Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོ་ལོག་པ་ཚངས་དབྱངས་རྒྱ་མཚོ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་བཅུ།

Posted on 2014-02-022014-02-02 By ཁ་བརྡ་ 27 Comments on མགོ་ལོག་པ་ཚངས་དབྱངས་རྒྱ་མཚོ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་བཅུ།

ཨ་རིག་འགྱུར་མེད།

ཉེ་ལམ་ནས་བཟུང་མདོ་སྨད་ཀྱི་བར་མའི་སྤྱི་འཐུས་འོས་བསྡུའི་སྐོར་ལ་ཁ་བརྡ་དང་ངོ་དེབ་གཙོས་དྲ་རྒྱ་འགའ་དང་སྐད་འཕྲིན་ཚོགས་པ་འགའ་ན་ཚ་ཚ་འུར་འུར་གྱིས་གླེང་གིན་འདུག དེ་ནི་དགའ་འོས་པའི་དོན་བཟང་ཞིག་སྟེ་ང་ཚོས་ཅི་ཙམ་གྱིས་གཙུབ་བརྡར་མང་དུ་བྱས་ན་དེའི་ཚོད་ཀྱིས་ང་ཚོ་ལ་འོས་མི་སྤུས་ལེགས་རེ་བརྙེད་པའི་ལམ་ཁ་ཡོད་པ་ཡིན་ལ། ང་ཚོར་ཆ་རྒྱུས་ཡོད་པ་ལྟར་རྒྱ་གར་བ་རྣམས་ཀྱིས་རང་གི་འོས་ཤོག་རྐང་གཅིག་གི་ཆེད་དུ་མི་སྡེ་དང་ཚོགས་སྡེ་ཕན་ཚུན་འཛིང་རེས་མང་དུ་བྱེད་ཀྱིན་པའང་དོན་ལ་རང་དབང་དང་མང་གཙོ། ཐོབ་ཐང་དང་འོས་བསྡུའི་ཆེད་དུ་ཡིན་ལ། གསར་དུ་དམར་ཕྱོགས་ལྟ་བ་སོགས་ནས་མང་གཙོར་གྱུར་དང་འགྱུར་བཞིན་པའི་རྒྱལ་ཁབ་འབར་མ་སོགས་ནའང་འོས་བསྡུའི་ཆེད་དུ་ང་རྒྱལ་ཁྱོད་ཕམ་གྱི་ཆབ་སྲིད་ཡོ་ལང་སྣ་ཚོགས་འཁྲུག་བཞིན་པའང་དོན་ལ་རང་དབང་དང་མང་གཙོ། ཐོབ་ཐང་དང་འོས་བསྡུའི་ཆེད་ཡིན།

དེར་བརྟེན་བདག་གིས་ཀྱང་དང་པོར་བླ་མ་བཀའ་དྲིན་ཅན་གྱིས་མར་གསོལ་རས་སུ་གནང་བའི་མང་གཙོ་དང་རང་ཉིད་ལ་ལྷན་སྐྱེས་སུ་མངའ་བའི་རང་དབང་། རང་གི་གྲོས་ཚོགས་འཐུས་མི་རང་གིས་གདམ་ཆོག་པའི་ཐོབ་ཐང་དང་འོས་བསྡུའི་བྱ་བར་མཉམ་ཞུགས་ཙམ་མིན་པར། གྲོས་ཚོགས་ར་བའི་ནང་དུ་བཤད་བསམ་སྒྲུབ་ཕོད་ཀྱི་མི་ཞིག་བསླེབ་དགོས་རྐྱེན། ཉེ་བའི་ལོ་ངོ་གཉིས་གསུམ་རིང་རང་ཉིད་དང་ཆེས་འགྲོགས་འདྲེས་ཟབ་པ་དང་རྒྱུས་ལོན་གཏིང་ཟབ་ཡོད་པའི་གྲོགས་པོ་མགོ་ལོག་པ་ཚངས་དབྱངས་རྒྱ་མཚོ་ངོ་སྤྲོད་ཐུང་ཙམ་བྱེད་པར་སྤྲོ། དེ་ནི་གྲོགས་པོ་ཡིན་པས་མིན་ལ་ལས་གྲོགས་ཡིན་པས་ཀྱང་མིན་ཏེ། ཆ་མེད་ནས་ཆ་ཡོད་དང་ཆ་ཡོད་ནས་རྒྱུས་ཡོད་དུ་གྱུར་བའི་གོ་རིམ་ཁྲོད་དུ་ད་གཟོད་ངས་ཁོང་གི་དཀའ་ཚེགས་ཁུར་དུ་ལེན་པ་དང་། ལས་དོན་གང་འདྲ་ཞིག་ཡིན་ཡང་ཐག་གཅོད་དང་ལག་བསྟར་བྱེད་པའི་བློ་སྤོབས་མངའ་བ། རྒན་གཞོན་མཐོ་དམན་བར་མ་སུ་འདྲ་ཞིག་ཡིན་ཡང་ཆེ་བཀུར་ཆུང་བྱམས་དང་འགྲོ་ཤེས་བསྟུན་ཤེས་བྱེད་པ་སོགས་གཤམ་ནས་རེ་རེ་བཞིན་ངོ་སྤྲོད་ཐུང་ཙམ་བྱེད།unnamed-1

ཡང་སྐད་འཕྲིན་ཚོགས་པ་འགའ་ན་གཡམ་རྒྱུག་པ་འགས་མི་སྣ་ག་གེ་མོའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་མེད་ཀྱང་། ཁོ་བལྟས་ཚོད་ཀྱིས་མི་ལེགས་པོ་ཞིག་ཏུ་སྣང་བས་འོས་མིར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར་བ་དང་། མི་སྣ་སུ་དང་གང་གི་རྒྱབ་ལྗོངས་ཅི་ཞིག་ཡིན་ནའང་ཡིན། གཙོ་བོ་གྲོས་ཚོགས་སུ་བསླེབ་རྗེས་སྐད་ཆ་མ་འདྲ་བ་ཞིག་བཤད་དགོས་ཀྱིན་འདུག་ཟེར་བ་སོགས་འགན་ཁུར་གང་ཡང་མེད་པའི་གཏམ་བཤད་ཀྱང་མང་དུ་བྱེད་ཀྱིན་འདུག་མོད། དེ་དག་རེ་ཞིག་རང་སོར་བཞག་སྟེ་དགོས་མཁོར་བྱུང་ན་གཞན་དང་གཞན་ནས་གླེང་ཆོག

ད་ནི་བརྗོད་གཞི་དངོས་ལ་འཇུག་པར་བྱ།

གཅིག མགོ་ལོག་ཚངས་དབྱངས་རྒྱ་མཚོ་ཁོང་ནི་མཐའ་གཅིག་ཏུ་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཞིག་ཡིན་པར་མ་ཟད། ༸གོང་ས་མཆོག་གིས་གྲོས་འགོ་བཏོན་ཞིང་བོད་རྒྱ་ཆེའི་མི་མང་གིས་རྒྱབ་སྐྱོར་ཐོབ་པ། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་བོད་རྒྱ་གཉིས་སྨན་དབུ་མའི་ལམ་ལ་ཡིད་ཆེས་དང་རྒྱབ་སྐྱོར་མཛད་མཁན་ཞིག་ཡིན། དེ་བཞིན་ཁོང་གི་འདས་པའི་ལོ་རྒྱུས་ནང་དུ་༸གོང་ས་མཆོག་གཙོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་སྣ་ཡོངས་ལ་གཞི་མེད་སྐྱོན་བརྗོད་དང་། སྒྲོ་འདོགས། མཚང་འབྱིན། དམའ་འབེབས་བཅས་བྱས་མྱོང་མི་འདུག འདི་ནི་ཁོང་གི་གཟི་བརྗིད་ཆེ་བའི་བཞུད་ལམ་ཉག་གཅིག་ཏུ་མཐོང་བས། ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཅིག་ཡིན།

གཉིས། ཚངས་དབྱངས་ཞེས་པའི་མི་འདི་ལ་འདྲེས་ཀྱིན་འདྲེས་ཀྱིན་ང་ལ་ངེས་ཤེས་ཟབ་མོ་ཞིག་བྱུང་བ་ནི། ཁོང་ནི་གནད་དོན་ཆེ་མ་ཆུང་གསུམ་གང་འདྲ་ཞིག་ཡིན་རུང་མངོན་ལྐོག་རྒྱབ་མདུན་མེད་པར་བཤད་ཕོད་པ་དང་། རང་གི་གྲོགས་པོ་ཡིན་རུང་ལྟ་ཚུལ་མི་མཐུན་སར་དགག་རྒྱག་སྐྱོན་བརྗོད་བྱེད་རྒྱུར་འཛེམ་དོགས་དང་སྦ་གསང་མེད་པར་བཤད་རྐྱང་བྱེད་པ་དེ་རེད། འདི་ནི་སྤྱིར་བཏང་གི་མི་ཡིན་ཡིན་གྱི་སྟེང་ནས་རྙེད་ཐུབ་པའི་མི་གཤིས་ཀུན་སྤྱོད་ཅིག་མིན་སྟབས་འདི་ཡང་ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཅིག་ཡིན།

གསུམ། མི་ཞིག་ལ་མཚོན་ནས་བཤད་ན་ “བཤད་བསམ་སྒྲུབ་” ཕོད་ཀྱི་སྙིང་སྟོབས་ལྡན་མིན་ནི་མི་དེའི་མི་ཚེའི་ནང་གི་ཕུགས་བསམ་མཐའ་དག་བདེ་བླགས་ངང་སྒྲུབ་ཐུབ་མིན་ལ་རེག་ལས་ཡོད། ཚངས་དབྱངས་རྒྱ་མཚོ་ལ་མཚོན་ན་སེམས་ནང་དྲན་པ་ཞིག་ཁ་ནས་ཀྱང་བཤད་ཕོད་པ་དང་། ཁ་ནས་བཤད་པ་ཞིག་ལག་ལེན་ལའང་བསྟར་ཐུབ་པ་སྟེ། ཁོང་གི་ལོ་རྒྱུས་སོགས་སུ་གསལ་བ་ (འོག་ཏུའང་གསལ་ཡོང་།) ལྟར་ཁོང་ནི་ལས་དོན་སྣ་མང་ལ་ཁས་བཤད་པ་ཙམ་མིན་པར་ལག་ལེན་དུ་བསྟར་ཏེ། དངོས་སུ་ཕྱག་ལས་རྒྱུན་མཐུད་གནང་མཁན་ཞིག་ཡིན་སྟབས། འདི་ནི་ཁོང་གི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་མཐོང་བས། འདི་ཡང་ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཅིག་ཡིན།

བཞི། ཚངས་དབྱངས་མཉམ་དུ་ལས་ཀ་བྱ་དགོས་ན་དབུགས་ཐག་རིང་བོ་དང་ངང་རྒྱུད་རིང་བོ་ཞིག་དགོས་ཀྱིན་ཡོད། ཉེ་ལམ་ངེད་གཉིས་ཀྱིས་ཆང་ས་དྲ་དེབ་དང་བོད་ཀྱི་ཟིན་བྲིས་དྲ་བའི་སྐོར་ལ་ལས་ཀ་མང་དུ་བྱས་མྱོང་བར་མ་ཟད། ༸གོང་ས་མཆོག་གི་སྐུའི་གྱ་སྟོན་སྐབས་ཀྱི་མཛད་ཐང་གི་མ་ཟིན་མཛད་རྣམ་སྙིང་བསྡུས་ཤིག་ཀྱང་མཉམ་དུ་རྩོམ་སྒྲིག་བྱས་པ་ན། ཁོང་ནི་ཞོགས་པ་ནས་དགོང་མོའི་བར་དང་། ནམ་སྟོད་ནས་ནམ་སྨད་བར་ཏེ་མིག་སྔའི་ལས་དོན་དེ་ལེགས་པོ་ཞིག་མ་འཁྱོང་བར་དུ་གཉིད་བཅག་ལྟོ་བཅད་ཀྱིས་ལས་དོན་སྒྲུབ་མཁན་ཞིག་ཡིན་སྟབས། ལེ་ལོ་དང་སྒྱིད་ལུག་གི་བཙན་དབང་ལ་ཤོར་བའི་ང་ལ་ཨ་ཆད་འུ་ཐུག་གི་སྐབས་ཀྱང་མང་དུ་བྱུང་མྱོང་། དེར་བརྟེན་འདི་ཡང་ཁོང་གི་ལས་དོན་ལ་ཧུར་བརྩོན་གནང་སྟངས་ཤིག་ཡིན་པས་ངས་ཁོང་ལ་རྒྱབ་སྐྱོར་བྱ་དགོས་པའི་རྒྱུ་མཚན་གཅིག་ཡིན།

ལྔ། མི་འདིས་རྒྱུ་ངོ་དཔོན་ངོ་སྲུང་བ་དང་མཐོན་པར་སྤྲེལ་ལད་དང་དམའ་བར་མཐོང་ཆུང་ཁྱད་གསོད་མི་བྱེད་དེ། སྤྱིར་གྲོས་ཚོགས་འཐུས་མི་གཙོས་མཐོ་རིམ་འགོ་ཁྲིད་མང་བོའི་ཁྲོད་ན་མཐོ་བ་དཔོན་པོ་དང་རྒྱུ་ཆེན་དབང་ཆེན་ཞིག་མཐོང་དུས། ལྕེ་སྣར་སྣར་དང་མགོ་སྒུར་སྒུར་བྱས་ཏེ་ཧ་ཅང་གི་ཉམ་ཆུང་དང་ཚུལ་མཐུན་ཞིག་ཡིན་པའི་སྲོལ་སྟོན་མོད། དམའ་བ་ཉམ་ཆུང་དང་ཁ་ཆུང་དབང་ཆུང་དག་མཐོང་སྐབས་མགོ་བོ་ལྟག་གེར་དགྱེས་ཏེ་མཁས་ཉམས་དང་རྫིག་ཉམས་སྟོན་པས། ཁོང་ལ་འདི་ལྟ་བུའི་གཤིས་ཀ་མེད་པར་ནམ་ཡིན་རུང་རང་ཚུགས་ཐུབ་པ་ཞིག་ཡིན་པས་འདི་ཡང་ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཅིག་ཡིན།

དྲུག མགོ་ལོག་པ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ལོ་ངོ་བཅུ་གསུམ་ནས་བཟུང་སློབ་གཉེར་གནང་འགོ་བརྩམས་ཏེ་ཇོ་ནང་རྟག་བསྟན་དགོན་དང་མདོ་ལིའི་དགོན་གཉིས་སུ་ཚད་མ་དང་དབུ་མ། ཕར་ཕྱིན། སུམ་རྟགས་དག་གསུམ། སྙན་ངག དཀར་རྩིས་སོགས་སྦྱངས་འདུག ༢༠༠༣ ལོར་བོད་ཀྱི་མཐོ་རིམ་སློབ་གྲྭ་སྟེ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དུ་འཛུལ་ཏེ་བོད་ཀྱི་རིག་གཞུང་སྤྱི་ལ་སློབ་སྦྱོང་བྱས། ༢༠༠༦ ལོར་བཙན་བྱོལ་དུ་འབྱོར་ནས་ལྷོ་ཕྱོགས་འབྲས་སྤུངས་དགོན་པར་ཚད་མ་རིག་པ་སོགས་ལ་སློབ་སྦྱོང་བྱས། ༢༠༠༩ ས་རཱ་བོད་ཀྱི་མཐོ་སློབ་ཏུ་འཛུལ་ཞུགས་བྱས་ཏེ་ཡིག་འགྲུལ་གྱི་ལམ་ནས་སློབ་མཐར་ཕྱིན་པ་སོགས་བོད་སྐད་ཡིག་གཙོས་བོད་ཀྱི་རིག་གནས་ཆེ་ཆུང་མང་བོར་སློབ་གཉེར་མཛད་འདུག དེར་བརྟེན་ཤེས་ཡོན་སློབ་གསོའི་སྦྱང་པ་མི་དམན་པ་འདི་ཡང་ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཅིག་ཡིན།

བདུན། ཇོ་ནང་མ་དགོན་གྱི་རིག་གནས་དགེ་རྒན་དང་། བལ་ཡུལ་ཇོ་ནང་དགོན་པའི་གློག་ཀླད་དགེ་རྒན། “ངེས་དོན་ཀྱི་ཆོས་འཁོར་” དང་། “ཇོ་ནང་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར།” དུས་དེབ་འདོན་ཐེངས་བདུན། “ཇོ་ནང་དཔེ་ཚོགས” དེབ་ཕྲེང་བརྒྱད། “ཤམ་བྷ་ལ།” དུས་དེབ་བཅས་ཀྱི་རྩོམ་སྒྲིག་པ་བྱས། བོད་སྤྱི་ཚོགས་སུ་སྔར་བྱུང་མྱོང་མེད་པའི་ཆང་ས་དྲ་དེབ་ཀྱི་རྩོམ་སྒྲིག་ལས་རོགས་དང་བཙན་བྱོལ་གྱི་ཟིན་བྲིས་རྐྱང་བ་སྤེལ་སའི་རྩོམ་རིགས་དྲ་ཚིགས་ཐོག་མ་སྟེ། བོད་ཀྱི་ཟིན་བྲིས་དྲ་ཚིགས་གསར་བཟོ་བྱས་པ་སོགས་ལས་དོན་སྣ་མང་བསྒྲུབས་དང་སྒྲུབ་བཞིན་ཡོད། འདི་ལྟར་ཁོང་ནི་རང་ནུས་ཅི་ཡོད་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་ལས་དབང་ལ་ཕྱག་རྗེས་བླ་མེད་འཇོག་མཁན་ཞིག་ཡིན་པས་འདི་ཡང་ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཅིག་ཡིན།

བརྒྱད། ༢༠༠༨ ལོར་འབྲས་སྤུངས་ཟུང་ཆུ་ཁང་ཚན་གྱི་ཛ་དྲག་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་བྱས་ཏེ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐོར་རྒྱུས་ལོན་དང་གསར་འགྱུར་ཁག་ལ་བརྒྱུད་སྤྲོད། ས་བྱི་ཞི་རྒོལ་ཆེན་མོའི་རྩོམ་སྒྲིག་ལས་རོགས། ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༩ ཉིན་༧གོང་ས་མཆོག་གིས་བོད་མི་མང་སྤྱི་འཐུས་སྐབས་ ༡༤ བའི་གྲོས་ཚོགས་ཚོགས་དུས་ ༡༡ པར་གལ་ཆེའི་གསུང་འཕྲིན་བསྩལ་བའི་སྐོར་དྷ་སར་གནས་བཞུགས་ཆབ་སྲིད་པ་དང་། གནད་ཡོད་མི་སྣ་བཅུ་ཕྲག་གཉིས་ལྷག་གདན་ཞུས་ཀྱིས་བགྲོ་གླེང་གོ་སྒྲིག ༢༠༠༨ ནས་བཟུང་ད་བར་དུ་དང་བླངས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་ཚུལ་རྣམས་བཙན་བྱོལ་བོད་མི་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་བརྒྱ་ཕྲག་ལྷག་ཅིག་མཁོ་སྤྲོད་བྱས་འདུག འདི་ལྟར་ཁོང་ནི་བོད་ནང་ནས་ས་སྐྱེས་རྡོ་སྐྱེས་བྱུང་བའི་མི་ཞིག་ཡིན་པ་མ་ཟད། ཕྱི་ལོགས་སུ་ཕེབས་རྗེས་ཀྱང་མུ་མཐུད་དེ་བོད་ནང་གི་གནས་ཚུལ་ཁག་ལ་རྒྱུས་ལོན་དང་བོད་ཕྱི་ནང་གི་གནས་སྟངས་སྤྱི་ལ་གོ་རྟོགས་ངེས་ཅན་ཡོད་པར་མ་ཟད། བོད་སྤྱིའི་དོན་དུ་ཕྱག་ལས་ཀྱང་སྣ་མང་བསྒྲུབས་མྱོང་འདུག་པས་ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཅིག་ཡིན།

དགུ། དེང་སྐབས་ཁོང་ནི་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་དབུས་རྒྱུན་ལས་ཀྱི་ཚོགས་གཙོ་དང་། མདོ་སྨད་དབུས་རྒྱུན་ལས་ཁང་གི་དངུལ་གཉེར་དང་དྲ་རྒྱའི་རྩོམ་སྒྲིག་པ། ༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི། བོད་ཀྱི་རོལ་དབྱངས་བརྙན་འཕྲིན་གྱི་སློབ་སྟོན་པ། ཆང་ས་དྲ་བའི་རྩོམ་སྒྲིག་ལས་རོགས་དང་། ད་ལོ་སྟེ་༢༠༡༤ ལོའི་དུས་འཁོར་དབང་ཆེན་གོ་སྒྲིག་པ་གཙོ་གྲས། བོད་ཀྱི་ཟིན་བྲིས་དྲ་ཚིགས་ཀྱི་གཙོ་སྒྲིག་པ་བཅས་ཀྱི་འགན་ཁུར་བཞིན་ཡོད་པས། ཁོང་ནི་ཁས་བཤད་པ་ལས་ཀྱང་ལག་པས་བསྒྲུབས་པ་མང་བའི་མི་སྣ་ཞིག་ཡིན་སྟབས། འདི་ནི་ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཅིག་ཡིན།

བཅུ། ངས་ཁོང་ལ་རྒྱུས་ལོན་བྱས་པའི་ཁྲོད་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་མདོ་སྨད་དབུས་རྒྱུན་གྱི་ལས་དོན་ཆེད་དུ་བཙན་བྱོལ་དུ་ཡོད་པའི་ས་གནས་ཁག་བཅོ་བརྒྱུད་ཙམ་ལ་ཕེབས་ཏེ་གསུང་བཤད་གནང་བ་དང་རྟོགས་ཞིབ་མཛད་འདུག འདི་ཡང་བཙན་བྱོལ་གྱི་གཞི་རིམ་ས་ཁུལ་ལ་རྒྱུས་ལོན་དང་རྟོགས་ཞིབ་ངེས་ཅན་གནང་བ་ཞིག་ཡིན་སྟབས། ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཅིག་ཡིན།

མཇུག་གི་གསལ་བཤད།

ཉེ་ལམ་ཁོང་གིས་ “ང་སྤྱི་འཐུས་འོས་གཞིར་ལང་དོན་འདི་ཡིན་” ཞེས་གསལ་བཤད་ཁ་ཚ་དགོས་གཏུག་མ་ཞིག་གསུངས་འདུག་ལ། དེ་ལ་བལྟས་ན་ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་ད་དུང་བཅུ་བསྣན་ནའང་ཉུང་ཚོད་དུ་གྱུར་འདུག་པའི་སྣང་བ་བྱུང་མོད། དེ་ལྟར་ངལ་བ་བསྟེན་མེད། གཙོ་བོ་ཁོང་གི་གསལ་བཤད་དེའི་ནང་དུ་གལ་སྲིད་ཁོང་བོད་མི་མང་སྤྱི་འཐུས་སུ་བསླེབ་ཚེ། དེ་སྔར་སྲིད་སྐྱོང་མཆོག་གིས་གསུངས་མྱོང་བའི་ཤེས་ཡོན་སྲིད་བྱུས་སྐོར་གྱི་གསུང་བཤད་མང་བོ་ཞིག་ལ་ནན་སྐུལ་དང་། སྲིད་སྐྱོང་འདི་བའི་རིང་གི་གཡས་འཁྱོག་གཡོན་ལམ་དུ་ཞུགས་ཀྱིན་པའི་ཤེས་ཡོན་སྲིད་བྱུས་དེ་ལམ་ཐིགས་དྲང་མོ་ཞིག་ཏུ་འཇོག་ཨེ་ཐུབ་ལ་འབད་བརྩོན་གནང་གི་ཡིན་ཞེས་པ་ནི། ད་སྔ་ཡན་དུ་གྲོས་ཚོགས་ར་བའི་ནང་དུ་སྤྱི་འཐུས་རྣམས་ཀྱིས་མ་འཇོན་པ་དང་། ལས་དོན་འཐུས་ཤོར་དུ་ཕྱིན་པའི་ཕྱོགས་ཤིག་ཡིན་སྟབས་ང་སྔར་ལས་ཀྱང་དགའ་ཞིང་སྤྲོ་བའི་ངང་རང་གི་འཐུས་མི་འདི་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུའི་བསམ་པ་ཇེ་བརྟན་དུ་གྱུར་ཡོད་པ་བཅས་རེ་ཞིག་མཇུག་བསྡུས་སོ། །

སྣ་ཚོགས།

Post navigation

Previous Post: སྙན་ངག་ལ་འཇུག་པའི་ལམ།
Next Post: “ཁྱོད་ཀྱིས་རང་ཉིད་ངོས་ཟིན་པར་གྱིས་ཤིག”

Comments (27) on “མགོ་ལོག་པ་ཚངས་དབྱངས་རྒྱ་མཚོ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་བཅུ།”

  1. གླག་རྒོད། says:
    2014-02-02 at 9:01 pm

    ཧཧཧཧཧཧཧ ཨ་རིག་འདིས་ཅིག་མི་བཤད་ཀི་ན། ཨ་གནའ་ཤི་བོ།

  2. ཨ་མདོའི་བླ་མ། says:
    2014-02-02 at 11:24 pm

    ད་གོང་ས་གོང་ས་མང་བོ་ལབ་མ་ཡོང་། འོ་ན། ཐད་ཀར་གོང་ས་གདམ་བཞག་ན་ཡག་པོ་མི་འདུག་གམ། ཡང་ཅིག་བཤད་ན། དྲི་ལན་རྒྱག་མི་ཕོད་པའི་འོས་གཞིར་ལངས་མཁན་ཞིག་གང་ན་ཡོད་དམ། ངས་ཁ་སང་ཚངས་དབྱངས་རྒྱ་མཚོར་དྲི་བ་གཉིས་བཏོན་ཡོད་མོད། ལན་རྒྱག་ཕོད་ཀྱི་མི་འདུག ཉུང་མཐར་ལངས་ཕོད་ན་ལན་མཐའ་དག་རྒྱག་ཕོད་དགོས་པ་རེད། དེ་ལས་ལྡོག་ཚེ་ངོ་གཉིས་མ་ཞིག་ཡིན་པ་བསྟན་ཟིན་པ་ནི་ས་རིས་ཐང་གསལ་རེད་ལ། འོས་ཤོག་ཀྱང་དེ་བཞིན་ཟེགས་ཀྱིན་པའང་གསལ་བོ་རེད།

  3. ཐོ་རེངས་སྐར་ཆེན། says:
    2014-02-02 at 11:40 pm

    སྐབས་འཚོལ་རིང་ལུགས་ལ་གོམས་པའི་སྤྱི་ཚོགས་འདིའི་གྲུ་ཁ་རེ་ཟུང་ན་ཁྱུ་དང་སྤྱང་ཁུ་མཉམ་དུ་ཟུག་ཀྱིན་པ་མཐོང་དུས། འུ་ཅག་མདོ་སྨད་པའི་ཁོངས་སུ་ད་དུང་ཡང་གནའ་དེང་གཉིས་དང་ཕྱི་ནང་ཀུན་ལ་རྟོགས་ཐུབ་པའི་ཀླད་ཤུགས་ངལ་རྩོལ་པ་ཡང་དག་ཅིག་མེད་པར་བསམ་སོང་།

  4. དྲང་མོ། says:
    2014-02-03 at 12:24 am

    ཡག་པོ་བྲིས་འདུག། འོན་ཀྱང་མགོ་ལོག་ཚངས་དབྱངས་ཀྱི་བཟང་ཕྱོགས་ཀྱི་མི་གཤེས་ལ་རྒྱབ་སྐྱོར་ལས་ཁོང་སྤྱི་འཐུས་སུ་ལངས་རྒྱུའི་སྐོར་ལ་རྒྱབ་སྐྱོར་གྱི་རྣམ་པ་ཅང་མི་འདུག།
    ཡང་གཅིག་བཤད་ན། ཨ་རིག་འགྱུར་མེད་ཟེར་བས་རྩོམ་ཡིག་འདི་འབྲི་སྐབས་ཚངས་དབྱངས་ཀྱི་མི་གཤིས་སྐོར་ལ་ཤར་སྒོམ་རེ་བྱས་ཏེ་རྩལ་དུ་བཏོན་པ་ལས་སྤྱི་འཐུས་ཀྱི་འོས་ཆོས་དང་འོས་མི་ཚངས་དབྱངས་གཉིས་ཀྱི་འབྲེལ་ཐག་སྐོར་ལ་གསལ་ཁ་དེ་ཙམ་མི་འདུག།
    ང་ཚོར་ཆེས་གལ་ཆེ་ཤོས། ཁྲིམས་དང་ད་ལྟའི་བོད་མིའི་གནས་བབས་གཉིས་ཀྱི་ངོས་ནས་ཚང་དགོས་པའི་སྤྱི་འཐུས་ཀྱི་འོས་ཆོས་དང་འོས་མི་གཉིས་ཅོག་ཙེ་གཅིག་གི་སྟེང་དུ་བཞག་ནས་དཔྱད་བསྡུར་བྱེད་དགོས་པ་ལས་མི་གཤེས་བཟང་པོ་ཙམ་གྱི་མི་ཕན།

  5. ཀརྡོ་གཉེར་ཕྱག་པ་ says:
    2014-02-03 at 12:47 am

    ་་་་་་་ དེ་སྔར་སྲིད་སྐྱོང་མཆོག་གིས་གསུངས་མྱོང་བའི་ཤེས་ཡོན་སྲིད་བྱུས་སྐོར་གྱི་གསུང་བཤད་མང་བོ་ཞིག་ལ་ནན་སྐུལ་དང་།
    སྲིད་སྐྱོང་འདི་བའི་རིང་གི་གཡས་འཁྱོག་གཡོན་ལམ་དུ་ཞུགས་ཀྱིན་པའི་ཤེས་ཡོན་སྲིད་བྱུས་དེ་ལམ་ཐིགས་དྲང་མོ་ཞིག་ཏུ་འཇོག་ཨེ་ཐུབ་ལ་འབད་བརྩོན་གནང་གི་ཡིན་ཞེས་པ་ནི།
    ད་སྔ་ཡན་དུ་གྲོས་ཚོགས་ར་བའི་ནང་དུ་སྤྱི་འཐུས་རྣམས་ཀྱིས་མ་འཇོན་པ་དང་། ལས་དོན་འཐུས་ཤོར་དུ་ཕྱིན་པའི་ཕྱོགས་ཤིག་ཡིན་སྟབས་་་་་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2014-02-03 at 1:12 am

    ཨ་རིག་གིས་དྲངས་པའི་རྒྱུ་མཚན་བཅུའི་སྟེང་ལ། དང་བླངས་ལངས་པ་གཅིག་བསྣན་ནས་བཅུ་གཅིག་གིས། ཁོང་ལ་འོས་ཐོབ་ན་མི་འོས་པ་མི་འདུག་སྙམ་ལགས།

  7. ཆུ་ཐིགས་སྔོན་མོ says:
    2014-02-03 at 1:16 am

    གྲོགས་པོ་སོགས་བརྒྱུད་ནས་ཁྱབ་བསྒྲགས་བྱེད་པ་ལས་རང་ངོས་ནས་འོས་མིར་ལངས་པར་རྒྱབ་སྐྱོར་ཡོད་་་་་
    དུས་བབ་དང་ཁ་བརྡའི་དྲ་ངོས་སུ་ཉུལ་བའི་དྲ་འབུ་ཚོས་མི་ཞིག་གི་མགོ་བོ་འབུར་ཡོང་དུས་གསོད་ཐབས་ཤིག་དང་ནག་པོ་བཟོ་ཐབས་ཤིག་ལས་བྱེད་མི་ཤེས་པ་འདི་ཡིད་སྐྱོ་དགོས་པ་ཞིག་རེད་་་་་

  8. སྤོབས་པ་མཐའ་ཡས། says:
    2014-02-03 at 1:26 am

    གོང་ས་རིན་པོ་ཆེ་ནི་བོད་ཀྱི་སྤྱི་དམངས་ཤིག་ཡིན་སྟབས་མཐའ་གཅིག་ཏུ་སྤྱི་འཐུས་འོས་གཞི་ཚོས་་གོང་ས་རིན་པོ་ཆེའི་བཀའ་བརྩི་དགོས་པ་ཞིག་ཡིན་ན་ང་ཚེའི་གྲོས་ཚོགས་དེ་བཀའ་བཀོད་བརྒྱུད་འཛིན་དང་དབང་ཤེད་སྒེར་འཁྱེར་སྲིད་གཞུང་ཞིག་གི་བཟོ་ལྟ་དང་ཚུགས་ཀ་དོད་ཡོང་གི་ཡོད་པ་ཡིན་པས་ཡག་པོ་ཁྱོན་ནས་མི་འདུག

  9. ཨ་ཕྱི་ཆོས་སྒྲོན says:
    2014-02-03 at 1:56 am

    ད་ཤེས་སོང་། ཧ ཧ ཧ ཧ

  10. མེ་ཏོག་དཀར་པོ says:
    2014-02-03 at 2:19 am

    སྤོབས་པའི་སྐད་ཆ་ལ་གནད་འདུག ༧གོང་ས་མཆོག་གི་བཀའ་ཁོ་ནས་འགྲིག་ན་མི་སྒེར་གྱི་རྣམ་དཔྱོད་བེད་མེད་རེད། ད་དུང་སྤྱི་འཐུས་ཁང་དགོན་པའི་དཔེ་ཁྲིད་ཁང་འདྲ་པོ་ཆགས་གི་རེད།

  11. མེ་ཐབ། says:
    2014-02-03 at 3:56 am

    སུ་འཇོན་ན་དེ་ལ་འོས་བླུགས་ན་འགྲིག་ཕྱོགས་ཞེན་དང་ཟུར་ཟ་་ཅི་ཡང་མི་ཕན། ཨ་མའི་བུ་འཇོན་ཐང་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཞེས་པ་ལྟར་རོ།

  12. བཀྲ་ཤིས says:
    2014-02-03 at 4:26 am

    བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་རྒྱ་གར་དང་རྒྱལ་སྤྱི་སྟེང་ལ་བོད་དོན་ཞུ་གཏུགས་བྱེད་པར་འགྲོ་དུས་སུ། མདོ་སྨད་ཀྱི་སྤྱི་འཐུས་ཚོའི་ནང་ན་དབྱིན་སྐད་ཀྱིས་བསམ་ཚུལ་ཐོགས་མེད་བརྗོད་ཐུབ་མཁན་ཤིན་ཏུ་དཀོན། ད་ཡོད་ཀྱི་མདོ་སྨད་སྤྱི་འཐུས་ཚོ་ནི་སྤྱི་འཐུས་གཞན་གྱི་མདུན་ན་དབྱིན་སྐད་མི་ཤེས་པའི་ལྐུགས་པ་རང་རེད། གནད་འགག་གི་སྐབས་སུ་དབྱིན་ཇིའི་སྐད་མ་ཤེས་པར་ངག་ལྐགས་པ་ལྟར་འདུག་པ་མཐོང་ན། མདོ་སྨད་པ་རྣམས་ཀྱི་སེམས་ལ་ཚོར་བ་གང་འདྲ་འདུག་གམ། གནད་དོན་འདིས་གཅིག་ནས་མདོ་སྨད་པ་རྣམས་དབྱིན་སྐད་ལ་རྨོངས་པའི་མཚང་ཡིན་པ་དང་། གཉིས་ནས་མདོ་སྨད་སྤྱི་འཐུས་ཚོར་བོད་དོན་དྲིལ་བསྒྲགས་ལ་ནུས་ཤུགས་ཉམས་པ་མཚོན། འདི་ནི་ང་ཚོས་འོས་ཤོག་གིས་ཁ་གསབ་བྱ་དགོས་པའི་སྟོང་ཆ་ཆེན་པོ་ཞིག་ཡིན་པ་བཤད་ཅི་དགོས། ད་ཐེངས་ཀྱང་དབྱིན་ཡིག་གི་ཤེས་ཚད་ཞན་པའི་མདོ་སྨད་སྤྱི་འཐུས་ཤིག་འོང་རྒྱུའི་ཉེན་ཁ་འདུག་པས། ད་མདོ་སྨད་པ་ཚང་མ་གཉིད་སད་རན་འདུག

  13. གནམ says:
    2014-02-03 at 4:58 am

    བཀྲ་ཤིས་བ་ལགས། དབྱིན་སྐད་ཤེས་ན་རྒྱན་ཞིག་ཡིན་པ་ལས། མ་ཤེས་ན་ངོ་ཚ་དགོས་བ་དེ་འདྲ་གང་ཡང་མ་རེད། མཚང་ཤོར་འགྲོ་བ་དེ་འདྲ་དེ་ལས་ཀྱང་མ་རེད། བོད་མི་དབྱིན་སྐད་ཤེས་མཁན་ཆོལ་ཁ་གསུམ་པོའི་སུ་ལ་ཡོད་ན་འགྲིག་པ་རེད། ཚང་མ་དེ་འདྲ་རྒྱ་སྐད། དབྱིན་སྐད། བོད་སྐད། ཧིན་སྐད་སོགས་མྱི་གཅིག་ལ་མ་འཛོམས་ན། ངོ་ཚོས་དགོས་བ་དང་། ཆབ་སྲིད་ཀྱི་སྣེ་མི་ཁྲིད་དེ་འདྲ་མ་རེད། དགོས་དངོས་ཀྱི་དུས་ལ་སྐད་བསྒྱུར་བ་འཚོལ་རྒྱུ་ཡོད་པ་རེད།
    ཁྱེད་རང་ཀྱིས། གཏམ་འདོད་ཚ་བོ། སེམས་རྒྱ་ཆུང་ཆུང་དེ་འདྲ་གནང་མདོག་ལ།
    མྱི་གཞི་སྟག་ལས་བཙན་པ། སེམས་རྒྱ་རི་ལས་མཐོ་བ། བཤད་ཕོད་པ། སྒྲུབ་ཕོད་པ། མར་ལ་ལྟ་ཤེས་བ། ཡར་ལ་ཉན་ཤེས་བའི་མྱི་ཞིག་རག་ན། ཁྱོད་སེམས་བདེ་མོ་ནས། མགོ་མཐོ་པོ་བྱོས་རེད། དབྱིན་སྐད་ཤེས་མི་ཤེས་ནི། བོད་ཀྱི་བདེན་མཐའ་མི་ལོན་པའི་གནད་ཞིག་ལ་ཐུག་མེད་པ་གཞི་ནས་ཤེས་ཡོང་། གྲོགས་པོ། ངོ་ཚ་ན། ཆང་མཐོང་། ཨེ་གོ་ཐལ།

  14. དགེ་འདུན་རྒྱ་མཚོ། says:
    2014-02-03 at 4:59 am

    ང་ལ་དབྱིན་ཇི་ཟེར་ནོ་ཆུ་རྒྱུག་རྒྱུག་ཡོད།
    ང་མདོ་སྨད་སྤྱི་འཐུས་ཀྱི་འོས་མིར་ལང་ན་ག་འདྲ་འདུག
    དྲྭ་གྲོགས་ཚོ།

  15. དགེ་འདུན་རྒྱ་མཚོ། says:
    2014-02-03 at 5:05 am

    དེང་སང་རག་སོང། རག་མ་སོང་། རེག་ལ་་་རག་འབྲི་མཁན་འགའ་ཤས་མཐོང་སོང་། རག་ནི་ར་གན་གྱི་བསྡུས་མིང་རེད། 
    རེག་ནི་ལག་ལ་འཐོབ་པའི་དོན་རེད། རེག་བྱ་སོགས་རེད། 
    ངས་བསམ་ན་རག་ལས་རེག་བྲིས་ན་ཡག་པོ་མེད་དམ་སྙམ།
    བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་སོགས་ལ་གཟིགས་ཐུབ་ན་ཡང་ཡག་པོ་ཡོད་རེད།
    གྲོགས་པོ་ཚོ།
    རྒྱུ་མཚན་ཡོད་ན་གསུངས་རོགས།

  16. དྲང་བདེན་པ། says:
    2014-02-03 at 5:42 am

    ངས་བལྟས་ན་ད་ལྟའི་འོས་མི་རྣམས་ཀྱི་ནང་ནས་འོས་ཆོས་ཚང་ཤོས་་་་དང་པོ། བཀྲ་ཤིས་དོན་གྲུབ་དང་། གཉིས་པ། སྤྲོ་ཚིག་ཆོས་གྲགས་རེད།
    གཞན་པ་ཚོ་རྗེས་མ་སྐབས་བཅུ་དྲུག་པའི་སྐབས་ཧ་ཅང་འཚམས་ཀི།

  17. བཀྲ་ཤིས says:
    2014-02-03 at 6:31 am

    # 14 གནམ་ལགས་ལ།
    ཧ་ཧ། ངའི་སྐད་ཆས་ཁྱོད་ཀྱི་སེམས་ནང་གི་འོས་མི་དེའི་མཚང་ལ་ཕོག་སོང་བ་འདྲ། ངས་མདོ་སྨད་སྤྱི་འཐུས་ཚོར་མེད་པའི་དབྱིན་ཇིའི་སྐད་ཡིག་གི་སྟོང་ཆ་དེ་སྐོང་དགོས་ཟེར་ན། ཁྱོད་ཀྱིས༼མྱི་གཞི་སྟག་ལས་བཙན་པ། སེམས་རྒྱ་རི་ལས་མཐོ་བ། བཤད་ཕོད་པ། སྒྲུབ་ཕོད་པ། མར་ལ་ལྟ་ཤེས་བ། ཡར་ལ་ཉན་ཤེས་བའི་མྱི་ཞིག་རག་ན།༽ཟེར་གི ཁྱོད་ཀྱིས་ད་ཡོད་སྤྱི་འཐུས་རྣམས་ཀྱི་ནང་ན་མི་དེ་འདྲ་མི་འདུག་ཟེར་གི་ཨེ་ཡོད། ཁྱོད་ཀྱི་སེམས་ནང་གི་འོས་མི་དེ་སུ་ཡིན་ཤོད་དང་། གཤིབ་སྡུར་ཞིག་བྱས་ན་ལྟ་རྒྱུ་ལོས་ཡོད།

  18. ཆུ་བ་འཕྲིན་བཟང says:
    2014-02-03 at 7:22 am

    མགོ་ལོག་ཚང་དབྱངས་ལགས་ལ་ཆ་རྒྱུས་སྒེར་ངོས་ནས་ཆ་རྒྱུས་དེ་ཙམ་མེད་ཀྱང་དྲྭ་ཐོག་དང་བརྒྱུད་ལམ་གང་མང་ནས་མཐོང་ཐོས་མྱོང། དེ་བས་གང་ཐད་ནས་མི་འགྲིག་རྒྱུ་མི་འདུག་བསམ་་་་

  19. གནམ says:
    2014-02-03 at 8:40 am

    ངས་ནི་རྨྱི་ལམ་གྱི་ཞིང་ནས། སྨོན་ལམ་ཞིག་བརྒྱབས་བསྡད་པ་ལས། ངའི་རྨྱི་ལམ་ངོན་གྱུར་བྱུང་སོང་བསམ་པའི་ཨ་བོ་ཞིག་མ་རིག་ཐལ། གཅིག་བྱས་ན་ཚང་མ་བསྲེགས་ཚར་བའམ། ཡང་ན་ང་བརྒྱད་ལོར་བསད་ཚར་བ་ཡིན་རྒྱུ་རེད།
    གང་ལྟར་མེད་པ་ལས་ཡོད་ན་དགའ་ཙང་། བཙན་བྱོལ་སྤྱི་ཚོགས་སུ། འདས་ཕྱིན་པའི་ཤི་བོ་ཚོ་དང་། བཞུགས་ཡོད་པའི་སྐྱེས་ཆེན་དམ་པ་ཚོའི་མདུན་དུ། མངོན་སུམ་ཚད་མེད་ལ་སྨྱོ་སྤྱོད་འཁྲབ་མེད་ནི་ཞིག་ཡིན་ན། ཨོ་ཟིག་མིན་འགྲོ་བསམ་པ་ཡིན། དེ་ལས་ལྷག་པའི་ཨ་མའི་བུ་ཞིག་ཡོད་མདོག་ཁ་བོ་མ་རེད། བོད་ལས་ངན་རེད། བུ་དབའ་མེད་རེད། ད་ཅི་བྱེད།

  20. མེ་ཐབ། says:
    2014-02-03 at 10:06 am

    མདོ་སྨད་ཚང་ཞེས་པ་དེ་ཁྱེད་དང་འུ་གཉིས་ཀྱིས་རྩོད་དགོས་པ་ཞིག་མ་རེད་མོད་འོན་ཀྱང་ཁྱི་ཕྲུག་བཀྲ་ཤིས་ཟེར་བའི་མིང་རྫུན་འོག་ཆོལ་ཁའི་ནང་དབྱེན་དཀྲུག་བྱེད་པ་འདི་རིགས་རྩ་མེད་ལ་བཏང་འདོད་འདུག། ཡང་མིན་ན་ཁྱེད་རང་རྡོ་རྗེ་གྲགས་ལྡན་དང་དེ་མིན་རྒྱ་གུང་ཁྲན་རྒྱུགས་ཁྱི་ཡིན་པ་འདྲ། སྤྱིར་བོད་མདོ་སྨད་ལ་མཚོན་ན་ཤེས་བྱ་གསུམ་ལྡན་གྱིས་སྐྱེས་བུ་མོ་འཚར་ལོངས་བྱུང་དང་འབྱུང་བཞིན་པ་རེད། དེའི་བསྟོད་ར་འཐེན་དགོས་པ་ཞིག་མ་རེད་གསེར་ས་ན་ཡོད་ན་འོད་གནམ་ལ་ཁྱབ་ཞེས་པའི་དཔེ་དེ་དང་གཅིག་མཚུངས་རེད། མི་ཤེས་ན་ང་ལ་བྲིས་མ་གོ་ན་ང་ལ་ཉོན་གོ་སོ་འམ།

  21. བསོད་ནམས། says:
    2014-02-03 at 10:22 am

    ཨ་རིག་ལགས། མགོ་ལོག་ཚངས་དབྱངས་དང་ཁྱེད་གཉིས་འདི་ལྷོ་ཕྱོགས་་སྒོ་མང་གྲྭ་ཚང་ལ་ཡོང་ནས་ཁུངས་མ་འཁྱོལ་རྡ་སའི་སྤྱི་ཚོགས་་ཀྱི་གད་་སྙིགས་ཤིག་ཆགས་པ་ཡིན་ཐལ། ད་ལྟའི་བར་མཇེ་གཉའ་མའི་ཆང་ས་དྲ་བ་་ཚུགས་ནས་ཉམས་མྱོང་དེ་སྤྱི་འཐུས་ལ་འགྲོ་འདོད་ཀྱི་རྨི་ལམ་དེ་ཡ་མཚན་རེད་ད།

  22. བསམ་ཤེས། says:
    2014-02-03 at 11:47 am

    ངས་བལྟས་ན། མདོ་སྨད་ཀྱི་སྤྱི་འཐུས་ཀྱི་བགྲོ་གླེང་དེ་ད་བར་སྤྱི་འཐུས་པ་ཚོའི་ནང་ནས་ལེགས་ཤོས་བྱུང་སོང་། བསྟོད་བསྔགས་འབུལ་རྒྱུ་ཡིན། དངོས་གནས་དམངས་གཙོའི་ཐོབ་ཐང་ལེགས་པར་བེད་སྤྱོད་བཏང་སོང་། ད་དུང་མུ་མཐུད་གསུངས་རོགས། མདོ་སྨད་པ་ཚོར་བཀྲ་ཤིས་བདེ་ལེགས་དང་སྤྱི་འཐུས་ཀྱི་འོས་མི་ལེགས་པོ་ཞིག་བདམ་ཐུབ་པའི་རེ་བ་ཡོད།

    ངས་བལྟས་ན། ཤར་ཁུག་དང་ཚངས་དབྱངས། དེ་བཞིན་ཀླུ་བྱམས་སོགས་ཚང་མ་ལངས་ནས་མུ་མཐུད་རང་རང་སོ་སོའི་ལྟ་བ་དང་ལངས་ཕྱོགས་བཤད་ན་བོད་སྤྱི་ལ་ཕན།

    གོང་ལ་མེ་དཀར་སོགས་ཀྱི་བསམ་ཚུལ་ལྟར། གོང་ས་མཆོག་གི་བཀའ་སྲུང་ཅི་སྒྲུབ་ཞུ་རྒྱུ་ཡིན་ཟེར་བ་འདི་ང་ལ་ཡང་ཅུང་བདེ་པོ་མིན་འདུག རྒྱུ་མཚན་ནི། གོང་ས་མཆོག་གིས་བོད་མི་དམངས་ཀྱིས་འགན་འཁུར་ནས་རང་དོན་རང་གཅེས་བྱེད་དགོས། རྒྱུ་མཚན་འདི་ཡི་ཕྱིར་ཁོང་ཆབ་སྲིད་ལས་བབས་ནས་འགན་མི་དམངས་ལ་སྤྲད་པ་ཡིན་གསུངས་པས། ད་གོང་ས་མཆོག་གི་བཀའ་སྒུག་མ་བསྡད་པར། རང་རང་གི་རྣམ་དཔྱོད་འདོན་པའི་དུས་ཚོད་རེད། བཀའ་སྲུང་ཅི་སྒྲུབ་ཞུ་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད།

    དེས་ན། འོས་མི་ཚོས། རང་གི་ལངས་ཕྱོགས་དང་མ་འོངས་པ་ན་བྱ་བ་གང་སྒྲུབ་རྒྱུ་ཡིན་པའི་སྐོར་ལ་འཆར་གཞི་གསུངས་རོགས།

    ངའི་ལྟ་ཚུལ་ལ། བོད་ཀྱི་སྤྱི་འཐུས་པ་བྱུང་བའི་ནང་ནས་གཟི་རྗིད་དང་བྱས་རྗེས་ཆེ་ཤོས། ལོ་རྒྱུས་སྟེང་བྱུང་མ་མྱོང་བ་དེ་དབྱིན་ཇིའི་བོད་ཀྱི་ཐེབས་རྩའི་འགན་འཛིན་ཕུན་ཚོགས་དབང་རྒྱལ་ལགས་བྱུང་སོང་། ཁོང་སྤྱི་འཐུས་ལ་ལངས་སྐབས་དམིགས་ཡུལ་གཅིག་རེད། དེ་ནི། གོང་ས་མཆོག་ལ་སི་ཀྲན་སི་སྦག་གི་གྲོས་འཆར་དེ་ཕྱིར་འཐེན་གནང་རོགས་ཞུ་རྒྱུ་དེ་ཡིན་ཞེས་ལངས་ནས། ཁོང་ལ་ཡོ་རོབ་ཀྱི་སྤྱི་འཐུས་ཐོབ་ནས། ལོ་གསུམ་གྱི་ནང་ལ་གོང་ས་མཆོག་གིས་གྲོས་འཆར་དེ་ཕྱིར་འཐེན་གནང་སོང་། ཁོང་གི་ངོས་ནས་བལྟས་ན་དེ་དམིགས་ཡུལ་བསྒྲུབས་པ་རེད། དེ་ལྟ་བུའི་ལག་ལེན་བསྟར་ཐུབ་པའི་དམིགས་ཡུལ་གཅིག་ཟིན་ན། ངོ་མ་ཨ་མའི་བུ་རེད།

    ད་ཚངས་དབྱངས་ཀྱི་དམིགས་ཡུལ་གཅིག་པུ་དེ་གང་ཡིན་ནམ། ཤར་ཁུག་ལ་ཡང་འདྲི་བ་འདི་རང་ཡིན།

  23. དབྱངས་ཅན་འབངས says:
    2014-02-03 at 2:15 pm

    ཚངས་དབྱངས་པའི་དམིགས་ཡུལ་དྲུག

    ༡༽ རྒྱ་གཞུང་གིས་དོན་དངོས་སྦས་སྐུང་གི་འཁྱོག་བརྗོད་དང་། སྐུར་འདེབས་ཁག་གཡོགས་སོགས་ལ་དུས་ལྟར་དྲང་བདེན་གྱིས་ལན་འདེབས་བྱེད་རྒྱུ། 

    ༢༽ རྒྱ་མི་རིགས་ལ་བོད་མིའི་གནས་སྟངས་དང་། དབུ་མའི་ལམ་དང་བོད་མིའི་སྒྲིག་འཛུགས་ཀྱི་དོན་དངོས་དགོས་མཁོ་ཁག་དུས་ནས་དུས་སུ་གསལ་བཤད་བྱེད་འདོད། 

    ༣༽ ས་གནས་མང་ཚོགས་ཀྱི་གནས་སྟངས་དང་དཀའ་ངལ་རིགས་བཀའ་ཤག་དང་གྲོས་ཚོགས་ལ་འབུལ་རྒྱུ་སོགས་ཤུགས་སྣོན་རྒྱག་རྒྱུར་འབད་བརྩོན་ཞུ་འཆར་ཡིན། 

    ༤༽ ད་ལྟའི་བཀའ་ཤག་གིས་གཞིས་ལུས་བོད་མིའི་གནས་སྟངས་ལ་དཔག་པའི་སྲིད་བྱུས་འཛིན་སྟངས་དང་། ལས་འགུལ་སྤེལ་སྟངས་སོགས་དོན་སྨིན་འབྱུང་བར་ཤུགས་སྣོན་དང་འབད་བརྩོན་བྱ་རྒྱུའི་ཆོད་སེམས་ཡོད།
     
    ༥༽ ད་ལྟའི་བཀའ་ཤག་གིས་འཛིན་སྐྱོང་གནང་སྟངས་སྐོར་ལ་གནད་དུ་བཟུང་ནས་ཞིབ་འཇུག་དང་། དོགས་སློང་བྱ་དགོས་ས་ཤིན་ཏུ་མང་བར་འདོད་ཡོད། དཔེར་ན། ཤེས་ཡོན་སྲིད་བྱུས་སྐོར་རེད། འདི་རིགས་ལ་བསྐྱར་ཞིབ་དང་དོགས་སློང་གི་སྒོ་ནས་འཕེལ་རྒྱས་མཐའ་དག་གི་རྩ་བ་ཤེས་ཡོན་སྲིད་བྱུས་ལ་དངོས་འབེབས་བྱེད་ཆེད་རང་ནུས་རྩལ་སྤྲུགས་བྱ་རྒྱུའི་འདུན་པ་བཅངས་ཡོད། 

    ༦༽ མི་རིགས་འདིའི་སྲོག་རྩ་བོད་ཀྱི་སྐད་ཡིག་གི་ཉམ་ཉེས་ལ་མེར་བསྲེགས་མེར་གཏུགས་ཀྱི་འབད་རྩོལ་བསྟེན་རྒྱུའི་འཆར་སྣང་བཅངས་ཡོད།

    ང་སྤྱི་འཐུས་འོས་གཞིར་ལངས་དོན་འདི་ཡིན། ཞེས་པ་ནས་བཏུས།

  24. བོད་ཁམས་སྡེ་ says:
    2014-02-03 at 3:09 pm

    དེང་སང་དྲ་རྒྱ་དང་བསྐད་འཕྲིན་ཚང་མའི་ནང་དུ་སྤྱི་སྒེར་ཚང་མས་འབྱུང་གྱུར་མདོ་སྨད་སྤྱི་འཐུས་ཀྱི་བསྐོར་ལ་བགྲོ་གླེང་གཅིག་པོར་མ་རྟོགས་ ད་ལྟའི་དཀའ་ངལ་འདི་བཟོ་མཁན་བསྐོར་ལ་ནི་འཇམ་ཆ་གེ་རེད་འདུག་ སྤྱི་འཐུས་སྒྲོལ་དཀར་ལྷ་མོར་དགོང་པ་མ་ཞུས་སྔོན་དུ་སྤྱི་དངུལ་ཟས་རབས་ཀྱི་བསྐད་ཆ་རབ་རིབ་ཞིག་ལས་མ་གོ་ སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་དུས་ཡུན་རྫོགས་ལ་ཉེ་བའི་སྐབས་འདིར་སྒྲོལ་དཀར་ལྷ་མོའི་ང་ཚོ་གཞིས་ལུས་བོད་མི་ཡོངས་ཀྱི་དཀའ་སྡུགས་དང་སྐྱབས་བཅོལ་བོད་མི་ཚོའི་གནས་སྟོང་ལ་གཟིག་ཙམ་ཡང་མ་གནང་པ་དེ་དངོས་གནས་བློ་འཕམ་རེད་ དོན་མེད་ཧིན་སྒོ་ས་ཡ་གཉིས་ཙམ་འགྲོ་སོང་གཏོང་བཅུག་པ་དེ་འོས་ཞིང་ཚམས་པ་ཞིག་བརྟན་ནས་མ་མཐོང་ མ་ཟད་དགོང་པ་ཞུས་པ་དེ་ལ་བརྟན་བརྟན་དོག་པ་ཡོད། སྔོན་མ་མདོ་སྟོད་སྤྱི་འཐུས་ཞིག་ལ་གནམ་གྲུའི་འགྲོ་སོང་ཙམ་ལ་ང་ཚོའི་གྲོས་ཚོགས་འདི་སྒོ་མ་རྒྱག་ཙམ་བྱེད་སོང་ དེ་འདྲ་བྱེད་ན་དྲོང་པོ་མ་རེད་།།

  25. ཆབ་བྲག་ལྷ་མོ་སྐྱབས། says:
    2014-02-04 at 7:53 am

    ” ངས་བལྟས་ན། ཤར་ཁུག་དང་ཚངས་དབྱངས། དེ་བཞིན་ཀླུ་བྱམས་སོགས་ཚང་མ་ལངས་ནས་མུ་མཐུད་རང་རང་སོ་སོའི་ལྟ་བ་དང་ལངས་ཕྱོགས་བཤད་ན་བོད་སྤྱི་ལ་ཕན།”བསམ་ཤེས་པའི་སྐད་ཆ་རང་རེད།

  26. གཡུ་ཐོག་བུ། says:
    2014-02-05 at 9:03 am

    སྨྲ་བརྗོད་མང་ན་བསམ་བློ་མང་།
    བསམ་བློ་མང་ན་རིག་པ་མང་།
    རིག་པ་མང་ན་རྟོག་དཔྱོད་མང་།
    རྟོག་དཔྱོད་མང་ན་རྒྱང་འབོད་མང་།
    རྒྱང་འབོད་མང་ན་ལས་དོན་མང་།
    ལས་དོན་མང་ན་ཕན་གནོད་མང་།
    ཕན་གནོད་མང་ན་ཚོར་བ་མང་།
    ཚོར་བ་མང་ན་སྨྲ་བརྗོད་མང་།
    མང་པོའི་རྟེན་འབྲེལ་དེ་ལྟར་འཁོར།
    འཁོར་བའི་རྩ་བ་རང་དབང་རེད།

  27. རང་དབང་། says:
    2014-02-06 at 12:19 pm

    ངས་བསམ་ཚུལ་ལ། ཤེས་ཡོན་དང་གཙོ་བོ་ལྷག་བསམ་སྙིང་སྟོབས་བསྟུན་ཤེས་ལང་ཕྱོགས་བརྟན་པོ་དགོས་ཀྱིན་འདུག དེས་ན་མགོ་ལོག་པ་ཚངས་དབྱངས་རྒྱ་མཚོ་དང་། བཀྲ་ཤིས་དོན་འགྲུབ། སྤྲོ་ཚིག་ཆོས་གྲགས་གསུམ་ལེགས་ཤོས་སུ་མཐོང་ཡོད། ཤར་ཕྱོགས་ཁུག་ལྟ་དང་ཀླུ་མཁར་བྱམས་གཉིས་ཚང་མས་ཤེས་གསལ་རེད། ལང་ཕྱོགས་དང་ད་སྔོན་གྱི་གནས་ཚུལ་བྱུང་དག་རེད། དེང་སྐབས་སུ་ཆབ་སྲིད་ཀྱི་ལང་ཕྱོགས་ལ་བསམ་ན་མགོ་ལོག་པ་་ཚངས་དབྱངས་རྒྱ་མཚོ་དེ་གསུམ་གྱི་ནང་ནས་ལེགས་ཤོས་སུ་གྱུར་ཡོད།
    ད་ལྟའི་ཆབ་སྲིད་ལང་ཕྱོགས་ཞེས་པ་འདི་ལ་ཕྱོགས་མང་པོ་ལ་བསམ་གཞིག་བྱེད་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme