Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ། གཉིས་པ།

Posted on 2010-11-052010-11-07 By ཡེ་ཤེས་ 40 Comments on མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ། གཉིས་པ།

dakini
ཀླུ་སྨྱོན་ཧེ་རུ་ཀ
དཀྱིལ་འཁོར་ཆེན་པོའི་ལྟེ་བ་རུ། །ཁྱབ་བདག་གདོད་མའི་མགོན་པོ་སྟེ། །ཀུན་བཟང་རྡོར་སེམས་ཡབ་ཡུམ་ནི། །བདེ་ཆེན་ཀློང་ན་མྱོས་ཤིང་འདར། །ཡུམ་ཆེན་ཀུན་ཏུ་བཟང་མོ་ཡི། །ཆོས་དབྱིངས་ཁྱབ་བརྡལ་བྷ་གའི་ཀློང་། །ལྷ་སྐུ་ཡབ་ཡུམ་མཉམ་སྦྱོར་ནི། །ཏིལ་གྱི་གང་བུ་ཁ་ཕྱེ་བཞིན། །ལྷ་སྐུ་རེ་རེའི་སྦྱོར་མཚམས་སུ། །རིག་འཛིན་ཞིང་ཁམས་འབྱམས་ཀླས་ཤིང་། །ཞིང་ཁམས་རེ་རེའི་རྒྱ་ཁྱོན་ཡང་། །སྟོང་གསུམ་འཇིག་རྟེན་མཉམ་པར་བརྡལ། །དེ་བཞིན་བདེ་ཆེན་ཡབ་ཡུམ་གྱི། །བ་སྤུའི་ཁུང་བུ་རེ་རེར་ཡང་། །སྤྲུལ་པའི་ཞིང་ཁམས་མཐའ་ཀླས་པར། །རྡོར་སེམས་སྤྲུལ་བའི་རོལ་མོ་འཁྲོལ། །བུ་སྤུའི་འོད་ཟེར་རེ་རེས་ཀྱང་། །སྟོང་གསུམ་འཇིག་རྟེན་གསལ་བའི་གཞིར། །བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི། །སེམས་ཅན་དག་ལ་སྤྲུལ་པ་འགྱེད། །དགའ་བའི་རོལ་མོ་སྙན་བརྗིད་ཅན། །ཆགས་པའི་སྙན་ངག་ལུད་པའི་རྩེར། །དགའ་བ་བཞི་དང་བཅུ་དྲུག་གི །མེ་ལྕེ་དམར་པོའི་འོད་ཕྲེང་འགྱེད། །རྣལ་འབྱོར་དཔའ་བོ་དཔའ་མོ་རྣམས། །གསང་ཆེན་སྤྱོད་པ་ཡ་མ་ཟུང་། །མིག་འཕྲུལ་བཞིན་དུ་རོལ་བའི་དཔྱིད། །ངོ་མཚར་ཆེ་ཞིང་གཟི་བརྗིད་འབར། །མཁའ་སྤྱོད་མ་དང་སྒྲོལ་མ་སོགས། །གནས་གསུམ་དཔའ་བོའི་སྙིང་སྡུག་ཚོགས། །གཅེར་བུའི་གར་ལ་རབ་དགྱེས། །དཔའ་བོའི་པང་ན་མྱོས་ཤིང་བརྒྱལ། །འཛམ་གླིང་སྟག་ཤར་དཔའ་བོའི་རྒྱན། །གུ་རུ་ཨོ་རྒྱན་ཆེན་པོ་ཡང་། །མཁའ་འགྲོའི་བྷ་གའི་དྲོད་རླངས་ཀྱིས། །བཟི་ཞིང་བརྡ་ཡིག་ཆར་དུ་འབེབ། །ཡེ་ཤེས་མཚོ་རྒྱལ་ནི་གུ་མ། །ལབ་ཀྱི་སྒྲོན་མ་ལ་སོགས་པའི། །མི་མོའི་མཁའ་འགྲོའི་འོ་འཛིན་གྱིས། །སྤྲིན་དཀར་རྒྱུ་བའི་ལམ་ཡང་འགོག །རུས་རྒྱན་གྱོན་ཞིང་གཅེར་བུར་རྒྱུ། །གསང་བའི་སྤྱོད་པ་སྣ་ཚོགས་སྟོན། །མིང་མི་ཤེས་པའི་མཁའ་སྤྱོད་མ། །དཀར་ལྗང་དམར་སེར་སྐུ་མདོག་སྟོན། །བཅུ་དྲུག་ལོན་པའི་ལང་ཚོ་ཅན། །ཆགས་པའི་མྱོས་པའི་མིག་རྩ་དམར། །གནག་སྣུམ་ལན་བུ་ས་ལ་དྲུད། །དཔའ་བོའི་པང་ན་གཉིད་དུ་ཡུར། །དུང་གི་རྣ་རྒྱན་ཐོད་ཁྲག་འཐུང་། །ནམ་མཁའི་ལམ་ལ་གར་བྱེད་ཅིང་། །རྡོ་རྗེ་ཆེ་ཞིང་གད་རྒྱངས་སྒྲོག །མཁའ་འགྲོའི་སྙིང་སྡུག་ཧེ་རུ་ཀ །རྩ་གསུམ་དཔའ་བོ་མཁའ་འགྲོའི་ཁྱུ། །ཧྰུྃ་ཕཊ་གཅིག་གིས་སྡུད་མཛད་པའི། །བླ་མ་རྡོར་སེམས་ཡབ་ཡུམ་ལ། །མཆོད་རྫས་ཞིང་ཁམས་མཉམ་པར་འབུལ། །ཁྲག་ཞག་འཁྲིགས་པའི་མཎཌལ་གཞིར། །ཤ་ལྔ་བདུད་རྩི་ལྔ་ལ་སོགས། །གསང་བའི་མཆོད་པ་སྣ་ཚོགས་ཀྱིས། །དུར་ཁྲོད་ཆེན་པོའི་ཐ་གྲུ་ཁྱབ། །དཀར་མོ་གཅེར་བུའི་གཟུགས་འཆང་མ། །སྨིན་ལེགས་ནུ་འབུར་དཀར་ཟླུམ་ཅན། །ཐོད་པའི་ཕྲེང་བ་འདྲེན་མཛད་ཅིག །ཚོགས་ཀྱི་འཁོར་ལོའི་གཉེར་དུ་བསྐོས། །ལ་ལར་ཞིང་ཆེན་པགས་པ་དང་། །ལ་ལར་དབང་པོའི་མེ་ཏོག་ཚོགས། །ལ་ལར་ཡན་ལག་ཉིང་ལག་སོགས། །ཚོགས་ཀྱི་དགའ་སྟོན་ཨ་ཧོ་རྨད། །(མུ་འགོད། )

གསར་འགྱུར། Tags:ཨཨ

Post navigation

Previous Post: ནོར་གླིང་མཐོ་སློབ་ཀྱི་རྩོམ་བསྡུའི་བརྡ་སྦྱོར།
Next Post: དབུ་མའི་ལམ་གྱི་བརྗོད་གཞིའི་སྟེང་རྩོམ་ཡིག་འགྲན་བསྡུར།

Comments (40) on “མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ། གཉིས་པ།”

  1. མེ་ཏོག་དཀར་པོ། says:
    2010-11-05 at 11:01 pm

    དཀྱིལ་ཌྷའཁོར་གྱི་གཙོ་བོའི་ཡབ་ཡུམ་གཉིས་རྡོར་སེམས་དང་ཀུན་ཏུ་བཟང་མོ་རེད་དམ། ཡང་ན་རྡོར་སེམས། ཀུན་བཟང་ཡབ། ཀུན་བཟང་ཡུམ་བཅས་གསུམ་ཀ་རེད་དམ་ལགས།

  2. ཀླུ་སྨྱོན། says:
    2010-11-06 at 12:38 am

    སྐབས་འདིར་རྡོར་སེམས་ཡབ་ཡུམ་དང་ཀུན་བཟང་ཡབ་ཡུམ་དོན་གཅིག་ཏུ་གོ་དགོས།

  3. ཀླུ་སྨྱོན། says:
    2010-11-06 at 12:41 am

    རྡོར་ཡབ་ཡུམ་གཉིས་ནི་ཁམས་དང་དབུས་གཙང་བའི་བཟའ་གསུམ་དེ་འདྲ་བྱེད་དགོས་པའི་འུ་ཐུག་ཅིག་མ་རེད་ལོ།།

  4. ཀླུ་སྨྱོན། says:
    2010-11-06 at 12:50 am

    རྡོར་སེམས་ཡབ་ཡུམ་་་་་

  5. པདྨ་གེ་སར says:
    2010-11-06 at 3:22 am

    ཧ ་ཧ །ལྷ་ལ་ཆགས་ནས་འདྲེ་ལ་གོལ། །ཆགས་སྡང་རང་མཚན་སྤེལ་བ་འདི། །གསང་ཆེན་རྒྱུད་དོན་ཨེ་་ཡིན་ནམ། །ཡིན་ན་ཀུན་ཀྱང་སངས་རྒྱས་ཐལ། །ཅི་དགར་སྤྱོད་ཅིག་བན་ལོག་ཁྱོད། །ཀླུ་གདོན་ནག་པོས་ཟིན་པ་བཞིན། །སྨྱོ་འབོད་ནམ་མཁའ་བསྐང་བ་དེ། །འགྲོ་བ་སྤྱི་ཡི་འགྲོ་སྟངས་རེད། །མཁའ་འགྲོ་སྨྲ་བ་ཁ་ཙམ་རེད། །སྔ་འགྱུར་བསྟན་པའི་ཞབས་འདྲེན་དང་། །ཕྱག་ཆེན་བརྒྱུད་པའི་བླ་བཙོང་ཁྱོད། །མ་ཤི་ཚེ་ཐག་རིང་བ་ན། །༧གོང་ས་མཆོག་ཀྱང་སྐྱ་ས་ཕོབས། །གོ་ཨེ་ཐལ་ཀླུ་སྨྱོན་ཌ་མ་ར་་་་

  6. གནམ་ལྕགས། says:
    2010-11-06 at 6:51 am

    ཌཱ་ཀི་སྟོང་གི་བྷ་ག་དང་།།
    ཁྲོ་མོ་འབུམ་གྱིས་གླུ་དབྱངས་འདིས།།
    ཀླུ་སྨྱོན་འཁོར་དང་བཅས་པ་རྣམས།།
    བདེ་བའི་དཀྱིལ་འཁོར་འགྲུབ་གྱུར་ཅིག།

    སྔགས་ཀྱི་རྩ་ལམ་གྲོལ་བའི་རྣལ་འབྱོར་བ།།
    སྔགས་རྒན་ལྕང་ལོ་བྲལ་བའི་ཀླུ་སྨྱོན་ལ།།
    སྔགས་ཀྱི་གཙོ་མོས་མཁའ་སྤྱོད་ཞིང་ཁམས་ནས།།
    བྷ་ག་སྟོང་གི་ཤིས་པ་བསྩལ་ཏུ་གསོལ།།

  7. མེ་ཏོག་དཀར་པོ། says:
    2010-11-06 at 8:19 am

    ཧེ་ལོ་

  8. མེ་ཏོག་དཀར་པོ། says:
    2010-11-06 at 8:24 am

    ན་མོ་

  9. གཙང་ཁའི་བུ says:
    2010-11-06 at 9:09 am

    མཁའ་འགྲོའི་ཞིང་ཁམས་མ་ཉུལ། །
    མཁའ་འགྲོ་རྣ་ཐོས་ཙམ་ལགས། །
    བསོད་ནམས་དབྱངས་ཅན་བྱིན་རླབས། །
    ཚྭ་དྲོད་མེ་ལས་ཆེ་བ། །

    ཚེ་སྔོན་ཚོགས་བསགས་མེེད་པས། །
    ཁམས་སྡོང་རྩ་བ་ཆགས་སོང་། །
    བྱམས་པའི་ལས་འཕྲོ་ཟད་པས། །
    སྙིང་རྩ་ཁྲག་གིས་འགགས་སོང་། །

    ལྷ་ལ་གསོལ་མཆོད་མ་བྱས། །
    འདྲེ་ལ་གཏོར་རྫོངས་མ་བྱས། །
    ལྷ་འདྲེ་མང་བའི་ཚོགས་རར། །
    ཞེན་པ་སྟིང་ནས་ལོག་སོང་། །

  10. ཀླུ་སྨྱོན། says:
    2010-11-06 at 12:44 pm

    གཤེ་ན་དགའ་སྟེ་སྡིག་སྒྲིབ་འདག །
    བསྟོད་ན་དགའ་སྟེ་སྤོབས་པ་སྦྱིན། །
    ཀླུ་སྨྱོན་ཁོ་བོའི་སྨྱུག་རྩེ་རུ། །
    འཁོར་འདས་གཉིས་ཀའི་ལྟད་མོ་ཡོད། །
    རྩོམ་ཡིག་འབྲི་བའི་རང་དབང་འདི། །
    ནག་པོ་རྒྱ་ཡིས་མ་འཕྲོགས་ཀྱང་། །
    དེ་རིང་མགོ་ནག་བོད་པ་འགས། །
    འཕྲོག་པར་འདོད་པ་གད་མོའི་གནས། །

  11. ཐོན་མའི་བུ། says:
    2010-11-06 at 1:47 pm

    གྲུབ་རྫུན་ཡ་མ་བརླ་རྣམས་ཀྱི།
    ཆགས་སྲེད་སྦྱོར་བའི་མེ་ལྕེ་ལས།
    གསང་སེམས་སྔགས་ཀྱི་ལྟ་གྲུབ་དེ།
    ལོག་སྡེ་སྤྱོད་པའི་གནས་སུ་བསྐྲུན།

    ལྷ་འདྲེ་སྟོང་གི་ཆོ་འཕྲུལ་གྱིས།
    བོད་པ་ཚང་གི་སྦྲ་ཕུགས་ཀྱི།
    ལྷ་དང་མཁའ་འགྲོའི་གླུ་གར་དེ།
    ཐད་སྐད་ཕྲ་མོའི་གཟུགས་སུ་བརྫུས།

    དྲིན་ཅན་སློབ་དཔོན་ཐོན་མའི་བུས།
    འཇིགས་སུ་རུང་བའི་དུར་ཁྲོད་ནས།
    སྐྱོ་བའི་མཆི་མ་འཛགས་བཞིན་དུ།
    ཤུགས་གླུ་རིང་མོ་ལེན་བཞིན་གདའ།

  12. མིག says:
    2010-11-07 at 2:32 am

    གཤེ་པས་སྡིག་པ་དག་ཚུལ་དང་། །
    དགོས་མེད་ཁྲོམ་སྒྲགས་བྱེད་ཚུལ་སོགས། །
    ཆོས་ཀྱི་བྲོ་བ་མེད་ལུགས་ལ། །
    ཀླུ་སྨྱོན་འདི་ནི་སྤྲུལ་རྫུན་རེད། །

  13. པདྨ་གེ་སར says:
    2010-11-07 at 4:57 am

    ཁྱོད་སྡིག་པ་འདགས་འགྲོ་ན་ངས་ད་དུང་ཁྱེད་ལ་གཤེ་གཤེད་ཅིག་གཏོང་ཡ། །

    དགའ་ཞེན་ཆགས་སྲེད་ཚོགས་འཁོར་བསྐོར་། །
    སྡང་ཞེན་དམག་འཁྲུག་སྲོག་གཅོད་བྱས། །
    མ་རིག་ལས་ཉོན་སྤེལ་བ་ཡིས། །
    ཀླུ་སྨྱོན་ཧེ་རུ་ཀ་པར་སྤྲུལ། །

    མི་དགེ་སྡིག་པ་ཆོས་སུ་སྨྲས། །
    འཁྲུལ་ཞིག་མགོ་བོར་འཁྲུལ་བས་གཡོག །
    འཁྲུལ་བ་སྤྲུལ་པའི་བན་ལོག་ལ། །
    འདོད་ན་ཁུ་ཁྲག་རྒྱ་མཚོས་མཆོད། །

    རྒྱལ་བ་རྒྱ་མཚོར་སྒྲོ་བཀུར་བྱས། །
    འཁོར་བ་རྒྱ་མཚོའི་གཏིང་རྡོ་ཁྱེད། །
    བསྟན་འཛིན་རྒྱ་མཚོའི་བླ་བཙོང་བར། །
    མོ་མཚན་རྒྱ་མཚོས་ཁྲི་འདོན་ཡོད། །
    ཧ ཧ དགའ་སྤྲོ་བརྟས་ན་་་་་་་་་

  14. ཀརྡོ་རབ་འབྱམས་པ་ says:
    2010-11-07 at 8:56 am

    རྒྱ་དཀར་དཀར་ཆོས་དཀར་པོ་འདི། །
    རྨོངས་ནག་ནག་པོའི་ཡིད་ལ་ཤོད། །
    ཆོས་ཡོད་ཡོད་རྒུས་ཆབ་སྲིད་འདི། །
    ཆོས་མེད་མེད་མོས་རྒྱ་ལ་རྩོད། །

  15. བློ་གྲོས་མཐའ་ཡས། says:
    2010-11-07 at 12:00 pm

    ང་ལ་ནི་འདིར་མང་པོ་ཅི་ཡང་ཞུ་རྒྱུ་མེད། གང་ལྟར་ཚིག་སྦྱོར་ནི་འཇུ་མི་ཕམ་དང་དགེ་འདུན་ཆོས་འཕེལ་ཚོ་ལྟ་བུ་ཞིག་རེད། ངོ་མ་ཡིད་འཕྲོག་ནི་ཞིག་རེད། ངའི་གྲོགས་པོ་མཁན་སྤྲུལ་འགའ་རེས་ཀྱང་དེ་འདྲ་ཟེར་གྱི་འདུག མངོན་རྟོགས་ཀྱི་ཕྱོགས་ནས་བཤད་ན། འོ་སྐྱབས་སུ་མཆི་ལོས་ཡིན་བསམ་རྒྱུ་མ་གཏོགས་ཅི་ཡང་ཞུ་རྒྱུ་མེད། ཡིན་ན་ཡང་ཞུ་རྒྱུ་ཉུང་ཤས་ཤིག་ཡོད་པ་དེ། མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ་དང་པོ་ལས།
    འདོད་པའི་མྱོས་བུམ་དཀར་ཟླུམ་ཞིང་། །
    བྷ་གའི་དཀྱིལ་འཁོར་ཆེར་གདངས་པའི། །
    དགའ་མ་བྱུ་རུའི་མདོག་ཅན་ཞིག །
    སྒྱུ་རྩལ་དྲུག་ཅུའི་ཀློང་ན་བརྒྱལ། །
    ཟེར་བ་འདི་ལ་ཚིག་འཁྲི་ཞིག་བྱས་ན། མཁའ་འགྲོ་དམར་མོ་ཞིག་ལ་ནུ་མ་དཀར་པོ་ཞིག་ཨེ་ཡོད་ན། ཅི་སྟེ་ཡོད་ན་ཧ་ལམ་ཕྱི་གླིང་གི་བུད་མེད་འགས་ཆེད་དུ་གཟུགས་པོ་ཉི་མར་ལྡེས་ནས་དམར་པོ་ཆགས་སུ་འཇུག་ཅིང་། ནུ་ཤུབས་དང་གསང་དོར་རྒྱུན་དུ་གྱོན་པས་ནུ་མ་དང་བྷ་གའི་ཉེ་འཁོར་དཀར་པོ་དཀར་རྐྱང་ཡིན་པས་ཕར་བལྟས་ཚོད་ལ་བུད་མེད་དམར་ཁྲ་ཞིག་ཏུ་འགྱུར་འདུག་དེ་འདྲ་ཡིན་ཤས་ཆེ། ཧ་ཧ་ཧ། ད་དུང་། རྒྱས་པའི་མཁའ་འགྲོ་ལྗང་ཞིང་འཚེར། ། ཞེས་གསུངས་པ་འདིའི་ཐད་ནས། སྤྱིར་ལས་བཞིའི་ཁ་དོག་ནང་གི་རྒྱས་པའི་ལས་ཀྱི་ཁ་དོག་ནི་སེར་བོ་ཡིན་པས། རྒྱས་པའི་མཁའ་འགྲོའི་སྐུ་མདོག་སེར་བོ་ཡིན་དགོས་སམ་སྙམ། འོན་ཀྱང་ཚིག་འཁྲི་རང་ཡིན། མང་པོ་མི་ཤེས། གང་ལྟར་ཅུང་གསང་བསྒྲགས་འདྲ་བོ་ཞིག་ཆགས་སམ་སྙམ་པ་འདུག འོན་ཀྱང་འདིར་ཀློག་ཏུ་ཡོང་མཁན་ཚང་མ་བོད་ཡིན་པ་དང་། བོད་ཡིན་ན་དུས་འཁོར་དབང་ཆེན་སོགས་སྔགས་བླ་མེད་ཀྱི་དབང་མ་ཐོབ་ས་་ཧ་ལམ་མེད་པས་མི་སྐྱོན་ན་ཡང་ཐང་། གང་ལྟར་སྤྲུལ་སྐུ་འདི་པ་ཚང་ངོ་མ་ཡག་པོ་ཞིག་ཡོད། སྐུར་འདེབས་མང་པོ་ཞུ་མི་རུང་ན་ཐང་། ངས་ནི་མི་ཕོད། ཞུ་དག་བྱ་ལོང་མ་བྱུང་བས་ཡིག་ནོར་ཡོད་ན་དགོངས་དག

  16. བློ་གྲོས་མཐའ་ཡས། says:
    2010-11-07 at 12:13 pm

    ཁ་བརྡ་སང་ལགས།   ངའི་གོང་གི་མཆན་བུ་དེ་མ་འགོག་རོགས།

  17. རིག་པའི་རལ་གྲི says:
    2010-11-07 at 1:12 pm

    རྩ་ལྟུང་འཇིགས་སྣང་རྒྱུ་ལ་ཡ་ང་མེད།
    གོ་ཏམ་བུས་ཀྱང་དོར་ལ་ཅི་དགར་རོལ།
    བྱུང་རྒྱལ་ཕོ་སོར་སྒྲོགས་པའི་ཨམ་མདོའི་བུ།
    ཀླུ་སྨྱོན་ཧེ་རུ་ཀ་པ་བསྟན་པའི་གཤེད།

  18. ཀླུ་སྨྱོན། says:
    2010-11-07 at 7:14 pm

    ཀླུ་སྨྱོན་རྒན་པོའི་སྨྱུག་རྩེ་འདི། །
    ལྷ་ཡིས་བྱིན་བརླབས་འདྲེ་ཡིས་བསླུས། །
    སྐབས་འགར་འོ་མའི་ཆར་བ་འབེབ། །
    ལན་རེར་ཁྲག་གི་གཟེགས་མ་འགྲེམ། །
    སྙན་ངག་སྦྱོང་བའི་དཔེ་བརྗོད་ཅིག །
    གྲོགས་ཁྱེད་བློ་ལ་མི་ཤོངས་ཚེ། །
    གསང་ཆེན་སྤྱོད་པ་ངོ་མ་ཞིག །
    བསྐལ་པའི་མཐར་ཡང་མཇལ་རེ་སྐན། །

  19. ཀརྡོ་རབ་འབྱམས་པ་ says:
    2010-11-07 at 10:12 pm

    དྲྭ་གྲོགས་ཀླུ་སྨྱོན་ལགས་ལ་བདེན་པ་ཅིག་ཡོད་པ་ནི། གཤམ་འོག་འདིས་གསལ་བས། དྲ་གྲོགས་གཞན་པ་རྣམས་ཀྱིས་ཀྱང་། ཡང་བསྐྱར་ཅིག་ཀློག་ཆེད་དུ་བཀོད་པ་ཡིན། དགེའོ།
    ༡༠༢༽ ཀླུ་སྨྱོན་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༡ གི་ཆུ་ཚོད་ ༡༢ སྐར་མ་ ༣༤

    སངས་རྒྱས་ཀྱི་གསུང་རབ་སྙིང་རྗེ་བོ་དེ་ཚོ་འབྲུག་པ་ཀུན་ལེགས་ཀྱི་མཇེ་མགོར་དཀྲི་མཚམས་བཞག་ན་ག་འདྲ་འདུག ངས་གོང་གི་འདི་ལས་འཇིགས་པ་ཞིག་འབྲི་བཞིན་ཡོད་པས། དེ་དུས་བཙོག་གཏམ་ལ་བཙོག་མཆན་འབྲི་བ་ལས་བཙོག་གཏམ་ལ་ཆོས་མཆན་ཞེ་དྲགས་མ་འབྲི་ ཨ། ད་ཡང་འཇུ་མི་ཕམ་གྱི་ལད་མོ་ཞིག་བྱེད་ན་འདོད་ཀི

  20. གཞོན་ནུ་ཟླ་མེད། says:
    2010-11-07 at 11:49 pm

    ཀརྡོ་ལགས་ཀྱིས། ༼སངས་རྒྱས་ཀྱི་གསུང་རབ་སྙིང་རྗེ་བོ་དེ་ཚོ་འབྲུག་པ་ཀུན་ལེགས་ཀྱི་མཇེ་མགོར་དཀྲི་མཚམས་བཞག་ན་ག་འདྲ་འདུག ངས་གོང་གི་འདི་ལས་འཇིགས་པ་ཞིག་འབྲི་བཞིན་ཡོད་པས། དེ་དུས་བཙོག་གཏམ་ལ་བཙོག་མཆན་འབྲི་བ་ལས་བཙོག་གཏམ་ལ་ཆོས་མཆན་ཞེ་དྲགས་མ་འབྲི་ ཨ། ད་ཡང་འཇུ་མི་ཕམ་གྱི་ལད་མོ་ཞིག་བྱེད་ན་འདོད་ཀི༽ ཚིག་འདི་གཏན་ཚིགས་དང་ལྡན་པ་ཞིག་རྩ་ནས་མ་རེད། དང་པོ་ནས་འབྲུག་པ་ཀུན་ལེགས་ཀྱི་མཇེ་དེ་ཡང་སངས་རྒྱས་ཀྱི་མཛད་པ་ཞིག་རེད་མདོག་དང་། ཡང་བཤང་བཙོང་མའི་སྤྱོད་པ་དེ་ཚོ་མཁའ་འགྲོ་མའི་མཛད་པ་རེད་མདོག ཡང་ཕལ་བའི་ཆགས་རྒྱོ་ཚང་མ་གསང་སྔགས་ཀྱི་ཁྱད་པར་ཆེན་པོ་རེད་མདོག ཕལ་བའི་ཆགས་སེམས་དང་གསང་སྔགས་ཀྱི་ཉམས་རྟོགས་དཀྲུགས། འདི་དག་ལ་གཞན་གྱི་དགག་པ་བྱེད་དུས་ཚིག་
    སངས་རྒྱས་ཀྱི་གསུང་རབ་མར་དྲིད་ཡོང་མཁན་གཞན་གྱི་འགོར་དཀྲུས་པ་ནི་དྲང་མོར་མ་རེད།

  21. བློ་གྲོས་མཐའ་ཡས། says:
    2010-11-08 at 12:20 am

    གཞོན་ནུ་ཟླ་མེད་ལགས།
    (བཤང་བཙོང་) བཤང་ཚོང་།
    མར་(དྲིད་) མར་འདྲུད།
    འགོར་(དཀྲུས་) མགོར་དཀྲིས།
    འདི་ཚོ་དོན་ཆེན་མིན་རུང་ཡིག་ནོར་ཆེན་པོ་རེད་ཡ། ད་དུང་བོད་ཡིག་སྦྱང་རོགས་ཞུ།

  22. མེ་ཏོག་དཀར་པོ། says:
    2010-11-08 at 2:35 am

    བློ་གྲོས་མཐའ་ཡས་ལགས། ཁ་བརྡ་༼སང་༽ ཁ་བརྡ་ཚང་།
    ཟླ་མེད་གཉམ་དུ་དག་ཡིག་སྦྱོངས།

  23. ལ་སྟོད་བུ། says:
    2010-11-08 at 2:48 am

    ཀླུ་སྨྱོན་གླུ་ཡི་ཁང་བཟང་ནས།
    ཀླུ་ཡི་བུ་མོས་གླུ་གར་རོལ།
    ཀླུ་སྨྱོན་གླུ་གར་རོལ་པ་ལ།
    དོན་ཡོད་དོན་མེད་ཀུན་གྱིས་མཉན།

  24. བློ་གྲོས་མཐའ་ཡས། says:
    2010-11-08 at 3:03 am

    མེ་ཏོག་དཀར་པོ་ལགས།  
    ཟླ་མེད་༼གཉམ་༽དུ།   མཉམ་དུ།   
    ཁྱོད་ཀྱང་ཤོག་དང་ང་ཚོ་དག་ཡིག་སྦྱོང་བར་འགྲོ།

  25. དཔལ་དགྱེས་པ་རྡོ་རྗེ says:
    2010-11-08 at 4:23 am

    གོང་དུ་གྲོགས་པོ་ཕལ་ཆེ་བས་བཤད་པ་སྒྲོ་བཀུར་རུ་སོང་འདུག དཔེར་ན་པདྨ་གེ་སར་གྱིས་དུག་གསུམ་སྤྲུལ་པ་བཤད་པ་དང་མཁན་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་ཚིག་སྦྱོར་ནི་འཇུ་མི་ཕམ་དང་དགེ་འདུན་ཆོས་འཕེལ་ཚོ་ལྟ་བུ་ཞིག་རེད།ཅེས་བཤད་པ་སྔོན་བྱོན་དམ་པ་ཚོའི་གསུང་གི་སྙིང་པོ་དང་ཚིག་གི་སྡེབ་སྦྱོར་གྱི་འགྲོ་བཏང་ལ་བཤད་ཡམས་ལས་ཕུ་ཐག་མ་ཆོད་པ་ཞིག་མཐོང་སོང་། །གསང་ཆེན་རྒྱུད་སྡེ་འདི་ཚོ་ཡི་གེ་སྦྱང་སྐྱེད་དང་ཁ་ལ་གང་བབས་བབས་སུ་བྲིས་པ་ཙམ་དུ་བཞག་ན་ཧ་ཀྱང་མ་ཐལ་ལོ། །
    རིག་གནས་པས་སྤྱི་བཏང་སྙན་ངག་གི་སྒོ་ནས་བཤད་ན་་་
    བདེ་དགའ་རྒྱ་མཚོ་ཐོབ་པའི་ཀླུ་སྨྱོན་པ། །
    བདེ་ཆེན་ཡེ་ཤེས་མཇལ་བའི་ཧེ་རུ་ཀ །
    བདེ་སྟོང་ཕྱག་རྒྱའི་དངོས་གྲུབ་ཐོབ་ཡོད་ན། །
    གསང་ཆེན་གདམས་པའི་གླུ་བྲོ་ཨེ་མ་ཧོ། །
    ཞེས་ཀྱང་བརྗོད་པ་ལ་གོ་བ་ལེན་ཚུལ་གཉིས་ཡོད་པ་ནང་བཞིན་རེད། ། ཤྲྰིས་སོ། །

  26. རིག་པའི་རལ་གྲི says:
    2010-11-08 at 1:25 pm

    དབྱུག་པ་ཅན་གྱིས་མ་འཚལ་ཞིང་། །དོན་འགྲུབ་རྒྱལ་གྱིས་མ་མཐོང་བའི། །རྫོགས་སངས་རྒྱས་ཀྱི་གསང་བ་ཀུན། །སྨྱོན་པ་མ་གཏོགས་སུ་ཡིས་སྒྲོགས།
    བདག་ནི་སྙན་ངག་ཅན་ལ་དགའ། །སྙན་ཚིག་སྦྲང་མའི་བརྩི་ལས་རྔམས། །འོན་ཀྱང་གསང་སྔགས་འཆལ་སྤྱོད་པའི། །ཤེས་ལྡན་རློམས་ལ་ཞེ་རེ་ཁྲེལ།

  27. རིག་པའི་རལ་གྲི says:
    2010-11-08 at 1:30 pm

    ཀུ་རེ་ཟེར་བའི་ཁ་ལྕེ་མ་གྲུབ་ཐལ།
    གད་མོ་འཆོར་བའི་བསྒྱུར་རྩལ་མ་ཤེས་ཐལ།
    དམ་པའི་ཆོས་ལ་དགའ་ཞེན་གཅིག་པུ་ཡིས།
    ངན་སྨྲས་ཅུང་ཟད་ཤོར་བས་དགོང་དག་ཞུ།

  28. བཀྲིས། says:
    2010-11-08 at 3:48 pm

    ཆོས་པ་ཟེར་བ་འདི་ངོ་མ་ཡ་མཚན་རེད། ཁྱོད་བསམ་བློ་ཡག་མོ་ཞིག་ཐོངས་དང་། ཨ་ལྕེ་ཁྲག་ལྟར་ལུས་དམར། འདྲེ་ལྟར་འཇིགས་རུང་འདི་འདྲ་ཞིག་ལ་ཇི་ལྟར་ཆགས་པ་སླེབས་ཐུབ་བམ། ད་འདི་བློ་འཁྲུལ་མེད་ན་གང་། 

    གང་ལྟར་ནང་པའི་ཆོས་པ་ཡ་མ་ཟུང་དེ་ཚོས་བོད་འདི་དང་ནང་པའི་ཆོས་འདི་མིག་གི་མཐོང་ཡུལ་མེད་པ་ཞིག་ལ་སྐྱལ་ས་རེད། ཡག་པོ་རེད། མུ་མཐུད་ཤུགས་རྒྱོབ་ཨ། 

    ཀླུ་སྨྱོན་ལྟ་བུ་ཡིན་ན། ལུས་ལ་གྲྭ་ཆས་གྱོན། ཕྱི་ལ་སྡོམ་པ་ཡོད་ཚུལ་བྱེད། ནང་ལ་ཆགས་སྤྱོད་ཁོ་ན་སྤྱོད་པའི་རྣལ་འབྱོར་འདི་འདྲ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཤིན་དུ་གནོད་པ་ཆེ། སངས་རྒྱས་ཀྱིས་ཀྱང་། མ་འོངས་པ་ན་ངའི་གོས་གྱོན་པའི་མི་དེ་ཚོས་ངའི་བསྟན་པ་ལ་གནོད་ཚབ་ཆེན་པོ་བྱེད་ཟེར་བ་ཤིན་དུ་བདེན།

    ད་དེའི་རྗེས་ལ་མི་མང་པོ་ཞིག་གིས་གཡམ་རྒྱུག་བྱས་ནས། གསང་བསྔགས་དང་བསྟན་པའི་ཁ་གཏད་ལ་འདྲེའི་འདུ་ཚོགས་ལ་ཞུགས་པ་ལྟ་བུ་མཐོང་དུས། ངུ་ན་ངུ་མི་ཤེས། གད་ན་བགོད་མི་ཤེས་པ་ཡོང་།

    འདི་ལ་སངས་རྒྱས་ཀྱི་གསུང་དང་བླ་མའི་བཀའ་ལས་མིན་པའི་རྩོམ་ཡ་མ་ཟུང་ཁོ་ན་སྤེལ་ནས་མཁས་པའི་རློམ་དང་རྣལ་འབྱོར་པའི་རློམ་བྱེད་པ་འདི་ངོ་མ་སྙིང་རེ་རྗེ།

    གཞན་གྱི་བསྟོད་པའི་ཚིག་སྐམ་པོ་རེ་ལ་ལྟོགས་ནས། ལུས་དང་སྲོག ཆོས་དང་རིགས་པ་ཚང་མ་བློས་བཏང་ནས་འདི་འདྲ་བགྱིད་པ་ངོ་མ་སྙིང་རེ་བྱེད།

  29. ཀླུ་སྨྱོན། says:
    2010-11-08 at 7:43 pm

    རྨོངས་པས་བྲན་དུ་བཟུང་བ་ཡིས། །གང་ཞིག་ཁྱོད་དང་ཞེ་འགྲས་པ། །དེ་ཡིས་རང་བཞིན་མེད་པའི་སྒྲ། །མི་བཟོད་གྱུར་ལ་མཚར་ཅི་ཡོད། །ཁྱོད་ཀྱི་གསུང་གི་གཅེས་པའི་མཛོད། །བརྟེན་ནས་འབྱུང་བ་ཁས་བླངས་ནས། །སྟོང་ཉིད་ང་རོ་མི་བཟོད་པ། །འདི་ལ་ཁོ་བོ་ངོ་མཚར་གྱུར། །རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་རྟེན་འབྲེལ་བསྟོད་པ་ལས།
    རྒྱུད་ཀུན་བདག་ཉིད་དུས་འཁོར་སོགས། །བླ་མེད་དབང་ཆེན་མང་ཐོབ་ཅིང་། །རང་ཉིད་སྐད་ཅིག་ཡབ་ཡུམ་ལྷར། །བསྐྱེད་པའི་རིམ་པ་སྔོན་སོང་ཡང་། །གསང་ཆེན་དགའ་བའི་རོལ་མོ་ཡི། །འགྱུར་ཁུག་གཅིག་ལའང་ཐོས་འཛིན་སྒོ། །འགེབ་པའི་ངལ་བ་ལྷུར་ལེན་པའི། །ཆོས་ཀྱི་གྲོགས་པོར་ཅི་ཞིག་ནོངས། །

  30. ཀརྡོ་རབ་འབྱམས་པ་ says:
    2010-11-09 at 2:24 am

    དགེ་ཆོས་མ་ཉིད་སྔགས་ལུགས་ཆུང་མར་གྲག །
    གཞོན་ནུ་ཟླ་མེད་བཤང་ཚོང་སྤྱོད་ལ་སྨད། །
    རིག་པས་རལ་གྲི་ལག་ཤོར་དགོངས་དག་ཞུས། །
    བཀྲ་ཤིས་བཤད་ཚད་ཤིས་པའི་དག་སྦྱངས། །

    ང་ནི་ཚིག་རྒྱན་སྦྱངས་པ་ཆུང་བ་དང་། །
    སྙན་ངག་སྡེབ་སྦྱོར་བདག་གི་སྤྱོད་ཡུལ་མིན། །
    འོན་ཀྱང་ཅུང་ཟད་གོམས་དང་རྩོད་པའི་ཕྱིར། །
    ཁ་བརྡར་བཞུགས་ཀྱང་སྒྲོ་བསྐུར་མང་བས་ངལ། །

    དར་ལ་བབས་པའི་དྲ་གྲོགས་གཞོན་ནུ་ཚོ། །
    རབ་བྱུང་ཡིན་ཀྱང་ཀླུ་སྒྲུབ་མི་ཕམ་བཞིན། །
    སྔགས་ལས་འདོད་བསྟན་ཟུར་དུ་ཕྱེས་པ་དང་། །
    འདོད་བསྟན་རྩ་རླུང་སྒོམ་ལ་ཕན་པའང་སྲིད། །

    རབ་བྱུང་ཕོ་མོས་འཁྲིག་ཚིག་ཤོར་བ་འདིས། །
    དེང་དུས་བོད་ཀྱི་སྐད་ཡིག་འཇིག་དུས་ལ། །
    ཅུང་ཟད་ཕན་པ་སྲིད་ཀྱང་འཕྱ་བའི་རྒྱུ། །
    དེས་ན་ང་འདྲའི་སྔགས་འཆང་ཡིན་མདོག་གྱིས། །

    ཧ་ཧ་སྐུ་རྩེད་ཡིན་ནོ་དྲ་གྲོགས་ཚོར། །

  31. ཀརྡོ་རབ་འབྱམས་པ་ says:
    2010-11-09 at 2:28 am

    ་་་་་་་་་་་་་་་་་་་་་་་་དག་སྣང་སྦྱངས། །

  32. ཀརྡོ་རབ་འབྱམས་པ་ says:
    2010-11-09 at 3:11 am

    བདག་ལ་ནི།
    མགོན་ཕྱག་ཕྱག་མང་སྐྱོང་ལྟར་ལྷག་བསམ་དམན། །
    དཔལ་དགྱེས་སྡེབ་སྦྱོར་དགྱེས་པའི་མཆོད་པ་མེད། །
    ཀླུ་སྨྱོན་ལྟ་བས་མྱོས་པའི་འབྲི་རྩལ་མེད། །
    དམན་མེད་རྩལ་མེད་ཀརྡོ་ངལ་གསོར་དགའ། །

    མ་ཤི་ཚེ་རིང་བྱུང་ན་མཇལ་ཡོང་ངོ་། །

  33. པདྨ་གེ་སར says:
    2010-11-09 at 8:14 am

    ལ་ལས་ཆོས་པ་ཟེར་བའི་མིང་བྱང་དེའི་འོག་ནས།།
    འདོད་སྲེད་གོང་དུ་འཕེལ་བའི་ས་བོན་ཞིག་བཏབ་སྟེ།།
    ལུང་རིགས་རྒྱབ་བརྟེན་མེད་པའི་ཆོས་རྒྱུན་རང་སྤེལ་དུས།།
    ཟས་གཙང་སྲས་སུ་འབོད་པའི་དམ་པ་དེ་དྲན་འོང་།།

    སྙིགས་མ་ལྔ་བདོའི་ནད་ཡམས་དྲག་པོ་ཡི་ཀློང་ནས།།
    ཆོས་དང་འགལ་བའི་འདུལ་ཁྲིམས་གསར་བཟོ་རང་བྱས་ཏེ།།
    མདོ་སྔགས་གཞུང་དང་འགལ་བའི་གྲུབ་རྟགས་རེ་སྟོན་དུས།།
    ངེས་པ་དོན་གྱི་གྲུབ་པའི་དབང་བོ་དེ་དྲན་འོང་།།

    བླང་དོར་ལོག་པར་འགྲེལ་བའི་སྨུག་ལོང་གི་དབུས་ན།།
    སེར་སྐྱ་ཕོ་མོའི་དད་པ་ལྟོས་མེད་དུ་གྱུར་ཞིང་།།
    བླ་མ་སྤྲུུལ་སྐུའི་སེམས་པ་རྒྱ་ཡན་ལ་ཤོར་དུས།།
    བདེན་པ་གཙུག་ཏུ་བཀུར་བའི་དཔའ་པོ་དེ་དྲན་འོང་།།

    ལུང་རིགས་ཐེད་ལ་བོར་བའི་མུན་ནག་གི་ཞིང་ནས།།
    གྲྭ་པ་བཙུན་མའི་ངེས་འབྱུང་རྒྱུ་ནོར་གྱིས་བསླུས་ཤིང་།།
    ནང་ཆེན་གྲུ་བཞིའི་བང་མཛོད་རིག་མ་ལ་འབུལ་དུས།།
    དམ་ཚིག་གཡེལ་བ་མེད་པའི་རྒྱལ་བ་དེ་དྲན་འོང་།།

    ན་ནིང་དཔེ་ཁྲིད་བྱེད་པའི་ཁྲི་ཐོག་གི་མཁན་པོ།།
    ད་ལོ་ཁྱིམ་ཚང་སྐྱོང་བའི་བཟའ་དཔོན་དུ་གྱུར་ཏེ།།
    བཀའ་བསྟན་ཚོང་རར་བཀྲམས་པའི་འདོད་ཧམ་དེ་མཐོང་དུས།།
    ཤཱཀ་ཐུབ་ལྷ་ཡི་རྒྱལ་བའི་འོད་སྣང་དེ་དྲན་འོང་།།

    མཁས་དང་བླུན་པོའི་ཆོ་ལོ་འཁོར་འབངས་ཀྱིས་སྤྲད་ཅིང་།།
    མཐུ་དང་ནུས་པའི་བདེན་དཔང་དབང་ཤུགས་ཀྱིས་བྱས་ཏེ།།
    དགོན་དང་གྲོང་གི་བར་ཁྱད་ཁ་དོག་གིས་ཕྱེ་དུས།།
    རྩ་གསུམ་ལྷ་དབང་དྲན་པའི་གདུང་བ་དེ་མ་བཟོད།།

  34. བློ་གྲོས་མཐའ་ཡས། says:
    2010-11-09 at 10:42 am

    དཔལ་དགྱེས་རྡོ་རྗེ་གསུམ་ལྡན་རྡོ་རྗེ་འཛིན།།
    གྲུབ་བརྙེས་རིག་འཛིན་གོང་མའི་རྒྱལ་ཚབ་ཡིན།།
    སྤྲུལ་སྐུ་ཡེ་ཤེས་བརྟུལ་ཞུགས་རིག་པ་འཛིན།།
    ཚངས་དབྱངས་རྒྱ་མཚོ་ལྷེ་ལུང་བཞད་རྡོར་བཞིན།།

    གཞོན་ནུ་ཟླ་མེད་འུ་ཐུག་ཨ་ནེ་ཡིན།།
    སྤྲང་པོའི་བུ་ཡིས་གསེར་ལ་སྣ་གཉེར་འདྲ།།
    ཀ་རྡོ་རབ་འབྱམས་པདྨ་གེ་སར་གཉིས།།
    རང་ཚུགས་ཆེ་བ་ནགས་ཀྱི་སེང་གེ་བཞིན།།

    བཀྲ་ཤིས་ལགས་ནི་གྲུམ་པ་རྨས་མ་ལྟར།།
    སུ་ཡིས་ལག་པ་བསྲིངས་ཀྱང་དང་སོ་འབྲད་བྱེད།།
    རིགས་པའི་རལ་གྲི་ཨ་མྲའི་འབྲས་བུ་འདྲ།།
    ཕྱི་ཚུལ་སྨིན་ཀྱང་ནང་ལོག་རྡོ་དང་འདྲ།།

    རྩེད་མོ་ཡིན་པས་ཐུགས་མ་ཁྲོ་རོགས།

  35. ལྷག་བསམ། says:
    2010-11-09 at 5:36 pm

    ལོ་ན་རྒས་བཞིན་མཐོང་བ་མང་རུ་འགྲོ
    མཐོང་སྣང་མི་གཅིག་སྟོན་པའི་སྣང་བརྙན་དང་།
    བསམ་ཚུལ་མི་མཐུན་ལྟ་གྲུབ་འགལ་བ་སོགས།
    བསམ་བཞིན་བསམ་ན་སུ་ལ་ཡིད་ཆེད་བྱེད།

    ཡོན་ཏན་ཅན་ལ་མེད་པས་ཕྲག་དོག་དང་།
    ཡོན་ཏན་མེད་ལ་ཡོད་པས་གཉས་བཅོས་བྱེད།
    ཡོད་མེད་གཉིས་ཀ་འཇིགས་རྟེན་འཁྲུལ་སྣང་ལས།
    གཞན་དུ་མེད་པ་ཁྱེད་ཀྱིས་ཤེས་པར་གྱིས།

    བསྟོད་ན་དགའ་བ་འཁོར་བའི་ཆོས་ཉིད་ཡིན།
    སྨད་ན་མི་དགའ་བའང་འཁོར་བའི་གཤིས།
    བསྟོད་སྨད་གཉིས་ཀ་ཚིག་གི་སྡོང་པོ་ལ།
    འབྲས་བུ་མེད་པའི་དོན་ལ་བསམ་རྣོ་ཐོང་།

  36. གངས་ལྷ་མེ་ཏོག says:
    2010-11-13 at 12:17 am

    ཀླུ་མྱོན་གྱི་གླུ་ལ་སྙིང་ནས་བསྟོད།
    གྲྭ་རྒན་ཚོའི་བློར་མི་ཤོང་ན་དེར་ལན་གཅིག་གཟིགས་འཚལ།
    http://www.youtube.com/watch?v=FLITLyk3qeI

  37. མེ་ཏོག་དཀར་པོ། says:
    2010-11-13 at 5:17 am

    སྙིང་མ་རྗེ་གྲྭ་ཆུང་བཀྲ་ཤིས།

  38. གངས་ལྷ་མེ་ཏོག says:
    2010-11-14 at 4:34 am

    གྲྭ་ཆུང་བཀྲིས་འགྱིག་གི་གྲྭ་བ་ཡིན་པས་སྙིང་རྗེ་དགོས་དོན་ཅི་ཡོད། དེ་ལས་ལྡོག་ཏེ་གྲྭ་ཆུང་བཀྲིས་ཀྱིས་གདན་ས་ཁག་གི་ཤའི་གྲྭ་ཆུང་ཚོ་གྲྭ་ལུགས་ཀྱི་འཇིགས་པ་ལས་སྐྱབས་ངེས། ངས་བལྟས་ན་རང་གཞུང་ནས་གྲྭ་རྒན་རེར་འགྱིག་གི་གྲྭ་ཆུང་རེའི་ཞལ་འདེབས་ཞུ་ན་དགེ་མཚན་ཤིན་ཏུ་ཆེ་སྙམ།

  39. འཇིགས་མེད་བསྟན་རྒྱས། says:
    2010-11-17 at 5:40 am

    དྲ་གྲོགས་ཚོར།
    བཀྲ་ཤིས་བདེ་ལེགས་ཞུ།

  40. ཨོ་རིག says:
    2010-11-26 at 7:55 am

    གྲྭ་པ་ཚོ་སློང་མོ་བྱེད་རྒྱུར་གོམས་ནས་ཡོད་དུས་༼འགྱིག་གི་བཀྲ་ཤིས་༽
    བསོད་སྙོམ་དུ་བསླང་མདོག་ཁ་པོ་འདུག
    ཧ་ཧ་ཧ་ཧ་ཧ།
    ཤ་ཡི་བཀྲ་ཤིས་ཕོ་མོ་གཉིས་ནི་ཡོངས་སུ་སྤྱད་ཟིན་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme