______ཕྱི་ཟླ་ལྔ་པའི་ཚེས་གསུམ་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་རྩི་ཆེད་དུ་བྲིས།
ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས།
སྔོན་གླེང་།
༄༅།།དུས་རབས་༢༡ ཀྱི་འཛམ་གླིང་ནང་གསར་འགྱུར་བརྒྱུད་ལམ་གྱི་ནུས་པ་ནི་ཧ་ཅང་ཆེན་པོ་ཡིན། དེས་མི་མང་གི་བསམ་བློ་དང་ལྟ་ཚུལ་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། སྤྱི་ཚོགས་ཀྱི་བསམ་པའི་འཁྱེར་སོ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ལའང་ཤུགས་རྐྱེན་ཐེབས་ཐུབ། བོད་མིའི་སྤྱི་ཚོགས་ནང་ཨ་རིའི་རླུང་འཕྲིན་ཁང་(VOA) དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་(RFA) གྱི་བོད་སྐད་སྡེ་ཚན་གཉིས་ཀྱིས་བོད་མི་མང་པོའི་བསམ་བློ་དང་ལྟ་ཚུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེ་རིང་ནི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི་བྱེད་པ་དང་བསྟུན་རྩོམ་ཡིག་འདིའི་ནང་ངས་རླུང་འཕྲིན་ཁང་དེ་དག་གི་གལ་གནད་དང་། རླུང་འཕྲིན་ཁང་་དག་གིས་བོད་དོན་འཐབ་རྩོད་ལ་ཞབས་འདེགས་ཇི་ལྟར་བསྒྲུབས་པ། རླུང་འཕྲིན་ཁང་གཉིས་སྒོ་བརྒྱབ་པར་དགའ་བསུ་ཞུ་མཁན་ཚོའི་བསམ་ཚུལ། རླུང་འཕྲིན་ཁང་ལ་ངོ་རྒོལ་བྱེད་སྟངས་སོགས་ཀྱི་ཐོག་དཔྱད་གླེང་བྱ་རྒྱུ་ཡིན། VOA དང་ RFA བོད་སྐད་སྡེ་ཚན་གཉིས་ཀྱི་གལ་གནད་ཆེ་ཚུལ་ངོས་འཛིན་བྱེད་པར། ཐོག་མར་གསར་འགྱུར་བརྒྱུད་ལམ་འདི་གཉིས་ཀྱི་བྱུང་རབས་ལ་ཕྱིར་མིག་ཞིག་བལྟ་དགོས།
ཨ་རིའི་རླུང་འཕྲིན་ཁང་གི་བྱུང་བ་དང་དམིགས་ཡུལ།
ཕྱི་ལོ་ ༡༩༤༢ ལོར་VOA དབུ་བརྙེས་སྐབས། ཨ་རིའི་སྲིད་འཛིན་ཧྥི་རང་ཀི་ལིན་ ཌི་ རོ་སི་ཝེལད་ (Franklin D. Roosevelt) ཀྱིས། “གནས་ཚུལ་དེ་ལེགས་པ་ཡིན་སྲིད། གནས་ཚུལ་དེ་ངན་པ་ཡིན་སྲིད། འོན་ཀྱང་ང་ཚོས་ངེས་པར་དུ་བདེན་པ་བཤད་རྒྱུ་དེ་ཡིན།” ཞེས་དྲང་བདེན་གྱི་གནས་ཚུལ་སྤེལ་དགོས་པའི་གཞི་རྩའི་དམིགས་ཡུལ་གསལ་པོར་བཏོན་ཡོད།
འདི་ལྟ་བུའི་གསར་འགྱུར་བརྒྱུད་ལམ་ལ་ཨ་རིའི་སྲིད་འཛིན་རིམ་པ་ཀུན་གྱིས་རྒྱབ་སྐྱོར་གནང་ཡོད། སྲིད་འཛིན་ཇོན་ ཨེཕ་ ཁེ་ནེ་ཌི་ (John F. Kennedy) ཡིས་ ༡༩༦༢ ལོར་”VOA ནི་དྲིལ་བསྒྲགས་ཡོ་བྱད་ཅིག་མིན་པར། དངོས་དོན་གནས་ཚུལ་གྱི་འབྱུང་ཁུངས་ཤིག་ཡིན། ངེས་མེད་ཀྱི་དུས་སྐབས་སུ། བདེན་པ་ནི་སྟོབས་ཤུགས་ཆེ་ཤོས་ཀྱི་མཚོན་ཆ་ཡིན།” ཞེས་གསུངས་ཡོད། དེ་བཞིན་སྲིད་འཛིན་རོ་ནལད་ རེ་གན་ (Ronald Reagan) གྱིས་ ༡༩༨༡ ལོར་”VOA དང་རླུང་འཕྲིན་སྡེ་ཚན་གཞན་ཚོས་འཛམ་གླིང་ལ་ཨ་རིའི་ལོ་རྒྱུས་བཤད་བཞིན་ཡོད། དེ་ནི་རེ་བ། རང་དབང་། གོ་སྐབས་བཅས་ཀྱི་ལོ་རྒྱུས་ཤིག་ཡིན།” ཞེས་གསུངས་ཡོད།
སྲིད་འཛིན་བྷ་རག་ ཨོ་བྷ་མ་ (Barack Obama) ཡིས་ ༢༠༡༦ ལོར་VOA ལོ་ ༧༥ འཁོར་བའི་དུས་ཆེན་སྐབས་”ཁྱེད་ཚོས་མི་རྣམས་ལ་ཨ་རི་རྒྱལ་ཁབ་ཤེས་རྟོགས་བྱེད་རོགས་བྱེད་ཀྱི་ཡོད། ཁྱེད་ཚོས་ཁོ་ཚོར་ང་ཚོའི་མི་མང་གི་སྣ་མང་རང་བཞིན་དང་། ང་ཚོའི་མང་གཙོའི་སྲོག་ཤུགས། ང་ཚོས་གཅེས་འཛིན་བྱེད་པའི་རིན་ཐང་སོགས་མཐོང་ཐུབ་པར་རོགས་རམ་བྱེད་ཀྱི་ཡོད།” ཅེས་གསུངས་ཡོད། སྲིད་འཛིན་ཌོ་ནལཌ་ ཊམ་ཕ་ (Donald Trump) ཡིས་ ༢༠༢༠ ལོར་ཨ་རིའི་རྒྱལ་སྤྱིའི་རླུང་འཕྲིན་ལས་དོན་ཐད་”ང་ཚོས་འཛམ་གླིང་ལ་རྫུན་མིན་པའི་གནས་ཚུལ་བཏང་འདོད་ཡོད། ང་ཚོའི་རྒྱང་བསྲིང་ཁག་ནང་རང་དབང་གི་ཁྱད་ཆོས་མཚོན་འདོད་ཡོད།” ཅེས་གསུངས་ཡོད།
རྒྱ་ནག་གཞུང་གི་ལངས་ཕྱོགས།
ཨ་རིའི་སྲིད་འཛིན་རིམ་པས་རླུང་འཕྲིན་ཁང་གི་གལ་གནད་ངོས་འཛིན་བྱས་ཡོད་མོད། རྒྱ་ནག་གི་དབུ་ཁྲིད་ཚོས་དེ་ལས་ལྡོག་སྟེ་རྟག་ཏུ་VOA དང་ RFA ལ་སྐྱོན་བརྗོད་དང་། སྒོ་རྒྱག་དགོས་པའི་དགོས་འདུན་བཏོན་ཡོད། ༡༩༩༧ ལོར་ཨ་རྒྱ་གཉིས་ཀྱི་ཤིན་ཏུ་གལ་ཆེའི་ཚོགས་འདུའི་ཐོག་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་གྱིས་ཨ་རིའི་སྲིད་འཛིན་བིལ་ ཀི་ལིན་ཊོན་ (Bill Clinton) ལ་ཨེ་ཤིི་ཡ་རང་དབང་རླུང་འཕྲིན་ཁང་RFA དང་འབྲེལ་བའི་སེམས་འཚབ་བཏོན་ཏེ་རླུང་འཕྲིན་ཁང་དེ་སྒོ་རྒྱག་དགོས་པའིི་བསམ་ཚུལ་བཏོན་ཡོད། བིལ་ཀི་ལིན་ཊོན་གྱི་སྲིད་གཞུང་གིས་ཨ་རིའི་རང་དབང་བརྒྱུད་ལམ་ལ་རྒྱབ་སྐྱོར་བྱས་ནས་རླུང་འཕྲིན་ལས་རིམ་མཚམས་འཇོག་བྱ་རྒྱུ་ངོས་ལེན་མ་བྱས།
འདི་བཞིན་༢༠༠༦ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་སྲིད་འཛིན་ཇོར་ཇི་ཌབ་ལུ་ བྷུ་ཤི་ (George W. Bush) ལའང་VOA རྒྱ་སྐད་སྡེ་ཚན་དང་RFA གཉིས་ཚད་བཀག་བྱ་དགོས་པའི་རེ་འདུན་བཏོན་ཡོད། ༢༠༡༥ ལོརའང་ཞི་ཅིན་ཕིང་དང་བྷ་རག་ ཨོ་བྷ་མ་ (Barack Obama) གཉིས་ཀྱི་ཚོགས་འདུའི་ཐོག་རྒྱ་ནག་གི་ཆབ་སྲིད་པ་ཚོས་VOA དང་RFA གཉིས་ཀྱིས་ཧོང་ཀོང་ཆར་གདུགས་ལས་འགུལ་ལྟ་བུའི་གནད་དོན་གྱི་གསར་འགྱུར་སྤེལ་ཏེ་རྒྱ་ནག་ནང་ཟིང་ཆ་སློང་གི་ཡོད་ཚུལ་སོགས་སྐྱོན་བརྗོད་བྱས་ཡོད།
ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གཉིས་ཀྱིས་བོད་དོན་འཐབ་རྩོད་ལ་ཕན་ཐོགས།
བོད་ནང་གི་བོད་མི་ཚོས་VOA དང་RFA དང་ལྟ་བུའི་བོད་སྐད་སྡེ་ཚན་རྣམས་ལ་སེམས་གཏིང་ནས་ཡིད་ཆེས་དང་དགའ་ཞེན་བྱེད་ཀྱི་ཡོད། དེའི་གཙོ་རྒྱུ་མཚན་གཤམ་གསལ་ལྟར་ཡིན།
དང་པོ། རྒྱ་ནག་གཞུང་གིས་བོད་ནང་བརྡ་འཕྲིན་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས། རླུང་འཕྲིན་ཁང་འདི་དག་བརྒྱུད་ནས་ཕྱི་ཕྱོགས་ཀྱི་དངོས་ཡོད་གནས་ཚུལ་རྣམས་ཤེས་རྟོགས་ཐུབ་ཀྱི་ཡོད། བོད་ནང་གི་བོད་མི་ཚོས་རླུང་འཕྲིན་བརྒྱུད་ནས་༸གོང་ས་མཆོག་གི་བཀའ་སློབ་ཐོས་ཐུབ་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་ཚུལ་དང་རྒྱལ་སྤྱིའི་ཐོག་བོད་དོན་སྐོར་གྱི་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་པ་སོགས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད།
གཉིས་པ། རྒྱ་ནག་གཞུང་གིས་བོད་ནང་༸གོང་ས་མཆོག་གི་སྐུ་པར་ཙམ་ཡང་བཞག་མི་ཆོག་པའི་དམ་བསྒྲགས་བྱེད་ཀྱི་ཡོད། འོན་ཀྱང་བོད་མི་ས་ཡ་དྲུག་གི་མངོན་འདོད་ངོ་མ་ནི་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། རང་དབང་གི་བོད་ཅིག་བསྐྱར་གསོ་བྱ་རྒྱུ་དེ་ཡིན། གནས་སྟངས་དེ་འདྲའི་འོག་རླུང་འཕྲིན་ཁང་འདི་དག་ནི་༸གོང་ས་མཆོག་གི་བཀའ་སློབ་ཐོས་ཐབས་ཀྱི་ལམ་བུ་གཙོ་བོ་ཞིག་ཆགས་ཡོད།
གསུམ་པ། བོད་མི་ས་ཡ་དྲུག་གི་ཆིག་སྒྲིལ་དང་ཁ་ཕྱོགས་གཅིག་གྱུར་གྱི་རྒྱབ་རྟེན་ཆེན་པོ་ཞིག་ནི་རླུང་འཕྲིན་ཁང་འདི་དག་ཡིན། དེས་བོད་ནང་དང་ཕྱི་ཕྱོགས་ཀྱི་བོད་མི་ཚོའི་བར་ཟམ་པ་ལྟ་བུའི་འབྲེལ་མཐུད་ཀྱི་ནུས་པ་ཐོན་གྱི་ཡོད།
བཞི་པ། རླུང་འཕྲིན་ཁང་འདི་དག་གིས་་བོད་ནང་གི་བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་དང་། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག ཆོས་དད་རང་དབང་མེད་པ། རིག་གཞུང་རྩ་གཏོར་སོགས་ཀྱི་སྐོར་བདེན་དཔང་བྱེད་ཀྱི་ཡོད། དེ་བཞིན་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་སོགས་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ལྷག་པར་དུ་༢༠༠༨ ལོར་བོད་ནང་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱས་པ་དང་། དེའི་རྗེས་ཀྱི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་གྱི་སྐབས་སུ། རླུང་འཕྲིན་ཁང་འདི་དག་གིས་བོད་ནས་ཐོན་པའི་དངོས་བདེན་གནས་ཚུལ་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་སྤེལ་བྱས་ཏེ། འཛམ་གླིང་གི་གཞུང་དང་མི་མང་གིས་བོད་དོན་ལ་རྒྱབ་སྐྱོར་ཐོབ་པར་ཕན་ཐོགས་ཆེན་པོ་བྱུང་ཡོད།
བོད་མི་མང་པོས་ད་དུང་ཡང་ ༢༠༠༨ ལོར་ལྷ་སའི་ནང་གི་ངོ་རྒོལ་དང་། དེའི་རྗེས་ཀྱི་བོད་ཀྱི་ས་ཁུལ་ཁག་ཏུ་བྱུང་བའི་རང་ལུས་མེར་བསྲེགས་ངོ་རྒོལ་སྐབས་སུ་རླུང་འཕྲིན་ཁང་འདི་དག་ཇི་འདྲའི་གལ་ཆེན་པོ་ཡིན་པ་དྲན་གསོ་བྱེད་ཀྱི་ཡོད་ལ། གཞིས་བྱེས་གཉིས་ཀར་ཡོད་པའི་བོད་མི་མང་ཆེ་བའི་ངོས་ནས། VOA དང་RFA དང་ ནི་བརྒྱུད་ལམ་ཙམ་མ་ཡིན་པར། ངོ་རྒོལ་དང་། དྲན་གསོ། མཐུན་སྒྲིལ་བཅས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།
ལྔ་པ།་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་ཀྱི་སྐད་ཡིག་གི་བེད་སྤྱོད་དང་སློབ་གཉེར་ཐད་དམ་བསྒྲགས་ཤུགས་ཆེན་པོ་བྱེད་བཞིན་ཡོད། དེའི་ཁྲོད་རྒྱ་སྐད་སློབ་ཁྲིད་ལ་གཙོ་འདོན་བྱེད་པ་དང་། བོད་སྐད་སློབ་ཁྲིད་ཀྱི་དུས་ཚོད་ཉུང་དུ་གཏོང་བ། བོད་སྐད་ཐོག་ཡིག་རྒྱུགས་མི་ལེན་པ་བཅས་ཀྱི་སྲིད་བྱུས་སྤེལ་བཞིན་ཡོད། ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་། ལྷག་པར་དུ་བོད་རང་སྐྱོང་ལྗོངས་ནང་དུ་གཞི་རིམ་འོག་མའི་སློབ་གྲྭ་ཁག་ཏུ་རྒྱ་སྐད་གཙོ་བོ་བཟོས་པའི་སྲིད་བྱུས་ལག་བསྟར་བྱས་ཡོད།
ཕྱི་རྒྱལ་རང་དབང་ལུང་པར་ཡོད་པའི་ཨ་རིའི་རླུང་འཕྲིན་ཁང་ VOA དང་། ནོར་ལྦེ་བོད་ཀྱི་རླུང་འཕྲིན་ཁང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ RFA བཅས་ཀྱིས་བོད་སྐད་སྡེ་ཚན་ཁག་བརྒྱུད་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལ་གལ་ཆེའི་ཞབས་འདེགས་བསྒྲུབས་ཡོད། རླུང་འཕྲིན་ཁང་འདི་དག་གིས་རྒྱུན་མཐུད་ནས་བོད་སྐད་ཐོག་གསར་འགྱུར་དང་ལས་རིམ་ཁག་རྒྱང་སྲིང་བྱེད་ཀྱིན་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་གནད་དོན་ཁག་ལ་དམིགས་བསལ་དོ་སྣང་བྱེད་བཞིན་ཡོད། ལྷག་པར་དུ་བོད་ནང་གི་སྐད་ཡིག་སྲིད་བྱུས་དང་། བོད་སྐད་སྲུང་སྐྱོབ་ཀྱི་ལས་འགུལ། དེ་བཞིན་བཙན་བྱོལ་ནང་གི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་གཞི་ཁག་གི་སྐོར་གསར་འགྱུར་དང་དམིགས་བསལ་གླེང་སྟེགས་བཅས་གོ་སྒྲིག་བྱེད་ཀྱིན་ཡོད།
རྒྱལ་སྤྱིའི་བོད་སྐད་བརྒྱུད་ལམ་འདི་དག་གིས་བོད་མི་ས་ཡ་བདུན་ལྷག་ལ་རང་གི་སྐད་ཡིག་ཐོག་གསར་འགྱུར་དང་གནས་ཚུལ་འཕྲོད་སྤེལ་བྱེད་ཐུབ་པ་དང་། དེས་བོད་མི་ཚོར་རང་གི་སྐད་ཡིག་བེད་སྤྱོད་བྱེད་པའི་གོ་སྐབས་བསྐྲུན་པ་མ་ཟད། བོད་ཀྱི་སྐད་ཡིག་ལ་རིན་ཐང་དང་གལ་གནད་ཡོད་པ་གསལ་སྟོན་བྱེད་ཀྱིན་ཡོད། ལྷག་པར་དུ་བརྒྱུད་ལམ་འདི་དག་གིས་བོད་ཀྱི་སྐད་ཡིག་ཐོག་བགྲོ་གླེང་དང་བོད་ཀྱི་སྐད་ཡིག་གི་ཚད་མཐོའི་བེད་སྤྱོད་ལ་སྐུལ་མ་གཏོང་བཞིན་ཡོད།
བོད་ནང་གི་སྐད་ཡིག་དམ་བསྒྲགས་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར། རྒྱལ་སྤྱིའི་བོད་སྐད་རླུང་འཕྲིན་ཁང་ VOA དང་། VOT, RFA བཅས་ཀྱིས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་ལ་འགན་ཁུར་གལ་ཆེན་པོ་བླངས་ཡོད། མ་འོངས་པར་ཡང་བརྒྱུད་ལམ་འདི་དག་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ལ་མུ་མཐུད་ནས་ཞབས་འདེགས་བསྒྲུབ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།
རླུང་འཕྲིན་ཁང་གཉིས་སྒོ་བརྒྱབ་པའི་གནས་བབ།
འོན་ཀྱང་ཡིད་བརྟན་མེད་པའི་ཆབ་སྲིད་འཕོ་གྱུར་གྱི་རླུང་རླབས་ཁྲོད་སྟབས་མ་ལེགས་པར་དུ་ཕྱི་ལོ་ ༢༠༢༥ ཟླ་ ༣ པའི་ཚེས་ ༡༤ ཉིན་ཨ་རིའི་སྲིད་འཛིན་གྱིས་འཛིན་སྐྱོང་བཀོད་ཁྱབ་བཏང་སྟེ་ཨ་རིའི་རྒྱལ་སྤྱིའི་བརྒྱུད་ལམ་ལས་ཁུངས་(USGAM)འོག་གི་རླུང་འཕྲིན་ཁང་ལྔ་ལས་མཚམས་འཇོག་དགོས་པའི་བཀའ་ཁྱབ་སྤེལ་བས། དེའི་ཁོངས་སུ་ VOA བོད་སྐད་སྡེ་ཚན་དང་ RFA བོད་སྐད་སྡེ་ཚན་གཉིས་ཀྱང་ཡོད།
རླུང་འཕྲིན་ཁང་གཉིས་ལས་མཚམས་བཞག་པར་བོད་མི་མང་ཆེ་བས་སེམས་སྡུག་དང་ཐུགས་ཕམ་ཆེན་པོ་གནང་བཞིན་ཡོད་ནའང་རྒྱ་ནག་གཞུང་འབྲེལ་གྱིས་དགའ་བསུ་ཞུས་པ་དང་ཆབས་ཅིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁག་ཅིག་གིས་འདི་གཉིས་ལས་མཚམས་འཇོག་པར་དགའ་བསུ་ཞུས་ཡོད།
རླུང་འཕྲིན་ཁང་ལས་མཚམས་འཇོག་པར་དགའ་བསུ་ཞུ་མཁན་ཚོའི་བསམ་ཚུལ་ལ་དཔྱད་པ།
༡) སྲིད་སྐྱོང་འོས་བསྡུའི་གནད་དོན།
སྐྱོན་བརྗོད་བྱེད་མཁན་མང་ཆེ་བའི་མ་དགའ་བའི་རྒྱུ་མཚན་གཙོ་བོ་ནི་ཁོ་ཚོས་རྒྱབ་སྐྱོར་བྱེད་སའི་མི་སྣར་གནས་ཚུལ་སྤེལ་སྟངས་དང་ལྷག་དོན་༢༠༢༡ སྲིད་སྐྱོང་འོས་བསྡུའི་སྐབས་ནས་བཟུང་རླུང་འཕྲིན་ཁང་གཉིས་ཀྱིས་ཁོ་ཚོས་རྒྱབ་སྐྱོར་བྱེད་སའི་འོས་མི་ལ་གནས་ཚུལ་སྤེལ་སྟངས་ཐོག་འདོད་པ་མ་ཁེངས་པར་བརྟེན་ནས་ཡིན། འོས་བསྡུའི་སྐབས་སུ་འོས་མི་སོ་སོར་འདྲ་མཉམ་གྱི་དུས་ཚོད་སྤྲོད་རྒྱུ་དང་། འོས་མི་རེ་རེའི་ལངས་ཕྱོགས་དང་བྱེད་འཆར་སོགས་འདྲ་མཉམ་དུ་སྤེལ་དགོས་པ་ཡིན་པར་རྟེན་འོས་མི་ཞིག་གིས་མི་མང་ལ་ཁས་ལེན་བྱས་པའི་བྱེད་འཆར་རྣམས་དངོས་ཡོད་ཐོག་བསྒྲུབ་ཐུབ་མིན་སོགས་གསར་ཁང་གིས་དྲི་བ་དྲིས་སྐབས་འོས་མི་དེའི་རྒྱབ་སྐྱོར་བ་ཚོས་གསར་ཁང་གིས་ཕྱོགས་ལྷུང་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད།
༢) སྒེར་གྱི་ཁེ་ཕན་ལ་གནོད་པ།
རང་ཉིད་ཀྱིས་རྒྱབ་སྐྱོར་དང་དགའ་མོས་བྱེད་སའི་དཔོན་རིགས་ཤིག་ལ་གསར་འགོད་པས་རྣམ་དཔྱོད་ལྡན་པའི་སྒོ་ནས་དྲི་བ་དྲིས་པ་དང་བྱེད་བབ་ལ་དཔྱད་ཞིབ་བྱས་པ་སོགས་ཀྱི་གནས་ཚུལ་སྤེལ་བ་ལ་རྟེན་ནས་གསར་ཁང་ལ་མ་དགའ་བ་བྱེད་ཀྱི་ཡོད།
རེ་ཟུང་ནི་སྒེར་གྱི་ཁེ་ཕན་ནམ་སྲིད་དོན་ཁེ་ཕན་ལ་གནོད་པ་བྱུང་བའི་རྐྱེན་གྱིས་ཀྱང་བརྒྱུད་ལམ་ཁག་ལ་མ་དགའ་བའི་རྣམ་འགྱུར་སྟོན་མཁན་ཡོད་སྲིད།
༣) ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ།
བཙན་བྱོལ་ནང་བོད་རང་བཙན་གཙང་མ་རྩོད་མཁན་དང་། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་བཅས་ཆབ་སྲིད་ལངས་ཕྱོགས་མི་འདྲ་བའི་ཕྱོགས་ཁག་གཉིས་ཡོད། སྐྱོན་བརྗོད་བྱེད་མཁན་གྱིས་བརྒྱུད་ལམ་ཁག་གིས་ཚང་མར་འདྲ་མཉམ་གྱི་སྒོ་ནས་གནས་ཚུལ་སྤེལ་གྱི་མེད་པའི་སྐྱོན་བརྗོད་བྱེད་མཁན་ཡང་ཡོད་པ་བཅས་རེད།
མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
མང་གཙོའི་རྒྱལ་ཁབ་ཅིག་གི་ནང་། གསར་འགྱུར་བརྒྱུད་ལམ་ནི་མང་གཙོའི་ཀ་བ་བཞི་པ་ཡིན། དེས་ན་མང་གཙོའི་ཀ་བ་བཞི་པ་གསར་འགྱུར་བརྒྱུད་ལམ་ཞིག་ལས་མཚམས་བཞག་པར་དགའ་བསུ་ཞུ་རྒྱུ་ནི་མང་གཙོའི་ལམ་ལུགས་དང་མི་མཐུན་པ་ཞིག་ཡིན། གལ་ཏེ་རླུང་འཕྲིན་ཁང་ནས་རང་ཉིད་ཀྱི་ཆབ་སྲིད་ཀྱི་ལྟ་བ་དང་མི་མཐུན་པའི་གནས་ཚུལ་ཞིག་སྤེལ་བ་ཙམ་གྱི་རྒྱུ་མཚན་ལ་བརྟེན་ནས། གསར་འགྱུར་ལས་ཁང་ཞིག་ལ་སྐྱོན་བརྗོད་བྱས་ཏེ། གསར་ཁང་དྲང་པོ་མེད་ཚུལ་བརྗོད་དེ་སྒོ་རྒྱག་དགོས་པའི་དགོས་འདུན་བཏོན་ན། དེ་ནི་མང་གཙོའི་ལམ་ལུགས་ལ་གུས་བརྩི་མེད་པའི་རྣམ་འགྱུར་ཞིག་ཡིན།
མང་གཙོའི་ལམ་ལུགས་ནང་། ལྟ་ཚུལ་མི་མཐུན་པ་ཡོད་ཚེ། དེ་ལ་རིག་པས་དཔྱད་པ་བྱེད་དགོས་པ་དང་། རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་བྱེད་དགོས་པ་ལས། མི་མཐུན་ཕྱོགས་ཀྱི་སྐད་ཆ་བཀག་འགོག་བྱེད་པ་ནི་མང་གཙོའི་རིན་ཐང་དང་འགལ་བ་ཞིག་ཡིན།
གསར་འགྱུར་བརྒྱུད་ལམ་ཞིག་ལ་སྐྱོན་བརྗོད་བྱེད་པ་ནི་མང་གཙོའི་ལམ་ལུགས་ནང་ཡོང་སྲིད་པ་དང་ཐོབ་ཐང་ཞིག་ཡིན་ཀྱང་སྐྱོན་བརྗོད་དེ་དག་གནས་ལུགས་ལྡན་པ་ཞིག་དགོས། གལ་ཏེ་སྐྱོན་བརྗོད་ཙམ་མ་ཡིན་པར་སྒོ་རྒྱག་དགོས་པའི་དགོས་འདུན་བཏོན་ན། དེ་ནི་ལངས་ཕྱོགས་མི་མཐུན་པ་ཚང་མ་མེད་པ་བཟོ་འདོད་ཀྱི་བྱ་སྤྱོད་ཅིག་ཡིན།
ཧང་སངས་དགོས་པ་ཞིག་ལ་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་ཤིག་གིས་ཨ་རིའི་རླུང་འཕྲིན་ཁང་ VOA དང་RFA བོད་སྐད་སྡེ་ཚན་སྒོ་བརྒྱབ་པར་སྐད་གསང་མཐོན་པོས་”དགའ་བསུ་ཞུ་མཁན་ནི་རྒྱ་ནག་གཞུང་གཅིག་པོ་མིན་པར་ང་ཡང་ཡོད”ཅེས་བཤད་པ་དེས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོ་ཧང་སངས་དགོས་པའི་གནས་ཚུལ་ཞིག་བྱུང་ཡོད།
བོད་མི་མང་པོས་འདི་ནི་ངོ་མ་བཙན་བྱོལ་གྲོས་ཚོགས་ཀྱི་འཐུས་མི་ཞིག་གི་བསམ་བློ་གཏོང་སྟངས་མིན་པར་སྨྱོན་པ་དང་གླེན་པའི་སྐད་ཆ་ཞིག་ཏུ་ངོས་འཛིན་བྱས་ཡོད། མང་ཚོགས་ཀྱི་འཐུས་མི་ཡིན་ཟེར་མཁན་ཞིག་གིས་འདི་ལྟ་བུའི་སྐད་ཆ་བཤད་པ་ནི་དངོས་གནས་ངོ་ཚ་དགོས་པ་ཞིག་ཡིན་སྟབས། མི་མང་གིས་ཁོང་ལ་ཁངས་ར་དང་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་ཡོད།
དོན་དངོས་སུ་རྣམ་དཔྱོད་དང་ལྡན་པའི་བོད་མི་ཞིག་གིས་བསམ་བློ་ཞིབ་ཏུ་བཏང་ན། རྒྱ་ནག་གཞུང་དང་ལངས་ཕྱོགས་གཅིག་པ་བྱེད་པ་ནི་རང་མགོ་རང་གིས་གཅོད་པ་ལྟ་བུ་ཞིག་ཡིན། ལྷག་པར་དུ་བོད་མི་མང་པོས་”དེ་ནི་བོད་ནང་གི་བོད་མི་ཚོར་གནོད་སྐྱོན་ཆེན་པོ་ཞིག་བཟོ་བ་གསལ་པོ་རེད”ཅེས་སྐྱོན་བརྗོད་བྱས་ཡོད། གང་ཡིན་ཞེ་ན་རྒྱ་ནག་གཞུང་གིས་བོད་ནང་བརྡ་འཕྲིན་དམ་བསྒྲགས་ཤུགས་ཆེན་པོ་བྱེད་པའི་སྐབས་འདིར་བོད་མི་ཚོའི་མིག་དང་རྣ་བ་ལྟ་བུའི་བརྒྱུད་ལམ་སྒོ་རྒྱག་པར་དགའ་བསུ་ཞུ་རྒྱུ་ནི་མི་རིགས་རང་ཉིད་ཀྱི་ཁེ་ཕན་ལ་གནོད་པ་བཟོ་བའི་ལས་ཀ་ཞིག་རེད།
བོད་མི་མང་པོས་ཆོས་བརྒྱུད་སྤྱི་འཐུས་དེའི་བྱ་སྤྱོད་ལ་”མང་གཙོའི་ལམ་ལུགས་དང་འགལ་བ་ཞིག་”ཡིན་པའི་སྐྱོན་བརྗོད་བྱས་ཡོད། གང་ཡིན་ཞེ་ན་མང་གཙོའི་ལམ་ལུགས་ནང་གསར་འགྱུར་བརྒྱུད་ལམ་ནི་”མང་གཙོའི་ཀ་བ་བཞི་པ་”ཡིན། དེས་ན་མང་གཙོའི་ཀ་བ་བཞི་པ་ཞིག་སྒོ་བརྒྱབ་པར་དགའ་བསུ་ཞུ་རྒྱུ་ནི་མང་གཙོའི་ལམ་ལུགས་ལ་དམའ་འབེབས་བྱེད་པ་ཞིག་ཡིན།
དེ་བཞིན་”རང་ཉིད་ཀྱང་ཆོས་བརྒྱུད་སྤྱི་འཐུས་ཆགས་ཐུབ་པ་དེ་ཡང་གསར་ཁང་དེ་དག་གི་ཤུགས་རྐྱེན་དང་འབྲེལ་བ་ཆེན་པོ་ཡོད་སྟབས་ཁོང་གི་བསམ་བློོ་གཏོང་སྟངས་ནི་ནང་འགལ་ཆེན་པོ་ཞིག་ཏུ་མང་པོས་ངོས་འཛིན་བྱས་ཡོད། བོད་མི་མང་ཚོགས་མང་ཆེ་བའི་མཐོང་ཚུལ་ལ་སྤྱི་འཐུས་དེས་སྤྱི་ལས་སྒེར་དང་སྤྱི་ལས་ཕྱོགས་གཏོགས་ཀྱི་ཆབ་སྲིད་ཁེ་ཕན་གལ་ཆེ་བར་བཟུང་ཏེ་ཕྱོགས་ལྷུང་གི་སྒོ་ནས་དེ་ལྟར་བཤད་པར་ངོས་འཛིན་བྱེད་ཀྱི་ཡོད།
མདོར་ན་བཙན་བྱོལ་ནང་གི་སྤྱི་ཚོགས་འགན་ཁུར་བླངས་པའི་མི་སྣ་ཞིག་གིས་དེ་ལྟ་བུའི་བྱ་སྤྱོད་ལ་ཞུགས་པ་ནི་མི་མང་གི་བློ་ཡུལ་ལས་འདས་པ་ཞིག་ཡིན་པ་དང་། དེས་བཙན་བྱོལ་བོད་མིའི་མཐུན་སྒྲིལ་ལ་གནོད་སྐྱོན་བཟོ་གི་ཡོད་པར་བརྟེན་རང་ཉིད་ཀྱི་བྱ་སྤྱོད་ལ་བསྐྱར་ཞིབ་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེན་པོ་བྱས་ཡོད།
སྤྱིར་བཙན་བྱོལ་ནང་ང་ཚོས་དུས་རྒྱུན་དུ་”དོན་གྱི་བདག་པོ་ནི་བོད་ནང་བཞུགས་པའི་གཞིས་ལུས་མི་མང་རྣམས་ཡིན་”ཞེས་བཤད་ཀྱི་ཡོད་ཀྱང་། བོད་ནང་བཞུགས་པའི་མི་མང་ལ་ཕན་ཐོགས་ཡོད་པའི་གསར་ཁང་ལ་ངོ་རྒོལ་དང་སྒོ་བརྒྱབ་པར་དགའ་བསུ་ཞུ་བ་ནི་ནང་འགལ་བའི་བྱ་སྤྱོད་ཅིག་ཡིན། དེ་ནི་ཚིག་ཙམ་ལ་བོད་ནང་གི་མི་མང་གལ་ཆེར་བརྩིས་ཀྱང་། དོན་དངོས་སུ་ཁོང་ཚོའི་ཁེ་ཕན་ལ་གནོད་སྐྱོན་གཏོང་བ་དང་རང་ཉིད་ཀྱི་འདོད་ཕྱོགས་ཁེ་ཕན་གཙོ་བོར་འཛིན་པའི་བྱ་སྤྱོད་ཅིག་རེད།
གསར་འགྱུར་རང་དབང་ནི་མང་གཙོའི་རྩ་བའི་ཆ་རྐྱེན་ཞིག་ཡིན་པ་དང་། དམིགས་བསལ་གྱིས་བཙན་བྱོལ་སྤྱི་ཚོགས་ནང་བོད་ནང་གི་གནས་ཚུལ་དང་། བོད་མིའི་དཀའ་ངལ་རྣམས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱེད་པར་གསར་ཁང་ཁག་གི་ནུས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་འདྲའི་གསར་ཁང་ཞིག་སྒོ་བརྒྱབ་པར་དགའ་བསུ་ཞུ་རྒྱུ་ནི་རྡོ་ཡར་བཀྱག་ནས་རང་གི་རྐང་པར་ཞུས་པ་དང་ཁྱད་པར་ཅིང་ཡང་ཡིན།
ཉེ་ཆར་VOA དང་RFA བོད་སྐད་སྡེ་ཚན་ལས་མཚམས་བཞག་པའི་གནས་ཚུལ་ལ་དགའ་བསུ་ཞུ་མཁན་ཚོས་ངེས་པར་དུ་གནད་དོན་གཅིག་དྲན་དགོས། ད་ལྟ་ཁྱེད་ཀྱིས་རྒྱབ་སྐྱོར་བྱེད་སའི་སྲིད་སྐྱོང་འོས་མི་ལ་གསར་ཁང་གིས་གནས་ཚུལ་སྤེལ་སྟངས་ལ་མ་དགའ་བ་བྱས་ནས་གསར་ཁང་སྒོ་རྒྱག་པར་དགའ་བསུ་ཞུས་ཀྱང་། སང་ཉིན་ཁྱེད་ཀྱི་རྒྱབ་སྐྱོར་བྱེད་སའི་འོས་མི་དེར་རྒྱལ་ཁ་ཐོབ་སྟེ་སྲིད་སྐྱོང་ཆགས་པའི་ཚེ་དེའི་ལས་དོན་ཡར་རྒྱས་དང་བྱས་རྗེས་མང་ཚོགས་ལ་གསལ་སྟོན་བྱེད་སའི་བརྒྱུད་ལམ་མེད་པར་འགྱུར་ངེས།
བཙན་བྱོལ་ནང་གི་འགོ་ཁྲིད་དང་སྤྱི་འཐུས་མང་ཚོགས་བཅས་ཀྱིས་གསར་འགྱུར་རང་དབང་གི་གལ་གནད་ངོས་འཛིན་གནང་དགོས་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་དུའང་གསར་འགྱུར་ལས་རིགས་ཀྱི་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་དགོས། གསར་འགྱུར་བརྒྱུད་ལམ་ཁག་ནི་མང་ཚོགས་ཀྱི་མིག་དང་རྣ་བ་ལྟ་བུ་ཡིན་པས། དེ་དག་ལ་ཆེ་མཐོང་དང་རྒྱབ་སྐྱོར་བྱ་རྒྱུ་ནི་བོད་མིའི་ཁེ་ཕན་དང་བོད་དོན་འཐབ་རྩོད་ཀྱི་ནུས་པ་སྲ་བརྟན་དུ་གཏོང་བའི་ཐབས་ལམ་གལ་ཆེ་ཞིག་ཡིན།
དེ་བཞིན་དུ་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་འཐུས་མི་ཚང་མས་སོ་སོའི་ལངས་ཕྱོགས་དང་བསམ་ཚུལ་གང་ཡིན་རུང་། དེ་དག་བོད་མིའི་སྤྱི་བོའི་གཙུག་རྒྱན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མི་ས་ཡ་དྲུག་གི་བདེ་དོན། བོད་དོན་བདེན་མཐའ་གསལ་ཐབས་བཅས་ལ་དམིགས་ཏེ་གསུང་དགོས་པ་ལས། སྒེར་གྱི་ཁེ་ཕན་དང་འདོད་ཕྱོགས་ལ་དམིགས་ནས་གསུང་རྒྱུ་མིན།
གལ་ཏེ་ང་ཚོས་བོད་ནང་གི་གཞིས་ལུས་བོད་མི་ཚོའི་བདེ་སྡུག་དང་ཁེ་ཕན་ལ་བསམ་ཤེས་བྱེད་ཀྱི་ཡོད་ན། མི་མང་གི་ཁེ་ཕན་ལ་གནོད་སྐྱོན་གཏོང་བའི་རྣམ་འགྱུར་དང་བྱ་སྤྱོད་རིགས་ངེས་པར་དུ་སྤང་དགོས་པ་མ་ཟད། བོད་ནང་གི་གནས་ཚུལ་ཁག་དྲང་བདེན་ངང་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱེད་མཁན་གྱི་གསར་ཁང་ཁག་ལ་རྒྱབ་སྐྱོར་དང་གདེང་འཇོག་བྱེད་དགོས། དེ་ལྟར་བྱས་ན་ང་ཚོས་དངོས་སུ་བོད་ནང་གི་མི་མང་གི་མགྲིན་ཚབ་པ་ཚད་ལྡན་ཞིག་བྱེད་ཐུབ་པ་ཡིན།
དྲན་དགོས་པ་ཞིག་ལ། ང་ཚོའི་དགྲ་བོའི་འདོད་པ་ནི་ང་ཚོ་ནང་ཁུལ་དུ་མི་མཐུན་པ་ཆགས་ནས་ཁ་ཐོར་དུ་འགྲོ་རྒྱུ་དེ་ཡིན། དེས་ན་བཙན་བྱོལ་བོད་མི་ཚོའི་ཁྲོད་ནས་རླུང་འཕྲིན་ཁང་ལས་མཚམས་འཇོག་པར་དགའ་བསུ་ཞུ་མཁན་ཚོས། ངོ་ཐོག་ཏུ་ཁོ་ཚོའི་བྱ་སྤྱོད་དེས་རྒྱ་ནག་གཞུང་གི་ཁེ་ཕན་ལ་ཞབས་འདེགས་ཞུ་བཞིན་ཡོད། ཤེས་བཞིན་དུ་འམ་མ་ཤེས་བཞིན་དུ་ཡིན་རུང་། གནས་སྟངས་ནི་འདི་ག་རང་ཆགས་ཡོད། དེས་ན་རྒྱ་ནག་གཞུང་དང་ལངས་ཕྱོགས་གཅིག་པ་བྱེད་པ་ནི་རང་མགོ་རང་གིས་གཅོད་པ་ལྟ་བུ་རེད།དེ་ལྟ་བུའི་བྱ་སྤྱོད་ལ་བོད་མི་ཚོས་ཐུགས་གཟབ་གནང་དགོས།
རླུང་འཕྲིན་ཁང་ལས་མཚམས་འཇོག་པའི་ཤུགས་རྐྱེན།
དང་པོ། རླུང་འཕྲིན་ཁང་གཉིས་ལས་མཚམས་འཇོག་པའི་གནས་ཚུལ་དེ་ནི། བོད་ནང་གི་བོད་མི་ཚོ་ལ་གནོད་སྐྱོན་ཆེན་པོ་ཞིག་ཡིན། ད་ཆ་ཁོ་ཚོས་ཕྱི་ཕྱོགས་ཀྱི་གནས་ཚུལ་དང་། ༸གོང་ས་མཆོག་གི་བཀའ་སློབ། བཙན་བྱོལ་བོད་མིའི་གནས་ཚུལ་སོགས་ཤེས་རྟོགས་བྱེད་པར་འགོག་རྐྱེན་ཆེན་པོ་་ཡོང་རྒྱུ་རེད། རྒྱ་ནག་གཞུང་གིས་བོད་ནང་བརྡ་འཕྲིན་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས། བོད་མི་ཚོས་གནས་ཚུལ་ཉན་ཐུབ་པའི་ཐབས་ལམ་གཙོ་བོ་ནི་རླུང་འཕྲིན་ཁང་འདི་དག་ཡིན།
གཉིས་པ། རྒྱ་ནག་གཞུང་གི་ཁེ་ཕན་ལ་ཕན་ཐོགས།
རྒྱ་ནག་གོ་ལའི་དུས་བབ་དང་། པེ་ཅིན་ཉིན་རེའི་ཚགས་པར། རྒྱ་ནག་ཕྱི་སྲིད་ལྷན་ཁང་སོགས་ཀྱིས་VOA སྒོ་བརྒྱབ་པར་དགའ་བསུ་ཞུས་པ་དང་། རླུང་འཕྲིན་ཁང་དེ་ནི་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་གཙོ་བོ་ཡིན་ཚུལ་བཤད་པ་དེས་ང་ཚོར་གནད་དོན་གསལ་པོ་ཆགས། གསར་ཁང་དེ་དག་ལ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་སྟངས་དང་། བོད་ནང་རང་དབང་གི་གནས་ཚུལ་སྤེལ་སྟངས་གང་ལེགས་ཡོད་པའི་དཔང་རྟགས་ཤིག་ཡིན།
གསུམ་པ། བཙན་བྱོལ་ནང་གི་མང་གཙོའི་ལམ་ལུགས་ལ་གནོད་སྐྱོན།
གལ་ཏེ་བཙན་བྱོལ་ནང་གསར་འགྱུར་བརྒྱུད་ལམ་ལས་མཚམས་བཞག་པར་དགའ་བསུ་ཞུས་ན་དེ་ནི་བཙན་བྱོལ་སྤྱི་ཚོགས་ནང་གི་མང་གཙོའི་ལམ་ལུགས་ལ་གནོད་སྐྱོན་ཆེན་པོ་ཞིག་རེད། མང་གཙོའི་ལམ་ལུགས་ནང་གསར་འགྱུར་བརྒྱུད་ལམ་གྱི་རང་དབང་ནི་ཧ་ཅང་གལ་གནད་ཆེན་པོ་ཡིན། མང་གཙོའི་ལམ་ལུགས་ཤིག་ནང་ཚོགས་པ་མི་འདྲ་བ་དང་ལངས་ཕྱོགས་འདྲ་མིན་ཡོད་པ་ནི་དེའི་མཛེས་ཆ་ཞིག་ཡིན་ལ་རང་དང་ལྟ་ཚུལ་མི་མཐུན་པའི་ཚོགས་པ་དང་ལངས་ཕྱོགས་དག་ལ་སྐྱོན་བརྗོད་དང་། ཐ་ན་རྩོད་པ་བྱེད་ཆོག་ཀྱང་གསར་ཁང་སྒོ་རྒྱག་དགོས་པའི་བསམ་ཚུལ་བཏོན་པ་དེ་ནི་མ་འོངས་པར་རང་ཉིད་དང་རང་ཉིད་ཀྱི་ཕྱོགས་ཁག་དང་བསམ་ཚུལ་མི་མཐུན་པའི་གསར་འགྱུར་བརྒྱུད་ལམ་ཞིག་སྒོ་རྒྱབ་པར་དགའ་བསུ་ཞུས་པའི་སྔོན་ཐོན་དཔེ་མཚོན་ཞིག་བཟོས་པ་རེད། དེས་མ་འོངས་པར་ཕྱོགས་གཞན་དེས་ཀྱང་རང་ཉིད་ཀྱི་དགའ་པོ་དང་རྒྱབ་སྐྱོར་བྱེད་སའི་གསར་འགྱུར་བརྒྱུད་ལམ་ཞིག་སྒོ་རྒྱག་དགོས་པའི་འབོད་སྐུལ་དང་སྒོ་བརྒྱབ་ཚེ་དེར་ཡང་དགའ་བསུ་ཞུ་ཆོག་པའི་ལམ་སྲོལ་ངན་པ་ཞིག་བཟོ་ངེས་རེད། དེས་ན་ལམ་སྲོལ་དེ་འདྲ་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཟོ་མི་རུང་།
བཞི་པ། བཙན་བྱོལ་བོད་མིའི་མཐུན་སྒྲིལ་ལ་གནོད་སྐྱོན།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ནས་རེ་ཟུང་གིས་རླུང་འཕྲིན་ཁང་ལས་མཚམས་འཇོག་པར་དགའ་བསུ་ཞུ་བ་དེས། སྤྱི་ཚོགས་ནང་དཀྲུག་ཤིང་བྱེད་པ་དང་། བཙན་བྱོལ་བོད་མིའི་མཐུན་སྒྲིལ་ལ་གནོད་སྐྱོན་གཏོང་གི་ཡོད། ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་དབང་གིས་ཕན་ཚུན་དབར་འགལ་ཟླ་ཆེ་རུ་གཏོང་བ་ནི་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་དམས་སུ་གཏོང་བའི་བྱ་སྤྱོད་ཅིག་རེད།
གསར་འགྱུར་བརྒྱུད་ལམ་ལ་སྐྱོན་བརྗོད་དང་ཡ་ལན་བྱེད་སྟངས།
གསར་འགྱུར་བརྒྱུད་ལམ་ཞིག་ལ་སྐྱོན་བརྗོད་བྱེད་དགོས་ཚེ། དེ་ནི་བྱེད་སྟངས་འདི་ལྟར་ཡིན་དགོས།
དང་པོ། སྐྱོན་བརྗོད་དེ་དག་ཡིག་ཐོག་ཏུ་སྤེལ་ཏེ། ར་སྤྲོད་ཡོད་པའི་དཔེ་མཚོན་བཀོད་དགོས། གལ་ཏེ་རླུང་འཕྲིན་ཁང་གིས་མི་དྲང་བའི་གནས་ཚུལ་སྤེལ་གྱི་འདུག་ན་སྐྱོན་བརྗོད་ཙམ་མ་ཡིན་པར་དེའི་ཁུངས་དང་ལུང་ངེས་པར་དུ་སྟོན་དགོས། དཔེར་ན། དུས་ཚིགས་གང་ཞིག་ལ་གནས་ཚུལ་གང་ཞིག་སྤེལ་བ། སྤེལ་མཁན་གསར་འགོད་པ་སུ་ཡིན་པ། དེ་དྲང་བདེན་མིན་པའི་དཔང་རྟགས་དང་བཅས་ཏེ་བསམ་ཚུལ་འདོན་དགོས། དེ་ལྟར་མེད་ན། སྤྱི་ཡོངས་ཀྱི་སྐྱོན་བརྗོད་དེས་ཁུངས་ལུང་མེད་པའི་ཆབ་སྲིད་ཞེན་ཁོག་སྐམ་པོའི་ཚིག་ཙམ་དུ་འགྱུར་སྲིད།
གཉིས་པ། སྐྱོན་བརྗོད་དེ་དག་ཆབ་སྲིད་ཀྱི་ལྟ་བ་ལ་གཞི་མ་བཅོལ་བར། གནས་ཚུལ་སྤེལ་ཚུལ་དང་། གནས་ཚུལ་ལ་དཔྱད་ཞིབ་བྱེད་ཚུལ་སོགས་གསར་འགྱུར་བྱ་གཞག་དངོས་ཀྱི་དབང་དུ་བྱས་ཏེ་སྐྱོན་བརྗོད་བྱེད་དགོས། རང་ཉིད་ཀྱི་ཆབ་སྲིད་ཀྱི་ལྟ་བ་དང་མི་མཐུན་པའི་གནས་ཚུལ་ཞིག་སྤེལ་བ་ཙམ་གྱིས་གསར་ཁང་ལ་སྐྱོན་བརྗོད་བྱེད་པ་ནི་མང་གཙོའི་བྱེད་སྟངས་མིན།
གསུམ་པ། སྐྱོན་བརྗོད་དེ་དག་བཟང་ཕྱོགས་ཀྱི་བསམ་ཚུལ་ཞིག་ཡིན་དགོས། དེ་ལས་ལྡོག་སྟེ་མི་སྒེར་ལ་འཁོན་འཛིན་གྱི་ཚོར་བའམ། གནོད་འཚེ་བཟོ་རྒྱུའི་བསམ་ཚུལ་ལ་གཞི་བཅོལ་ན་མི་རུང་། ཁག་ཅིག་གིས་གསར་ཁང་ལ་”དར་ནག་ཚོགས་པའི་གསར་ཁང་”དང་སྐྱག་ཁང་ཞེས་མིང་ངན་འདོགས་པ་དང་། ལས་དོན་ལ་སྐྱོན་བརྗོད་བྱེད་པའི་རྒྱབ་ལྗོངས་སུ་སྒེར་གྱི་འཁོན་འཛིན་ཡོད་སྲིད། ད་དུང་སྐྱོན་བརྗོད་ལས་བརྒལ་ཏེ། གསར་འགྱུར་བརྒྱུད་ལམ་སྒོ་བརྒྱབ་དགོས་པའམ། ལས་མཚམས་འཇོག་དགོས་པའི་བསམ་ཚུལ་གཏན་ནས་གཏོན་མི་རུང་། ལྷག་པར་དུ་དེ་ལྟར་ལས་མཚམས་བཞག་རྗེས། དེར་དགའ་བསུ་ཞུ་བ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན།
བརྒྱུད་ལམ་ཁག་གིས་ཡར་རྒྱས་གཏོང་དགོས་པའིི་གནད་དོན།
དང་པོ། ༢༠༢༦ ལོར་བཙན་བྱོལ་བོད་མིའི་འོས་བསྡུའི་ཆེན་མོ་ཡིན་སྟབས་ད་ལྟ་ནས་རྒྱལ་སྤྱིའི་གནས་ཚད་ལྡན་པའི་བརྒྱུད་ལམ་གྱི་ཚད་གཞི་ལྟར་སྲིད་སྐྱོང་འོས་བསྡུའི་སྐབས་སུ་གནས་ཚུལ་སྤེལ་སྟངས་དང་། འོས་མི་སོ་སོར་དྲི་བ་འདྲི་སྟངས། གནས་ཚུལ་བདམས་སྟངས་བཅས་གཞི་རྩའི་ཚད་གཞི་གཏན་འབེབས་བྱས་ཏེ་ལག་བསྟར་བྱེད་ན་ཕན་ཐོགས་ཆེ།
གཉིས་པ། རླུང་འཕྲིན་ཁང་ཁག་གིས་དུས་ནས་དུས་སུ་ཉན་མཁན་ཚོར་བསམ་ཚུལ་འདྲི་རྩད་དང་། ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ལེན་རྒྱུ་ཚད་མཐོ་རུ་གཏོང་དགོས། དེས་བརྒྱུད་ལམ་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་ཕན་ཐོགས་ཡོད།
གསུམ་པ། རླུང་འཕྲིན་ཁང་རྣམས་ཀྱིས་དམིགས་བསལ་སྡེ་ཚན་ཞིག་གསར་འཛུགས་ཀྱིས་ཆབ་སྲིད་ཀྱི་གནད་དོན་ཐད་སྐྱོན་བརྗོད་ཡོང་ས་རྣམས་ལ་དམིགས་ནས་ལས་དོན་བྱེད་ཐབས་བཟོ་དགོས། དཔེར་ན། “ལྟ་ཚུལ་མི་འདྲ་བ་བརྗེ་ལེན་” ཞེས་པའི་སྡེ་ཚན་ཞིག་གསར་དུ་བཟོས་ཏེ། དེའི་ནང་དུ་ཕྱོགས་འགལ་བསམ་ཚུལ་ཡོད་པ་ཚང་མས་སོ་སོའི་ལྟ་ཚུལ་ཕྱོགས་ལྷུང་མེད་པའི་སྒོ་ནས་བརྗེ་ལེན་བྱེད་ཐུབ་ན། ཕན་ཚུན་གོ་རྟོགས་སྤེལ་བར་ཕན་ཐོགས་ཡོད་པར་སྙམ།
མཐའ་དོན།
གནད་དོན་འདིའི་ཐད། བོད་མི་ཚང་མས་སྤྱི་ལས་སྒེར་གལ་ཆེ་བར་འཛིན་དགོས། བོད་མི་རིགས་ཀྱི་ཁེ་ཕན་ནི་སྒེར་གྱི་དགའ་སྡང་དང་འཁོན་འཛིན་ལས་གལ་ཆེ་བ་ཡིན། ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་། ཕན་ཚུན་དབར་མི་མཐུན་པའི་གནས་ཚུལ་རེ་ཟུང་ཡོང་སྲིད། འོན་ཀྱང་དེ་དག་གིས་རྐྱེན་པས་རྒྱ་ནག་གཞུང་ལ་ཕན་པའི་བྱ་སྤྱོད་བྱས་ན་མི་འགྲིག
མི་ཁ་ཤས་ཀྱིས་སྒེར་གྱི་ལྟ་བ་མི་མཐུན་པའི་རྒྱུ་མཚན་ཁོ་ནར་བརྟེན་ནས་བོད་མི་རིགས་ཀྱི་ཕན་བདེར་སྨན་པའི་ལས་འགུལ་ཞིག་ལ་སྐྱོན་བརྗོད་དང་དགག་པ་རྒྱག་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན། ང་ཚོ་ནི་བོད་ཀྱི་རྩ་དོན་ཆེད་དུ་འབད་བརྩོན་བྱེད་མཁན་གྱི་མི་རིགས་ཤིག་ཡིན། ང་ཚོའི་གཞི་རྩའི་འཐབ་རྩོད་ཀྱི་དམིགས་ཡུལ་ནི་བོད་མི་ཚོར་རང་དབང་དང་ཐོབ་ཐང་ཐོབ་ཐབས་ཡིན།
དེ་འདྲ་ཡིན་དུས་ནང་ཁུལ་དུ་མི་མཐུན་པའི་བསམ་ཚུལ་ཡོད་ཀྱང་ཕན་ཚུན་གུས་བཀུར་དང་འཆམ་མཐུན་ངང་ནས་སོ་སོའི་བསམ་ཚུལ་བརྗེ་ལེན་བྱེད་དགོས་པ་ལས་ཚིག་རྩུབ་པོ་དང་ཕན་ཚུན་མཚན་སྨད་བྱེད་པ་སོགས་ཀྱིས་ང་ཚོའི་ཆིག་སྒྲིལ་ལ་གནོད་ཚབས་ཆེན་པོ་ཡོད་པས་དེ་རིགས་ནི་ང་ཚོའི་སྤྱི་ཚོགས་ནས་རྩ་མེད་འགྲོ་དགོས་པའི་ནད་དུག་ཡིན།
སྤྱི་ཡོངས་ནས་བལྟས་ན། བོད་མི་མང་ཆེ་བས་མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་དང་། གསར་འགྱུར་བརྒྱུད་ལམ་གྱི་རང་དབང་ལ་གདེང་འཇོག་ཡོད་པ་ནི་ཧ་ཅང་གསལ་པོ་ཡིན། ལམ་ལུགས་བཟང་པོ་འདི་དག་མུ་མཐུད་སྲ་བརྟན་བཟོ་བའི་ཆེད་དུ། ང་ཚོ་ཚང་མས་སེམས་ཐག་གཙང་བཅད་ཀྱིས་འབད་བརྩོན་བྱེད་དགོས་པ་ནི་དུས་ཀྱི་དགོས་མཁོ་ཡིན་ནོ།།