Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁས་དབང་ནམ་མཁའི་ནོར་བུར་མཇལ་བའི་ཟིན་ཐོ།

Posted on 2013-08-29 By ཁ་བརྡ་ 22 Comments on མཁས་དབང་ནམ་མཁའི་ནོར་བུར་མཇལ་བའི་ཟིན་ཐོ།

ཆེས་ཐོག་མའི་གོམས་སྟབས་བཙན་བྱོལ་དུ་སྤོས་ཏེ་མི་རིགས་འདི་ཡི་ཆེད་དུ་ཅི་ཞིག་བྱེད་དགོས་པའི་བསམ་གཞིག་གི་ཁྲོད་ནས་ལྷང་ངེ་རུ་ཐོས་ཡོང་བ་ནི་བཙན་བྱོལ་གྱི་ནོར་བུ་སྤུན་གསུམ་ཟེར་བ་དེ་རེད། ནོར་བུ་སྤུན་གསུམ་ལ་ཐུན་མིན་གྱི་རང་གཤིས་ཤིག་ཡོད་པ་ནི་རང་གི་ལོ་རྒྱུས་རང་ཉིད་ཀྱིས་མཐོང་བའི་གནས་ལུགས་ཤིག་བཤད་རྒྱུ་ཡོད་པ་འདིས་ང་དང་ཧ་ཅང་བར་ཐག་ཉེ་བར་བཟོས། རྒྱུ་མཚན་དེས་ངས་ཁོང་ཚོ་མཇལ་འདོད་པའི་རེ་སེམས་ནན་པོ་ཞིག་སྙིང་ཀར་སྦས་ཏེ་ལོ་མང་སོང་བའི་དེ་རིང་ནམ་མཁའི་ནོར་བུ་རིན་པོ་ཆེ་དང་ཁམ་ཝེད་ཟེར་བའི་ཨ་རི་གྲོང་ཁུལ་ཞིག་ཏུ་མཇལ་རྒྱུ་བྱུང་། དེ་ཡང་སྟབས་ལེགས་སྟེས་དབང་ཞིག་ཏུ་ཁོང་གི་ཚ་མོ་སྨན་པ་ཕུན་ཚོགས་ལགས་ནི་གུས་པའི་གཉེན་ཉེ་ཡང་ཡིན། ཁོང་གི་བོད་སྨན་སློབ་གྲྭ་ནི་གུས་པའི་སློབ་སྦྱོང་བགྱི་ཡུལ་གྱི་གཙུག་ལག་སློབ་གྲྭ་དང་བར་ཐག་ཧ་ཅང་ཉེ་བས་ཁོང་གིས་རྟག་ཏུ་གུས་པར་རོགས་རམ་གནང་བཞིན་ཡོད། ངས་ཁོང་ལ་ནམ་མཁའི་ནོར་བུ་མཇལ་རྒྱུའི་རེ་འདུན་སྔ་ལོ་ནས་ཞུས་ཀྱང་རིན་པོ་ཆེ་ཨི་ཏྲ་ལི་ལ་བཞུགས་ཡོད་སྟབས་གོ་སྐབས་དེ་མ་བྱུང་།

ད་ལན་གུས་པ་སློབ་གྲྭའི་གུང་སེང་དང་བསྟུན་མི་ནི་སོ་ཀྲ་ལ་ཡོད་སྐབས་གློ་བུར་དུ་ཁོང་གིས་རིན་པོ་ཆེ་ཁོམ་ཝེད་དུ་ཕེབས་ནས་རྫོགས་ཆེན་གྱི་བཀའ་ཆོས་གསུངས་རྒྱུ་རེད་འདུག་དུས་ཚོད་ཡོད་ན་ཤོག་དང་མཇལ་ཁ་དང་བཀའ་ཆོས་ཡག་པོ་ཐོབ་ས་རེད་ཟེར་ནས་ཁ་པར་བཏང་བྱུང་། སྐད་ཆ་འདི་ནི་གུས་པ་ལ་བལྟོས་ན་རྨ་བྱས་དབྱར་རྔའི་སྒྲ་ཐོས་ལྟར་ཟེར་བའི་སྲོལ་རྒྱུན་གྱི་དཔེ་བཀོད་དེའི་མཚོན་དོན་ཉག་ཅིག་ཏུ་གྱུར། གནམ་གྲུའི་འཛིན་བྱང་ཉོས་ཏེ་ནེའུ་ཡོག་བརྒྱུད་ནས་ཁོམ་ཝེད་དུ་སོང་། ལམ་བར་གནམ་གྲུ་དང་རླངས་འཁོར་སོགས་ཀྱི་ནང་ནས་རིན་པོ་ཆེ་ལ་བཀའ་འདྲི་ཞུ་རྒྱུའི་གྲ་སྒྲིག་དང་འཆར་གཞི་བཟོས། བདག་གི་བྱང་ཁོག་དྲོན་མོའི་ནང་ནས་བསམ་གཞིག་སྣ་མང་ཁྲོད་རྣམ་རྟོག་གི་ཕུང་པོ་ནི་དྲི་རྟགས་ཁོ་ནས་ཁེངས་སོང་། བོད་ཀྱི་རིག་གཞུང་། བན་བོན་གྱི་རྣམ་གཞག སྡེ་དགེའི་ལོ་རྒྱུས། རྫོགས་ཆེན་གྱི་ཉམས་བཞེས། རྩ་རླུང་གི་འགྲོས། རིན་པོ་ཆེ་སྐུ་སྒེར་གྱི་རྣམ་ཐར། ད་དུང་དེ་དང་དེ་འདྲ་བའི་དྲི་བ་ནི་དབྱར་ཀའི་སྤང་ལས་ཤ་མོང་བརྡོལ་བ་བཞིན་ཇེ་མང་ནས་ཇེ་མང་དུ་གྱུར།

ད་གཟོད་རང་ངོས་ནས་གལ་གནད་ཆེ་བའི་དྲི་བ་གཉིས་ཏེ་སྡེ་དགེའི་ལོ་རྒྱུས་དང་རིན་པོ་ཆེ་སྐུ་སྒེར་གྱི་རྣམ་ཐར་གཉིས་ཆེད་འདེམས་བྱས་ཏེ་དམིགས་བསལ་དེའི་སྐོར་བཀའ་འདྲི་ཞུ་རྒྱུར་གཏན་ཁེལ་བྱས། གུས་པ་དགོང་མོ་ཁོམ་ཝེད་རྩེ་རྒྱལ་སྒར་དུ་འབྱོར་སྐབས་ཕྱི་རྒྱལ་གྱི་མི་སྣ་ཆེས་མང་པོས་བོད་ཀྱི་ཞབས་བྲོ་འཁྲབ་བཞིན་འདུག་ལ་བོད་ཀྱི་ཞབས་བྲོའི་གླུ་དབྱངས་དང་རྡོག་བྲོ་སོགས་ལ་ཧ་ཅང་བྱང་ཆ་ལྡན་པ་མ་ཟད་སྤྲོ་སྣང་ཆེན་པོས་འཁྲབ་ཀྱི་འདུག ཉིན་རྗེས་མའི་ཞོགས་པར་རིན་པོ་ཆེས་རྫོགས་པ་ཆེན་པོ་སྒྲ་ཐལ་འགྱུར་གྱི་རྒྱུད་ཀྱི་ཆོས་ཐུན་བསྩལ་ཟིན་པའི་རྗེས་སུ་དངོས་སུ་སྐུ་མདུན་དུ་བཅར་རྒྱུ་བྱུང་། ཁོང་གིས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་མོལ་དོན་དང་ལྡན་པ་མི་ཚེའི་ལམ་སྟོན་གྱི་རང་བཞིན་ཅན་མང་པོ་གསུངས་པའི་ཞོར་དུ་ངས་རང་གིས་ཆེས་དྲི་བར་འདོད་པའི་སྡེ་དགེའི་ལོ་རྒྱུས་སྐོར་ནས་བཀའ་འདྲི་ཞུས།
རིན་པོ་ཆེ་བཞད་མོ་དང་ལྷན་ངས་སྡེ་དགེ་ཟེར་བ་དེ་ལོ་རྒྱུས་ཐོག་ནས་ཡལ་ཟིན་པ་ཡིན་ས་རེད་སྙམ་ཡང་དེ་རིང་གཅིག་ལྷག་འདུག་གསུངས། ངས་ཀྱང་རིན་པོ་ཆེ་ལ་སྡེ་དགེ་ཕུ་ནུ་གྲོས་ར་གསར་འཛུགས་དང་སྡེ་དགེའི་དྲ་རྒྱའི་སྐོར་སྙན་སེང་ཞུས་པ་དང་ལྷན་རིན་པོ་ཆེ་ཁྱེད་ནི་ལོ་རྒྱུས་རིག་པའི་ཆེད་ལས་མཁས་པ་ཞིག་ཡིན་པར་མ་ཟད་སྐུའི་འཁྲུངས་ཡུལ་ཁམས་སྡེ་དགེ་ཡིན་སྟབས་སྡེ་དགེའི་འདས་པའི་ལོ་རྒྱུས་དང་རྒྱལ་རབས་སོགས་ཀྱི་ཐད་དུ་དམིགས་བསལ་ཅན་གྱི་ལོ་རྒྱུས་ཀྱི་ཤེས་བྱ་དང་དགོངས་ཚུལ་འདྲ་ཡོད་དམ་ཞུས།

རིན་པོ་ཆེས་ལོ་རྒྱུས་ཐོག་ཏུ་སྡེ་དགེ་ནི་ངོ་མ་གཟི་བརྗིད་ཅན་གྱི་བྱུང་རིམ་ཞིག་ཡོད་ལ་དབང་ཐང་ཅན་གྱི་རྒྱལ་བློན་དང་། མཁས་མཛངས་ཅན་གྱི་དབུ་བླ་ཁག་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་སྡེ་དགེ་ཟེར་དུས་རང་གིས་ངོམ་ཆོག་པ་དང་མི་ཡིས་བརྩི་ཆོག་པ་ཞིག་ཡིན། ཡིན་ནའང་ད་ལྟར་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་དང་། ང་རང་ཚོ་སྡེ་དགེ་བའི་མི་རྣམས་ནང་ཁུལ་མ་མཐུན་པའི་ཐོག་བློ་སྟོབས་དང་ཁོག་རྒྱ་མེད་པ། ད་དུང་ཤེས་ཡོན་ལ་དོ་སྣང་མེད་པ་སོགས་ཀྱིས་སྡེ་དགེ་བའི་ཕ་མེས་ཀྱི་རྒྱུན་འཛིན་བྱེད་མ་ཐུབ་པས་ངས་ཆུང་དུས་ནས་གོ་མྱོང་བའི་གླུ་གཞས་ལྷ་ས་མ་ཆགས་ལྷ་ས་ཆགས།། ལྷ་ས་རྒྱ་མཚོའི་སྟེང་དུ་ཆགས།། ཆབ་མདོ་མ་ཆགས་ཆབ་མདོ་ཆགས།། ཆབ་མདོ་ཆུ་གཉིས་བར་དུ་ཆགས།། སྡེ་དགེ་མ་ཆགས་སྡེ་དགེ་ཆགས།། སྡེ་དགེ་སྡེ་གཉིས་བར་དུ་ཆགས།། ཞེས་པའི་ཚིག་ཐ་མ་གཉིས་ཀྱང་ད་ལྟར་ལུང་པ་གཞན་གྱིས་ཁྱེར་ཚར་འདུག ད་ང་ལ་དམིགས་བསལ་སྡེ་དགེའི་ལོ་རྒྱུས་ཞེས་གང་བརྗོད་རྒྱུ་མེད་ཀྱང་ཁྱེད་རང་ཚོ་ལོ་ཆུང་རྣམས་ཀྱིས་བློ་མཐུན་པོ་ཐོག་ནས་ལོ་རྒྱུས་དངོས་གཙོ་གཞི་བཟུང་ནས་ལོ་རྒྱུས་ཀྱི་ཁ་ཕྱོགས་འཚོལ་རྒྱུ་དང་། ཕན་ཐོགས་ཡོད་མེད་བརྟག་ཞིབ་ནན་པོ་མཛད་ནས་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་ལས་དོན་བསྒྲུབ་རྒྱུ་དེ་གལ་ཆེན་པོ་རེད་གསུངས།

དེ་ནས་ཞོར་འཕྲོས་དུ་ཁོང་གིས་བོད་ཀྱི་རིག་གཞུང་དང་བོད་ཀྱི་ལོ་རྒྱུས་ཀྱི་ཁུངས་ནི་བོད་རང་ནས་འཚོལ་དགོས་པ་ལས་གཞན་གྱི་བཤད་སྒྲོས་ཙམ་དང་ཟེར་ལོ་ཙམ་གྱི་རྗེས་སུ་འབྲང་ནས་ལོ་རྒྱུས་དང་རིག་གཞུང་གི་དོན་དངོས་བསྒྲིབས་སོང་ན་ཧ་ཅང་ཕངས་པོ་རེད། རྒྱུ་མཚན་དེས་ཁོ་བོས་ལོ་མང་དཀའ་ངལ་དང་འབད་རྩོལ་ཆེན་པོས་ཨི་ཏྲ་ལིའི་གཙུག་ལག་སློབ་ཆེན་napoliན་པོ་ལི་ནང་དུ་སློབ་དཔོན་དུ་སྐད་བཏང་ཟིན་པའི་རྗེས་སུ་བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་ཤེས་རིག་གི་འཛིན་གྲྭ་ཞིག་འཛུགས་རྒྱུའི་རེ་སྐུལ་ཞུས། འོན་ཏེ་སློབ་གྲྭའི་ངོས་ནས་བོད་ཀྱི་ལོ་རྒྱུས་ཀྱི་བྱུང་རིམ་མང་པོ་ཞིག་ལོ་རྒྱུས་དངོས་གཙོ་དང་མི་མཐུན་ཞིང་གནའ་རབས་རིག་གནས་སུ་བགྲང་རྒྱུའི་ཆ་རྐྱེན་ལྡན་མིན་ཐད་གླེང་སློང་བྱས་སོང་།
བདག་གིས་སྤོབས་པ་ཆེན་པོས་ལོ་རྒྱུས་དངོས་གཙོ་གཞིར་བཟུང་ནས་ཡ་ཐོག་བོད་ཀྱི་ལོ་རྒྱུས་ནི་རྒྱུན་རིང་ལ་ཁུངས་བཙུན་པ་བོད་རང་ནས་བྱུང་བའམ། ཞང་ཞུང་ནས་བྱུང་བའི་ཚུལ་སྒྲུབ་བྱེད་ཀྱི་རིགས་པ་དང་རྩོད་སྒྲུབ་ཀྱི་ལྟ་ཚུལ་ཐོག་ནས་གསལ་བཤད་དང་འགྲེལ་བརྗོད་བྱས། དེའི་རྒྱབ་གཉེར་ལྟ་བུར་བོད་ཀྱི་ལོ་རྒྱུས་གཟི་ཡི་ཕྲེང་བ་དང་ནོར་བུའི་དོལ་ཤལ་གཉིས་གསར་དུ་བརྩམས། དངོས་གཙོ་ལོ་རྒྱུས་ཀྱི་རིན་ཐང་དང་ཁོ་བོས་བཤད་པའི་སྐད་ཆའི་བདེན་དོན་ལ་བརྟེན། ན་པོ་ལི་གཙུག་ལག་སློབ་ཆེན་དུ་བོད་ཀྱི་ལོ་རྒྱུས་ཀྱི་སློབ་ཚན་གསར་དུ་གཏན་འབེབས་བྱས་ཤིང་ལོ་རྒྱུས་ཀྱི་དགེ་རྒན་ཁོ་བོ་རང་ཉིད་ཀྱིས་བྱས་ནས་བོད་ཀྱི་ལོ་རྒྱུས་རིག་པའི་སློབ་ཐོན་གྱི་ལག་ཁྱེར་ཡང་ཐེངས་ཁ་ཤས་སྤྲད་ཟིན། གོང་གི་དེབ་གཟི་ཡི་ཕྲེང་བ་བྲིས་ཟིན་པའི་རྗེས་སུ་དེབ་འདིའི་ཐད་བོད་མཁས་པ་རྣམས་ཀྱིས་དགོངས་ཚུལ་གང་འདྲ་ཡོང་ངམ། དེ་བཞིན་དུ་ནང་བསྟན་རིག་པ་སྨྲ་བ་རྣམས་ཀྱི་ཐུགས་ལ་བབ་མིན་ཅི་འདྲ་ཡོང་སྙམ་ནས་ང་ལ་སེམས་འཚབས་ཆེན་པོ་བྱུང་། འོན་ཏེ་འདི་ཕྱི་གང་གི་ཐད་ནས་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བླང་དོར་གྱི་བཀའ་སློབ་ཞུ་ཡུལ་ནི་༧གོང་ས་ཐམས་ཅད་མཁྱེན་པ་ཉག་ཅིག་ཡིན་སྟབས་གནས་ཚུལ་གང་ཞིག་བྱུང་ཡང་ཁོང་ལ་ངེས་པར་ཞུ་དགོས་སྙམ་ཏེ་པར་ཕུད་ལྟ་བུའི་དེབ་གཅིག་ཕུལ་ཡིན།

ཟླ་ཤས་རྗེས་སུ་༧གོང་ས་ཐམས་ཅད་མཁྱེན་པའི་བཀའ་ཡིག་ཞིག་སྤྱི་བོར་སོན་པས་དེའི་ནང་དུ་ཐུགས་དགྱེས་ཚོར་ཆེན་པོས་བསྟོད་བསྔགས་དང་ལྷན་དེབ་འདི་སྐུ་སྒེར་རང་ནས་སླར་ཡང་སྐྱར་པར་བྱེད་རྒྱུ་ཡིན་ཞེས་གསུངས་འདུག རྗེས་སུ་མི་ཁ་ཤས་ནས་ངའི་དེབ་རྣམས་ལ་བལྟས་ནས་ནམ་མཁའི་ནོར་བུ་བོན་པོ་རེད་ཅེས་གླེང་ཕྱོགས་བཟོས་འདུག ངའི་ངོས་ནས་བན་བོན་གང་ཞིག་རེད་ཅེས་བརྗོད་ཀྱང་ཁྱད་མི་འདུག་གཙོ་བོ་རང་ཉིད་བོད་མི་རིགས་ཀྱི་ལོ་རྒྱུས་དངོས་མ་དང་ཤེས་ཡོན་རྣམ་དག་ལ་དགའ་ཞེན་ཆེན་པོ་བྱེད་མཁན་ཞིག་ཡིན་ལ་མི་ཚེ་འདི་ཡང་གཙོ་བོ་དེའི་ཕྱོགས་སུ་ནུས་ཤུགས་ཕྱུངས་ཡིན། ད་ནི་ལོ་ན་ཡང་རྒས་ཟིན་པས་དམིགས་བསལ་བྱེད་ཐུབ་ཡ་གང་མི་འདུག་ཀྱང་རང་གི་སློབ་མ་རྣམས་ལ་བོད་ཀྱི་ལ་རྒྱ་དང་། ཤེས་རིག་ལ་འབྲེལ་བ་ཡོད་པའི་གླུ་གཞས་ཞབས་བྲོ་རྣམས་ཕྱོགས་བསྡུས་དང་ཕབ་བསྒྱུར་བྱས་ནས་འཁྲབ་ལེན་བྱེད་བཅུག་གི་ཡོད། ད་བར་བོད་གླུ་བརྒྱ་དང་བརྒྱད་ཕྱོགས་བསྡུས་དང་ནང་དོན་དབྱིན་ཡིག་ཐོག་ཏུ་ཡང་ཕབ་བསྒྱུར་བྱས་ཏེ་གོ་དོན་ངོ་སྤྲོད་དང་བོད་རང་གི་ལུགས་སྲོལ་དང་བསྟུན་ནས་འཁྲབ་བཞིན་ཡོད་རེད། གླུ་གཞས་ཚང་མ་བོད་ཀྱི་ལ་རྒྱ་དང་ཤེས་རིག་ལ་འབྲེལ་བ་ཡོད་པ་ཤ་སྟག་ཡིན་ལ་གླུ་འདི་དག་གི་ནང་དོན་གྱིས་བོད་ཀྱི་གནས་སྟངས་གང་འདྲ་ཡིན་པ་མཚོན་གྱི་འདུག

ལ་རྒྱའི་གླུ་མང་ཆེ་བའི་བྱུང་ཡུལ་ནི་ཨ་མདོ་སྤྱི་དང་ཁྱད་པར་མགོ་ལོག་ནས་རེད་འདུག ངས་ཕབ་བཤུས་བྱས་པའི་གླུ་བརྒྱ་དང་བརྒྱད་ལས་གླུ་དྲུག་ཅུ་ཙམ་ནི་མགོ་ལོག་དང་གཞན་རྣམས་ཁམས་དང་ཨ་མདོ་གཞན་ནས་བླངས་པའི་གླུ་རེད། དབུས་གཙང་ཁུལ་ནས་ལ་རྒྱའི་གླུ་ལྔ་དྲུག་ཙམ་ལས་རག་མ་སོང་། གླུ་འདི་དག་བོད་མི་རིགས་ཀྱི་ཁྱད་ཆོས་དང་འབྲེལ་བ་ཡོད་པ་མ་ཟད་ནང་ཆོས་དང་འབྲེལ་བ་ཆགས་འདུག་པས་ཆོས་ཀྱི་བྱ་བ་རུ་འགྲོ་ངེས། དེས་ན་ངས་ཉིན་ལྟར་ཆོས་བཤད་ཟིན་པའི་རྗེས་སུ་སློབ་མ་དག་ལ་ཆུ་ཚོད་ཁ་ཤས་རིང་དུ་གླུ་གཞས་དང་ཞབས་བྲོ་འཁྲབ་བཅུག་གི་ཡོད་པས་ཁོ་རང་ཚོ་སེམས་པ་སྐྱིད་པོ་ཆགས་པ་དང་བོད་ཀྱི་ཤེས་རིག་དང་བོད་པའི་གནས་སྟངས་ཤེས་པའི་རྒྱུ་རྐྱེན་དུ་འགྱུར་གྱིན་འདུག་ཅེས་གསུངས། བཀའ་མོལ་འདི་དག་གསུངས་རིང་དུ་རིན་པོ་ཆེ་ནི་སྐུ་ལྷོད་ལྷོད་ཞལ་འཛུམ་མདངས་བཅས་ཚིག་སྔ་ཕྱི་གོ་རིམ་ཡོད་པ་འབྲེལ་ཆགས་པའི་ཐོག་ནས་ཆུ་རྒྱུགས་རྒྱུགས་རེད། གཞན་རྩ་རླུང་སྐོར་དང་རྫོགས་ཆེན་སྐོར་གྱི་ཟིན་བྲིས་བཏབས་པ་དག་འདིར་བྲིས་མེད།

མི་གསོན་པོ་ནས་ཟིན་བྲིས་བཏབས།

རྩོམ་རིག

Post navigation

Previous Post: བསྟན་འཛིན་ནོར་རྒྱས་ལ་བཅར་འདྲི་ཞིག
Next Post: སྤོ་བོ་ཀ་གནམ་རྒྱལ་པོའི་གདུང་ལས་ཕེབས་པའི་ལྷའི་སྲས་མོ་རུ་གྲགས་པའི་བུ་མོ་"གཡང་སྐྱིད་མ"།

Comments (22) on “མཁས་དབང་ནམ་མཁའི་ནོར་བུར་མཇལ་བའི་ཟིན་ཐོ།”

  1. སྤོབས་པ་མཐའ་ཡས། says:
    2013-08-29 at 6:41 pm

    བོད་ཀྱི་ནོར་བུ་རྣམ་གསུམ་ཟེར་བ་དེ་ནི་བྱེས་གྱར་བོད་མིའི་ནང་གི་ཆབ་སྲིད་ལངས་ཕྱོགས་དང་གླེང་ཕྱོགས་ལ་དཔྱད་གླེང་རྣོན་པོ་བྱེད་མཁན་མི་གསུམ་རེད། དེ་ནི་སྐུའི་གཅེན་པོ་ཐུབ་བསྟན་འཇིགས་མེད་ནོར་བུ་དང་། རྡི་ལི་མཐོ་སློབ་ཀྱི་སློབ་དཔོན་ཟླ་བ་ནོར་བུ། རྩོམ་པ་པོ་གྲགས་ཅན་འཇམ་འབྱངས་ནོར་བུ་གསུམ་རེད་ལགས། དེ་མིན་ནོར་བུའི་མིང་ཐོགས་ཚད་འཇོག་བསམ་ན་རྫོགས་ཆེན་པ་ནམ་མཁའི་ནོར་བུ་བརྩིས་ནས་བཞི་བྱས་ན་ཡང་དགག་བྱ་ཅི་ཡོད་ལགས། རྒྱལ་བ་ཡིད་བཞིན་ནོར་བུ་ཡར་བཞག་ནས་ལྔ་བྱས་ན་ཡང་དེ་ལས་བཟང་། ད་དུང་ཡང་མང་

  2. བན་དེ་བ། says:
    2013-08-29 at 6:42 pm

    མི་གསོན་པོ་ནས་གསོན་དྲི་འཐུལ་བའི་དྲི་བ་དྲིས་ལན་གནང་འདུག་ཐུགས་རྗེ་ཆེ།

  3. ཀླུ་སྨྱོན། says:
    2013-08-29 at 7:31 pm

    ཁོང་མཇལ་འདོད་ཆེན་པོ་ཡོད་ལ་ལྷག་པར་དུ་རྫོགས་པ་ཆེན་པོའི་ཆོས་སྐོར་རེ་ཞུ་དགོས་བསམས་བསྡད་ཡོད་ཀྱང་ད་བར་གོ་སྐབས་བྱུང་མ་སོང་།

  4. མི་གསོན་པོ says:
    2013-08-29 at 7:51 pm

    སྤོབས་པ་ལགས་དགོངས་ཚུལ་གསུངས་པ་བཀའ་དྲིན་ཆེ། ངས་གོ་ཐོས་ལ་ནོར་བུ་སྤུན་གསུམ་ལ་ཐུན་མིན་གྱི་གསར་གཏོད་ཡོད་པའི་ཆ་ནས་འཇོག་པར་བཤད་ལ་ནམ་མཁའི་ནོར་བུས་བོད་ཀྱི་ལོ་རྒྱུས་སྔོན་གྱི་བཤད་སྒྲོས་ལས་བརྒལ་ཏེ་གསར་གཏོད་རྣམ་པ་ཅན་དངོས་གཙོ་གཞིར་བྱས་ནས་བོད་ཀྱི་ལོ་རྒྱུས་བོད་རང་ནས་བྱུང་བའི་ཚུལ་དེ་ཡང་ཞང་ཞུང་ལ་ཁུངས་བཅོལ་ནས་བཤད་ཡོད་སྟབས་བཙན་བྱོལ་གྱི་ནོར་བུ་གསུམ་ནང་དུ་བཞག་པ་རེད་ཟེར་བ་གོ་མྱོང་། གཞན་ཁྱེད་ཀྱིས་གསུངས་པ་ལྟར་ནོར་བུ་བཞི་དང་ལྔ་བཞག་ཀྱང་བོད་པ་ཚང་ལ་ཉུང་བ་ལས་མང་སྐྱོན་དུ་མི་འགྱུར་སྙམ།

  5. རྡོ་རྗེ་བཀྲ་ཤིས་ says:
    2013-08-29 at 8:34 pm

    ངས་སྡེ་དགེ་ཟེར་བ་དེ་ལོ་རྒྱུས་ཐོག་ནས་ཡལ་ཟིན་པ་ཡིན་ས་རེད་སྙམ་ཡང་དེ་རིང་གཅིག་ལྷག་འདུག་གསུངས་པ་ཅི་ཟེར་དགོས་རེད།

  6. སྤོབས་པ་མཐའ་ཡས། says:
    2013-08-29 at 8:37 pm

    རྩོམ་པ་པོ་མི་གསོན་པོ་ལགས། དེ་རང་གི་གོ་ཐོས་བཤད་པ་ཙམ་ལས་ནོར་བུ་རྣམ་གསུམ་གྱི་གྲས་སུ་སུ་འཇོག་མིན་ཐད་ཆགས་སྡང་འདྲ་བསག་གི་མེད། ངས་ནི་འདི་ཡང་རྒྱལ་བ་རིན་པོ་ཆེའི་ཕྱག་མཛུབ་གར་བསྟན་ཤར་རེད་མི་ཟེར་མཁན་གསུམ་ལ་ཆེད་དུ་མིང་དེ་འདྲ་ཞིག་གྲགས་མྱོང་ཟེར་བ་འདྲ་ཞིག་སྔོན་ནས་གོ་ཡོད་ལགས།
    ནམ་མཁའི་ནོར་བུའི་ལོ་རྒྱུས་བཤད་སྟངས་མང་པོ་ཞིག་ལ་ངས་ཡིད་སྨོན་ཤོར་མ་སོང་། གལ་ལྟར་བློ་སྒོ་འབྱེད་བྱེད་དང་བསམ་བློ་གཏོང་གཞི་ཞིག་ཏུ་གྱུར་སོང་བས་ཕན་ཐོགས་ནི་ཧ་ལས་པ་བྱུང་སོང་ལགས། མདོར་ནི་ཁོང་གི་རྩོམ་ཡིག་ཁག་ནི་ངས་མང་པོ་བཀླགས་ཡོད། གང་ལྟར་བཀའ་དྲིན་མི་ཆེ་ལབ་རྒྱུ་ནི་མེད་ལགས། ཁོང་གིས་དེང་སང་བོད་ཀྱི་གླུ་གཞས་ཡན་ཆོད་རྫོགས་ཆེན་ཀྱི་ཆ་ཤས་ལུས་ཀྱི་རྣལ་འབྱོར་གྱིས་གྲས་སུ་བཞག་ནས་ཕྱི་མི་དད་ལྡན་པའི་ཁྲོད་དུ་སྤེལ་བ་ནི་ནི་རྗེས་སུ་ཡི་རང་ཡོད་ལགས།

  7. མི་གསོན་པོ says:
    2013-08-29 at 8:52 pm

    རྡོ་རྗེ་བཀྲ་ཤིས་ལགས། དེ་ཁོང་གི་ང་ལ་སྐུ་རྩེད་ཚུལ་དུ་སྡེ་དགེའི་སྐོར་གླེང་མཁན་མེད་དྲག་པའི་རྐྱེན་གྱིས་དེ་རིང་ངས་དེའི་སྐོར་བཀའ་འདྲི་ཞུས་པ་ལ་གསུངས་ཡིན་ས་རེད་ལགས།

  8. མི་གསོན་པོ says:
    2013-08-29 at 8:56 pm

    སྤོབས་པ་ལགས་ཁྱེད་ཀྱི་གསུངས་པ་བདེན་པ་རེད། ཁོང་གིས་ཐབས་ལམ་མི་འདྲ་བ་དུ་མས་བོད་ཀྱི་ཤེས་རིག་ཐོག་ཏུ་ཕྱག་རྗེས་བཞག་ཡོད་སྟབས་ང་ཚོས་ཡི་རང་བྱེད་འོས།

  9. སྤྲོས་བྲལ says:
    2013-08-29 at 8:57 pm

    མཁས་དབང་ཆེན་པོ། ངེས་པ་དོན་གྱི་རྣལ་འབྱོར་བ། མི་རིགས་ཀྱི་དཔའ་བོ། ངེས་དོན་ཆོས་ཀྱི་རྒྱལ་པོ་ནམ་མཁའི་ནོར་བུ་ཞབས་ཀྱི་སྐུ་ཚེ་ཞབས་པད་བརྟན་ཞིང་། ཐུན་མོང་དང་ཐུན་མིན་གྱི་གདུལ་བྱར་སྨན་སླད་དུ། ཟབ་ཅིང་རྒྱ་ཆེ་བའི་མདོ་སྔགས་ཀྱི་རིག་གཞུང་ལ་མུ་མཐུད་དུ་འཆད་རྩོམ་གནང་བར་སྙིང་ནས་སྨོན། 

    རིན་པོ་ཆེ་ཉིད་ནི་གཞན་ཕན་གྱི་ཉི་འོད་དང་། མཁྱེན་དཔྱོད་ཀྱི་སེང་གེས་བརྒྱན་པའི་སྐྱེས་ཆེན་གངས་ཀྱི་རི་བོ་ཞིག་ཡིན་པའི་ཁར། བོད་ལ་དབུལ་སེལ་དང་སློབ་སྦྱོང་གི་རོགས་རམ་རྒྱ་ཆེན་པོ་མཛད་ཅིང་། མི་རབས་འདི་དང་རྗེས་མའི་བསམ་བློའི་གོ་རྟོགས་གོང་འཕེལ་འགྲོ་སླད་དུ་ཕྱག་རྩོམ་མང་བོ་གནང་ཡོད་པས། བོད་མི་ཚོས་བརྗེད་མི་འོས་པའི་བླ་མ་བཟང་བོ་ཞིག་གོ །

  10. རོང་བཙན། says:
    2013-08-29 at 9:39 pm

    མཁས་དབང་ནམ་མཁའ་ནོར་བུ་ནི་བོད་མི་རིགས་ཀྱི་བླ་སྲོག་ཡར་འདེབས་གཛད་མཁན་གྱི་མི་སྣ་གལ་ཆེ་ཞིག་རེད། ཁོང་གི་མཛད་པར་རྗེས་སུ་ཡི་རང་ཡོད་ལ། སྐུ་ཚེ་རྒྱུན་གནས་ཡོང་བའི་སྨོན་འདུན་ཡང་ཞུ།

  11. རིག་པའི་རལ་གྲི says:
    2013-08-29 at 9:48 pm

    མི་གསོན་པོས་བཀའ་མོལ་གསོན་པོ་ཞིག་ངོ་མ་སྡེ་དགེ་གསོན་པོ་ཞིག་ལ་བྱས་པ་ཞིག་བཀོད་འདུག

  12. རྡོ་རྗེ་བཀྲ་ཤིས་ says:
    2013-08-29 at 10:08 pm

    ང་ཚོས་རི་བོང་ཅལ་འདྲོགས་བྱེད་རྒྱུ་ཁྱོན་ནས་མི་འདུག སྲོང་བཙན་ཡར་སྔོན་ནས་ཡི་གེ་ཡོད་པར་སྒྲོག་པའི་གཏམ་འདི་ཡང་རིན་པོ་ཆེར་ཤུགས་ཆེར་ཐུག་ཡོད། ཕྱི་དྲིལ་ལྷག་པ་ཚེ་རིང་གི་ཚོགས་ཁང་དུ་དེའི་རྒྱུ་མཚན་ཅི་ཡིན་དྲིས་པར་འདི་ཡིན་གསུངས་རྒྱུ་མི་འདུག་པར་བོད་ལ་ལོ་རྒྱུས་རིང་མོ་ཡོད་ན་ནུབ་ཕྱོགས་ནས་སློབ་ཁྲིད་ཀྱི་གོ་སྐབས་སྤྲོད་ཀྱི་འདུག་པས་ངས་དེ་ལྟར་ལབ་པ་ཡིན་གསུངས་བྱུང་། སྡེ་དགེ་མ་ཆགས་སྡེ་དགེ་ཆགས།། སྡེ་དགེ་སྡེ་གཉིས་བར་དུ་ཆགས།། ཞེས་པའི་ཚིག་ཐ་མ་གཉིས་ཀྱང་ད་ལྟར་ལུང་པ་གཞན་གྱིས་ཁྱེར་ཚར་འདུག ཅེས་གསུངས་པའི་ལུང་པ་གཞན་དེ་གང་ཡིན་མིན་ཚོད་ཐིག་པ་འདྲ་ཞིག་རེད། དེ་ནི་ཨ་མདོ་མ་ཆགས་ཨ་མདོ་ཆགས་ཟེར་བ་དེ་ལ་གོ་བ་མ་རེད་དམ།
    ཡང་ བོད་ཀྱི་རིག་གཞུང་དང་བོད་ཀྱི་ལོ་རྒྱུས་ཀྱི་ཁུངས་ནི་བོད་རང་ནས་འཚོལ་དགོས་པ་ལས་གཞན་གྱི་བཤད་སྒྲོས་ཙམ་དང་ཟེར་ལོ་ཙམ་གྱི་རྗེས་སུ་འབྲང་ནས་ལོ་རྒྱུས་དང་རིག་གཞུང་གི་དོན་དངོས་བསྒྲིབས་སོང་ན་ཧ་ཅང་ཕངས་པོ་རེད། ཅེས་གསུངས་འདུག རིན་པོ་ཆེ་རང་གིས་གསུངས་པ་རྣམས་ཀྱང་དཔང་རྟགས་ཀྱི་ཐོག་ནས་བྲིས་མི་འདུག ངས་བསམས་ཀྱི་འདུག་ཅེས་པའི་སེམས་ཚོར་གྱི་ཐོག་ནས་བྲིས་གནང་འདུག རིན་པོ་ཆེ་མཁས་པ་ཡིན་མིན་དང་རྩ་ཆེན་པོ་ཡིན་མིན་ནི་ཞུ་དགོས་པ་ཞིག་མ་རེད། བོད་ཀྱི་ལ་རྒྱ་དང་མི་རིགས་ཀྱི་ལ་རྒྱ་ཞེས་དགོངས་པ་བཞེས་ཕྱོགས་གཅིག་པུས་འགྲིག་པ་འདུག་གོ

  13. མི་གསོན་པོ says:
    2013-08-29 at 10:12 pm

    ལུང་པ་གཞན་གྱིས་ཁྱེར་ཟེར་བ་དེ་ནི་ཨ་མདོ་གཅིག་པུ་མ་རེད་དེང་སྐབས་སྒ་བ་དང་། འབའ་བ། ལི་ཐང་ཆ་ཚང་ལའང་སྦྱོར་གྱི་འདུག་དྲན།

  14. དྲན་དཀར་དཔལ་ཡོན་ says:
    2013-08-29 at 10:15 pm

    ཡ་ཡ་ནམ་མཁའི་ནོར་བུ་འཇལ་བའི་ཟིན་ཐོ་ཡག་མོ་བྱུང་། བློ་གཟུ་བོར་གནས་པའི་དཔྱོད་ལྡན་པ་དང་དཔེར་འོས་པའི་སྐྱེས་བུ་རེད་ཡ། ནམ་མཁའི་ནོར་བུ་ནི་ས་ག་ས་ཐོག་གི་ནོར་བུ་རེད། དགོང་ན་བགྲེས་པོ་རེད་ཡིན་ན་འང་ཁོང་གི་སློབ་བུ་ཚོའི་ཞབས་བྲོའི་རྡོག་སྒྲ་དེ་གྲགས་ཚད་རན་པོ་གཅིག་ལ་གྲགས་བྱུང་ང། ལ་རྒྱའི་གླུ་ཟེར་ན་འགྱིག་བྱེ་རིལ་ནང་བཞིན་རེད་ཡ།

  15. འདྲེ་རྐང་ཐོ། says:
    2013-08-29 at 10:32 pm

    མཁས་དབང་ནམ་མཁའི་ནོར་བུ་དང་་་འཇམ་དབྱངས་ནོར་བུ་་་་ཟླ་བ་ནོར་བུ་གསུམ་ནི་་་བཙན་བྱོལ་ནང་ན་ནོར་བུ་རྣམ་གསུམ་ཞེས་ས་གྲགས་རྡོ་གྲགས་རེད། ནོར་བུ་འདི་ཚོ་གསུམ་ལས་དོན་ངོ་མ་ལ་བཙན་བྱོལ་གཞུང་དམངས་གཉིས་ཀར་ཕན་སུས་ཐོགས་འདུག བཙན་བྱོལ་གཞུང་དང་་་༧གཉིས་སྨན་དབུ་མའི་ལམ་ལ་སྨན་པའི་དཔྱད་བརྗོད་སུས་བྲིས་འདུག འདི་ཚོའི་སྐོར་ལ་ཁ་བརྡ་དང་ཞིབ་འཇུག་གནང་ན་དོན་ལ་ནོར་བུ་སུ་ཡིན་མིན་ཐག་ཆོད་འགྲོ་གི་རེད་ལགས།

  16. དྲན་དཀར་དཔལ་ཡོན་ says:
    2013-08-29 at 10:41 pm

    རྡོ་རྗེ་བཀྲ་ཤིས་ལགས་མ་འདྲོགས་ཨ།
    ལྷ་ས་མ་ཆགས་ལྷ་ས་ཆགས།
    ལྷ་ས་རྒྱ་མཚོའི་སྟེང་ནས་ཆགས།
    དགའ་ལྡན་མ་ཆགས་དགའ་ལྡན་ཆགས།
    དགའ་ལྡན་རི་བོའི་རྩེ་ནས་ཆགས།
    འབྲས་སྤུངས་མ་ཆགས་འབྲས་སྤུངས་ཆགས།
    འབྲས་སྤུངས་རྡོ་གཅལ་ཐང་ནས་ཆགས།
    སེ་ར་མ་ཆགས་སེ་ར་ཆགས།
    སེ་ར་བྱེ་མའི་སྟེང་ནས་ཆགས།
    དགའ་ལྡན་མ་ཆགས་དགའ་ལྡན་ཆགས།
    དགའ་ལྡན་རི་བོའི་རྩེ་ནས་ཆགས།
    ཆབ་མདོ་དང་སྡེ་དགེ་ཨ་མདོ་སོགས་ལི་ཐང་སོགས་གང་ལའང་སྦྱར་ཆོག་ཆོག་ཡིན་ནི་རེད། དབུ་མ་ཤེས་རབ་ཀྱི་ཚིག་འདྲ་མོ་རེད།
    ཁྱེར་དང་ཁེར་ཟེར་ལབ་མ་ཤེས་པའི་ལོ་ཆུང་གི་གླུ་རེད། གླུ་ལེན་ཤེས་ན་ལེན་སྟངས་མང་ནི་རེད། ལྷ་སར་གནས་སྐོར་མྱོང་ན་གླུ་ཡག་མོ་ཡིན་ནི་རེད།

  17. ཅོག་མྱི། says:
    2013-08-29 at 10:57 pm

    བུམ་པའི་ནམ་མཁའ་ནང་ན།
    མཆིང་བུ་ནོར་བུ་ཞིག་གདའ།
    ནོར་ངོ་ཤེས་པ་རྣམས་ཀྱིས།
    དེ་ལ་དཔྱད་པ་མ་བཏང་།
    ནོར་ངོ་མི་ཤེས་དག་གིས།
    ཅ་ཅོ་ཀླན་ཀ་བཏབ་སོང་།
    ཟླ་བ་ནོར་བུ་ཡིན་ན།
    རང་བཙན་སྔ་ནས་རག་ཡོད།
    འཇམ་དབྱངས་ནོར་བུ་ཡིན་ན།
    དཔེ་ཆ་གསེར་དུ་གྱུར་ཡོད།
    ནམ་མཁའ་ནོར་བུ་ཡིན།
    གཞོན་ནུའི་བུམ་སྐུ་གྲུབ་ཡོད།
    རྫུན་གྱི་རྐྱལ་བའི་ནོར་བུ།
    བོད་པ་ནང་ན་མང་ཡོད།
    དྲང་བདེན་ལྕི་ལེབ་འདྲ་བར།
    ཕན་པའི་ནོར་བུ་དཀོན་ནོ།།

  18. ཀརྡོ་གཉེར་ཕྱག་པ་ says:
    2013-08-30 at 2:08 am

    མཁས་དབང་ནམ་མཁའི་ནོར་བུར་མཇལ་བའི་ཟིན་ཐོ།
    ཆེས་ཐོག་མའི་གོམས་སྟབས་བཙན་བྱོལ་དུ་སྤོས་ཏེ་མི་རིགས་འདི་ཡི་ཆེད་དུ་ཅི་ཞིག་བྱེད་དགོས་པའི་བསམ་གཞིག་གི་ཁྲོད་ནས་ལྷང་ངེ་རུ་ཐོས་ཡོང་བ་ནི་བཙན་བྱོལ་གྱི་ནོར་བུ་སྤུན་གསུམ་ཟེར་བ་དེ་རེད། ནོར་བུ་སྤུན་གསུམ་ལ་ཐུན་མིན་གྱི་རང་གཤིས་ཤིག་ཡོད་པ་ནི་རང་གི་ལོ་རྒྱུས་རང་ཉིད་ཀྱིས་མཐོང་བའི་གནས་ལུགས་ཤིག་བཤད་རྒྱུ་ཡོད་པ་འདིས་ང་དང་ཧ་ཅང་བར་ཐག་ཉེ་བར་བཟོས། ་་་་ཟེར།

  19. རྟ་བདུན་དབང་བོ says:
    2013-08-30 at 4:10 am

    མཁས་དབང་ནམ་མཁའི་ནོར་བུའི་ཐུགས་ཀྱིས་བཞེད་དོན་ཐམས་ཅད་བདེ་བླག་ཏུ་གྲུབ་ནས་སྐུ་ཚེའི་ཞབས་པད་མི་འགྱུར་རྟག་བརྟན་ཤོག།

  20. ཀརྡོ་གཉེར་ཕྱག་པ་ says:
    2013-08-30 at 7:21 am

    མཁས་དབང་ནམ་མཁའི་ནོར་བུའི་སྐུ་ཚེའི་ཞབས་པད་མི་འགྱུར་རྟག་བརྟན་ཤོག། །།

  21. ཀརྡོ་གཉེར་ཕྱག་པ་ says:
    2013-08-30 at 7:23 am

    མཆོགས་སྤྲུལ་མཁས་མཆོག་ནམ་ནོར་མཆོག་ནས་གསུང་ཆོས་ཀྱང་ཞུས་མྱོང་བས། ༸ཁོང་སྐུ་ཚེ་ཡུན་བརྟན་ཤོག །

  22. ཆབ་མདོ་ངག་ཕུན། says:
    2013-09-19 at 1:50 am

    བོད་ཀྱི་མཁས་དབང་ནམ་མཁའི་ནོར་བུ་མཇལ་ནས་བཀའ་མོལ་སྐོར་གྱིས་ཟིན་བྲིས་ཆ་ཚང་བཀླགས་ཡིན་པས་དོན་དག་དཔེ་ཡག་པོ་འདུག་པས་རྗེས་སུ་ཡི་རངས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme