་སྣོན་བྱེད་མི་དགོས་པ། ཉོ་མཁན་ལ་ཅི་ཙམ་ཐོབ་ཡོད་མེད་ཀྱང་མི་ཤེས་པ་སོགས་ཀྱི་ཆ་ནས་ཡིན་ནམ། ད་དུང་ཡང་རིན་གོང་གཏན་འཁེལ་ཞིག་མེད་ལ། རིན་གོང་འཕར་སོང་ཟེར་བ་ཡང་མི་འདུག་པར་སྐབས་འགར་གོང་ཆེན་བྱས་ནས་བཙོང་ཐུབ་ལ། སྐབས་འགར་ཧ་ཅང་གོང་ཆུང་བ་དང་ཡང་རིན་མེད་དུ་འབུལ་དགོས་པའི་གནས་སྟངས་ཀྱང་འབྱུང་གི་ཡོད། འདི་འདྲའི་ཉོ་ཚོང་གི་ལམ་ལུགས་ལ་ཞུགས་མཁན་དག་ནི་དངོས་གནས་བཤད་ན་སྤྱང་གྲུང་གཉིས་འཛོམས་དག་མ་ཡིན་ནམ། སྤྱང་གྲུང་གཉིས་འཛོམས་ཡིན་པས་ད་ནི་ང་ཚོས་ཀྱང་ཚོང་རྫས་ཀྱི་རིན་གོང་ལྡབ་འགྱུར་གྱིས་འཕར་མི་དགོས་སམ། ཁྱེད་ཅག་དགོངས་པ་མ་ཚོམ། འདི་ནི་ངའི་ཚོར་སྣང་ཡིན་ལ། ང་ལ་རང་གི་ཚོར་སྣང་འདི་འགོག་འདོད་མི་འདུག

ང་ལ་ཚོར་སྣང་གཞན་ཞིག་བྱུང་བ་ནི། དེ་རིང་གི་ཞོགས་ཚོགས་ལ་ངས་མཐོང་ས་ཀུན་པོར་སེར་བྱེས་ཀྱི་གྲྭ་བ་རེད་འདུག་ལ། སེར་སྨད་མང་པོ་ཞིག་མཐོང་གི་མི་འདུག དེའི་རྒྱུ་མཚན་ངས་ཤེས་མ་སོང་། གྲལ་ཤུར་ཕལ་ཆེ་བ་གང་ཡོད་ནའང་གྲལ་བར་སྟོང་བ་ཡིན་པས་སྐུ་འགྱེད་ཆེ་དུས་དང་བསྡུར་ན་བྱེས་སྨད་གཉིས་ཀྱི་ཕྱེད་ཀ་མ་གཏོགས་ཡོང་ཡོད་ཚོད་མི་འདུག ངའི་སེམས་སུ་འཆར་སྣང་མང་པོ་ཞིག་གིས་བང་བསྒྲིགས་ཏེ་འོང་། ང་ཚོའི་གདན་ས་དག་མི་ཚང་ཞིག་ཡིན་པའི་དབང་དུ་བཏང་ན་༧གོང་ས་མཆོག་ནི་བཟའ་དཔོན་ཡིན་ལ་ང་ཚོ་ནི་ཁོང་གི་བུ་ཕྲུག་ཚོ་ཡིན། དེ་རིང་ཕ་རྒན་ལ་ང་ཚོས་ཞབས་བརྟན་སྒྲུབ་བཞིན་པ་མ་ཡིན་ནམ། ཁོང་ལ་ང་ཚོར་རང་གི་བུ་ཕྲུག་ལྟ་བུའི་བརྩེ་བ་ཡོད་པ་ངས་སྔ་མོ་ནས་ཤེས་ཡོད་མོད་ང་ཚོར་ཁོང་ལ་རང་གི་ཕ་རྒན་ལྟ་བུའི་འདུ་ཤེས་ཡོད་མྱོང་ངམ། ངས་རང་ལ་དྲི་བ་སྣ་ཚོགས་བཀོད་དེ་རང་གི་ཚོར་སྣང་གཏན་ནས་བཀག་མེད། དྲི་བ་འདི་བོད་པ་སུ་ཡིན་ཡང་རང་ལ་དྲིས་ན་ཆོག ངོས་གཞན་ཞིག་ནས་ང་ལ་ཚོར་སྣང་ཞིག་སྐྱེས་པ་ནི་མང་ཇ་གྲྭ་ཇ་འཚོག་པ་ནི་ཆོས་ཀྱི་ཕྱིར་མིན་པར་འདོད་ལ། གལ་སྲིད་ཡིན་ཟེར་ཡང་དེང་སྐབས་ཀྱི་མང་ཇ་གྲྭ་ཇ་ཆོས་ཀྱི་འགྲོ་མི་ཐུབ་པ་གསལ་བོ་རེད། རྒྱུ་མཚན་གོང་དུ་བཤད་པ་ལྟར་ཕལ་ཆེ་བས་སྐུ་འགྱེད་ཀྱི་ཆེ་ཆུང་ཁོ་ན་བསམ་པའི་ཕྱིར། དེའི་རྒྱུ་མཚན་ཡིན་ནམ་སྒོ་མང་ནས་ཆུ་ཚོད་དགུ་པ་དང་གསུམ་པའི་གྲྭ་ཇ་མེད་པ་བྱས་པ་རེད་ཟེར། གང་ལྟར་ཕན་པ་མེད་པའི་རིགས་སྒོ་རྒྱག་པ་དེ་ཡར་རྒྱས་ཀྱི་གཞོགས་འདེགས་མིན་ནམ་སྙམ། ཆུ་ཚོད་དགུ་བའི་གྲྭ་ཇ་ཡང་ཞོགས་པའི་སྔ་བོ་དང་གཅིག་མཚུངས་ཡིན་ལ། སློབ་ཕྲུག་མང་པོ་ཞིག་སླེབས་འདུག ཉིན་གུང་མང་ཇ་སྔ་མ་གཉིས་དང་བསྡུར་ན་ཤིན་ཏུ་ཧེ་བག་ཡོད་ལ། སེར་སྨད་ཀྱི་གྲྭ་བ་ཡང་མང་པོ་ཞིག་མཐོང་རྒྱུ་འདུག གྲལ་བར་ཚང་མ་གང་བར་མ་ཟད་གྲལ་བར་གྱེན་ལ་གདན་བཏིང་སོང་ལ། ཧི་མ་ལའི་རི་རྒྱུད་ཀྱི་མོན་པ་དང་། འབྲུག་པ། ནེ་པལ་སོགས་ཀྱི་ཕྲུ་གུ་རྒྱ་རྡོ་ནག་རྡོ་མང་པོ་ཞིག་འཚང་ཁ་ཤིག་ཤིག་ར་སྐད་ལུག་སྐད་འདྲ་མིན་རྒྱག་ཞོར་ངའི་སྔུན་གྱེན་ལ་འཚོགས་སོང་། ངའི་སེམས་སུ་མདོ་དབུས་ཁམས་གསུམ་ན་འོང་བཞིན་པའི་གྲྭ་བཙུན་ནི་ལོ་རེ་བཞིན་ཇེ་ཉུང་ནས་ཇེ་ཉུང་དུ་སོང་དེ་ད་ནི་ཕལ་ཆེར་ཆད་ལ་ཉེ། ཕ་ཡུལ་དང་ཕྱི་རྒྱལ་སོགས་ཕྱོགས་ཡར་མར་ལ་འགྲོ་རྒྱུ་ནི་ཇེ་མང་རེད། ནག་རྡོ་རྒྱ་རྡོ་འདི་ཚོ་ནི་ཇེ་མང་རེད། གྲྭ་ས་སྣམ་བུའི་གོས་ལྭ་ཞིག་ལ་དཔེ་བཞག་ན་ནམ་ཞིག་གི་ཚེ་འདི་ཚོ་ཤིག་སྲོ་བཞིན་འཚང་དེ་བོད་ཀྱི་སྣམ་ལྭ་དེ་གྱོན་ས་འགྲོ་མིན་གྱི་ས་མཚམས་ལ་གཏུགས་མི་ཡོང་ངམ་སྙམ་ནས་སེམས་ལ་སྔངས་འདར་ཞིག་ཀྱང་ཤོར། ཅིག་བྱས་ན་དེ་ནི་ངའི་དོན་མེད་ཀྱི་སེམས་ཁྲལ་ཡིན་ཡང་སྲིད། ཁོང་ཚོས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་གསལ་བར་བྱེད་ཀྱང་སྲིད། དེ་དག་ནི་ཚོད་དཔག་ཙམ་ལས་མ་འོང་བ་ངས་ག་ལ་ཤེས། ངས་གོང་དུ་ཅིག་བལྟས་པ་ན། ནག་རྡོ་སྣབ་ཀྱང་དྲུད་སྡོད་མཁན་ཞིག་གིས་འོ་ཇའི་ནང་དམར་ཁ་ཚ་མང་པོ་བཏབ་སྟེ་འཐུང་གི་འདུག བོད་ནས་སླེབས་པ་མང་པོས་ཁོ་ལ་ལྟ་བཞིན་ཁྱད་མཚར་བོ་བསམ་གི་ཡོད་པ་འདྲ། ནམ་རྒྱུན་ཞོགས་པ་སྔ་མོར་ལངས་མི་ཐུབ་པའི་ང་རང་ཐེ་བའི་གཉིད་རྐྱལ་ཚོ་དང་། བཞེས་ལག་རྒྱས་ཟ་རྒྱས་འཐུང་མེད་པར་ནམ་ལྟོགས་ན་ནམ་འཐུང་བའི་གྲྭ་བཙུན་ང་ལྟ་བུ་དག་མཐོང་དུས་ངའི་སེམས་སུ།
དམངས་གླུ།
སྐྱ་གསལ་ལེ་ནམ་མཁའ་ལངས་དུས་ན། །
ཁྱོད་ད་ལོངས་ཟེར་ནས་ཕ་ཞིག་དགོས། །
ཕ མེད་ན་གུང་ཉལ་གུང་ལངས་རེད། །
ཕ་འདྲ་མའི་དྲིན་ཆེན་གང་ཡོད། །

སེར་གྱི་ལེ་ཉི་མ་ཤར་དུས་ན། །
ཟས་འདི་ཟོ་ཟེར་ནས་མ་ཞིག་དགོས། །
མ་མེད་ན་འཁྱག་ཟ་འཁྱག་འཐུང་རེད། །
མ་འདྲ་མའི་དྲིན་ཆེན་གང་ན་ཡོད། །

དགྱ་ནག་པོ་སྔུན་ནས་བུད་དུས་ན། །
ཁྱོད་ད་སྡོད་ཟེར་ནས་སྤུན་ཞིག་དགོས། །
སྤུན་མེད་ན་རྒོད་པོ་གཤོག་མེད་རེད། །
སྤུན་འདྲ་མའི་དྲིན་ཆེན་གང་ན་ཡོད། །
བོད་ཀྱི་གླུ་བ་གླུ་གར་རྒྱལ་གྱིས་བླངས་པའི་བོད་དམངས་ཁྲོད་ཀྱི་རྩམ་དྲི་དང་མར་དྲི་མ་ཡལ་བའི་གླུ་འདིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པར་མ་ཟད་རང་ཉིད་ཕ་མའི་རྩིབས་ན་ཡོད་དུས་ཕ་མའི་བཀའ་དྲིན་དྲན་བསམ་མ་མྱོང་བར་ནོངས་འགྱོད་ཀྱང་སྐྱེ་རུ་འཇུག་མྱོང་ལ་དུས་རྒྱུན་དུ་ཕ་མ་གཉིས་དྲན་དུའང་འཇུག་མྱོང་། དེ་རིང་ཡང་ཕྲུ་གུ་དེས་ཇ་འཐུང་སྟངས་ལས་གླུ་འདི་བདག་གི་སེམས་སུ་ག་ལེར་འཛུལ་སོང་ལ། ཆོས་ཀྱི་ནང་དུ་མར་ཤེས་དྲིན་དྲན་སོགས་ལ་བློ་སྦྱོང་དུས་ང་ལ་ཕ་མ་དྲིན་ཆེན་ཡིན་པའི་སློབ་གསོ་མ་ཐོབ་མོད། གླུ་འདིའི་ང་ལ་ཕ་མ་དྲིན་ཆེན་ཡིན་པའི་ངེས་ཤེས་སམ་ཚོར་སྣང་དང་དུང་སྣང་འདྲེས་མ་ཞིག་རྒྱུན་དུ་སྟེར་ཐུབ་ཀི། དེའི་ཕྱིར། རྒྱུན་དུ་ངའི་སེམས་སུ་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་ནི་རང་གི་ཐག་ཉེ་ཐག་ཉེ་ཞིག་ཡིན་ལ། གཞན་གྱི་རིག་གཞུང་ནི་རང་དང་ཐག་རིང་ཐག་རིང་ཡིན་པའི་ཚོར་སྣང་འདིའང་གཏན་ནས་འགོག་ཐུབ་ཀྱི་མི་འདུག
སྐུ་འགྱེད་ཕུལ་ཚར་བ་དང་། ངའི་རྒྱབ་ལོགས་སུ་སྡོད་པའི་ཕྲུ་གུ་འགའ་ལ་ངས་སྐད་ཆ་དྲིས་པ་ཡིན། སྐུ་འགྱེད་རེག་སོང་ངམ། ‘རེག་སོང་།’སྐུ་འགྱེད་རེག་སོང་ན་འདོན་པ་འདོན་དགོས་པ་མ་རེད་དམ། ‘ངས་འདོན་ཤེས་ཀྱི་མེད།’ གཤམ་ནས་གཞན་པ་ཞིག་གིས་ཁ་འཕྲོགས་ཏེ‘ང་ཚོ་གསར་བ་རེད། ཁོ་སླེབས་ནས་ཟླ་གཅིག་རེད། ང་སླེབས་ནས་ཧབ་ད་གཉིས་འགྲོ་གི་ཡོད། འདོན་པ་ཤེས་ཀི་མེད། ’ག་རེ་ཤེས་ཀི་ཡོད། ‘ཀ་ཁ་དང་། གང་གི་བློ་གྲོས་ཤེས་ཀི་ཡོད། ’ཧབ་ད་ཟེར་བའི་ཚིག་དེས་ངའི་སེམས་ནང་ལ་ཅིག་བཟོས་སོང་བས་སྐད་ཆ་དེ་འདི་ནས་ལོབ་པ་མིན་འགྲོ་བསམ་ནས། ཧབ་ད་ཟེར་བ་དེ་ཁྱེད་རང་ཚོའི་ཕ་ཡུལ་ནས་ལབ་ཀི་ཡོད་དམ། འདིར་སླེབས་ནས་ལབ་ཀི་ཡོད། ‘ཕ་ཡུལ་ནས་ལབ་ཀི་ཡོད། ’སེམས་ཅུང་བདེ་ལ་བབས་སོང་མོད། འདང་བརྒྱབ་ན་བདེ་རྒྱུ་ཅི་ཞིག་ཡོད། སློབ་གྲྭའི་ནང་གསར་འབྱོར་བ་ལས་ཁོང་ཚོའི་མང་སོང་ན་མང་སྣ་ཉུང་གིས་ག་ལ་རྟེན།

༢༠༡༡ ༩ ༧

རྩོམ་རིག

Post navigation

Previous Post: མཚོ་སྔོན་པོའི་ཟིན་ཐོ།
Next Post: གནའ་བོའི་ཡབ་མེས་དག་གི་ཞབས་རྗེས་ན།

Comments (7) on “མང་ཇར་སོང་བ་ཡིན།”

  1. ཆུ་ཐིགས་སྔོན་མོ says:
    2011-09-10 at 2:56 am

    དངོས་གནས་ཡག་པོ་བྲིས་འདུག་་་་ཀློག་གིན་ཀློག་གིན་ཇེ་ཡག་རེད་་་་རིན་ཐང་ལྡན་པ་ཞིག་རེད་་་་

  2. ཆུ་ཐིགས་སྔོན་མོ། says:
    2011-09-10 at 3:56 am

    རྩོམ་སྒྲིག་པ་ལགས་་་་་རྩོམ་ཡིག་འདིའི་ཡིག་ཚགས་འཐོར་འདུག་པས་འདི་ལ་བཟོ་བཅོས་ཤིག་རྒྱག་རོགས་་་དེ་མིན་མིག་ལམ་དེ་ཙམ་རྒྱུག་གི་མི་འདུག

  3. ཀརྡོ་རབ་འབྱམས་པ་ says:
    2011-09-11 at 11:02 am

    བོད་ཡིག་བར་སྟོང་འཇོག་སྟངས་ཀྱི་དཔེ་མཚོན།

    མང་ཇ། གྲྭ་ཇ། ཚོམས་ཇ། དེ་དག་ནི་ གནའ་ནས་བཟུང་ སྦྱིན་བདག་གི་ ཆེད་དུ་ འཚོག་གི་ ཡོད་མེད་ མི་ཤེས་ མོད། དེང་སང་ ཕལ་ཆེར་ སྦྱིན་བདག་གི་ ཆེད་དུ་ འཚོག་གི་ ཡོད། དེའི་ སྟབས་ཀྱིས་ སྐུ་འགྱེད་ཀྱི་ ཆེ་ཆུང་ཡང་ གོང་ནས་ ལན་ སྐྱེལ་གྱིན་ ཡོད་ལ། སྐུ་འགྱེད་ མི་ཆེ་ན་ ཚོགས་ ཉུང་བ་ཡང་ རྒྱུན་ལྡན་གྱི་ གནས་ཚུལ་ཞིག་ ཡིན། སྐུ་འགྱེད་ མི་ཆེ་ དུས་ཚོགས་ལ་ ཕེབས་མཁན་ མི་འདུག་ གསུངས་ནས་ ཚོགས་གཏམ་ གཏོང་བ་ དང་ སྒོར་ཆད་ གཅོད་པ་ཡང་ ལུགས་སྲོལ་ཞིག་ ཡིན། སྐབས་རེར་ གྲྭ་ཇའི་ ཡོང་སྒོ་ལས་ གྲྭ་ཆད་ཀྱི་ འགྲོ་སྒོ་ མང་གི་ཡང་ བསམ་མྱོང་ ། དོན་ངོ་མར་ བཤད་ན་ སྐུ་འགྱེད་ ཆེ་ཆུང་ མགོ་ནས་ གླེང་ཚར་བའི་ རྗེས་ལ་ སྐུ་འགྱེད་ ཆེ་ན་ ཚོགས་ལ་ ཡོང་བ་དང་ མི་ཆེ་ན་ མི་ཡོང་བ་ དེང་གི་ གྲྭ་བའི་ གཤིས་ཀ་ གཅིག་བུས་ ཐག་གཅོད་ མི་ཐུབ་བམ། དེ་ལས་ དང་པོ་ནས་ མང་ཇ་ གྲྭ་ཇ་ འདུག་ ཅེས་ ལན་ཕུལ་བ་ དེ་ག་ རང་གིས་ འགྲིག་པ་ བྱས་ན་ གྲྭ་མང་གི་ འདུ་ཤེས་ འཛིན་ཚུལ་ལ་ མང་ཇ་ དང་ གྲྭ་ཇ་ ཡོད་ན་ འགྲོ་དགོས་ བསམ་པ་ ཞིག་ལས་ གཞན་ འཁོར་རྒྱུ་ མེད་སྙམ།

  4. གཞིས་ཆགས་བུ། says:
    2011-09-11 at 12:21 pm

    སྐུ་མཁྱེན་། དེ་འདྲའི་བྲིས་ཐབས་གསར་པར་བསམ་ཀྱང། དོན་དུ་རིག་གནས་གསར་བརྗེའི་རོ་ལངས་རྒྱག་བཅུག་ནས་བོད་ཡིག་རྩ་མེད་བཟོ་བའི་འཆར་གཞི་སྒྲིག་བཞིན་འདུག་པས། ཁ་བརྡའི་རྩོམ་སྒྲིག་པ་རྣམས་ཀྱིས་རྩོམ་ཡིག་བྲིས་སྟངས་དེ་འདྲ་མ་སྤེལ་རོགས། དེ་ཚོ་ནི་བོད་ཡིག་རྩ་མེད་བཟོ་རྒྱུའི་འཆར་གཞི་ཁོ་ནས་ཆེད་ཡིན་པ་ལས། གཞན་ཅི་ཡང་མིན། འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་བྱ་བ་བསྒྲུབ་མ་ཐུབ་ཀྱང། གཏོར་བརླག་བཅོམ་གསུམ་གྱི་བྱ་བ་མ་བརྩམས་རོགས། སྐུ་མཁྱེན། སྐུ་མཁྱེན། སྐུ་མཁྱེན།

  5. གཉའ འབྲོང་ཐུ་བུ། says:
    2011-09-11 at 5:14 pm

    དྲ་དཔོན་སུ་ཡིན་ན་ངའི་རྩོམ་ཡིག་འདི་ལ་བཟོ་བཅོས་རྒྱག་རོགས། ཆུ་ཐིགས་སྔོན་མོས་ཀྱང་རེ་སྐུལ་ཞུས་ཡོད་ཀྱང་བཟོ་བཅོས་མི་བྱེད་པའི་རྒྱུ་མཚན་ཅི་ཡིན། ཀློག་མཁན་ལགས་དེ་ང་ལ་ཁག་མ་འགེལ་རོགས། ངས་འདི་འདྲ་བྱས་ནས་སྤེལ་མེད། དུས་བབ་ཟིན་བྲིས་ཀྱི་འབྲོང་གི་ཕ་གཞིས་སུ་གཟིགས།

  6. ཕུན་ཚོགས་ says:
    2011-09-12 at 12:08 am

    ཆོས་དང་འཇིག་རྟེན་ཁག་ཁག་སོ་སོ་རེད། །སེམས་དང་ལུས་པོ་རང་རང་སོ་སོ་རེད། །སེམས་པ་དཀའ་བ་སྤྱད་ནས་འགྲོ་འདོད་ཀྱང་། །ལུས་པོ་ཞིམ་པོ་ཟས་ནས་སྡོད་འདོད་ཆེ། །ལུས་པོ་སྐྱིད་པོ་སྡོད་པ་ཞག་གསུམ་དང་། །སེམས་པ་སྡུག་པ་ཕུག་གི་ཕུག་ནས་སྡུག །སེམས་སྐྱིད་འདོད་ན་ལུས་ཀྱི་དཀའ་བ་སྤྱོད། །ལུས་པོ་བསམ་ན་སེམས་པ་སྡུག་ལ་སྦྱོར། །ང་ལ་ཉན་ན་ལུས་སེམས་དབྱེ་བ་མ་ཆོད། །གསེར་དང་རག་རྒན་རྗེ་མི་སྨྱོན་པ་རེད། །གཡུ་དང་དོ་ལོ་ནོར་ན་ལྐུག་པ་རེད། །འདི་དང་ཕྱི་མའི་ཁེ་གྱོང་མི་ཤེས་ན། །འཇིག་རྟེན་འཁོར་བའི་མི་ཚེ་འཁྱོལ་འགྲོ་ཟེར། ལོ་གཅིག་ལོ་གཉིས་མི་དགོས་བརྒྱ་ཡི་བར། །ཐ་མ་ས་རྡོའི་ཕུང་པོ་ས་ལ་ཐིམ། །རྒྱལ་པོ་གསེར་ཁྲིའི་སྟེང་དུ་བཞུགས་པ་དང་། །སྤྲང་ཕྲུག་བན་པོའི་འོག་ཏུ་སྡོད་པ་གཉིས། །མེ་རྟགས་འཆི་བ་བྱུང་དུས་འདྲ་འདྲ་རེད། །ཟས་ཀྱི་ཞིམ་མངར་ལྕེ་ནས་མིག་པའི་བར། །འཁོར་བའི་སྐྱེད་སྡུག་ཞག་གསུམ་འདི་ཡི་རིང་། །སྤྲང་པོ་སྡུག་ཀྱང་མི་ཚེ་ཁྱོལ་འགྲོ་ལོ།།རྒྱལ་པོ་སྐྱིད་ཀྱང་ཐ་མ་ཤི་འགྲོ་ལོ། །དེ་སྔ་སོང་བའི་གྲངས་ཀ་མི་ཤེས་འདུག །ད་དུང་འགྲོ་རྒྱུའི་གདེངས་ཚོད་སུ་ཡིས་ཤེས། །ཡོང་གིན་ཡོང་གིན་འགྲོ་གིན་འགྲོ་གིན་དུ། །དོན་དུ་ཡོང་མི་ཚང་མ་འགྲོ་མི་རེད། །འཁོར་བ་འདི་ལ་རྟག་པ་གཅིག་ཀྱང་མེད། །རྟག་པ་མེད་པ་བདེན་པ་སུ་ལ་ཡོད། །རྟག་པ་བརྟན་པ་མེད་པའི་མི་ཚེ་འདི། །ལ་འགོའི་ཁ་ཡི་ཁྲི་གདུགས་ཉི་མ་འདྲ། །བྱོན་ན་མ་གཏོགས་བཞུགས་རྒྱུ་ཡོང་དོག་མེད། །ད་དུང་ཕྲུ་གུའི་སྣང་བ་མ་ཡེངས་པ། །མཁས་པ་ཡིན་ན་དོན་གྱི་རྡོ་ཁ་སྒྲིལ། །དོན་རྩ་སྒྲིལ་ན་དཔའ་བོའི་ཡང་རྩེ་རེད། །འཇིག་རྟེན་འཁོར་པའི་ལས་ལ་སྙིང་པོ་མེད། །འཁོར་བ་གཏན་དུ་སྡོད་པའི་ས་མ་རེད། །འགྲུལ་པ་ཞག་གསུམ་གནས་ཚང་གནས་མགྲོན་རེད། སོ་སོའི་བསམ་བློ་སོ་སོས་གཏང་བ་དགའ། །འགྲུལ་པ་འགྲོ་ཆས་སྔོན་ནས་མ་འགྲིགས་ན། །གནས་ཚང་རྒྱབ་ཏུ་འཁྱེར་ནས་འགྲོ་རྒྱུ་མེད། །གནས་མོ་རོག་ལ་ཁྲིད་རྒྱུ་ཡོད་དོག་མེད། །རང་ནོར་རང་ལ་བདག་དུས་བསམ་བློ་ཐོང་། །ལྡེ་མིག་མི་ལ་ཤོར་དུས་འགྱོད་པའི་རྒྱུ། །ཕ་མ་ཤི་བ་མང་པོ་བྱུང་ཡོད་འགྲོ། །ཕྲུ་གུ་སྡད་པ་མང་པོ་མཐོང་ཡོད་འགྲོ། །ཨ་མའི་རྗེས་ལ་ཨོ་ལོ་འགྲོ་དོག་མེད། །ཨ་མའི་འཇུག་ལ་བུ་མོ་འགྲོ་དོག་མེད། །སོ་སོའི་ནམས་དུས་སོ་སོས་སྐྱལ་ནས་འགྲོ། །ཁྱོད་རང་ཁྱོད་རའི་བསམ་བློ་ཁྱོད་རང་མཐོང་། །གཅིག་པུར་འགྲོ་བའི་ལམ་གྱི་ལམ་ཆད་འདི། །སྔོན་སྔོན་སྔོན་ལ་སྤྲང་པོའི་ལག་ཏུ་བསྐུར། །ནོར་གྱི་རྟ་ལ་འགྲོ་བའི་བང་གྲོས་སློབས། །ཕྱི་མ་འགྲོ་བའི་ལམ་ལ་ཐོན་ཆོག་བགྱིས། །ཕ་རོལ་ཕྱུག་པོ་ལོང་སྤྱོད་དགོས་འདོད་ན། །འདི་རུ་སྤྲང་པོའི་སྐྱིད་སྡུག་ལྟས་པ་བཟང་། །ས་ཡི་འོག་ཏུ་ཁམ་བུ་ཟ་འདོད་ན། །ས་སྟེང་འདི་རུ་ཁམ་སྡོང་བཙུགས་པ་བཟང་། །ཀུན་ལ་བདེ་བའི་རྩ་བ་གཙུག་པ་བཟང་། །ཆོས་ཀྱི་རྩ་བ་མི་སེམས་འཛིན་རྒྱུ་མེད། །ཆོས་ཀྱི་སྙིང་པོ་གཞན་དོན་འགྲིག་ལེ་རེད། །ཁྱོད་རང་ཁྱོད་རའི་འདོད་པ་ཟིན་འདོད་ན། །ཆང་དང་ཨ་རག་དེ་ལས་ལྷག་པ་མེད། །ང་ང་ང་རྒྱས་ཟེར་བའི་བང་རྒྱས་ཅན། །གསེར་དངུལ་བཟང་དང་གཏམ་དོན་ང་ཟེར་ཞིང་། །ཞིམ་པོ་ང་དང་འཇམ་པོ་ང་ཟེར་གྱི། །ལེགས་པོ་ང་དང་མཛེས་པོ་ང་ཟེར་གྱི། གནས་བཟང་སྐོར་ཀྱང་རྐང་ཆུང་ན་རོག་ཡིན། རི་ཁྲོད་འགྲིམས་ཀྱང་རྣ་ཅོག་ཚ་རོག་རེད། །རླུང་ལ་བཅུད་བསྐོར་མཐོང་ཀྱང་སྟོང་པ་རེད། །རྡེའུ་བཅུད་ལེན་རང་སྡུག་རང་གིས་ཉོས། །བྱ་ལུགས་བྱེད་ལུགས་ལྡན་པའི་ཕ་རྒན་ཚོ། །འདོད་པ་ཅན་གྱི་ཆོས་པ་བརྒྱ་ལས་ལྷག །རང་འདོད་ཅན་གྱི་མི་ལ་ངོ་ཚ་མེད། །ངོ་ཚ་མེད་པའི་མི་དེ་དུད་འགྲོའི་རྒྱུད། །བུ་མོ་རྒྱན་དང་གོས་ཀྱི་སྤྲད་གྱུར་ཀྱང་། །ནོར་བཟང་རྒྱ་ལུའི་བཙུན་མོ་ཉན་དོག་མེད། །སེམས་གོས་མ་ཆོད་ལྷ་ཆོས་བྱས་གྱུར་ཀྱང་། །མེ་ལོང་མུན་པའི་གླིང་དུ་གསལ་དོག་མེད། །ཆུ་ཐག་གླང་གི་མིག་དེ་ཡོལ་བས་སྒྲིབས། །ཉིན་གང་སོང་ཡང་དགོང་མོ་ས་དེར་ལུས། །འདོད་བའི་ཞག་ཐག་རྐང་ནས་མ་ཁྲོལ་ན། །ལྷ་ཆོས་བྱས་སོང་ཟེར་ཀྱང་སྟོང་པ་རེད། །གཤོག་སྒྲོ་དར་གྱི་སྐུད་པས་བསྡམས་ན། །རྒོད་པོ་ཡིན་ཀྱང་ནམ་འཕང་གཅོད་དོག་མེད། །དམ་ཚིག་སེམས་དང་བརྩོན་འགྲུས་སྙིང་ནས་དགོས། །ཐུག་རྒྱུ་གང་ཡོད་ཅི་ཡོད་སེམས་ལ་ཐུག །ལམ་བུ་འདི་ནི་སེམས་པ་དྲུང་གི་ལམ། །སེམ་ལ་གད་དར་ཡང་ནས་ཡང་དུ་རྒྱོབས། །ཚང་མས་སྨོན་རྒྱུ་ཨེ་ཡོང་ལྟོས་ཤིག་ཨང་། །གཏམ་བཟང་ཁྱེར་རྒྱུ་ཨེ་ཡོང་ལྟོས་ཤིག་ཨང་། །སྲོལ་བཟང་ཞོག་རྒྱུ་ཨེ་ཡོང་ལྟོས་ཤིག་ཨང་། །དེ་གསུམ་འཛོམས་ན་དང་པོའི་དང་པོ་རེད། །ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་བསམ་བློ་རེད། །ཡིན་ཀྱང་རྒྱ་ཤོག་རི་མོས་འཁེང་སོང་ངོ་། །རྒྱ་སྙུག་སེར་པོའི་བློ་ཁ་བརྫོགས་སོང་ངོ་། །བསླབས་བྱ་ལེའུ་གསུམ་པའོ།།།།

  7. གཉའ འབྲོང་ཐུ་བུ། says:
    2011-09-12 at 4:12 am

    ཕུན་ཚོགས་ཀྱིས་བསླབ་བྱ་འདི་མཁོ་སྤྲོད་གནང་བ་ཐུགས་རྗེ། བསླབ་བྱ་འདི་ངས་གཏན་ནས་བརྗེད་ཐུབ་པའི་བསླབ་བྱ་ཞིག་ཡིན། རྒྱུ་མཚན་ང་ལོ་ཆུང་ཆུང་ཡིན་དུས་ངས་ཕ་རྒན་གྱིས་དེབ་ཅིག་གི་ངོ་ལ་ལག་བྲིས་བྱས་ནས་རྒྱུན་དུ་ཀློག་གི་ཡོད། ཕ་ཡི་དྲིན་ལ་ངས་ཀྱང་ཀ་ངོ་ཡིག་ངོ་ཆོད་པ་ནས་བཟུང་དེབ་དེ་ལ་རྒྱུན་དུ་ལྟ་མྱོང་། དེ་རིང་ཁྱོས་ཡང་བསྐྱར་དེའི་རྣམ་པ་དེར་དྲན་གསོ་བྱེད་དུ་བཅུག་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme