Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁས་དབང་མང་ལ་མཁས་པ་དཀོན།

Posted on 2019-08-232019-08-23 By ཁ་བརྡ 16 Comments on མཁས་དབང་མང་ལ་མཁས་པ་དཀོན།

འབྲིང་བ་འཇིགས་མེད་ཀྱིས།

༄༅།། མཁས་དབང་མང་ལ་མཁས་པ་དཀོན་ཞེས་པའི་འགལ་འདུ་ཅན་གྱི་ཚིག་འདི་ནི་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་དང་འབྲེལ་བའི་སྐོར་གླེང་སྐབས་རྗོད་བཞིན་པའི་ཚིག་ཅིག་ཡིན་ཞིང་། འདིས་ནི་སྤྱི་ཚོགས་འདིའི་ནང་ད་སྐབས་མཁས་དབང་ཞེས་འབོད་བཞིན་པ་མང་ནའང་ཞིབ་ཏུ་གཟིགས་ཚེ་མཁས་དབང་ཕར་ཞོག་མཁས་པའང་ཤིན་ཏུ་དཀོན་པའི་གནས་སྟངས་ཤིག་ཆགས་ཡོད་པ་དེ་གསལ་སྟོན་བྱེད་བཞིན་ཡོད། དུས་རབས་གསར་པའི་ནང་བོད་ཕྱི་ནང་གཉིས་ཀར་སྔ་མོའི་དུས་སྐབས་ལྟ་བུའི་མཁས་པ་ཚད་ལྡན་འབྱོན་ཐུབ་ཀྱི་མེད་ཚུལ་ཡོངས་གྲགས་སུ་གསུང་བཞིན་པ་ལྟར་དེའི་རྒྱུ་རྐྱེན་ཅི་ཡིན་སྐོར་བགྲོ་གླེང་བྱེད་རྒྱུ་གལ་ཆེ་ནའང་འདིར་དེའི་སྐོར་རེ་ཞིག་བཞག་ནས། བཙན་བྱོལ་ནང་གི་མཁས་དབང་མང་ལ་མཁས་པ་དཀོན་པའི་གནས་སྟངས་འདིའི་ངོ་ཐོག་གི་སྐྱོན་གནད་ཙམ་གླེང་བར་བྱ།

དེའང་མཁས་དབང་ཞེས་པ་ནི་མཁས་པའི་དབང་པོ་ཞེས་པའི་བསྡུས་ཚིག་ཡིན་པ་ལྟར། མཁས་པའི་ནང་ནས་ཀྱང་མཁས་པ་སྟེ་མཁས་པ་བྱིངས་ལས་ཁྱད་དུ་འཕགས་པའི་མཁས་པ་ཆེན་པོའམ་མཁས་པའི་གཙུག་རྒྱན་ཞིག་ཡིན་ཚེ་དེ་ལ་མཁས་དབང་ཞེས་ཞུ་བས། མཁས་དབང་ཡིན་པ་ལ་སྔོན་དུ་མཁས་པའི་གྲས་སུ་སླེབས་པ་ཞིག་ངེས་པར་དགོས་ནའང་། ད་ལྟ་བཙན་བྱོལ་ཁྲོད་དུ་མཁས་དབང་ཞེས་འབོད་བཞིན་པ་དེ་དག་ནི་རེ་ཟུང་ཙམ་མ་གཏོགས་ཐམས་ཅད་མཁས་དབང་ཕར་ཟད་མཁས་པའི་གྲས་སུའང་སླེབས་མེད་པ་ཤ་སྟག་ལ་བརྟེན་འགལ་འདུའི་གནས་སྟངས་འདི་བྱུང་ཞིང་། འདི་ནི་བསྟོད་མི་ཤེས་པས་བསྟོད་པ་ཞིག་དང་། མཁས་པ་དང་མཁས་དབང་ཞེས་པའི་མཚན་འདི་ཅི་འདྲ་ཞིག་ལ་སྦྱོར་རུང་མིན་མ་ཤེས་པའམ་ཤེས་བཞིན་དུ་སྣང་མེད་ཅི་འདོད་དུ་སྦྱར་བའི་སྐྱོན་ལས་བྱུང་བ་ཞིག་ཡིན་པར་མཐོང་། དེས་ན་འདིར་མཁས་པ་དང་མཁས་དབང་གི་དོན་དང་ཁྱད་ཆོས་རགས་ཙམ་སྨོས་ན།

དང་པོ། མཁས་པའམ་མཁས་དབང་ཞེས་པའི་མཚན་དོན།

ས་སྐྱ་པཎྜི་ཏའི་མཁས་འཇུག་ལས། ”མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་རྟོགས་པ་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པ་ཡིན། །མཁས་པ་ཞེས་བྱ་བ་གང་ཡིན་ཞེ་ན། ཤེས་བྱ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཤེས་པ་ཡིན་ལ། གཞན་ཡང་བྱེ་བྲག་གང་བསླབས་པ་ཤེས་པ་དེ་ལའང་དེ་ཉིད་ལ་མཁས་པ་ཞེས་བྱ་བའི་མིང་ཐོབ་བོ། །” ཞེས་གསུངས་པ་ལྟར། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སོགས་ཤེས་བྱའི་གནས་ཀུན་ཕྱིན་ཅི་མ་ལོག་པར་ཤེས་པའི་ཤེས་ཡོན་ཀུན་ལྡན་ཞིག་ལ་མཁས་པ་ཞེས་བྱ་སྟེ། འདི་ནི་དོན་གྱིས་མཁས་པ་ཆེན་པོའམ་མཁས་དབང་གི་དོན་ཡིན་(དེ་ལྟར་ཡིན་པ་རྒྱལ་དབང་ལྔ་པའི་རྩིས་དཀར་ནག་གི་དྲིས་ལན་ལས་གསུངས་པ་དང་མཐུན་པ་འོག་ཏུ་འབྱུང་།)ཞིང་། ཤེས་བྱའི་གནས་ཀུན་ལ་མཁས་པ་མིན་པར་ཤེས་བྱའི་གནས་བྱེ་བྲག་པ་ཞིག་ལ་མཁས་པ་ཡིན་ཚེ་ཤེས་བྱའི་གནས་དེ་ཉིད་ལ་མཁས་པ་ཞེས་བྱེ་བྲག་གི་མཁས་པའི་མིང་ཐོབ་སྟེ། དཔེར་ན། སྙན་ངག་ལ་མཁས་པ་ཞིག་ཡིན་ཚེ་སྙན་ངག་མཁས་པའམ་སྙན་ངག་སྨྲ་བ། གསོ་དཔྱད་ལ་མཁས་པ་ཞིག་ཡིན་ཚེ་སྨན་པའམ་གསོ་རིག་མཁས་པ། དེ་བཞིན་ཕར་ཕྱིན་ལ་མཁས་པ། སྔགས་ལ་མཁས་པ། རི་མོ་ལ་མཁས་པ་སོགས་དང་། ཡང་ན། ལོ་རྒྱུས་མཁས་ཅན། ཆབ་སྲིད་མཁས་ཅན། ཁྲིམས་ལུགས་མཁས་ཅན་སོགས་ལྟ་བུ་སྟེ། མཁས་བྱའི་གནས་བྱེ་བྲག་པ་གང་ཡིན་དེ་དང་དེ་ལ་སྦྱར་ནས་མཁས་པ་ཞེས་འབོད་འོས། དེས་ན་ཤེས་བྱའི་གནས་བྱེ་བྲག་པ་ཞིག་ལ་མཁས་པ་དང་ཤེས་བྱའི་གནས་ཐམས་ཅད་ལ་མཁས་པ་གཉིས་ཀྱི་ཡོན་ཚད་ལ་ཧེ་བག་ཆེན་པོ་ཡོད་པ་ལྟར་མཚན་འབོད་ཞུ་སྟངས་ཀྱང་མི་འདྲ་ཞིང་། སྤྱིར་མཁས་དབང་ཞེས་བརྗོད་པའི་ཚེ་ཤེས་བྱའི་གནས་ཐམས་ཅད་ལ་མཁས་པ་ཞིག་ཡིན་དགོས་པ་ནི་ས་པཎ་གྱི་གསུང་དེས་ཤེས་ནུས་སོ། །

གཉིས་པ། མཁས་པའི་བསླབ་བྱའམ་སྦྱང་བྱ།

དེའང་མཁས་འཇུག་ལས། ”མཁས་པ་དེས་བསླབ་པར་བྱ་བའི་ཡུལ་ནི་རིག་པའི་གནས་ལྔ་སྟེ། དེ་ཡུལ་བརྡ་སྤྲོད་རྟོག་གེ་དང་། །གསོ་བ་ཕྱི་ནང་རིག་ཅེས་གསུངས། །བརྡ་སྤྲོད་པ་སྒྲ་དང་། རྟོག་གེ་ཚད་མ་དང་། ཕྱི་རོལ་རིག་པའི་བཟོ་དང་། ནང་རིག་པ་ལུང་གི་ཆོས་དང་། གསོ་བ་རིག་པ་སྨན་དཔྱད་དོ། །” ཞེས་གསུངས་པ་ལྟར། རིག་གནས་ཆེ་བ་ལྔ་དང་། དེའི་ཤུགས་ལ་སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་ཏེ་རིག་གནས་ཆུང་བ་ལྔའང་འདུ་ཞིང་། དེ་བཞིན་རིག་པའི་གནས་བཅོ་བརྒྱད་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི་སོགས་དང་། དེང་དུས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། ཁྲིམས་ལུགས། ཚན་རིག་སོགས་ཤེས་བྱའི་གནས་གང་ཞིག་ཡིན་ཀྱང་བསྡུ་ན་རིག་པའི་གནས་ཆེ་བ་ལྔའི་ནང་དུ་འདུ་སྟེ། མཁས་འཇུག་ལས། ”གཞན་ལས་གཞན་དག་རྣམ་བཤད་པ། །འདི་ཡི་ནང་དུ་འདུས་ཤེས་བྱ། །” ཞེས་གསུངས་ལ། དེ་ཐམས་ཅད་ཀྱང་བསྡུ་ན་བཟོ་རིག་པའི་ཁོངས་སུ་འདུ་སྟེ། ”ཉུང་ངུར་བྱེད་ཚེ་རིག་གནས་ཐམས་ཅད་བཟོ་རིག་པའི་ཁོངས་སུ་བསྡུ་ནུས་ཏེ། བཟོ་རིག་པ་ལ་ལུས་བཟོ་ངག་བཟོ་ཡིད་ཀྱི་བཟོ་དང་གསུམ་དུ་བཤད་པའི་ཕྱིར།” ཞེས་རྒྱལ་དབང་ལྔ་པའི་རྩིས་དཀར་ནག་གི་དྲིས་ལན་ལས་གསུངས་པ་ལྟར་རོ། །

གསུམ་པ། མཁས་པའི་མཚན་གྱི་རྣམ་གྲངས།

མངོན་བརྗོད་མཁས་པའི་རྣ་རྒྱན་ལས། ”རིག་ལྡན་རྣམ་གསལ་རིག་པ་ཅན། །བློ་ལྡན་སེམས་ཤེས་ཉེས་པ་ཤེས། །གྲངས་ཅན་མཛངས་པ་སྙན་ངག་མཁན། །ཤེས་རབ་ཅན་དང་དམ་པ་དང་། །རིག་པའི་དཔའ་བོ་གོ་བ་ཅན། །ཀུན་རིག་བརྟན་པོ་སེམས་ཤེས་པ། །ཐོས་ལྡན་སྤྱོད་(དཔྱོད་)ལྡན་རྣམ་པར་དྭངས། །རིང་དུ་མཐོང་དང་གྲགས་པ་ཐོབ། །གསལ་བའི་སྒོ་དང་དུས་ཡིག་ཅན། །ཀུན་ཤེས་ཤེས་ལྡན་དྲན་པའི་དབང་། །བློ་བཟང་བློ་གྲོས་མིག་ཅན་དང་། །པཎྜི་ཏ་རྣམས་མཁས་པའོ། །” ཞེས་གསུངས་པ་འདི་དག་གིས་ཀྱང་མཁས་པ་ཞེས་པ་ཅི་འདྲ་ཞིག་ཡིན་དགོས་མིན་ཤེས་ཐུབ་སྟེ། མཚན་འདི་དག་གི་སྒྲ་བཤད་ཙམ་གྱིས་གཞལ་ན་དེ་དག་ཡིན་ཚད་མཁས་པ་ཡིན་པའི་ཁྱབ་པ་མེད་ཀྱང་། མཁས་པ་ཡིན་ན་ངེས་པར་འདི་འདྲ་ཞིག་ཡིན་དགོས། ལྷག་པར་དུ་མཁས་པའི་མཚན་ལ་པཎྜི་ཏ་ཞེས་འབོད་པ་འདིས་ནི་ཤེས་ཡོན་སྣ་རེ་ཡོད་པ་ཞིག་ཡིན་ཕྱིན་དེ་ལ་མཁས་པའམ་མཁས་དབང་ཞེས་འུད་བསྟོད་བྱེད་མི་རུང་བ་གསལ་བར་བསྟན་ཡོད་དེ། པཎྜི་ཏ་ཞེས་པ་ནི་ལྔ་རིག་པ་སྟེ་རིག་གནས་ཆེ་བ་ལྔ་ལ་མཁས་པའི་དོན་ནོ། །

བཞི་པ། མཁས་པའི་བྱ་བའམ་མཁས་པ་འཇུག་པའི་སྒོ།

མཁས་པའི་བྱ་བ་རྣམ་གསུམ་ཞེས་གྲགས་པ་ནི། འཆད་རྩོད་རྩོམ་གསུམ་སྟེ། དེ་གསུམ་ལ་མཁས་པ་འཇུག་པའི་སྒོ་གསུམ་ཞེས་ཀྱང་བྱ་ཞིང་། དེ་གསུམ་ལས་ཀྱང་གཙོ་གལ་ཆེ་བ་ནི་རྩོམ་པ་སྟེ། སློབ་དཔོན་ཙནྡྲ་གོ་མིས། ”གང་ཕྱིར་མཁས་པའི་ལས་གསུམ་ལས། །རྩོད་འཆད་ངག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །” ཞེས་གསུངས་པ་ལྟར་མཁས་པ་ཞེས་པ་ནི་འཆད་རྩོད་རྩོམ་གསུམ་སྤྱི་དང་ལྷག་པར་རྩོམ་པའི་བྱ་བ་ལ་གཙོ་བོར་འཇུག་མཁན་ཞིག་ཡིན་དགོས།

ཡང་མཁས་པའི་བྱ་བ་གསུམ་ནི། སྙན་ངག་གི་རྒྱན་ལ་མཁས་པར་བྱ་བ་དང་། མངོན་བརྗོད་ཀྱི་གྲངས་ལ་མཁས་པར་བྱ་བ། སྡེབ་སྦྱོར་གྱི་ཚུལ་ལ་མཁས་པར་བྱ་བ་སྟེ་གསུམ་དང་། མཁས་པ་འཇུག་པའི་གནས་བཅུ་ནི། ཕུང་པོ་ལ་མཁས་པ། ཁམས་ལ་མཁས་པ། སྐྱེ་མཆེད་ལ་མཁས་པ། རྟེན་འབྲེལ་ལ་མཁས་པ། གནས་དང་གནས་མ་ཡིན་པ་ལ་མཁས་པ། དབང་པོ་ལ་མཁས་པ། དུས་ལ་མཁས་པ། བདེན་པ་ལ་མཁས་པ། ཐེག་པ་ལ་མཁས་པ། འདུས་བྱས་དང་འདུས་མ་བྱས་ལ་མཁས་པ་སྟེ་བཅུ་ཞེས་གསུངས་པ་སོགས་རྣམ་གྲངས་འདྲེན་ཚུལ་གཞན་ཡང་ཡོད་དོ། །

ལྔ་པ། མཁས་པ་དང་མཁས་དབང་།

གོང་སྨོས་ལྟར་མཁས་པ་ནི་རིག་པའི་གནས་བྱེ་བྲག་པ་ཞིག་ལ་མཁས་པའི་མཁས་པ་རྣམས་ཚུད་པའི་མཁས་པ་སྤྱི་ལ་གོ་བ་དང་། མཁས་དབང་ནི་མཁས་པ་ཡིན་ཚད་ལ་གོ་རྒྱུ་མིན་པར་མཁས་པ་ཐམས་ཅད་ལས་གཟེངས་སུ་ཐོན་པའི་མཁས་པའི་དབང་པོ་སྟེ། རིག་པའི་གནས་ཆེ་ཆུང་ཐམས་ཅད་ལ་མཁས་པའི་མཁས་པ་ཆེན་པོ་དག་ལ་གོ་ཞིང་། དེ་ནི་རྒྱ་གར་སྐད་ཀྱི་མཧཱ་པཎྜི་ཏ་ཞེས་པའི་དོན་དང་མཚུངས་པ་སྟེ། རྒྱལ་དབང་ལྔ་པའི་རྩིས་དཀར་ནག་གི་དྲིས་ལན་ལས། ”དེང་སང་རིག་པའི་གནས་ལྔར་ཡོངས་སུ་གྲགས་པ་ལྟར་ན། བཟོ་གསོ་སྒྲ་ཚད་ནང་རིག་ལྔ་པོ་རིག་གནས་ཆེ་བ་ལྔ་ཡིན་པས་འདི་ལྔ་ཤེས་པ་ལ་རྒྱ་གར་འཕགས་པའི་ཡུལ་དུ་མཧཱ་པཎྜི་ཏ་ཞེས་ལྔ་རིག་པ་ཆེན་པོའམ་མཁས་པ་ཆེན་པོར་གྲགས་ལ།” ཞེས་གསུངས་པ་ལྟར་རོ། །

མཁས་དབང་ཞེས་པའི་ཐ་སྙད་ནི་སྔ་མོ་ནས་ཡོད་ནའང་མཁས་པ་དག་གི་མཚན་ཟུར་ལ་དངོས་སུ་སྦྱར་བ་ནི་ཕྱིས་སུ་བྱུང་བ་སྟེ། དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ། མཁས་དབང་ཚེ་ཏན་ཞབས་དྲུང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས། མཁས་དབང་ཟམ་གདོང་རིན་པོ་ཆེ་ཞེས་པ་ལྟ་བུ་དང་། སྔོན་གྱི་ཚེ་ན་མཁས་པའི་དབང་པོ་དག་ལ་པཎྜི་ཏ་དང་པཎ་ཆེན་ཞེས་སྦྱར་བ་མང་སྟེ། དཔེར་ན། ས་སྐྱ་པཎྜི་ཏ། ནེལ་པ་པཎྜི་ཏ། བོ་དོང་པཎ་ཆེན། ས་བཟང་མ་ཏི་པཎ་ཆེན། པཎ་ཆེན་དགེ་འདུན་གྲུབ། པཎ་ཆེན་བསོད་ནམས་གྲགས་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། པཎ་ཆེན་བློ་བཟང་ཆོས་རྒྱན། རྣམ་གླིང་པཎ་ཆེན། ཛ་ཡ་པཎྜི་ཏ། རྡོ་རིང་པཎྜི་ཏ། སི་ཏུ་པཎ་ཆེན། དབལ་མང་པཎྜི་ཏ། ཞྭ་དམར་པཎྜི་ཏ་སོགས་ལྟ་བུ་སྟེ། དེ་དག་ནི་དེང་སང་གི་བསྟོད་ཚུལ་ལྟར་བསྟོད་མི་ཤེས་པས་བསྟོད་པ་ཞིག་མིན་པར་མཚན་བསྟོད་དོན་ལ་གནས་པ་ཤ་སྟག་ཡིན།

ཡང་འགའ་ཤས་ཀྱིས་དབྱིན་སྐད་ཀྱི་ Professor དང་། རྒྱ་སྐད་ཀྱི་ 教授 ལ་བོད་སྐད་དུ་མཁས་དབང་ཞེས་འབྲི་མཁན་ཡོད་ནའང་། དེ་དག་ལ་མཁས་དབང་གི་དོན་ཚང་མིན་ཅི་རིགས་སུ་སྣང་བས། བོད་སྐད་དུ་དགེ་རྒན་ཆེན་མོའམ་གཙུག་ལག་སློབ་དཔོན་ཞེས་ཡོངས་གྲགས་སུ་འབྲི་བཞིན་པ་ལྟར་བྲིས་ན་ལེགས།

དེ་ལྟར་པཎྜི་ཏའམ་མཧཱ་པཎྜི་ཏ་དང་དོན་གཅིག་པའི་མཁས་པའམ་མཁས་དབང་ཞེས་པ་ནི་གོང་གསལ་དོན་དམ་པའི་མཁས་དབང་དེ་འདྲ་བ་དག་ལ་སྦྱར་འོས་པ་ཞིག་ཡིན་པ་ལས། ཤེས་ཡོན་ཕྲན་བུ་རེ་ཡོད་པ་ཙམ་ལ་མཁས་པ་དང་མཁས་དབང་ཞེས་པའི་མཚན་འདི་སྦྱར་མི་འོས་ཏེ། གཞན་དུ་ན། མཁས་པ་དང་མཁས་དབང་གི་གོ་འཕང་ནི་ཐོབ་སླའོ་སྙམ་པ་དང་། མཁས་བྱའི་གནས་ནི་ཅུང་ཟད་ཅིག་ལས་མི་སྣང་བས་རྒྱ་ཆུང་ངོ་སྙམ་པའི་ལོག་རྟོག་སྐྱེ་བར་འགྱུར་ཞིང་། དེ་ཉིད་ཡོན་ཏན་སློབ་པ་ལ་ཆོག་ཤེས་བསྟེན་པའི་རྐྱེན་དུའང་གྱུར་ཏེ། མཐར་དོན་དམ་པའི་མཁས་པ་དང་མཁས་དབང་ནི་རྩ་བ་ནས་རྒྱུན་འཆད་པར་འགྱུར་བ་སོགས་ཀྱི་སྐྱོན་མང་དུ་འབྱུང་སྲིད་ལ། ༸གོང་ས་ལྔ་པ་ཆེན་པོས་ཀྱང་། ”རང་ཅག་བོད་ཡུལ་འདིར་མཁས་བླུན་དབྱེ་བ་མེད་པས་རིག་གནས་ཕྱོགས་རེ་ཙམ་ཤེས་པ་ལའང་ཐམས་ཅད་མཁྱེན་པ། ཀུན་མཁྱེན། པཎྜི་ཏ། མཁས་པའི་དབང་པོར་འབོད་པ་ནི། བྱ་བ་འགའ་ལ་མཁས་པ་ཡིས། །གཞན་དག་ཤེས་པའི་ངེས་པ་མེད། །ཆུ་ལས་འོ་མ་འབྱེད་ཤེས་པའི། །ངང་པས་གཟུགས་བརྙན་ཟས་སུ་སྒོམ། །ཞེས་པའི་དོན་ལྟར་རོ། །” ཞེས་རྩིས་དཀར་ནག་གི་དྲིས་ལན་དུ་གསུངས་པས། མཁས་པ་དང་མཁས་དབང་མིན་པ་ལ་མཁས་པ་དང་མཁས་དབང་ཞེས་ནམ་ཡང་འབོད་པར་མི་བྱ་ཞིང་། དེ་བཞིན་དུ་ས་སྐྱ་ལེགས་བཤད་ལས། ”མཁས་པ་རྣམས་ཀྱིས་དཔྱད་པ་ཡི། །ཤེས་བྱ་ཤེས་ན་མཁས་པར་བགྲང་། །བ་ལང་རྒན་གཞོན་དཔྱོད་པ་ལ། །བླུན་པོ་མཁས་ཀྱང་ཡོན་ཏན་མིན། །” ཞེས་གསུངས་པ་ལྟར་བརྡ་སྤྲོད་རྟོག་གེ་སོགས་མཁས་བྱའི་གནས་མ་ཡིན་པ་གཞན་ལ་མཁས་ཀྱང་མཁས་པར་བགྲང་འོས་པ་མ་ཡིན་ནོ། །

འབྲིང་བ་འཇིགས་མེད་ཀྱིས། ༢༠༡༩།༨།༢༢ ལ།

དཔྱད་རྩོམ།

Post navigation

Previous Post: མ་འོངས་པར་བརྡ་འཕྲིན་གྱི་དམག་འཁྲུག་ཅིག་འབྱུང་གི་རེད་དམ།
Next Post: རྒྱ་གར་གློག་བརྙན་གྱི་གླུ་གཞས་ལྔ་ཚན་གཉིས་པ།

Comments (16) on “མཁས་དབང་མང་ལ་མཁས་པ་དཀོན།”

  1. འཇིགས་མེད་བློ་གྲོས། says:
    2019-08-23 at 1:22 am

    རྒན་འཇིགས་མེད་ལགས་ལ་ཐུགས་རྗེ་ཆེ་ཞུ།

    མཁས་དབང་ཞེས་པའི་ཐ་སྙད་མཁས་པའི་མཚན་ཟུར་ལ་སྦྱར་བ་སྔར་ཡང་བྱུང་འདུག དཔེར་ན། འབྲུག་པ་ཀུན་མཁྱེན་གྱི་དངོས་སློབ་སངས་རྒྱས་རྡོ་རྗེར། མཁས་དབང་སངས་རྒྱས་སངས་རྒྱས་རྡོ་རྗེ་ཞེས་པ་ལྟ་བུ།

  2. འཇིགས་མེད་བློ་གྲོས། says:
    2019-08-23 at 1:23 am

    མཁས་དབང་སངས་རྒྱས་རྡོ་རྗེ།

  3. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-23 at 6:09 pm

    སྔོན་བྱོན་མཁས་དབང་སྤྱི་ཚོགས་མེ་ལོང་འདྲ།
    དེང་དུས་མཁས་དབང་སྤྱི་ཚོགས་ཧཧཧཧཧ།

  4. བན་དེ་བ། says:
    2019-08-23 at 11:26 pm

    ”མཁས་པ་རྣམས་ཀྱིས་དཔྱད་པ་ཡི། །ཤེས་བྱ་ཤེས་ན་མཁས་པར་བགྲང་། །བ་ལང་རྒན་གཞོན་དཔྱོད་པ་ལ། །བླུན་པོ་མཁས་ཀྱང་ཡོན་ཏན་མིན། །”
    ལེགས་བཤད་དེ་ཚོ་སྔ་མོའི་སྐད་ཆ་རེད། དེང་སང་བ་ལང་དང་འབུ་གྲོག་མ་བྱ་བྱིའུ་ས་རྡོ་རི་བྲག་ལས་སོགས་ཀྱི་རྣམ་བཞག་ཕྲ་བ་ནས་ཤེས་མཁན་དེ་ཚོར་མཁས་པ་ཟེར། དཔེར་ན། སྲིན་འབུ་ཕྲ་མོ་ལ་ཞིབ་འཇུག་བྱས་ནས་འཛམ་གླིང་གི་མཁས་དབང་ཆེན་པོའི་མིང་ཐོབ་མཁན་ཡོད། དབུ་མ་དང་དྲང་ངེས་སོགས་ལ་མཁས་པ་ལ་འཛམ་གླིང་གི་མཁས་པའི་མིང་ཐོབ་མེད

  5. མྱྀ་ནག། says:
    2019-08-24 at 12:31 am

    དེང་སང་ནི་སྙིགས་མ་ལྔའི་སྐབས་དང་། ལྷག་ཏུ་བཙན་བྱོལ་སྤྱི་ཚོགས་ཏུ་སྙིགས་མ་ལྔ་དར་བའི་རྩེར་སོན་པའི་དུས་ཡིན་ཙང་། ཡིག་ནོར་དང་བརྡ་ནོར། དོན་ནོར་སྤེལ་མཁན་དག་ལ་མཁས་པའི་དབང་བོ་དང་། གྲོས་ཚོགས་ར་བའི་ནང་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་དཀྲོག་གཏམ་དང་། ལོག་བཤད་འབའ་ཤིག་བསྒྲགས་མཁན་ཏག་ལ་མི་རིགས་ཀྱི་དཔའ་བོ་སོགས་སུ་འབོད་པ་ནི་མཐོང་མ་ཁད་དུ་དགོད་བྲོ་ཞིང་། ཞིབ་ཏུ་བསམ་དུས་སྐྱུག་མེར་བའི་སྤྱི་ཚོགས་ཡ་མ་བརླ་ཞིག་ཏུ་གྱུར་ཡོད་པར་ངེས་པ་རྙེད།

  6. འཇིགས་མེད། says:
    2019-08-24 at 8:24 am

    འཇིགས་མེད་བློ་གྲོས་ལགས། དེ་བདེན། ངས་དྲན་མ་སོང་། བཀའ་དྲིན་ཆེ།

  7. འཇིགས་མེད། says:
    2019-08-24 at 9:04 am

    བན་དེ་བ་ལགས། དེ་སྔ་མོའི་སྐད་ཆ་རེད་ཟེར་རྒྱུ་ཡིན་ས་མ་རེད། གཙོ་བོར་རིག་གཞུང་གི་ཁྱད་པར་ཡིན་ས་རེད། ས་པཎ་ད་ལྟ་བཞུགས་ཡོད་པར་ཆ་བཞག་ནའང་། ཁོང་གིས་བ་ལང་དང་འབུ་སྲིན་བྱ་བྱེའུ་སོགས་ཀྱི་སྐོར་ནི་མཁས་པས་བསླབ་པར་བྱ་བའི་ཡུལ་ཞིག་ཏུ་བརྩི་རྒྱུ་མ་རེད་སྙམ། དེ་ནི་ཁོང་རང་ལ་ཤུགས་རྐྱེན་ཟབ་པའི་ནང་པའི་ཆོས་དང་རིག་གཞུང་དེའི་དབང་གིས་ཡིན། རྣམ་འགྲེལ་དུ། འདི་ཡིས་སྲིན་འབུའི་གྲངས་མཁྱེན་པ། །ངེད་ལ་འགར་ཡང་ཉེར་མཁོ་མེད། །ཅེས་གསུངས་ཡོད་པ་མ་ཡིན་ནམ།
    ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། སྲིན་འབུ་ཕྲ་མོར་ཞིབ་འཇུག་བྱེད་མཁན་ལ་མཁས་པའི་མིང་སྤྲོད་མཁན་ཚོས་དབུ་མ་དང་དྲང་ངེས་སོགས་ནི་ཤེས་རྒྱུ་ཕར་ཞོག་གོ་ཐོས་ཙམ་ཡང་ཡོད་རྒྱུ་མ་རེད་སྙམ། གལ་ཏེ་གོ་ཐོས་དང་ཤེས་རྟོགས་ཡག་པོ་ཡོད་ཚེ་དབུ་མ་དང་དྲང་ངེས་སོགས་ལ་མཁས་པ་ལ་འབུ་སྲིན་སྐོར་གྱི་མཁས་པ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཁྱད་དུ་འཕགས་པའི་མཁས་པའི་མིང་ཞིག་སྤྲོད་ངེས་ཡིན་ཞེས་ཀུ་རེ་དང་བཅས།

  8. སྲིན་པོ་རྫ་རྒན says:
    2019-08-24 at 3:01 pm

    རྒན་འཇིགས་མེད་ལགས་ཀྱིས་གནད་འགག་ཅན་ཞིག་གླེང་འདུག ཐུགས་རྗེ་ཆེ། དེང་ན། ཡིག་སྒྱུར་བ་ཙམ་ལ་ལོ་ཙཱ་བ་ཞེས་སྤྱོད་པའང་འདུག དེ་ཡང་ཁྱད་མཚར་ཞིག་ཏུ་མཐོང་།

  9. ལྷག་པ། says:
    2019-08-26 at 4:58 am

    འབྲིང་བ་འཇིགས་མེད་ལགས་ཀྱིས་གནད་དུ་བསྣུན་འདུག ཐུགས་རྗེ་ཆེ། དྲྭ་གྲོགས་ལྷན་རྒྱས་ལ་དྲི་བ་ཞིག་འབུལ་རྒྱུར། སྤྱི་ལོ་ ༡༩༥༩ སྔོན་གྱི་བོད་ཀྱི་ཡིག་ཆའི་ནང་”མཁས་དབང་”ཞེས་པའི་མིང་འདི་གཟིགས་མཁན་ཡོད་ན་གསུངས་རོགས། གུས་པས་ནི། མིང་འདི་གསར་དར་ཞིག་ལ་ངོས་འཛིན་གྱི་ཡོད།

  10. བན་དེ་བ། says:
    2019-08-26 at 9:48 am

    འཇིགས་མེད་ལགས། ཨེཊ་ནད་གཞིའི་སྲིན་འབུ་དང་གློ་ནད་ཀྱི་ནད་འབུ་ཕྲ་མོ་དང་ཉེ་ཆར་ཨེ་ལྦོའི་ནད་འབུ་སོགས་རྩད་ཆོད་མཁན་དེ་ཚོར་མཉམ་འབྲེལ་རྒྱལ་ཚོགས་ནས་མཁས་དབང་སྐད་གྲགས་ཅན་གྱི་མཚན་སྙན་ཕུལ་འདུག་གདའ། རྣམ་འགྲེལ་ལས་ལུང་དྲངས་པར། འབུ་སྲིན་ཕྲ་མོའི་གྲངས་མཁྱེན་པ་ལ་དགོས་པ་མེད་ན། རྣམ་པ་ཐམས་ཅད་མཁྱེན་པ་ལའང་དགོས་པ་མེད་པར་ཐལ། ཡང་ན་རྣམ་མཁྱེན་ཟེར་བ་དེ་ནང་ཆོས་མཁྱེན་པ་ཙམ་ལ་བཞག་པ་རེད་དམ། ཀུ་རྩེད་ཞུས་ཡིན་གདའ། ང་ཚོ་བོད་པས་ནང་ཆོས་དང་འབྲེལ་བ་མེད་ན་དེ་ཙམ་གྱིས་གཙིགས་མཐོང་བརྩི་གི་མ་རེད། བྱས་ཙང་ད་དུང་མི་རབས་ཁ་ཤས་ཞིག་འགོར་སྲིད་པ་རེད།

  11. འཇིགས་མེད། says:
    2019-08-27 at 11:21 am

    བན་དེ་བ་ལགས། ནད་འབུ་ཕྲ་མོར་ཞིབ་འཇུག་བྱེད་པ་ནི་གསོ་བ་རིག་པ་ཡིན་པས་དེ་མཁས་པའི་བསླབ་བྱ་ལོས་ཡིན། ཨེ་ཛི་སོགས་ལ་བོད་སྨན་གྱིས་ཕན་ནུས་ཐོན་བཞིན་ཡོད་པས་བོད་པ་ཚོ་སྔོན་ཐོན་མིན་ནའང་རྗེས་ལུས་ཐེབས་ཡོད་ས་མ་རེད་དོ།
    རྣམ་འགྲེལ་ལས་གསུངས་པ་དེ་ནི་ནང་པས་ཚད་མའི་སྐྱེས་བུ་དང་རིག་པ་འཚོལ་སྟངས་ཤིག་རེད། ཚད་མའི་སྐྱེས་བུ་ནི་འཁོར་བ་འཇུག་ལྡོག་གི་རིམ་པ་མཁྱེན་མཁན་ཞིག་དགོས་པ་ལས་སྲིན་འབུའི་གྲངས་མཁྱེན་པས་ཕན་ཐོགས་མེད་ཚུལ་གསུངས་པ་རེད། འོན་ཀྱང་དེས་རྣམ་མཁྱེན་གྱིས་སྲིན་འབུའི་གྲངས་མི་མཁྱེན་པར་བསྟན་པ་ག་ལ་ཡིན་ཏེ་མ་ཡིན་ནོ། དེ་མིན་ཚུལ་ཡང་དེའི་ཐད་ཀྱི་འགྲེལ་པ་དག་ཏུ་གསལ།

  12. Sonam says:
    2019-08-30 at 7:01 am

    ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་མཁས་དབང་གཅིག་ལས་མེད་པ་དེ་ནི་མཁས་དབང་ཟམ་གདོང་རིན་པོ་ཆེ་ཁོང་ཡིན།

  13. ལྷག་པ། says:
    2019-08-31 at 10:41 pm

    བསོད་ནམས། རྒྱལ་དབང་རིན་པོ་ཆེ། མཁས་དབང་མ་རེད་དམ།

  14. Sonam says:
    2019-09-03 at 12:52 am

    ༸རྒྱལ་དབང་རིན་པོ་ཆེ་མཁས་དབང་ཡིན་དང་ཡིན་བརྗོད་མེད་རེད། ཁོང་སངས་རྒྱས་རེད།

  15. ལྷག་པ། says:
    2019-09-04 at 4:03 am

    ལགས་སོ། བསོད་ནམས་ལགས། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་མཁས་དབང་གཅིག་ལས་མེད་པ་དེ་ནི་མཁས་དབང་ཟམ་གདོང་རིན་པོ་ཆེ་ཁོང་ཡིན། ཞེས་པ་འདི་ཕྱིར་འཐེན་གནང་རོགས།

  16. བློ་སྦྱིན། says:
    2019-11-18 at 12:38 am

    རྒན་མཆོག་ལ་ཞུ་རྒྱུར། སྤྱིར་ལྟོས་བཅས་ཀྱིས་ཞུས་ན། དུས་རབས་དང་བསྟུན་ནས་མཁས་པ་དང་མཁས་དབང་ཟེར་བ་ཇི་འདྲ་ཞིག་ཡིན་སྐོར་གྱི་ངོས་འཛིན་དང་། འདུ་ཤེས། རིན་ཐང་བཅས་འཕེལ་རིམ་སྣ་ཚོགས་ཤིག་རང་བཞིན་གྱིས་ཡོང་གི་ཡོད་པར་འདོད་པ་ནི་གུས་པའི་རྨོངས་ཚུལ་ཙམ་ལགས་པས་ནོར་ཡོད་ན་ཡོ་བསྲང་གནང་རོགས་ཞུ་རྒྱུ་ཡིན།
    ཞར་བྱུང་དུ་གོང་ནས་ལོ་རྒྱུས་མཁས་ཅན། ཁྲིམས་ལུགས་མཁས་ཅན་སོགས་གསུངས་པ་ནི་དེ་དང་དེ་ལ་མཁས་པའི་མཁས་པ་ཅན་ཞེས་པའི་ཚིག་སྡུད་ཡིན་པ་ལས་འོས་གཞན་མེད་པ་ཞིག་ཏུ་གོ་ཞིང་། དེ་ཡིན་ན། དེ་དང་དེ་ལ་མཁས་པ་ཞེས་པའི་བདག་སྒྲ་གཅིག་སྦྱར་ཚར་བའི་སྟེང་དུ་ཅན་ཞེས་བདག་སྒྲ་ཉིས་བརྩེགས་སྦྱར་ན་དེ་ཙམ་བདེ་བོ་མེད་པ་ཞིང་གཤེགས་དམ་པ་མཁས་དབང་དམུ་དགེ་བསམ་གཏན་མཆོག་གི་གསུང་ལས་ཐོས། དཔེར་ན་ཁོང་ལྷ་སར་ཚོགས་འདུར་ཕེབས་སྐབས་ཨ་ཙི། “ མཁས་པ་ཅན། ”ཞེས་གུས་ཞབས་བྱེད་ཀྱིན་འདུག་སྟེ་མཁས་པའི་ཐོག་ལ་ཅན་སྦྱར་བའི་དགོས་པ་ལྷག་པོ་ཅང་མ་མཐོང་བར་གསུངས་ཤིང་། ད་དུང་གཡག་ཚོན་པོ་ལ་ཚོན་པོ་ཅན་ཞེས་སྦྱར་བའང་དེ་དང་འདྲ་བར་གསུངས་སོ།།
    དེས་ན་གོང་གི་ལོ་རྒྱུས་མཁས་ཅན་ཞེས་པ་ལོ་རྒྱུས་ལ་མཁས་པའི་མཁས་པ་ཅན་ཞེས་པའི་སྒྲ་དོན་ཡིན་མིན་དང་། ཡིན་ན་གོང་གསལ་ཀླན་ཀ་དེ་ལ་བཀའ་ལན་ཅི་ཡོད་འགྲེལ་བརྗོད་ཅིག་གནང་རོགས་ཞུ།། བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme