Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོན་ཁང་ནང་དུ་བུད་མེད་འཛུལ་ཆོག་གམ།

Posted on 2014-11-102014-11-10 By ཁ་བརྡ 34 Comments on མགོན་ཁང་ནང་དུ་བུད་མེད་འཛུལ་ཆོག་གམ།

སྐྱོ་བྲག་དགའ་དབང་།

ལྷ་གསོལ་གྱི་ལམ་བུ་བོད་ལ་གནའ་རབས་ནས་ཡོད་ཅིང་། རྒྱ་གར་ནས་དར་བའི་ཆོས་སྲུང་གི་ལྟ་གྲུབ་ཀྱིས་ཤུགས་སྣོན་ཐེབས་པ་སྟེ། ཆོས་སྲུང་གི་ལྟ་གྲུབ་ནི་འགྲོ་བ་མི་ལ་ལྷན་སྐྱེས་སུ་མངའ་བའི་དགྲ་འདུལ་གཉེན་སྐྱོང་གི་སེམས་ཁམས་དང་ཆེས་མཐུན་པས་དགའ་མོས་དང་ཆེ་མཐོང་གིས་བོད་པའི་ཆོས་ལུགས་དང་གྲུབ་མཐའ་ཀུན་གྱིས་འབད་འབུངས་ཆེ་ས་ཞིག་ཡིན། ཆོས་སྲུང་གི་གཙོ་བོ་མགོན་པོ་ཡིན་པས་ན་ཆོས་སྲུང་གསོལ་མཆོད་བྱ་སའི་ཁང་པའི་མིང་ལའང་མགོན་ཁང་ཞེས་ཐོགས་པ་སྟེ། དོན་ནི་དད་གུས་སྐལ་བ་ལྡན་པའི་གང་ཟག་དག་ཆོས་སྐྱོང་གཙོ་བོ་མགོན་པོ་སྒྲུབ་པ་ལ་ཞུགས་པའི་ཁང་པ་ཡིན་བྱ་བའོ།།

གནའ་སྲོལ་ལྟར་ན་མགོན་ཁང་མང་པོ་ཞིག་གི་ནང་དུ་བུད་མེད་འཛུལ་ཆོག་གི་མེད། བུད་མེད་མགོན་ཁང་ནང་དུ་འཛུལ་མ་ཆོག་པ་ནི་ནང་ཆོས་ཀྱི་དགོངས་དོན་དང་འགལ་བ་སྟེ། མདོ་མཛངས་བླུན་ལས། ངས་བསྟན་པའི་ཆོས་ནི་རྣམ་པར་དག་པ་སྟེ། བཙན་ཉན་དང་ཕྱུག་དབུལ་མེད་དེ། དཔེར་ན་ཆུ་དང་འདྲ་བས་ན། བཙན་ཉན་དང་ཕྱུག་དབུལ་བཟང་ངན་ཀུན་འཁྲུ་སྟེ། ཆུས་བཀྲུས་ན་མི་དག་པ་མེད་དོ། །དཔེར་ན་མེ་དང་འདྲ་སྟེ། རི་དང་བྲག་དང་གནམ་སའི་བར་ན་དངོས་པོ་ཆེན་པོ་དང་ཆུང་ངུ་ཡང་མི་འཚིག་པ་མེད་དོ། །གཞན་ཡང་ངའི་ཆོས་ནི་ནམ་མཁའ་དང་འདྲ་སྟེ། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། ཕྱུག་པོ་དང་། དབུལ་པོ་གང་སུ་ཡང་རུང་མི་ཆུད་པ་མེད་དོ། །ཡིད་བཞིན་དུ་སྤྱོད་དུ་གནང་ངོ་། །ཞེས་ལུས་རྟེན་ཁྱད་མེད་ཀྱིས་སྤྱོད་པར་གནང་བ་དང་། གསང་སྔགས་ཀྱི་དམ་ཚིག་ཏུ། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་གསུང་པའི་དགོངས་པ་ས་སྐྱ་པ་གྲགས་པ་རྒྱལ་མཚན་གྱིས་རྩ་ལྟུང་འཁྲུལ་སྤོང་དུ་འགྲེལ་བཤད་གནང་བ་ན། ལྟུང་བའི་ངོ་བོ་ཉིད་རྣམ་པར་བཞག་པ་ནི། ཤེས་རབ་ཀྱི་ངོ་བོ་བུད་མེད་ལ་སྨོད་པའོ། །དེའང་བུད་མེད་ཀྱི་རྟེན་གྱི་ངོས་ནས་སྨོད་པ་སྟེ། བུད་མེད་འདི་ནི་སྐྱེས་པ་བས་ཆེས་དམན་པ་མི་གཙང་བ་མཐའ་དག་གི་སྣོད་དུ་གྱུར་པ་སྟེ། འདི་ལ་སྐྱེས་པའི་ལུས་ཀྱང་དཀོན་ན་བྱང་ཆུབ་ལྟ་ག་ལ་ཞིག་ཅེས་བྱ་བ་ལ་སོགས་པའི་ཚུལ་གྱིས་བུད་མེད་ཀྱི་རྟེན་གྱི་ངོས་ནས་བཀར་ཏེ་སྨོད་པ་འདི་ནི་རྩ་བའི་ལྟུང་བའོ། །ཞེས་གསུངས་པས་སོ། །

མགོན་ཁང་ནང་དུ་བུད་མེད་འཛུལ་མི་ཆོག་པའི་རྒྱུ་མཚན་ཅི་ཡིན་ཐད་འབྲུག་སྐུར་སྟོད་པ་ཨོ་རྒྱན་བསྟན་འཛིན་ལྷན་གླེང་མོལ་གྱིས། ཤེས་ལྡན་འགའ་ལ་བཀའ་འདྲི་ཞུས་པ་ན་ཁོང་རྣམ་པས་རྒྱུ་མཚན་ལྟར་སྣང་འགའ་གསུང་ཡོང་གི་གདའ། དཔེར་ན། ཟླ་མཚན་གྱིས་མགོན་ཁང་གི་རྟེན་རྫས་དང་བསྐང་རྫས་སོགས་ལ་གྲིབ་ཕོག་ནས་ནུས་པ་ཉམས་འགྲོ་བས་ན་བུད་མེད་མགོན་ཁང་དུ་འཛུལ་མི་ཆོག་པ་ཡིན་ཟེར། བཤད་སྲོལ་འདི་ཡང་མི་བདེན་ཏེ། མགོན་པོའི་མཆོད་རྫས་སུའང་བླ་མེད་ཀྱི་བདུད་རྩི་ལྔ་ཡོད་ཅིང་། ལྷ་མོའི་རྟེན་རྫས་མཚལ་གྱི་ཤིང་ཏོག་ཀྱང་པདྨ་རཀྟ་ཡིན་པས་སོ། །ཕོ་མོ་གཉི་གར་ཡོད་པའི་གྲིབ་ཆེ་ཤོས་སྡིག་གྲིབ་དང་དམ་གྲིབ་སོགས་ལ་འཛེམས་དོགས་མེད་པར་ཟླ་མཚན་ངན་རབས་བཤད་པ་ནི་བཞད་གད་ཀྱི་གནས་ཅི་ལ་མིན།


དཔལ་ལྡན་ལྷ་མོའི་མགོན་ཁང་དུ་བུད་མེད་འཛུལ་བ་ཡིན་ན་འཛུལ་མཁན་བུད་མེད་དེའི་ལག་ནས་ཁ་ཟས་གང་ཟོས་དུག་ཏུ་འགྱུར་ནས་གཞན་ལ་གནོད་ཀྱི་རེད་ཟེར། འདི་ཡང་ཁུངས་མེད་འུར་བཤད་ཙམ་སྟེ། དངོས་བྱུང་གི་ལོ་རྒྱུས་བདེན་པ་གཅིག་ཀྱང་བཤད་དུ་མེད་ཅིང་། ལྷ་མོ་སྒྲུབ་པའི་རྣལ་འབྱོར་མ་གཞན་ཕན་ཅན་ཡང་གང་མང་ཡོད་པས་སོ། །
བཙན་དང་རྒྱལ་པོ་བུད་མེད་ལ་མི་དགའ་བས་ན་བཙན་མཁར་དང་རྒྱལ་ཁང་དུ་བུད་མེད་བསྐྱོད་སྐབས་ཕྲག་དོག་བྱེད་ཀྱི་རེད་ཟེར། བཙན་དང་རྒྱལ་པོ་ནི་མགོན་པོ་དང་ལྷ་མོའི་ཨ་འཁོར་ཡང་འཁོར་ཙམ་དུ་ཡོད་སྲིད་པ་ཙམ་ལས་གལ་ཆེན་མིན་ལ། བཙན་མཁར་དང་རྒྱལ་ཁང་ལ་བུད་མེད་འགྲོ་བསྐྱོད་མི་ཆོག་པའི་དགག་བྱ་དམིགས་བསལ་བ་ཞིག་མིན་པས་སོ། །

སྒོག་པ་ཟོས་ནས་མགོན་ཁང་ནང་ལ་འཛུལ་མི་ཆོག་པ་བཤད་ཀྱི་གདའ་སྟེ། འདུལ་བར་སྒོག་ཟན་ལྷ་ཁང་དུ་འཛུལ་མི་རུང་བ་དང་བྱ་རྒྱུད་ཀྱི་སྤང་བྱར་བཤད་པ་ཙམ་ལས་བླ་མེད་ཀྱི་དགག་བྱ་མེད་ཅིང་། ལྷ་མོ་མགོན་པོའི་བསྐང་རྟེན་སྒྲུབ་པའི་རྫས་སོགས་ལ་ཅི་ཡང་སྲིད་པས་ན་ངེས་པ་མེད་དོ། །

ཡང་བུད་མེད་འགའ་རེས་སྲོལ་དེར་རྒྱུ་མཚན་ཡང་དག་ཅིག་ཡོད་སྲིད་དེ། ད་བར་གསར་རྙིང་གི་སྐྱེས་ཆེན་སུས་ཀྱང་དགག་པ་ཚིག་གཅིག་ཀྱང་གནང་མི་འདུག་ཟེར་ཡང། ཁོང་རྣམ་པས་སྤྱི་ཚོགས་ཀྱི་གནས་བབས་ལ་བཤད་པའི་དགོས་ཕན་ལྷག་པོ་ཞིག་མ་གཟིགས་པ་ཙམ་ལས་གཞན་ཡོད་པར་མི་སེམས་སོ། །

ཡིན་ནའང་། མགོན་ཁང་ནང་དུ་བུད་མེད་འཛུལ་མི་ཆོག་པ་ལ་རྒྱུ་མཚན་གཏན་ནས་མེད་པའང་མ་རེད། གང་ཡིན་ཞེ་ན། མགོན་ཁང་དག་ནི་དམག་ཟློག་དང་དྲག་ལས་ཀྱི་ཆེད་དུ་བཙུགས་པ་ཡིན་ཅིང། མཚོན་སྲུང་གི་རིགས་ལ་བུད་མེད་ཀྱིས་ཐུག་རེག་བྱས་ན་གནོད་ཀྱི་ཡོད་པས་མ་བཏང་བ་རེད། སྔོན་མ་བུད་མེད་ལྟ་ཞོག་དགེ་སློང་སྡོམ་གཙང་མ་གཏོགས་མི་དྲག་ཞན་སུ་ཡང་མགོན་ཁང་དུ་འགྲོ་མི་ཆོག་པའི་ལུགས་ཀྱང་ཡོད། མཚོན་སྲུང་ལ་བུད་མེད་ཀྱི་ཐུག་རེག་དང་ལྷག་ཏུ་ཟླ་མཚན་གྱིས་གནོད་པ་ནི་ལུས་ཀྱི་གྲུབ་ཚུལ་གྱིས་ཏེ་ཕག་ཤས་རྩ་གྲིབ་ལ་གནོད་པ་བཞིན་ཡིན་པ་འདྲ། མཚོན་སྲུང་གིས་ཕན་པ་དང་བུད་མེད་ཀྱིས་གནོད་པ་ནི་བོད་ཀྱི་དུས་འགྱུར་སྐབས་སུ་མྱོང་བ་མངོན་སུམ་ཡིན་པ་མང་པོ་ལ་བཤད་རྒྱུ་གདའ།


འོན་ཏེ་དེང་སང་མགོན་ཁང་གི་གནས་སྟངས་བོད་ནས་འགྱུར་བ་ཕྱིན་པའི་སྐོར་མཁན་པོ་དཔའ་བརྟན་གྱིས། དེང་སྐབས་དགོན་པ་ཚང་མས་མགོན་ཁང་དེང་རབས་ཅན་དུ་བསྒྱུར་ནས་གྲོང་དུ་སྤོས་ཡོད་ལ་གྲོང་ནས་ཀྱང་བཞི་མདོ་སོགས་མི་ཚོགས་མང་སར་མགོན་ཁང་ཚུགས་པའི་དགོན་པ་ནི་འགྲོ་དོན་ཆེན་པོ་ཅན་གྱི་བླ་དགོན་ལ་བརྩི་ཡི་འདུག །མགོན་ཁང་དེ་དག་ལ་ནི་སྐྱེས་ཕོ་མོའི་ཁྱད་པར་ཅི་ཡང་མེད་པར་འཛུལ་ཉན་མིན་འབུལ་བ་ཡོད་མེད་ཀྱིས་འབྱེད་བཞིན་འདུག་པ་ནི་བརྒྱ་སྡེ་སྟོང་གསལ་རེད། ཅེས་གསུངས་སོང་།

མགོན་ཁང་ནང་དུ་ཕོ་མོ་ཁྱད་མེད་འཛུལ་ཆོག་པ་ནི་ཡག་པོ་རེད། བུད་མེད་ཀྱི་བསམ་ཚུལ་མཚོན་པའང་འབྲུག་པའི་བུད་མེད་ཅིག་གིས། སངས་རྒྱས་ཀྱི་བཀའ་དང་འགལ་བའི་ཁར་མི་སྡེ་ལ་ཕན་མ་ཐོགས་པའི་སྲོལ་ངན་ཞིག་ཡིན་ཕྱིན། དཔལ་ལྡན་འབྲུག་པའི་ལམ་སྲོལ་ཡིན་རུང་། ཆོས་དང་འཇིག་རྟེན་གྱི་ལུགས་སྲོལ་ཡིན་རུང་། ལག་ལེན་ལྟར་བ་ལས་འདི་སྤང་བ་ཕྱིན་ཆད་ཕན་འོང་ཞེས་ཞུ་ནི་ཡིན། ཟེར་གྱི་འདུག །

ས་གནས་ཁ་ཤས་སུ་སྔར་བུད་མེད་རེ་ཟུང་བཙན་དབང་གིས་མགོན་ཁང་ནང་དུ་འཛུལ་བས་ཁ་ནས་ཁྲག་བསྐྱུགས་ཏེ་ཤི་བ་སོགས་ཀྱི་བཤད་སྲོལ་ཡོད་ནའང། བཙུན་མའི་དགོན་པའི་མགོན་ཁང་ནང་དུ་བུད་མེད་བསྡད་ནས་ཤི་མི་འགྲོ་བས་ན་ལོ་རྒྱུས་དངོས་བདེན་ཡིན་གྱི་མ་རེད། གལ་ཏེ་ཡིན་ནའང་དིང་སང་ཤི་འགྲོ་བསམ་བསམ་ཅང་མི་གདའ་བས། འཛུལ་མི་ཆོག་པ་ལ་རྒྱུ་མཚན་བཤད་དུ་ཡོད་མོད། འཛུལ་བཅུག་ན་རང་གཞན་དང་བསྟན་པ་ལ་ཕན་ཐོགས་ཆེ་བར་མངོན་ནོ། །འོན་ཏེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས། བཀའ་བསྟན་གང་ལ་ཡང་མགོན་ཁང་ནང་བུད་མེད་འགྲོ་མི་ཆོག་ཟེར་བ་མེད་། འོན་ཀྱང་སྔར་སྲོལ་ལ་གཟབ་ཙམ་གནང་ན་དགའ་བར་གསུང་སྐད་གདའ་བའང་ཐུགས་གཞིག་གནང་བའི་གཏམ་དུ་ནི་སྣང་ངོ་། །



དཔྱད་རྩོམ།

Post navigation

Previous Post: ༄༅།།སྐྱིད་གླུ་ཨེ་མ་ཧོ།།
Next Post: རྨི་ལམ་གྱི་ཁ་དོག་གྱོན་པའི་དར་ལྕེ།

Comments (34) on “མགོན་ཁང་ནང་དུ་བུད་མེད་འཛུལ་ཆོག་གམ།”

  1. ལྷ་སྡེ་གནམ་ལོ་ཡག says:
    2014-11-11 at 12:01 am

    ལྷ་གསོལ་གྱིས་མཚོན་པའི་རིག་གཞུང་འདི་བོད་ནས་རྒྱ་གར་སོགས་སུ་དར་ཁྱབ་བྱུང་བ་ཧ་ཅང་གསལ་བོ་རེད། དཔེར་ན། གངས་རིན་པོ་ཆེ་དང་མཚོ་མ་ཕམ་སོགས་རྒྱ་གར་བ་སྐྱབས་སུ་འགྲོ་ཡུལ་ཡིན་པ་གཅིག་པུས་མཚོན་ཡོད། གནས་འདིར་ཞང་ཞུང་ཤེས་རིག་འཕེལ་ནས་ཉུང་མཐར་ལོ་ངོ་ཆིག་ཁྲི་བརྒལ་ཡོད་ལ། སྒོས་སུ་སྐྱེ་བ་སྔ་ཕྱི་ཡི་རིག་པ་འདི་བོད་ནང་གདོད་མ་ནས་ཡོད་ཅིང་། རྒྱ་གར་གྱི་གྲུབ་མཐའ་གཅེར་བུ་བའི་སྟོན་པ་གངས་རིན་པོ་ཆེ་ནས་མཚམས་ལ་བསྡད་པ་གྲུབ་པ་ཐོབ་རྗེས། སྐྱེ་བ་སྔ་ཕྱིའི་རིག་པ་དེ་བཞིན་རྒྱ་གར་ནང་སྤེལ་ཡོད་པ་དང་། སྟོན་པ་ཤཀྱཱ་ཐུབ་པས་དེ་ལས་བསྡུ་ལེན་གནང་བ་ཞིག་རེད། དེ་བས། བོད་གངས་ཅན་གྱི་དཔལ་ཡོན་ལ་ཡང་བསྐྱར་གདེངས་འཇོག་བྱེད་པའི་དུས་སུ་འཁེལ་ཡོད།

  2. བསྟན་འཛིན་རྒྱལ་པོ། says:
    2014-11-11 at 2:43 am

    ནུབ་ཕྱོགས་ཁུལ་དུ་བུད་མེད་ཀྱིས་གཅིག་གཅིག་མིག་མིག་སྒྲིབ་ཀྱིན་རེད། གནོད་ཀྱིན་རེད། ཟེར་དང་ཁྱོད་ཁྲིམས་ཁང་ནང་ལ་སླེབས་རྒྱུར་ཐག་མི་རིང་། འོན་ཀྱང་རང་རེ་བོད་ཀྱི་བུད་མེད་གཙོས་པའི་ཤར་གླིང་གི་ཡུལ་གྲུ་མང་པོའི་བུད་མེད་ཚོར་འདི་ལྟའི་སྒྲིག་གཞི་དེ་བསྐལ་བ་འདྲ་བོ་ཆགས་ཡོད་པ་རེད། སྙིང་རེ་རྗེ།

    གོང་དུ་ལྷ་སྡེ་གནམ་ལོ་ཡག་གིས་ʼʼརྒྱ་གར་གྱི་གྲུབ་མཐའ་གཅེར་བུ་བའི་སྟོན་པ་གངས་རིན་པོ་ཆེ་ནས་མཚམས་ལ་བསྡད་པ་གྲུབ་པ་ཐོབ་རྗེས། སྐྱེ་བ་སྔ་ཕྱིའི་རིག་པ་དེ་བཞིན་རྒྱ་གར་ནང་སྤེལ་ཡོད་པ་དང་། སྟོན་པ་ཤཀྱཱ་ཐུབ་པས་དེ་ལས་བསྡུ་ལེན་གནང་བ་ཞིག་རེད།ʼʼ གསུངས་པ་དེར་ལུང་རིག་གི་རྒྱུ་མཚན་ག་ཚད་ཡོད་དམ། ཞེས་བཀའ་འདྲི་ཞུ་འདོད་བྱུང་།

  3. རིག་ཡག says:
    2014-11-11 at 2:50 am

    རྒྱ་གར་གྱི་གཅེར་བུ་བའི་སྟོན་པ་གངས་རིན་པོ་ཆེ་ནས་མཚམས་ལ་བསྡད་རྗེས། སྐྱེ་བ་སྔ་ཕྱིའི་རིག་པ་རྙེད་ཡོད་པའི་རྒྱུ་མཚན་རེ་འགོད་ཐུབ་ན་བློ་བསྐྱེད་ཡིན། བཀའ་དྲིན་ཆེ།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-11-11 at 4:01 am

    ་ʼʼརྒྱ་གར་གྱི་གྲུབ་མཐའ་གཅེར་བུ་བའི་སྟོན་པ་གངས་རིན་པོ་ཆེ་ནས་མཚམས་ལ་བསྡད་པ་གྲུབ་པ་ཐོབ་རྗེས། སྐྱེ་བ་སྔ་ཕྱིའི་རིག་པ་དེ་བཞིན་རྒྱ་གར་ནང་སྤེལ་ཡོད་པ་དང་། སྟོན་པ་ཤཀྱཱ་ཐུབ་པས་དེ་ལས་བསྡུ་ལེན་གནང་བ་ཞིག་རེད།ʼʼ
    ཞེས་པ་མི་བདེན་སྟེ། མདོ་མཛངས་བླུན་ཤོག་ལྷེ་འགའ་བཀླགས་ན་ལོག་རྟོག་བསལ་བར་འགྱུར་རོ།།

  5. གནམ says:
    2014-11-11 at 4:03 am

    བུད་མེད་མགོན་ཁང་དུ་འཛུལ་དགོས་བའི་དགེ་བ་ཅི་རེད། ཐོབ་ཐང་ཞིག་གླེང་ཁུལ་བྱེད་འདོད་ཡིན་པ་འདྲ་ཡང་། སྐྱེས་ཕོ་མོའི་ཐོབ་ཐང་གླེང་སྟངས་དེ་འདྲ་ཞིག་མིན།
    སྤྱིར་ཡིན་ན། ཟླ་མཚན་བཙོག་ལ་མི་ལྟ་ནིའི་ཆོས་ལུགས་དང་ཡུལ་ལུང་ཞིག་ས་སྟེང་འཇིག་རྟེན་ན་བརྙེད་དུ་མེད། བུད་མེད་རང་ངོ་ནས་ཡང་བཙོག་ལ་ཤིན་ཏུ་ལྟ།
    སྔ་མ་ཡིན་ན། དྲག་པོའི་གནས་དང་འཁོར་གང་ན་ཡང་བུད་མེད་ཉེར་ཚུལ་མེད། ཡུལ་སྲོལ་དང་འགྲོ་ལུགས་འདི་ད་དུང་ཡང་རྒྱུན་བསྐྱང་ནས་འགྲོ་བཞིན་ཞིག་ལ་རྟོག་སད་པའི་མགོ་བོ་འབུས་ཡོད་མདོག་མ་སྟོན་ལོ། དད་པ་དང་ཡིད་ཆེ་ཅན་གྱི་ཁ་ཐུག་ནས་ནག་ལང་ལང་བྱེད་ཀི་མ་འདུག། སོ་སོ་མི་གྲལ་ནས་མཐའ་ལ་ལྷུང་སྤྱད་ཙམ་རེད།

  6. ཁྱུང་སེ། says:
    2014-11-11 at 5:53 am

    འོ་རེད་བོད་ཀྱི་ཡི་གེ་དང། བོད་ཀྱི་རྒྱལ་པོ། བོད་ཀྱི་རིག་གཞུང། བོད་ཀྱི་སྨན། བོད་ཀྱི་ལྷ་སྲུང། བོད་ཀྱི་ཆོས་ལུགས། ད་བོད་ལ་ལྷག་པ་ནི་ས་སྟོང་རི་སྟོང་ལས་མེད་པ་རེད་དམ། ག་དུས་ཡིན་ནའང་རྒྱ་གར་རྒྱ་གར། ག་རེ་རྒྱ་གར། རྒྱ་གར་གྱིས་ལ་དྭགས་དང་མོན་ཏ་དབང་སྒང་ཏོག་འབྲས་ལྗོངས་ལས་སོགས་རྒྱ་ནག་དང་རྒྱ་གར་གཉིས་ཀྱིས་བོད་ཟས་པ་ལ་ཆེ་ཆུང་གང་ཡང་མ་མཐོང། ད་དུང་རྒྱ་གར་གྱིས་ཟ་སྟངས་ནི་ཞི་ལ་ཡིས་ཙི་ཙི་ཟ་སྟངས་རེད། ངག་འཇམ་པོས་ཇི་ཙམ་ཟས་མི་འདུག་གམ། ད་བོད་སྨན་ཡན་ཆད་རྒྱ་གར་གྱིས་ཟས། ཡང་སྐྱས་བོད་ཀྱི་ལྷ་སྲུང་དེ་ཚོའང་ཟ་འདོད་་ཡོད་པ་འདྲ། རྣམ་རྟོག་བསླང་མ་ཡོང་ང།

  7. ཀརྨ་བློ་གསལ་ says:
    2014-11-11 at 6:19 am

    དབྱིན་ཡིག་མཁྱེན་མཁན་ཚོས་གངས་རིན་པོ་ཆེ་ཡི་ངོ་སྤྲོད་འདིར་གཟིགས་དང་། ད་རེས་བོད་པ་ཚོས་ཕ་མེས་ཡང་མེས་ཚོར་སེམས་གཏིང་ནས་འགྱོད་བཤགས་ཕུལ་དུས་ལ་སླེབས་འདུག་གོ

    http://en.wikipedia.org/wiki/Mount_Kailash

  8. རིག་ཡག says:
    2014-11-11 at 6:26 am

    བསྟན་འཛིན་རྒྱལ་པོ་ལགས་གི་གསུང་བ་བདེན་ཆ་འདུག། ཡིན་ཡང། ལུང་པ་རེ་སྲོལ་རེ་ཟེར་སྲོལ་ཡོད་པ་ལྟར་། གསུང་བཤད་གནང་སྐབས་ཡུལ་དུས་བསྟུན་ན་དགེ་མཚན་ཆེར་སྙམ།།

  9. ཆོས་འཕེལ་དར་རྒྱས་ says:
    2014-11-11 at 9:20 am

    ཟླ་མཚན་ལ་བཙོག་ལྟ་དགོས་བའི་རྒྱུ་མཚན་གང་ཡིན་ནམ།

  10. BONPO says:
    2014-11-11 at 10:17 pm

    ཡག་པོ་བྲིས་གནང་འདུག ངས་ནི་སྔོན་མ་ཞིག་ནས་བུད་མེད་ལ་མཐོང་ཆུང་དུ་འགྲོ་བའི་གསོལ་འདེབས་དང་སྨོན་ལམ་དེ་ཚོ་རྩ་བ་ཉིད་ནས་འདོན་གི་མེད། ཆེ་གེ་མོ་སུས་གསུངས་པ་ཡིན་ནའང་ཧ་མི་ལས། ལྷག་དོན་དུ་་་སྲིད་པའི་རྒྱལ་མོ་་་གསོལ་མཆོད་བྱེད་མཁན་ཞིག་ན་བུད་མེད་ལ་གང་བྱུང་མང་བྱུང་ལམ་མི་ཉན་གསུངས་ཡོད་པ་རེད། ཁྱད་པར་དུ་དབྱིངས་ཀྱི་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ཀྱི་ཀློང་ལ་སྐྱབས་སུ་མཆིའོ་ཟེར་ནས་གསོལ་བ་འདེབས་མཁན་ཞིག་ཡིན། །

  11. སྤོབས་པ་མཐའ་ཡས། says:
    2014-11-12 at 1:55 am

    ལྷ་ཁང་ཞིག་གི་ནང་ནས་ང་ཆེས་མི་དགའ་ས། མི་དད་ས། མི་འགྲོ་ས་དེ་མགོན་ཁང་ཡིན། བུད་མེད་མགྲོན་ཁང་ནང་ལ་སོང་ནས་ང་ཚོ་ལ་ཁེ་བཟང་ཐོབ་ཡོང་རྒྱུ་དང་མ་སོང་ན་གྱོང་རག་ཡོང་རྒྱུ་གང་ཡང་མེད།

  12. ཞོལ་གཡག་འབྲོང་རྒྱུད། says:
    2014-11-12 at 3:05 am

    པདྨ་འབྱུང་གནས་མ་གཏོག་ཟླ་མཚན་བབ་ཁུང་ལས་བརྒྱུད་མ་མྱོང་མཁན་ཡོད་རྒྱུ་མ་རེེད། འདི་བཙོག་བལྟ་བྱེད་པ་བསམ་བློའི་འཁྱེར་བཟོ་ཙམ་ལས་སྲོལ་རྒྱུན་དང་རིག་གནས་ཁོངས་སུ་ནམ་ཡང་འཇོག་མི་རུང་། གལ་ཏེ་སྲོལ་རྒྱུན་དང་རིག་གནས་ཁོངས་སུ་འཇོག་དགོས་ན་སྲོལ་རྒྱུན་དང་རིག་གནས་བཙོག་པར་འགྱུར་ལ་དུས་རབས་ཉེར་གཅིག་འདིར་དོར་བྱ་ཁོ་ནའོ།

  13. ཐུབ་པ། says:
    2014-11-12 at 4:17 am

    བུད་མེད་མགོན་ཁང་དུ་འཛུལ་དགོས་བའི་དགེ་བ་ཅི་རེད། ཐོབ་ཐང་ཞིག་གླེང་ཁུལ་བྱེད་འདོད་ཡིན་པ་འདྲ་ཡང་། སྐྱེས་ཕོ་མོའི་ཐོབ་ཐང་གླེང་སྟངས་དེ་འདྲ་ཞིག་མིན།
    སྤྱིར་ཡིན་ན། ཟླ་མཚན་བཙོག་ལ་མི་ལྟ་ནིའི་ཆོས་ལུགས་དང་ཡུལ་ལུང་ཞིག་ས་སྟེང་འཇིག་རྟེན་ན་བརྙེད་དུ་མེད། བུད་མེད་རང་ངོ་ནས་ཡང་བཙོག་ལ་ཤིན་ཏུ་ལྟ།
    སྔ་མ་ཡིན་ན། དྲག་པོའི་གནས་དང་འཁོར་གང་ན་ཡང་བུད་མེད་ཉེར་ཚུལ་མེད། ཡུལ་སྲོལ་དང་འགྲོ་ལུགས་འདི་ད་དུང་ཡང་རྒྱུན་བསྐྱང་ནས་འགྲོ་བཞིན་ཞིག་ལ་རྟོག་སད་པའི་མགོ་བོ་འབུས་ཡོད་མདོག་མ་སྟོན་ལོ། དད་པ་དང་ཡིད་ཆེ་ཅན་གྱི་ཁ་ཐུག་ནས་ནག་ལང་ལང་བྱེད་ཀི་མ་འདུག། སོ་སོ་མི་གྲལ་ནས་མཐའ་ལ་ལྷུང་སྤྱད་ཙམ་རེད།
    འདི་ཡང་དག་པའི་སྐད་ཆ་རེད།

    ད་དུང་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས། བཀའ་བསྟན་གང་ལ་ཡང་མགོན་ཁང་ནང་བུད་མེད་འགྲོ་མི་ཆོག་ཟེར་བ་མེད་། ཟེར་བ་འདི་མི་འགྲིག་པ་མེད་ནའང་། དོགས་པ་ཞིག་རིན་པོ་ཆེས་ཁོང་གིས་བཀའ་བསྟན་ཆ་ཚང་བཀླགས་ཚར་ཡིན་མདོག་མདོག་རེད་དམ

    གནམ་ལོ་ཡག་ཟེར་བ་དེ་བོན་པོའི་མིག་གིས་བསྒྲིབས་པ་འདྲ། ཞང་ཞུང་གི་ཤེས་རིག་དར་ནས་ལོ་དེ་འདྲ་མང་པོ་ཞིག་ཕྱིན་ཡོད་ན། དེ་སུ་ལ་གྲགས་པ་རེད། བོན་པོ་ལོ་རྒྱུས་རྫུན་བཟོ་མཁན་དག་ལ་ཁུངས་གཏུག་གི་ཡོད་ན་ནི་དེར་ཟད།

  14. ཅོ་རི་ཉི་མ། says:
    2014-11-12 at 4:39 am

    ཨོ་རེད་་་སྤོབས་པ་མཐའ་ཡས་ལགས། འཚེ་བ་ཆོས་སུ་འདོད་མཁན་གྱི་མགོན་ཁང་ནང་དུ་གོ་ལག་ཆ་རྣམས་ལ་ལྟོད་མོ་འདྲ་ཞིག་ཡོད། ལྷ་སྲུང་མཆེ་བ་ཅན་ཚོས་མདའ་གྲི་མདུང་གསུམ་ཕྱར་ནས་ཡོད་པ་དང་། གཡས་གཡོན་དུ་གྲི་དང་མེ་མདའ་བཀལ་ནས་བཞག་ཡོད་པ་རྣམས་ལ་བལྟས་ན་འཇིགས་སྐུལ་དྲག་སྤྱོད་པའི་བྲག་ཕུག་དང་གཅིག་པ་འདྲ་པོ་ཡོད། དེའི་ནང་དུ་བུད་མེད་འགྲོ་ནུས་པ་ཡང་ཁག་པོ་ཡིན་གྱི་རེད།

    ཤཀྱའི་ཆོས་ལུགས་ཞི་བ་ཁོ་ན་དང་འཚེ་མེད་ཁོ་ནའི་ཆོས་ལུགས་ཤིག་ཡིན་མདོག་མདོག་བཤད་མ་འོང་ཨ། གལ་སྲིད་མུ་མཐུད་ནས་འཚེ་བ་ཆོས་སུ་འདོད་བཞིན་མེད་མདོག་མདོག་བཤད་དགོས་ན་ཁུངས་ལུང་དྲངས་ནས་དགག་དགོས་ཐུག་ས་རེད། དེར་དུས་ཅང་སྐྱིད་མི་འོང།

    མྱི་པགས་རླན་པའི་གོས་གྱོན། མགོའི་ཕྲེང་བ་སྐེ་ལ་གོན། ཁ་ནས་མེ་འབར། སྣ་ནས་དུ་བ་ཐོན་མཁན་དེ་ཚོ་ལ་་བལྟས་པ་ཙམ་གྱིས་འཇིགས་སྐུལ་དྲག་སྤྱོད་པ་ང་མིན་སུ་ཡིན་ཟེར་ནས་བསྡད་ཡོད་པ།་་་་ཧཧཧ
    ཞེས་བྱོས་རོགས།

  15. བདེན་པའི་ཕོ་ཉ་ says:
    2014-11-12 at 4:59 am

    དགོན་ཁང་ནང་བུ་མེད་འགྲོ་ཆོག་དང་མི་ཆོག་ལ་ཁྱད་པར་གང་ཡང་མི་འདུག་ནང་པའི་ཆོས་ཡང་དག་པ་ཞིག་བྱེད་མཁན་ཞིག་ཡིན་ན་དགོན་ཁང་ནང་ལ་འགྲོ་དགོསཔའི་རྒྱུ་ཚན་གང་ཡང་མེད་ཆོས་གི་ནང་དོན་མ་རྟོག་པར་རྨོོོོོང་དད་གི་ཟི་བའི་བོད་པ་ཚང་གི་ཤཀྱ་ཐུབ་པར་ཕྱག་མི་འཚལ་བར་དགོན་ཁང་ནང་ལ་ཕྱག་འཚལ་གིིི་ཡོད་དེ་ནི་ཆོས་བྱེད་མི་ཤེས་པ་རེད་།།

  16. ཅོ་རི་ཉི་མ། says:
    2014-11-12 at 5:00 am

    ཨོ་རེད་་་ཐུབ་པ་ཟེར་བ་འདིས་སྐད་ཆ་བཤད་སྟངས་ལ་བལྟས་ན་བན་རྒན་རྫུན་རྐྱལ་པ་ཚོ་ལ་མཚོན་སྲུང་ཟེར་བའི་མདའ་གྲི་མདུན་གསུམ་གྱིས་ཤ་ཁྲག་གི་ཕུང་པོ་གནོད་པ་བྱེད་མི་ཐུབ་པའི་དངོས་པོ་ཞིག་ཡོད་མདོག་མདོག་བཤད་ཀྱི་རེད་བ་་་ཧཧཧ མགོ་སྐོར་བ་འདི་ཚོ་ཡིན་ན།

    བླ་སྤྲུལ་ཚོའི་ན་བཟའ་དང་སྲུང་མདུད་སོགས་ཀྱིས་མཚོན་འགོག་ཐུབ་ཀྱི་རེད་ཅེས་བཤད་ཀྱི་རེད། སྤྲུལ་སྐུ་ཁོ་རང་ཚོ་ལ་གྲི་བརྒྱབས་ནས་བསད་དུས་མཚོན་འགོག་ཐུབ་རྐྱེན་ཞིག་ཅང་མི་འདུག་ག བོད་མི་དམངས་མགོ་སྐོར་བཏང་དུས་མཚོན་སྲུང་ཟེར་བ་ཞིག་ཡོད་མདོག་དང་བུད་མེད་ཀྱིས་ཐུག་རེག་བྱས་ན་མཚོན་འགོག་གྱི་ནུས་པ་ཉམས་འགྲོ་རབས་ཀྱི་རྫུན་ལུང་པ་ཁེངས་བཤད་ཀྱི་རེད་པ། རྫུན་རྐྱལ་བ་ཚོ། རྫུན་བཤད་ཀྱི་ག་དུས་མཚམས་འཇོག་གི་ཡིན་ནམ།

    བུད་མེད་མི་གཙང་བ་དང་འཁོར་བའི་བཙོན་ར་རེད་ཟེར་ནས་དཀོར་ཟན་རྫུན་རྐྱལ་བ་ཚོས་བཤད་བསྡད་པ་མིན་ནམ། བུད་མེད་མི་གཙང་ཡིན་དགོས་དོན་གང་རེད་དམ། རྫུན་རྐྱལ་བ་ཚོས་གཙང་དང་མི་གཙང་གྱི་ས་མཚམས་ཤིག་འཇོག་རོགས་བྱོས་དང་། དེ་ནས་ཤེས་འོང་།

    བུད་མེད་འཁོར་བའི་བཙོན་ར་ཡིན་ན་ཅིག་རེད་ཟེར་གྱི་རེད་བ། འཁོར་བའི་བཙོན་ར་ཡིན་དོན་ཅི་རེད། ཕོ་མོ་དབྱེ་འབྱེད་མིན་ན་སྐྱེས་པ་འཁོར་བའི་བཙོན་ར་མིན་པའི་རྒྱུ་མཚན་ཅི་ཡོད་དམ། འཛམ་གླིང་ཐོག་ཏུ་མི་གསོད་ཁྲག་སྦྱར་བྱས་མཁན་བརྒྱ་ཆ་དགུ་ཅུ་གོ་དགུ་ཕོ་ཡིན་པ། འདིར་འཁོར་བའི་བཙོན་ར་མིན་ན་བུད་མེད་འཁོར་བའི་བཙོན་ར་ཡིན་དོན་ཅི་ཡོད་དམ། རྫུན་རྐྱལ་བ་ཚོ། མ་བྷན་ཚོ།

  17. སྤོབས་པ་མཐའ་ཡས། says:
    2014-11-12 at 6:02 am

    བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཉམ་མེད་ཤཱཀྱ་ཐུབ་པའི་བཞུགས་གནས་མཉན་ཡོད་དང་། རྡོ་རྗེ་གདན། རྩ་མཆོག་གྲོང་སོགས་སུ་གནའ་ཤུལ་སྔོགས་འདོན་པས་བརྟག་དཔྱད་ཡན་ཆོད་བྱས་འདུག་མོད། མགོན་ཁང་ཟེར་བའི་ཤུལ་ཙམ་ཡང་མི་འདུག བོད་དུ་མགོན་ཁང་ཟེར་བ་རེ་བཞེངས་སྲོལ་ཡོད་པ་འདི་བོད་ཀྱི་གདོད་མའི་སྲོལ་རྒྱུན་མ་རུང་པ་འཚེ་བ་ཆོས་སུ་སྨྲ་བའི་ལུགས་སྲོལ་འདྲ་མིནཔའི་ངེས་པ་མི་འདུག་པས་མགོན་ཁང་ཟེར་བ་འདི་རིགས་དགག་དགོས་པའི་དུས་ལ་བབ་འདུག ཤུལ་མེད་བྱེད་པའི་དུས་ལ་བབ་འདུག

  18. ཆོས་འཕེལ་དར་རྒྱས་ says:
    2014-11-12 at 7:43 am

    གཞུང་ཞིག་ན་ཁྱེད་ནི་བླ་མ། ཁྱེད་ནི་ཡི་དམ། ཁྱེད་ནི་ཆོས་སྐྱོང་ཞེས་བཀོད་ཡོད་བསམ་སོང་། དགོས་མཁོ་ཅན་ཞིག་ད་ཡིན་རྒྱུ་རེད།

  19. ཀརྡོ་གཉེར་ཕྱག་པ་ says:
    2014-11-12 at 8:25 am

    མགོན་ཁང་སྐོར།
    https://www.facebook.com/video.php?v=718467004907176&set=vb.100002316484123&type=2&theater

  20. གནམ says:
    2014-11-12 at 8:28 am

    ཆོས་སྲུང་ནི་དང་ཉམས་སུ་ལེན་ནི་གཉིས་ཀ་དགོས་བ་རེད། དེ་འདྲ་མེད་ན། མགོན་ཁང་མེད་སའི་ཆོས་ས་རྒྱ་གར་ལྟ་བུ་རེད། ཧ་ལམ་གྱང་ཆག་ཙམ་རེ་མ་གཏོགས་ལྷག་མེད་པ་དེ་རེད། སྤོབས་ལུད།

    ཞི་རྒྱས་དབང་དྲག་གི་ཆོ་ག་མི་དགོས་ཟེར་མཁན་དང་ཆོས་བ་དང་ཆོས་སྐྱོང་མི་དགོས་ཟེར་ནིའི་ཅོ་རྟུལ་ནི། རི་མགོ་ལ་ར་རྫི་བྱེད་དུ་སོང་ན་རན་ཤས་རེད།

  21. བདེན་པའི་ཕོ་ཉ་ says:
    2014-11-12 at 8:28 am

    སྟོན་པ་ཐུགས་རྗེ་ཅན་གི་ཞལ་ནས་ ཁྱེད་ནི་བླ་མ་ ཁྱེད་ནི་ཡི་དམ ཁྱེད་ནི་ཆོས་སྐྱོང་ཞེས་པ་ཡིག་ཆ་གང་ན་ཡང་མཐོང་མ་སོང་བའི་གསལ་བཤད་ཞིག་གནང་རོགས

  22. ཀརྡོ་གཉེར་ཕྱག་པ་ says:
    2014-11-12 at 2:17 pm

    དགེ་ལྡན་བླ་མཆོད་ལས།
    ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། །
    དེ་ནས་བཟུང་སྟེ་བྱང་ཆུབ་བར་དུ་ཁྱོད་མིན་སྐྱབས་གཞན་མི་འཚོལ་བས། །
    ཞེས་སོགས་སོ།།

  23. ཀརྡོ་གཉེར་ཕྱག་པ་ says:
    2014-11-12 at 4:05 pm

    བོན་དང་། གཡུང་དྲུང་བོན་གྱི་ཁྱད་པར།
    https://www.facebook.com/

  24. BONPO says:
    2014-11-12 at 5:29 pm

    མགོན་ཁང་ཡིན་ནམ་མགྲོན་ཁང་ཡིན། ལབ་རྒྱུ་མང་པོ་འདུག་ད། ཡ་ད་མང་པོ་མི་ལབ་ཡང་བཀྲ་ཤིས་ལགས་ལ་ཕོག་འགྲོ་ལེ་རེད། །

  25. བདེན་པའི་ཕོ་ཉ་ says:
    2014-11-12 at 5:39 pm

    དེ་ནི་བྱེ་དྲག་པ་ཞིག་གི་གསུང་ཡིན་པས་ནང་ཆོས་ཡང་དག་པ་ཡིན་པས་མ་ཁྱབ་

  26. ཤར་པ་ says:
    2014-11-13 at 3:16 am

    བོད་ལ་ཨ་ནེ་དགོན་པ་ལ་མགོན་ཁང་ཡོད་དོ་།

  27. ཇུས་ཏོག says:
    2014-11-13 at 4:34 am

    ནང་་པ་་སངས་རྒྱས ་པའི་ཆོས་ལ་་དད་པཡོད་མཁན་ཞིག་ཡིན་་ན་
    ཕོ་མོའི་སྐད་ཆ་ཡོད་
    པ་མརེད་སངས་རྒྱས་ཀྱི་ཆོས་གསུང་པའི་ནང་དགེ་སློང་ཕ་དང་དགེ་སློང་མ་
    རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་་ཞེས་གསུང་འངུག་ན་མགོན་ཁང་ནང་ཕོོ་མོ་
    གཉིས་ལ་ཁྱད་པར་མེད་པ་ནི་མོ་ལ་ཟླ་མཚན་ཡོད་ན་ཕོ་ལ་ཁུ་་བ་ཡོད་པ་གཅིག་
    པ་མིན་པའི་ལུང་རིག་གི་གསལ་བཤད་སུ་ལ་བཤད་རྒུ་ཡོད་དམ་།

  28. གནམ says:
    2014-11-13 at 4:42 am

    ཕོ་ཁུ་དང་མོ་ཁྲག་གཉིས་རིགས་བསྒྲེ་བཞག། ཧ་ཧ་ཧ། གྲྭ་བ་ཡག་མོ་ཞིག་ཡོད་འགྲོ། དེ་མིན་ན། གྲྭ་ལོག་རྟུལ་རྒན་ཞིག་ཡིན་པ་འདྲ། ཧ་ཧ་ཧ། ཇུས་ཏོག་ལ་ནི་ཇུས་ཏོག་རང་རེད་བཞག། ཧ་ཧ་ཧ།

  29. ལུང་རྟོགས། says:
    2014-11-13 at 5:44 am

    རྒྱ་གར་ལ་མགོན་ཁང་ཡོད་རབས་གོ་མ་མྱོང་ཡང་རྒྱ་གར་གྱི་ཆོས་སྡེ་ཆེན་པོ་ན་ལནྜ་ལྟ་བུས་ཀྱང་མགོན་པོ་བྱ་རོག་གདོང་ཞེས་པ་ཞིག་གསོལ་གྱི་ཡོད་པ་གོ་མྱོང་། དེས་ན་ཆོས་སྲུང་ཞེས་པ་དེ་ཡང་དགོས་ངེས་ཤིག་ཡིན་པ་འདྲ། ལར་ནས་རྒྱལ་ཁབ་ལ་སྲུང་དམག་དགོས་པ་བཞིན་དུ་ཆོས་ལ་ཡང་སྲུང་མ་ཅི་ལ་མི་དགོས།

  30. བདེན་པའི་ཕོ་ཉ་ says:
    2014-11-13 at 6:06 am

    རྒྱལ་ཁབ་ཀྱི་སྲུང་དམག་གི་རྒྱལ་ཁབ་སྲུང་སྐྱོབ་བྱེད་ཐུབ་གི་ཡོད་ཆོསསྲུང་གི་ཆོས་དང་རིགས་གཞུང་དགོན་པ་མི་རིགས་བཅས་པ་སྲུང་རྒྱུ་ཕད་ཞག་རང་ཉིད་གནས་སི་དགོན་ཁང་ཡང་སྲུང་ཐུབ་མ་སོང་བ་མིན་ནམ་།

  31. BONPO says:
    2014-11-13 at 8:26 pm

    ཐུབ་པ་ཟེར་བ་འདི་བན་དེའི་མིག་གིས་བསྒྲིབས་པ་འདྲ། །
    ཁོས་དྲིས་པ་ཞང་ཞུང་གི་ཤེས་རིག་དར་ནས་ལོ་དེ་འདྲ་མང་པོ་ཞིག་ཕྱིན་ཡོད་ན། དེ་སུ་ལ་གྲགས་པ་རེད།༽ ཟེར།
    དེ་བོན་པོ་ལ་གྲགས་པ་རེད། །
    ཡང་ཁོས་སྨྲས་པ། བོན་པོ་ལོ་རྒྱུས་རྫུན་བཟོ་མཁན་དག་ལ་ཁུངས་གཏུག་གི་ཡོད་ན་ནི་དེར་ཟད།༽ བོན་པོའི་ལོ་རྒྱུས་རྫུན་མ་ཡིན་ན་བོད་ཀྱི་ལོ་རྒྱུས་རྫུན་མ་ཡིན་པས་ཁྱབ། ཁྱོད་ཀྱི་ཕ་མ་གཉིས་རྫུན་མ་ཡིན་ན། ཁྱོད་རྫུན་ཕྲུག་ཡིན་པས་ཁྱབ་བོ། ཁྱོད་རྫུན་ཕྲུག་ཡིན་ན། ཁྱོད་ཀྱི་བྱ་བ་ཡོངས་རྫོགས་རྫུན་ལས་ཡིན་པས་ཁྱབ་བོ། །

  32. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-11-16 at 3:18 am

    ལ་དྭགས་གླེའི་མཁར་འོག་ཏུ་བྱམས་པ་ལྷ་ཁང་ཞིག་ཡོད་པ་སིང་པའི་དམག་གིས་གཏོར་བཤིགས་བཏངས། བླ་མ་ཚུལ་ཁྲིམས་ཉི་མས་གཞིག་གསོས་ལ་འབུལ་སྡུད་སོགས་ཕྱག་ལས་ངོ་མཚར་ཆེན་པོས་་གཞིག་གསོས་ལེགས་པར་གྲུབ། སྟེང་གི་ཞལ་རས་ལྷ་ཁང་དུ་བུད་མེད་གཏོང་སྲོལ་མེད་པ་དེ་བླ་མ་ཚུལ་ཁྲིམས་ཉི་མས་བུད་མེད་ཀྱང་འཚང་རྒྱ་བར་འདོད་པ་ཡིན་གསུངས་ཏེ་བུད་མེད་ལྷ་ཁང་དུ་འཛུལ་མི་ཆོག་པ་དེ་མེད་པར་མཛད། བོད་དུ་བུད་མེད་ལྷ་ཁང་རྩད་ཆེ་སོགས་སུ་འགྲོ་མི་ཆོག་པ་ལ་རྒྱུ་མཚན་ཞིག་མཆིས། དེ་ཡང་སྔོན་བོད་ཀྱི་བོད་ཀྱི་བུད་མེད་ཀྱིས་རྐང་སྣམ་གྱོན་པའི་ལུགས་སྲོལ་མེད་པས་ཟླ་མཚན་འཛག་པ་ན་ཞལ་ལ་འབེབས་པ་བྱུང་བས་དེ་ལྟར་འགྲོ་མི་ཆོག་པ་བཟོས་སོ་སྙམ། ༡༩༣༠ སོ་གྲངས་ལ་གྲྭ་པ་ཁ་ཤས་ལྷ་སར་ཆོས་སྒྲོགས་ལ་ཡོད་དུས་བུད་མེད་ཅིག་བཞེས་ཐུག་འདེགས་པའི་དུས་ལ་ཟླ་མཚན་གྱི་ཐིགས་པ་ཞལ་ལའི་སྐང་ལ་བབས་པ་གྲྭ་པ་ཞིག་གིས་མཐོང་འདུག དིང་སང་ས་རིལ་འདིའི་སྟེང་ན་རྐང་སྣམ་མི་གྱོན་མཁན་སུ་ཡོད་སུ་ཡང་མེད་པས། རྣམ་རྟོག་མེད་པར་ཕོ་མོ་སུ་ཡིན་ཡང་ནང་དུ་འགྲོ་འཇུག་དགོས། ༢༠༠༤ ལོར་ལ་དྭགས་ཀླུ་འཁྱིལ་དགོན་ཁང་དུ་ངའི་གྲོགས་པོའི་ཁྱིམ་ཐབ་མོ་དང་བུ་མོ་གཉིས་དགོན་ཁང་དུ་འགྲོ་མ་བཅུག་པ་དེ་ཡག་པོ་མ་ཡིན་པར་བཤད་དོ།

  33. ཀརྡོ་གཉེར་ཕྱག་པ་ says:
    2014-11-16 at 12:01 pm

    དེང་སང་གི མགོན་ཁང་ ནང་ལ་ བུད་མེད་ མ་ཚད། མ་ནིང་དང་ དད་མེད་ ཚོ་ཡང་ འགྲོ་ཆོག་བགྱིད་ རེད། ཧཧ།

  34. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-11-18 at 9:52 am

    ཕྱིས་ཀྱང་འབྲི་བར་སྐྱོན་མེད། སྔོན་ཆོས་རྗེ་ཕྱག་ལོ་ན་ལནྡཱ་ཀླ་ཀློས་བཤིག་པའི་རྗེས་ལ་ཡང་གྲྭ་པ་བརྒྱད་ཅུ་ཙམ་ཡོད་པ་གནས་བརྟན་ལོ་དགུ་བཅུ་ལོན་པས་ཆོས་གསུང་དུས་དེ་ཀུན་གསོད་པར་ཀླ་ཀློ་སླར་འོང་བའི་གནས་ཚུལ་ཐོས་པ་ན། གཞན་གྲྭ་པ་ཚང་མ་བྲོས། གནས་བརྟན་བགྲེས་སོང་དེས་་ཕྱག་ལོར་གཟིགས་ཏེ། བོད་པ་ལྐུགས་ཁྱོད་མི་བྲོས་པ་ཅི་ཡིན་ནམ། བྲོས། གསུངས་པ་ན། ང་བླ་མ་བགྲེས་སོང་བཞག་ནས་འབྲོས་མི་ཐུབ་ཞུས། འོ་ན་ཁྱོད་ཀྱིས་ང་ཁུར་ཐུབ་བམ། ལྟ་ཚོད་ཀྱིས་ཁུར་ཏེ་ཁང་མིག་དེར་སྐོར་བ་རྒྱབ་པ་ན། འོ་ན་ང་ལ་ཐབས་ཡོད་བགྲེས་པོས་གསུངས། བུ་རམ་དང་དཔེ་ཆ་ཀློག་རྒྱུ་བསྣམས་ཏེ། མགོན་ཁང་ཧྲུལ་པོ་དེར་བགྲེས་པོ་བརྒྱབས་ལ་ཁུར་ཏེ། དེ་དག་མགོན་ཁར་གཞིག་ཧྲུལ་དེར་བྲོས། མགོན་ཁང་གཞིག་ཧྲུལ་དེར་ཀླ་ཀློ་སྐྲག་ནས་དེའི་ཉེ་ལོགས་སུ་ཡང་འགྲོ་མི་ནུས། ཀླ་ཀློས་མ་གཏོར་གོང་དུ་མགོན་ཁང་དེར་རྡོ་ལས་བཞེངས་པའི་མགོན་པོའི་སྐུ་བསིལ་བའི་ཚལ་ནས་བྱོན་པ། མི་མཇལ་མཁན་ཡོངས་ཀྱིས་བྱིན་རླབས་ཞུ་བར་མགོ་གཏུགས་ཀྱིས་མགོན་པའི་ལྟོ་བ་ཟད་ནས་མེད་པར་ཨི་ཁུང་བུད་པ་ལྟ་བུ་ཆགས། ཀླ་ཀློས་དམག་སྒར་རྩིག་པར་ན་ལནྡཱ་ནས་རྡོ་མང་པོ་ཁྱེར་བའི་གྲས་སུ་མགོན་པོའི་སྐུ་དེ་ཡང་ཁྱེར་པ་ན། དེ་ཉིད་ཀྱི་དགོངས་མོ་ཀླ་ཀློའི་དཔོན་པོ་དེ་ཕོ་བ་ལང་སྟབས་ཀྱི་ན་ཚས་ཤི། ཀླ་ཀློ་གཞན་རྣམས་དངངས་སྐྲག་སྐྱེས། མགོན་པོའི་སྐུ་དེ་རྩིག་པར་བཅུག་ཟིན་པ་ཡང་སླར་ན་ལནྡཱ་རུ་བཟློགས་ནས། མགོན་ཁང་གཞིག་ཧྲུལ་དེ་རུ་བསྐྱལ། གནས་བརྟན་དང་ཕྱག་ལོ་མགོན་ཁང་དེར་སྐྱབས་བཅོལ་དུས་ལ་ཀླ་ཀློ་བརྒྱད་ཅུ་ཙམ་སླེབས་པ་མགོན་ཁང་གི་ལོགས་སུ་ཡང་འོང་བ་ལ་འཇིགས་ཏེ། གནས་བརྟན་དང་ཆོས་རྗེ་ཕྱག་ལོ་ཙ་པ་གཉིས་ཀླ་ཀློས་གསོད་པ་ལས་ཐར་བའི་ལོ་རྒྱུས་གང་གི་རྣམ་ཐར་ལོ་རྒྱུས་ན་བྲིས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme