Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཀ་རྩོམ་གྱི་མཆན་འགྲེལ་ཨ་མཆོད་དགྱེས་མགུར།

Posted on 2015-05-112015-05-13 By སྙན་བཟང་གཡུང་དྲུང་ཚེ་རིང 9 Comments on མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཀ་རྩོམ་གྱི་མཆན་འགྲེལ་ཨ་མཆོད་དགྱེས་མགུར།

སྙན་བཟང་གཡུང་དྲུང་ཚེ་རིང་།

 
ཕྱི་རོལ་ས་རྡོས་བསྐྲུན་པའི་ས་མཁྲེགས་ཀྱི་གྱང་གོག །ནང་རོལ་ཤིང་གིས་གྲུབ་པའི་བན་ཤན་དང་རྒྱ་ཕིབས། །ལྷུ་ལག་ཉིང་ལག་ཚོན་གྱི་རི་མོ་ཡིས་མཛེས་པའི། །ཀ་བ་གདུང་ལྕམ་བཀྲ་བའི་ཁང་བཟང་གི་དབུས་སུ། །འཇམ་པོ་བལ་གྱིས་བཟོས་པའི་འབོལ་གདན་གྱི་ཟུར་ན། །སུག་ཐུང་གྲུ་བཞི་ཅན་གྱི་སྟག་ཤིང་གི་མདུན་ཅོག །དཀར་ཟས་དམར་ཟས་སྡེར་ཁ་རི་རབ་བཞིན་མཐོ་བའི། །ཁ་མངར་ཟས་དགུའི་ཁྱིམ་གྱི་མགྲོན་ཁ་ལ་བོས་ཚེ། །མི་ཕྱེད་དད་པ་གཡོ་བའི་ཡོན་བདག་གི་རྒྱུ་ནོར། །མཐོང་བས་འགོག་མེད་སྨྱོ་ཧམ་འབར་ལ་ཁད་བྱས་ཀྱང་། །ཕྱི་ཚུལ་སྒམ་པོའི་བརྟུལ་ཞུགས་གཡོ་ཟོལ་གྱིས་བཅོས་ཏེ། །ག་ལེར་ལོངས་སུ་སྤྱོད་པའི་མགུར་དབྱངས་རེ་འཐེན་ནས། །རྔ་སྦུག་ཌ་དྲིལ་རྩིད་པའི་སྒྱེ་མོ་ལ་བཅུག་སྟེ། །རྟ་རྒོད་སུག་དཀར་ཞིག་གི་གོང་རོལ་ལ་བཅིབས་ནས། །མགོན་མེད་ཡོན་བདག་རྣམས་ཀྱི་དད་ཡུལ་དུ་སྙེག་པའི། །ང་རང་ཨ་མཆོད་ཚོ་ལས་སྐྱིད་པ་ཞིག་སུ་ཡོད། །ཆོས་ཀྱི་ཆོ་ག་རྔ་དང་སྦུབ་ཆ་ཡིས་ཕྱེ་སྟེ། །གཟུགས་མེད་གདོན་གྱི་ཚོགས་ཀུན་ཁྱིམ་སྒོ་ལ་དེད་རྗེས། །རྒྱ་ཆེན་དོན་གཉིས་སྒྲུབ་པའི་སྟ་གོན་ལ་ཞུགས་ཏེ། །ཅ་ཅོ་གཏམ་བྲལ་ཁ་ཏོན་དགེ་སྦྱོར་ལ་བརྩོན་བཞིན། །མགྱོགས་འགྲོ་རྟ་མཆོག་གོང་ནས་ལྗིད་ཏིག་གིས་བབས་རྗེས། །ཁྱིམ་བདག་རྒན་མོའི་རྣ་རྩ་ཤབ་ཤུབ་ཅིག་བཤད་དེ། །ཤ་དྲི་ཞིམ་པོ་སྦྲ་ཡི་ཁ་ཚུབས་ནས་འཕྱུར་བའི། །ཆ་ཡོད་ཡོན་བདག་རྣམས་ཀྱི་ཁྱིམ་ཕུག་ཏུ་འགྱིང་ནས། །མི་དགོས་རྫུ་ཞིག་བྱས་པ་བློ་འགྱོད་ཅིག་སྐྱེས་ཀྱང་། །ཡོན་བདག་གཏོང་ཕོད་ཅན་གྱིས་ཨུ་ཚུགས་ཤིག་བགྱིས་པས། །རྙེད་དང་བཀུར་བསྟི་འདྲེས་མའི་སྙིང་རྗེ་ཙམ་མེད་པར། །ཇ་སོགས་ཟས་གོས་གང་བཟང་ཧབ་ཐོབ་རང་བྱེད་ལ། །མི་འཇིགས་སེངྒེའི་ཁྲི་འཕང་མཐོན་པོ་ལ་མ་བཞུགས། །འཆད་རྩོད་རྩོམ་པའི་གནས་ལ་བློ་མིག་ཀྱང་མ་གཏད། །མདོ་གདུགས་སྒྲོལ་གསུམ་བློ་ན་མ་རྙིང་པར་ཡོད་པའི། །ཉ་འདོན་ཨ་མཆོད་ཚོ་ལ་འགྲན་ཟླ་ཞིག་སུ་ཡོད། །ཡར་གྱི་ཡོན་བདག་ཚང་ནས་དྲིལ་བུ་ཞིག་དཀྲོལ་ནས། །མར་གྱི་ཡོན་བདག་ཚང་ནས་རྔ་སྦུབ་ཅིག་བརྡུངས་རྗེས། །ད་དུང་གདོན་བགེགས་སེལ་བའི་གཡར་དམ་ཞིག་བཅོས་ཏེ། །ཏ་ལེན་ཕྲག་པར་འཁུར་ནས་ཡས་མས་སུ་སོང་ཚེ། །སྦྲ་ཡི་འདབས་ཁ་ཟད་པའི་འབྲོག་པ་ཡི་ཁྱིམ་ཚང་། །པ་ཏྲའི་རི་མོ་མེད་པའི་རོང་པ་ཡི་ཁྱིམ་ནས། །ཕྱུགས་དང་འབྲུ་རིགས་བྲེ་གང་ཐོབ་པ་ཞིག་ཕར་ཞོག །ཐ་ན་དོང་ཙེ་རྡོག་གཅིག་རྙེད་པ་ཡང་དཀའ་མོད། །ཞོགས་པའི་ཉི་འོད་ཡངས་པའི་སྤངས་ལྗོངས་ལ་འཕྲོས་ཏེ། །སྲོད་ཀྱི་ཉི་མ་ཚང་ལ་ཡིབ་དུས་ཀྱི་བར་དུ། །ཕྱིར་ཟློགས་ངན་སྔགས་འཁོར་ལོ་བར་མེད་དུ་བསྐོར་བས། །ད་ལྟ་རྟ་ནོར་ལུག་གསུམ་ཐོབ་པ་ལ་ལྟོས་ན། །གསང་ཆེན་ཉམས་རྟོགས་རྫུ་འཕྲུལ་ཟུར་ཙམ་ཞིག་མེད་ཀྱང་། །ངག་གི་གྲེ་བ་བསལ་ནས་མགུར་གླུ་ཞིག་བླངས་ཏེ། །མི་ཡི་ན་ཚ་ཕྱུགས་ཀྱི་གོད་ཁ་སོགས་ཟློག་པའི། །ན་རག་ཨ་མཆོད་ཚོ་ལ་འགྲན་ཟླ་ཞིག་སུ་ཡོད། །ཀ་དག་ལྷུན་གྲུབ་གསལ་སྟོང་འཛིན་མེད་ཀྱི་ལྟ་བ། །བདེ་སྟོང་དབྱེར་མེད་ཕྱག་ཆེན་འཁོར་འདས་ཀྱི་གནད་སོགས། །གཅིག་ཏུ་བཀྲལ་ནས་མཁས་པའི་མཁས་རྟགས་རང་མེད་པར། །པ་ར་མི་ཏ་ལ་སོགས་གསུང་རབ་ཀུན་སྒྲོག་བཞིན། །དབྱར་གྱི་ཉི་དུག་ཚ་བོ་ལུས་ཀུན་ལ་ཕོག་ཀྱང་། །དགུན་གྱི་གྲང་ངར་བཙན་པོ་རུས་རྐང་ལ་ཟུག་མོད། །ཤ་ཁྲག་ལུས་ཀྱི་འདོམ་གང་གཞན་དོན་ལ་འབུལ་བཞིན། །ཕ་རོལ་ཡོན་བདག་རྣམས་ཀྱི་མཆོད་ཡུལ་དུ་བཞུགས་ནས། །མི་ཕྱུགས་ན་ཚ་དྲག་བའི་དགུང་དྲོ་ཡི་དུས་སུ། །དཔའ་ངར་བརྟུལ་ཕོད་ཅན་གྱི་གེ་སར་གྱི་སྒྲུང་གླུ། །ཨ་ལ་ལ་མོའི་དབྱངས་ཀྱི་འགྱུར་ཁུགས་ལ་དྲངས་ཏེ། །བ་འབྲིའི་འོ་ཞོ་བཏུངས་ནས་སྐྱིད་པོ་རང་བྱེད་ལ། །ཨ་ནེ་རྒན་མོའི་དབང་ཤེད་ཐོག་བཞིན་དུ་བཙན་པ། །ཨ་མྱེས་རྒད་པོའི་ཡི་ག་ཞབས་མེད་ཀྱི་སྣོད་ཞེས། །དྲན་ཚུལ་ཤོད་ཚུལ་ཚང་མ་སྒྲོ་བཏགས་ཀྱིས་བཅོས་པའི། །མ་བཟང་རྒོད་བྲོ་ཟེར་ལ་ཉན་རྒྱུ་རང་ཅི་ཡོད། །ཤ་ཐང་ཆད་པའི་ལུས་ཀྱི་ལྷུ་ཚིགས་དག་འགུལ་ཏེ། །ཡན་ལག་ལྔ་ཡིས་ས་ལ་རི་མོ་རེ་འབྲི་བཞིན། །དཀའ་བའི་ལས་ཀྱིས་རང་གི་སྡིག་སྒྲུབ་ཀུན་དག་ནས། །ཙ་རི་དབུས་གཙང་བསྐོར་ནས་ཡོང་ལས་ཤིག་མ་འོང་། །རྟེན་འབྱུང་གནམ་གྱི་རྒྱལ་མོའི་བཀའ་ལུང་གིས་ཤུགས་ཀྱིས། །ཆ་ཡོད་ཡོན་བདག་རྣམས་ཀྱི་ཨ་མཆོད་དུ་གྱུར་ཏེ། །རྔ་སྦུབ་ཙག་རྡུང་ཌ་དྲིལ་དྲག་སྦྱོར་གྱིས་འཁྲོལ་བ། །ཚ་གྲང་བཀྲེས་སྐོམ་མྱོང་བའི་སྡུག་བསྔལ་རང་མཐོང་ནས། །མ་འདྲིས་འགྲོ་བའི་རྩ་ལག་རྒྱལ་བ་ཡི་བསྟན་པའི། །གསུང་རབ་གླེགས་བམ་ཇི་སྙེད་རང་སྐད་དུ་བསྒྱུར་པ། །མ་རྟོགས་ལོག་རྟོག་སེམས་ཀྱི་ཁྱེར་སོ་རང་མེད་པར། །ཛ་ཡི་བསྟན་པ་ཀུན་ལ་ཕྱོགས་རིས་ཤིག་མེད་ན། །མཐོན་པོ་ཁྲི་ལ་བཞུགས་པའི་རྟོགས་ལྡན་གྱི་སྤྲུལ་སྐུ། །དབང་རྣོན་ཆོས་ལ་ཕྱོགས་པའི་ངེས་དོན་གྱི་བླ་མས། །གྲུབ་མཐའི་ལ་རྒྱ་རྩོད་པའི་ཁ་ཕོ་རེ་བསྒྲགས་ན། །ཝ་སྐྱེས་འདྲ་བའི་བླ་གྲྭ་བྱ་བཏང་ཚོས་ཅི་བྱེད། །ངུར་སྨིག་གཟན་ཤམ་སྟོད་འགག་སེར་པོ་ཞིག་གྱོན་ནས། །འཇུར་རྟ་དམར་པོ་མཚལ་གྱི་མདོག་འདྲ་ཞིག་དྲུད་དེ། །འབྱུང་བོ་རོ་ལངས་སྐྲག་པའི་ཁ་ཏོན་ཞིག་འདོན་བཞིན། །ཞྭ་མོ་རྩེ་རྣོ་གྱོན་ནས་གྲོང་ཡུལ་དུ་སོང་སྟེ། །ཉིན་མོར་ཁྱིམ་གྱི་ཕུག་ནས་ཆོ་ག་རེ་སྒྲུབ་བཞིན། །མཚན་མོར་ཡོན་བདག་རྒན་མོའི་རུམ་ཁ་ན་སྐྱིད་པའི། །ནག་ཕྱོགས་གདོན་བགེགས་སེལ་པའི་གང་ཟག་རེ་ཡོད་ན། །ཟ་འཚོལ་མཁན་པོ་ཨ་མཆོད་ང་རང་དང་འདྲ་བ། །གཤིན་པོའི་རྣམ་ཤེས་འདྲེན་པའི་ཉམས་རྟོགས་ཀྱིས་ཕོངས་ཀྱང་། །ཡོན་བདག་སེམས་སྡུག་ཅན་གྱིས་ཞུ་བ་ཞིག་བྱས་ཏེ། །སྔས་མགོར་བླ་མ་ཕེབས་པའི་གདན་འདྲེན་རེ་གནང་ཚེ། །འ་འུར་དབྱངས་ཀྱིས་ཐར་མདོ་ཤུགས་དྲག་ཏུ་བཀླགས་ན། །སྲིད་པ་བར་དོར་འཁྱམ་པའི་བདག་མེད་ཀྱི་རྣམ་ཤེས། །སླར་ཡང་ལུས་ལ་ཞུགས་ཏེ་ལངས་རྒྱུ་ཞིག་བྱུང་ན། །ཐར་མདོ་ཤུགས་ཀྱིས་ཀློག་པའི་ཨ་མཆོད་ང་སྐྲག་སྟེ། །ཡ་མའི་གཤང་གཅི་འཆོར་ལ་ཐེ་ཚོམ་རང་ཅི་ཡོད། །གདོན་དང་འདྲེ་མོ་ངུ་བའི་ནག་ཕྱོགས་ཀྱི་ཆོ་འཕྲུལ། །ཞི་བའི་ཐབས་དང་དྲག་པོའི་སྒྲུབ་ཐབས་ཀྱིས་བཅོམ་སྟེ། །ཡོན་བདག་མལ་དུ་བདེ་བའི་བདེ་སྐྱིད་ཀྱི་ཆེད་དུ། །རྭ་ལྟར་གྱོང་བའི་ཨ་མཆོད་འདི་རྣམས་ཚོ་མེད་ན། །གཞི་བདག་ཆོས་སྐྱོང་སྲུང་མར་ལྷ་བསང་ཞིག་མ་བཏང་། །གཟུགས་མེད་དྲི་ཟ་དག་ལ་ཚ་བསུར་ཞིག་མ་ཕུལ། །བཅའ་བ་རིམ་གྲོ་ལ་སོགས་དུས་འགྱངས་སུ་བྱས་ཚེ། །ལ་ལུང་ལྷ་འདྲེ་མང་པོས་སེམས་ཅན་ལ་གནོད་ཡོང་། །ཙོང་ལ་རིང་མོའི་ཕྱོགས་ནས་རི་དྭགས་བཞིན་འཁྱམས་ཏེ། །ཚར་མེད་སྤང་དུ་མེད་པའི་ལས་དོན་རེ་བསྒྲུབས་པ། །སྐྱབས་མེད་མགོན་མེད་རྣམས་ཀྱི་བདེ་སྡུག་གི་དོན་ལས། །ཤ་ཁྲག་དཀོར་ལ་ཞེན་ཆགས་ཆེ་བ་ཞིག་མ་ཡིན། །མ་གྱུར་སེམས་ཅན་ཐམས་ཅད་བདེ་བ་ཡི་དོན་དུ། །མ་ཤིའི་བར་དུ་བྲེལ་བས་ཁོམ་ལོང་འདྲ་མེད་ཀྱང་། །ཁོ་བོའི་མི་ཚེ་ཕྲ་མོའི་ཕྲེང་ཐག་འདི་ཟད་པ། །ས་སྟེང་གང་བའི་འགྲོ་བ་སེམས་ཅན་གྱི་དོན་ཡིན། །ཨ་མཆོད་རྣམས་ཀྱི་གཏམ་རྒྱུད་བརྗོད་བྱ་རུ་བསུས་ཏེ། །མ་གསང་དྲང་པོའི་གཏམ་འདི་བརྗོད་ཁུལ་ཞིག་བྱས་ཀྱང་། །ཡོད་ཚད་བྲིས་ན་ཨ་མཆོད་ཁོང་ཁྲོ་འདྲ་ལངས་སྲིད། །ཧ་ཧ་བཤད་ཚུལ་ཐམས་ཅད་རྩེད་མོ་རང་ཡིན་ནོ། །རྡོ་བྲག་སྐམ་པོའི་ཤེས་རབ་འོད་ཞགས་ཀྱི་ཀློང་ནས། །ཐོན་པའི་གོ་སླའི་སྙན་ངག་ཨ་མཆོད་ཀྱི་ཀ་རྩོམ། །ཁོ་བོས་དགའ་སྤྲོ་ཆེན་པོས་མཆན་འགྲེལ་ཞིག་བྱས་པས། །ཨ་མཆོད་རྣམས་ཀྱི་སེམས་ལ་འདི་འདྲ་ཞིག་ཟུངས་ཤིག །

ཁྱུང་ཕྲུག་བློ་བཟང་དར་རྒྱས་ལགས་ཀྱིས་ཀ་རྩོམ་འདི་དགེ་ཆོས་ཀྱི་གསུང་མིན་ཚུལ་གསུངས་འདུག་མོད། ཁོང་ལ་སྒྲུབ་བྱེད་ཁུངས་བཙན་མེད་སྟབས། གནས་སྐབས་རིང་ཁོ་བོས་དགེ་ཆོས་ཀྱི་ཡིན་ཤག་བྱས་ཡོད། ༢༠༡༥ལོའི་ཟླ་༥ པའི་ཚེས་༡༡ ཉིན་སྙན་བཟང་གཡུང་དྲུང་ཚེ་རིང་གིས་མཇུག་གྲུབ་པར་བྱས།

སྙན་ངག

Post navigation

Previous Post: ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།
Next Post: དགེ་འདུན་པས་ཚན་རིག་སྦྱོང་དགོས་པའི་གནད་དོན་བཅུ།

Comments (9) on “མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཀ་རྩོམ་གྱི་མཆན་འགྲེལ་ཨ་མཆོད་དགྱེས་མགུར།”

  1. ལྷ་སྡེ་གནམ་ལོ་ཡག says:
    2015-05-11 at 8:16 pm

    སྙན་རྩོམ་དེ་དགེ་ཆོས་ཀྱི་ཡིན་ས་རེད་བསམ་བསམ་ཞིག་འདུག ཁྱེད་རང་ཡང་དགེ་ཆོས་ཀྱི་རྒྱལ་ཚབ་ཏུ་བཞེངས་ཆོག་ངེས་རེད། མཇུག་བསྡུས་པ་ཧ་ཅང་ཡག་འདུག

  2. ཀླུ་སྨྱོན། says:
    2015-05-11 at 9:56 pm

    ཕྲག་དོག་ཟ་ནི་ཟིག་བྲིས་འདུག་ག

  3. ཁྱུང་སེ། says:
    2015-05-11 at 10:23 pm

    ཕྱི་རོལ་ས་རྡོས་བསྐྲུན་པའི་ས་མཁྲེགས་ཀྱི་གྱང་གོག །ནང་རོལ་ཤིང་གིས་གྲུབ་པའི་བན་ཤན་དང་རྒྱ་ཕིབས། །ལྷུ་ལག་ཉིང་ལག་ཚོན་གྱི་རི་མོ་ཡིས་མཛེས་པའི། །ཀ་བ་གདུང་ལྕམ་བཀྲ་བའི་ཁང་བཟང་གི་དབུས་སུ།
    ད་གང་ཤེས་སྙན་ངག་པ་ཡིན་ཟེར་ཚིག་སྔ་ཕྱི་ནང་འགལ་བསྟོད་སྨད་གཉིས་གཅིག་འདུས་ཀྱི་སྙན་ངག་ཡིན་ས་རེད། གྱང་གོག་དང་ཁང་བཟང་གཉིས་ཀྱི་གཞི་མཐུན་པར་བསྒྲུབས་ཀྱི་མི་འདུག་གམ། མ་གཞི་ནས་སྙན་ངག་པ་ཚོས་ཕྲག་དོག་ཟ་ས་ཞིག་ཏུ་མཐོང་དུས་ངས་གཅིག་བཤད་ཁུལ་བྱས་ན་སྣང་བར་མི་འགྲོ་སྲིད།

  4. སེམས་བཟང་། says:
    2015-05-12 at 2:41 am

    ༼ ཀ་བ་གདུང་ལྕམ་བཀྲ་བའི་ཁང་བཟང་གི་དབུས་སུ། །ཁ་མངར་ཟས་དགུའི་ཁྱིམ་གྱི་མགྲོན་ཁ་ལ་བོས་ཚེ། །ག་ལེར་ལོངས་སུ་སྤྱོད་པའི་མགུར་དབྱངས་རེ་འཐེན་ནས། །ང་རང་ཨ་མཆོད་ཚོ་ལས་སྐྱིད་པ་ཞིག་སུ་ཡོད།༽ཞེས་པའི་ཀ་རྩོམ་འདི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བྲིས་པ་མིན་སྐོར་བོད་ནང་གི་དགེ་བའི་བཤེས་གཉེན་ཞིག་གསུང་གནང་བ་དྲན་བྱུང་། དེ་ཡང་སྔར་དགེ་ཆོས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་དེབ་ཕྲེང་གསུམ་ཅན་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱེད་སྐབས། ཀ་རྩོམ་འདི་ཡང་ཁོང་གི་རྩོམ་རིགས་ཀྱི་ཁོངས་སུ་བཅུགས་པར་བཤད། དོན་དངོས་ཐོག་ཀ་རྩོམ་འདི་ཨ་མདོ་མཚོ་སྔོན་གྱི་ཨ་མཆོད་ཅིག་གིས་བྲིས་པར་བཤད། མདོ་དོན་ཀ་རྩོམ་འདི་དགེ་ཆོས་ཀྱིས་བྲིས་མིན་ལ་དཔྱད་པར་བྱའོ།། སྙན་བཟང་གི་སྙན་ངག་དང་ཚིག་སྦྱོར་རྣམས་ནི་ཡིད་དབང་འཕྲོག་པ་ཞིག་འདུག

  5. ཀརྡོ་གཉེར་ཕྱག་པ་ says:
    2015-05-12 at 3:05 am

    ཀ་བ་གདུང་ལྕམ་བཀྲ་བའི་ཁང་བཟང་གི་དབུས་སུ། །
    ཁ་མངར་ཟས་དགུའི་ཁྱིམ་གྱི་མགྲོན་ཁ་ལ་བོས་ཚེ། །
    ག་ལེར་ལོངས་སུ་སྤྱོད་པའི་མགུར་དབྱངས་རེ་འཐེན་ནས། །
    ང་རང་ཨ་མཆོད་ཚོ་ལས་སྐྱིད་པ་ཞིག་སུ་ཡོད། །
    རྩ་འགྲེལ་གཉིས་ཀ ཡག་པོ་འདུག ཨ་མཆོད་་གྱེས་མིན་ནི། མི་ཤེས་ལགས།

  6. དཔལ་ལྡན། says:
    2015-05-12 at 3:07 am

    དངོས་གནས་ཡག་པོ་ཞིག་འགྲེལ་འདུག གོང་གི་མཆན་མཁན་ཁྱུང་སེ་ལགས་ལ་ཞུ་རྒྱུར། དང་པོ་ཕྱི་རོལ་ས་རྡོས་བསྐྲུན་པའི་གྱང་གོག་ཞིག་ལ་ནང་རོལ་ཤིང་གི་གྲུབ་པའི་ཀ་བ་དང་ཀ་མགོ ཀ་རྒྱན་སོགས་ལྷུ་ལག་ཉིང་ལག་ཐམས་ཅད་མཛེས་པའི་ཚོན་གྱི་རི་མོ་བཏབ་ན། ཀ་བ་གདུང་ལྕམ་བཀྲ་བའི་ཁང་བཟང་ཞིག་གི་གྱུར་འགྲོ་བ་མ་ཡིན་ནམ། ཀུ་རེ་བདེན་པར་མི་འཛིན་པར་ཞུ།

  7. དམུ་ཐག་གི་བུ་རྒྱུད། says:
    2015-05-12 at 3:24 am

    སྙན་བཟང་གིས་སྙན་པོ་ཞིག་བྲིས་འདུག་ག

  8. ཅོ་རི་ཉི་མ། says:
    2015-05-13 at 2:46 pm

    Citizen Power for China ཞེས་བྲིས་པའི་མདུན་དུ་རྒྱ་ཡ་ཅིན་ལིན་ཟེར་བ་དེ་དང་བློ་སེང་གཉིས་བསྡད་ཡོད་པའི་དཔར་ཞིག་དྲ་ཐོག་ཏུ་བཀོད་འདུག རྒྱ་ནག་གི་ཆེད་དུ་མངའ་འབངས་ཀྱིས་སྟོབས་ཤུགས་ཅེས་བཀོད་ནས་བློ་སེང་གིས་ཡིན་མདོག་མདོག་བྱེད་བཞིན་འདུག

    བློ་སེང་གིས་རྒྱ་གཞུང་གི་ཁ་གཏད་བཅག་ཐུབ་ཀྱི་ཕར་ཞོག་རྒྱ་རིགས་མི་དམངས་གཙོ་དོན་གཉེར་ཡིན་ཟེར་དེ་དག་གི་ཁ་གཏད་ཀྱང་ཅང་བཅག་ཐུབ་ཀྱི་ཡོད་ས་རེད། བོད་མི་རིགས་རྒྱ་ནག་གི་མངའ་འབངས་ཡིན་མདོག་མདོག་གིས་ལོ་རྒྱུས་ལ་ནག་ཐིག་བཟོ་བཞིན་འདུག ཚོགས་འདུས་ཀྱི་མདོག་རྒྱབ་དེ་རེད་འདུག

  9. ཅོ་རི་ཉི་མ། says:
    2015-05-13 at 2:48 pm

    བློ་སེང་རྒྱ་ནག་གི་citizen ཆགས་ཚར་ཡོད་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme