གཞུང་པ་ཚེ་དབང་བསོད་ནམས།
མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག་འཚོ་བཞིན་པའི་མི་མང་གི་འཐུས་མིའི་འགན་དབང་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནས་ལེན་དགོས་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནས་བཀུར་བའི་ལས་འགན་སྒྲུབ་དགོས་པ་དེ་མི་མང་གི་འཐུས་མིའི་ལས་འགན་ཆེ་ཤོས་དེ་ཡིན་པ་དང་། གྲོས་ཚོགས་ཀྱིའཐུས་མིར་འོས་ཐོབ་པ་ནས་རྩ་ཁྲིམས་ཀྱིས་ཚིག་བརྗོད་འོག་ཏུ་ལས་འཁུར་དམ་བཅའ་འབུལ་དགོས་པ་དང་། ང་ཚོ་མི་ཡུལ་དུ་སྐྱབས་བཅོལ་ནས་བསྡད་ཡོད་པ་ནས་ང་ཚོར་རྩ་ཁྲིམས་བཟོ་རྒྱུའི་ཆ་རྐྱེན་ཚང་མེད་པ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་ཡང་མ་འོངས་བོད་ཀྱི་རྩ་ཁྲིམས་ལ་གཞི་བཅོལ་ནས་ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་གཏན་འབེབས་གནང་བ་ནི་འདི་ལྟར། ༼ བཅའ་ཁྲིམས་དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ། ཡུལ་མིའི་སྲིད་སྐྱོང་ཞིག་བྱ་རྒྱ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང། གཤམ་འཁོད་ལེའུ་བཅུ་གཅིག་པའི་དོན་ཚན་ཁག་གཞིར་བཟུང་མ་གཏོགས་བཅའ་ཁྲིམས་འདི་ལ་བསྒྱུར་བཀོད་གཏོང་རྒྱུ་མིན། ༽ ཅེས་གསལ་བ་ནས་མ་འོངས་བོད་ཀྱི་རྩ་ཁྲིམས་གཞི་ལ་བཞག་ནས་ད་ལྟའི་བཅའ་ཁྲིམས་འདི་གཏན་འབེབས་གནང་བ་ དང་། བཅའ་ཁྲིམས་དོན་ཚན་ཞེ་བདུན་པའི་འོག་ཁྲིམས་ལུགས་གཏན་འབེབས་གནང་བའི་ཚིག་གཞི་ལྟར་སྤྱི་འཐུས་ཀྱིས་ལས་འཁུར་དམ་བཅའ་ཕུལ་བའི་ཉི་མ་དེ་ནས་མི་མང་གི་འཐུས་མི་ཆགས་པ་ནས་གྲོས་ཚོགས་ནང་སྤྱི་མི་ཚད་ལྡན་གྱིས་འགན་འཁུར་ནས་མི་མང་གི་མངོན་འདོད་དང་། ་མི་མང་གིས་བསམ་འཆར་ཁག་གྲོས་ཚོགས་ནང་སྤུངས་དགོས་པ་ལས་སྤྱི་འཐུས་སྒེར་གྱི་བསམ་ཚུལ་གྲོས་ཚོགས་ནང་སྤུངས་རྒྱུ་དེ་ཐོག་མའི་ལས་འཁུར་དམ་བཅའི་ཚིག་གཞི་དང་འགལ་བ་ནས་ཚོགས་གཙོའི་སྟངས་འཛིན་ནན་པོ་གནང་དགོས་པ་མ་ཟད་འཐུས་མི་ཚོའི་ངོས་ནས་ཀྱང་ལས་རིམ་རྣམ་བཞག་འདོན་དགོས་པ་དང་། སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ཁག་ལ་རྒྱང་བལྟ་བྱ་སྐབས་སྤྱི་འཐུས་འགའ་ཤས་ནས་རང་གི་བསམ་ཚུལ་རྩལ་དུ་བཏོན་ནས་གྲོས་ཚོགས་ལས་རིམ་ནང་གླེང་མཁན་འདུག་པ་དེ་དག་ནི་གྲོས་ཚོགས་འཐུས་མིའི་འགན་དབང་གང་ཡིན་མ་ཤེས་ནས་བོང་བུར་ཞོན་ནས་བོང་བུ་ཚོལ་དུ་འགྲོ་མཁན་དང་གཅིག་པ་མ་རེད་དམ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྤྱི་འཐུས་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། སྤྱི་འཐུས་རྒྱུན་ལས་ཀྱི་སྒྲིག་གཞི་སོགས་བཅའ་སྒྲིག་གང་གི་ནང་དུ་ཡང་གྲོས་ཚོགས་ནང་སྤྱི་འཐུས་སྒེར་གྱི་བསམ་ཚུལ་གླེང་སའི་དོན་ཚན་གསལ་མི་འདུག་ལ་གྲོས་ཚོགས་ཀྱི་ལས་རིམ་ནང་དུ་ཡང་བཀོད་མི་འདུག སྤྱི་འཐུས་སྒེར་གྱིས་བསམ་ཚུལ་གླེང་སའི་སྡེངས་ཆ་དེ་སྤྱི་འཐུས་ཚོ་བཞུགས་མོལ་ཚོགས་འདུ་ཚོགས་སྐབས་སྤྱི་འཐུས་སྒེར་གྱི་བསམ་ཚུལ་གླེང་ཆོག་པ་ལས་གྲོས་ཚོགས་ལས་རིམ་ནང་སྤྱི་འཐུས་སྒེར་གྱིས་བསམ་ཚུལ་གླེང་རྒྱུ་ནི་ཟླ་བ་ལྔ་པ་དང་རྒྱལ་བ་ལྔ་པ་ནོར། གྲངས་ཀྱི་ལྔ་དང་གཡག་རྔ་དཀར་ནོར་བ་མ་རེད་དམ། མི་མང་དཀྱུས་མ་ཚོ་སོ་སོའི་བསམ་ཚུལ་གླེང་ཆོག་པ་དེ་གཞི་རིམ་མི་མང་གིས་སྨྲ་བརྗོད་རང་དབང་ལ་འགན་འཁུར་ནས་གླེང་གི་ཡོད་པ་ནི་དེང་སང་དྲ་དང་ཡུ་ཊུབ་སོགས་ནང་དར་དམར་ཟེར་བ་དང་། དར་ནག་ཟེར་བ། ཉམས་པ་སླར་གསོ་ཟེར་བ། ངན་པ་སླར་གསོ་ཟེར་བ། གཞི་རིམ་མི་མང་གིས་ལས་འགུལ་ཟེར་བ་སོགས་བོད་མི་ནང་ཁུལ་ལ་དཀྲུགས་མཁན་ལོ་རེ་ནས་ལོ་རེ་བཞིན་མང་དུ་འགྲོ་བཞིན་འདི་དག་གིས་རྗེས་སུ་གྲོས་ཚོགས་འཐུས་མི་ཕེབས་ནས་གྲོས་ཚོགས་ནང་རང་གིས་བསམ་ཚུལ་བཤད་ཀྱང་བྱས་ན་གྲོས་ཚོགས་ཀྱི་ཆེ་མཐོང་དང་བཙན་བྱོལ་སྤྱི་ཚོགས་ཀྱིས་བདེ་འཇགས་ལ་ཕན་གྱི་ཡོད་དམ་གནོད་ཀྱི་ཡོད་དེ་ཡང་རྒྱ་ཆེ་མང་ཚོགས་ནས་བསམ་ཞིབ་བྱ་དགོས་པའི་དུས་ལ་བབས་མི་འདུག་གམ།