Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁན་པོ་ཀརྨ་ཚེ་བརྟན་གྱི་མཛད་རྣམ་མདོར་བསྡུས།

Posted on 2017-05-07 By ཁ་བརྡ 5 Comments on མཁན་པོ་ཀརྨ་ཚེ་བརྟན་གྱི་མཛད་རྣམ་མདོར་བསྡུས།

unnamedམཁན་པོ་ཚུལ་རྣམ།

 

ངེས་པ་དོན་གྱི་བླ་མ་དམ་པ་མཁན་ཆེན་རྡོ་རྗེ་འཆང་མཚན་ཡོངས་གྲགས་ཁྲ་ཆོག་མཁན་པོ་ཀརྨ་ཚེ་བརྟན་མཆོག་ནི་བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་བྱི་བའི་ལོ།  སྤྱི་ལོ ༡༩༡༢ ལོར་ཁམས་ཀེ་རེ་ལྷ་སྒང་པདྨ་རུ་བའི་ཐར་ལུང་མདོར་ཡབ་རུས་སོག་པོ་ཀརྨ་བསོད་ནམས་དང་ཡུམ་ཚེ་དགའ་གཉིས་ཀྱི་རིགས་སྲས་སུ་འཁྲུངས།  དགུན་ལ་མེ་ཏོག་སྐྱེས་པ་དང་འོ་མ་ཆུ་རུ་གྱུར་པ།  ནམ་མཁའ་ནས་འབྲུག་གྲགས་པ་འཇའ་ཤར་བ་ལུང་བསྟན་པ་སོགས་ལྷ་སྒྲུང་དང་འདྲེས་པའི་ངོ་མཚར་ཅང་བཤད་རྒྱུ་མེད་པར་གསུངས།

ཆུང་དུས་ནས་ཡབ་ཡུམ་གཤེགས་ནས་གཉེན་ཚན་ཧར་དགེ་ཚང་ཞེས་པའི་མི་ཚང་དེས་བདག་གཉེར་བྱས་ནས་དགུང་ལོ་བཅོ་བརྒྱད་བར་དུ་ལུག་རྫི་གནང་།  དགེ་བའི་བགས་ཆགས་སད་པའི་སྟོབས་ཀྱིས་ཆུང་དུས་ནས་བཅོས་མིན་ཤུགས་དྲག་གི་ངེས་འབྱུང་ཐུགས་རྒྱུད་ལ་སྐྱེས།  འཁོར་བ་ལ་སྙིང་པོ་མེད་པར་དགོངས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་འདོད་སྐྱེས་ནས་ཁྱིམ་མི་ལ་དེ་ལྟར་རེ་བ་ཞུས་ཀྱང་མི་ཚང་དེས་ཁོང་ནི་མི་རིགས་བཟང་བ་བློ་དང་གཟུགས་སྟོབས་ཆེ་བ། ལས་ལ་བརྩོན་པ་བཅས་ཀྱིས་ཁྱིམ་གཞི་འཛིན་པའི་རེ་བ་བཅངས་ནས་རབ་ཏུ་བྱུང་མ་བཅུག  ཁོང་དགོན་གནས་ཤིག་ལ་ཕེབས་ནས་ཆོས་ལ་སློབ་སྦྱོང་བྱེད་འདོད་སྐྱེས་ཏེ་སྐབས་རེ་མཚན་མོ་བཤུམས་ནས་ནངས་མོ་དབུ་སྔས་ཀྱང་རློན་པར་གསུངས།  བོད་མདོ་ཁམས་འབྲོག་ཁུལ་གྱི་ལུགས་སྲོལ་ལྟར་ཁོང་ལ་ཁམས་པའི་བུ་རྒོད་བཞིན་དབུ་སྐྲ་རིང་པོ་བཞག་ཡོད་པ་ཡང་ལུག་རྫི་སྐབས་རྡོ་བར་བརྡུངས་ནས་ཡང་ཡང་བཅད་པར་མཛད།  ཐེངས་ཁ་ཤས་རི་ནས་བྲོས་ཏེ་ཉེ་སྐོར་གྱི་དགོན་པ་འགའ་ལ་ཕེབས་ཀྱང་སླར་ཡང་ཁྱིམ་མིས་རྗེས་འདེད་བྱས་ནས་ཕྱིར་ཁྲིད་བྱས།  ཁོང་ལ་ནམ་ཞིག་འཇིག་རྟེན་གྱི་བྱ་བ་དེ་ལས་བྲལ་ནས་ཆོས་ཤིག་སྒྲུབ་པའི་གོ་སྐབས་ནམ་རྙེད་ན་བསམ་པའི་རེ་བ་སྐོམ་པ་ཆུ་འདོད་ལྟར་སྐྱེས་པར་ཡང་ཡང་གསུངས་དར།   ཡི་གེ་ཡང་སྦྱངས་སུ་མི་བཅུག་པས་རྫི་བོའི་ཞོར་ལྐོག་ནས་བོད་ཡིག་གི་ཀློག་འདོན་སྦྱངས་པར་མཛད།

དེ་རྗེས་ཉིན་ཞིག་ཁོང་གི་སྐུ་ཞང་གཏེར་སྟོན་རོལ་པའི་རྡོ་རྗེའི་སྤྲུལ་སྐུ་རོལ་རྡོར་དྲི་མེད་འོད་ཟེར་མི་ཚང་དེར་གདན་དྲངས་སྐབས་ཁོང་ངེས་པར་དགོན་པར་ཁྲིད་རོགས་གསང་ཐབས་ཀྱིས་ཞུས་པས་ད་རེས་མཉམ་དུ་ཁྲིད་ན་མི་ཚང་དེ་གནོད་པར་དོགས་པས་རྗེས་མ་བྲོས་ཤོག  དེ་ནས་ཁོང་གི་དགོན་པར་བཅུག་རོགས་བྱེད་གསུངས་ནས་ལམ་སྟོན་དང་འགྲོ་ལུགས་ལྐོག་གྲོས་གནང་།    དེ་རྗེས་དབྱར་ཀ་ཞིག་ལ་བྲོལ་ཟོལ་དུ་ཕེབས་པས་དེ་དུས་ལམ་ཐག་རིང་བ་དང་དབྱར་ཆུ་རྒྱས་པ་ལམ་རྒྱུས་མེད་པས་དཀའ་ངལ་མང་པོ་འཕྲད་ཀྱང་ཐུགས་ནི་ནམ་ཞིག་དགོན་པ་ལ་སླེབས་ནས་གྲྭ་པ་བཟོ་བའི་ཉི་མ་ནམ་ཤར་ཡོང་དགོངས་ནས་ཐུགས་གཏིང་ནས་སྤྲོ་བས་ཁེངས།    ལམ་བར་ཤི་ཡང་འགྱོད་པ་མེད་པར་དགོངས་གསུངས།   དེར་ཕེབས་ནས་ཟུར་མང་བདུད་རྩི་དིལ་དགོན་པར་བསྟན་སྒོར་ཞུགས།   དེ་རྗེས་རོལ་རྡོར་དྲི་མེད་འོད་ཟེར་དང་ཟུར་མང་དྲུང་ཆེན་ཆོས་ཀྱི་ཉིན་བྱེད་མདུན་ནས་རོལ་རྡོར་མཚོ་བྲག་གཉིས་དང་དྲུང་ཀུན་དགའ་རྣམ་རྒྱལ་གྱི་ཕྱག་ཆེན་དང་སྙན་བརྒྱུད་ནོར་བུ་རྣམ་གསུམ་སོགས་སྔོན་འགྲོ་དང་དངོས་གཞི་བསྐྱེད་རྫོགས་ཀྱི་དབང་ཁྲིད་གསན་ནས་ཡང་དབེན་ཁྲ་མོ་གླིང་ལ་ལོ་བཞིའི་ཡུན་དུ་མཚམས་ལ་བཞུགས་ནས་ཉམས་བཞེས་གནང་།

སྒྲུབ་པ་ལས་གྲོལ་རྗེས་ཁོང་ནི་མི་གཞི་བརྟན་པ་ཐུགས་རྒྱུད་དྲང་བདེན་ལ་གནས་པ་མི་ཆོས་ཡ་རབས་ཀྱིས་བརྒྱན་པས་དགོན་པའི་ཕྱག་མཛོད་ལ་བསྐོས་ཀྱང་ཁོང་གི་ཐུགས་ལ་ང་དང་པོ་ཁྱིམ་གཞེས་ཀྱི་བྱ་བས་གཡེངས་ནས་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་མ་ཐུབ་དེ་ལས་ཐར་ཀྱང་ད་སྐབས་དགོན་པའི་ཕྱག་མཛོད་ཟེར་བ་ནི་འཇིག་རྟེན་གྱི་བྱ་བ་དང་གཅིག་པར་རྣམ་གཡེང་མང་པས་ད་ནི་ཕྱོགས་མེད་ཀྱི་ཆོས་གྲྭ་འགྲིམས་ནས་ཐོས་བསམ་སྒོམ་གསུམ་ཡང་དག་པ་རེ་ངེས་པར་བྱ་དགོས་པར་འདུག་དགོངས་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་མཆིལ་མའི་ཐལ་བ་བཞིན་དོར།  ཕྱག་མཛོད་ལས་གནས་དེ་ག་རང་ལ་བོར་ནས་ཐོག་མར་ཟུར་མང་རྣམ་རྒྱལ་རྩེའི་བཤད་གྲྭ་ལ་ཕེབས། གཞུང་ཆེན་བཅུ་གསུམ་སོགས་ལ་སློབ་གཉེར་གནང་།

དེ་རྗེས་ཁམས་བྱེ་རྫོང་སར་བཤད་གྲྭ།   གོ་འཇོ་ཐང་སྐྱ་དགོན། དཔལ་སྤུངས་དགོན་དང་རི་ཁྲོད་གོང་།   རྫོགས་ཆེན་ཤྲཱི་སེངྷ།  ཞེ་ཆེན་དགོན།  ཀ་ཐོག་བཤད་གྲྭ།  གླིང་ཚབ་ཚྭ་དགོན།  རྫ་སེར་ཤུལ་ཆོས་གྲྭ།  ལྕང་མ་རི་ཁྲོད།   དགེ་མང་དགོན།   བྱང་རྫ་ཨ་རིག་ཕུ་ཁང་ཆོས་གྲྭ་སོགས་ལ་ཀུན་སྤངས་བྱ་བྲལ་ལ་ཕེབས་ནས་ས་དགེ་བཀའ་རྙིང་གི་ཆོས་བརྒྱུད་དང་ལྟ་གྲུབ། མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་སློབ་གཉེར་ཕྱོགས་མེད་གནང་།     དཀའ་བ་མང་དུ་སྤྱད།    ཆོས་མཚམས་རེ་མ་ཐུག་བར་ལྟོགས་སྐོམ་དང་འཚོ་བས་འཕོངས་ཀྱང་ཆོས་ཁྲིད་མི་གཅོད་པར་རྩམ་པ་ཁུག་མ་རེ་དང་པོ་ནས་ཉིན་རེ་འདི་ཙམ་ཟ་བའི་ཚད་བགོ་བཤའ་གནང་།    མཚན་མོ་དཔེ་གཟིགས་ལ་ཟླ་བའི་འོད་དང་འགྲོགས་ནས་ལྟ་བ་དང་སོལ་བའི་མེ་འོད་ལ་བརྟེན་ནས་གཟིགས་པར་མཛད། དུས་ཕྱིས་སོལ་མེ་འཛིན་པའི་ལྕགས་ཀྱི་རྐམ་པ་ཡང་མཇལ་རྒྱུ་ཡོད།   སློབ་གཉེར་ཡུན་རིང་གནང་བ་དང་དཀའ་བ་སྤྱད་དྲག་པས་དབུ་སྐྲ་སེ་བ་དང་སྐུ་གཟུགས་བགྲེས་ཉམས་ཆེ་བས་བྱང་རྫ་ཆུ་ཁ་ནས་ལྷོ་བ་བན་རྒན་ཞེས་འབོད་པ་རེད་ཅེས་གསུངས།   དཔལ་སྤྲུལ་ནམ་མཁའ་འཇིགས་མེད་སྐུ་མདུན་ནས་ཁོང་གི་ཆོས་གྲོགས་སུ་གྱུར་པ་བྱང་རྫ་ཆུ་ཁ་ཨ་རིག་ཆོས་གྲྭའི་མཁན་རྒན་བསོད་ཚེ་རིན་པོ་ཆེའི་གསུང་མོལ་ལས་མཁན་པོ་ཀརྨ་ཚེ་བརྟན་ཆོས་ཁྲིད་གྲོལ་རྗེས་དཔེ་གཟིགས་མི་གནང་བར་རྟག་པར་སྐུ་དྲང་སེང་ངེར་བཞུགས་འདུག་མཁན་ཡོད་དར།    དེ་དུས་སྒོམ་རྒྱག་འདུག་ཡོད་ས་རེད་གསུངས་པ་དངོས་སུ་ཐོས།   བཀའ་གདམས་བླ་མ་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་ཕྲུགས་མར་གནང་བ་བཞིན་མཛད་ནས་སློབ་སྦྱོང་མཐར་ཕྱིན་དུས་ཉམས་ལེན་ཡང་མཐར་ཕྱིན་པ་གནང་།  ཁོང་གིས་བླ་མ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་མང་དུ་བསྟེན་པ་ལས་གཙོ་བོ་རོལ་རྡོར་དྲི་མེད་འོད་ཟེར།   ཟུར་མང་དྲུང་ཆེན་ཆོས་ཀྱི་ཉིན་བྱེད།  ཟུར་མང་མཁན་པོ་མཁྱེན་དགའ།  ཀོང་སྤྲུལ་མཁྱེན་བརྩེ་འོད་ཟེར།  མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།  ཀ་ཐོག་མཁན་པོ་ཐུབ་བསྟན་འོད་ཟེར་རྒྱལ་མཚན།   བ་ཐུལ་མཁན་པོ་ཐུབ་དགའ་ཡིད་བཞིན་ནོར་བུ།  ཚབ་ཚྭ་མཁན་པོ་ཐུབ་བསྟན།  སེར་ཤུལ་དགེ་བཤེས་ལུང་རྟོགས།  བྲག་གཡབ་མཁན་པོ་བློ་གྲོས།  བོད་པ་སྤྲུལ་སྐུ།  དཔལ་སྤྲུལ་ནམ་མཁའ་འཇིགས་མེད།   གཏེར་སྟོན་རྡོ་རྗེ་ཚེ་རྒྱལ་སོགས་རིས་མེད་ཀྱི་བཤེས་གཉེན་དམ་པ་མང་པོ་ཚུལ་བཞིན་བསྟེན་ནས་གདམས་པ་དང་གཞུང་ལུགས་མང་དུ་གསན་ནས་མཁས་གྲུབ་གྱི་གོ་འཕང་བརྙེས།

སླར་རང་ཡུལ་དུ་ཕེབས་ནས་ཟུར་མང་དང་ཀེ་རེ་གོང་སོགས་ལ་བདེ་ཆེན་ཞིང་སྒྲུབ་སོགས་ཆོས་འཁོར་བསྐོར།   ལྷག་པར་འཛི་སྒར་བཤད་གྲྭ་ལ་བཞུགས་ནས་ནང་བརྟག་རྒྱུད་གསུམ་གཙོས་མདོ་སྔགས་རིག་གཞུང་རྣམས་སློབ་ཁྲིད་གནང་།   ད་ལྟ་བཀའ་བརྒྱུད་པ་ལ་ནང་བརྟག་རྒྱུད་གསུམ་གྱི་ཁྲིད་རྒྱུན་ཡང་ཕར་ཆེར་ཁོང་གི་སློབ་བརྒྱུད་ལས་བྱུང་བར་མངོན།   ད་ལྟར་རྒྱ་བོད་གཉིས་ལ་ནང་བརྟག་རྒྱུད་གསུམ་གྱི་ཁྲིད་རྒྱུན་ཕར་ཆེར་འཛི་སྒར་བཤད་གྲྭའི་མཁན་རྒན་འགའ་ཡི་བཀའ་དྲིན་རེད།     འཇམ་མགོན་བློ་གྲོས་མཐའ་ཡས་ནས་མར་བརྒྱུད་པའི་བརྒྱུད་པ་མ་ཆད་པ་དེ་གཙོ་བོ་ཁོང་གི་བཀའ་དྲིན་རེད་འདུག      དེ་ནི་རྗེ་བླ་མས་འགྲོ་མགོན་བཀའ་བརྒྱུད་པ་ལ་བཀའ་དྲིན་ཆེ་བ་དང་ཁོང་གི་མཛད་པ་ཆེ་ཤོས་ཤིག་རེད།   མཁན་རིན་པོ་ཆེས་ཚབ་ཚྭ་མཁན་པོ་ཐུབ་བསྟན་མདུན་ནས་ཟབ་མོ་ནང་དོན་ཞུ་སྐབས་ཁོང་གིས་ཁོང་འདས་ན་ཟབ་མོ་ནང་དོན་འདས་ཚར་བ་རེད་གསུངས་དར་ཡང་ཕྱིས་སུ་ཟུར་མང་ལ་ཡང་བསྐྱར་འགྲོ་དུས་ནང་བརྟག་རྒྱུད་གསུམ་བཤད་པ་ཡག་པོ་འདུག་གསུངས།

ལོ་རྒྱུས་ནང་འདི་ལྟ་བུ་བྱུང་མྱོང་མེད་པའི་བོད་ཀྱི་ལུགས་གཉིས་ཀྱི་བསྟན་པ་ཉམས་རྒུད་ཚབས་ཆེན་བྱུང་ནས་དགོན་སྡེ་ཕལ་ཆེ་བ་གཏོར་བཤིག་བཏང་།   དགེ་འདུན་སྡེ་ཡང་མང་པོ་ཞིག་བསད། འགའ་ཞིག་ཡུལ་ཕུད། ལ་ལ་ནི་བཙོན་རྭར་ཚུད་པའི་ཚེ་རྗེ་བླ་མ་འདི་ཡང་བཙོན་རྭར་ལོ་བཅུ་ལྷག་ཙམ་ཚུད།  བཙོན་ཁང་ནང་ལྐོག་ནས་དམ་པ་མང་པོ་ཞིག་འབྲེལ་བ་བྱུང་ནས་དམ་ཆོས་ཀྱི་ལེགས་སྐྱེས་འབུལ་རེས་དང་།  བློ་སྦྱོང་དང་ཕྱག་རྫོགས་ཀྱི་ཉམས་ལེན་གནང་ནས་རྐྱེན་ངན་གྲོགས་སུ་ཁྱེར་བར་མཛད།   ཉིན་ཞིག་བཙོན་ཁང་གི་ངལ་ལས་སྐབས་ཞིང་ཁ་ཞིག་ནས་བཀའ་འགྱུར་ཤོག་སྡེབ་གཅིག་གཉིས་རླུང་གིས་ཁྱེར་བ་ཐོབ་པས་དགའ་དད་ཚད་མེད་སྐྱེས་ལྐོག་ནས་དབུ་ཐོག་ལ་བཞག    དམ་པའི་ཆོས་མཇལ་བར་དཀའ་བ་དང་སངས་རྒྱས་ཀྱི་བསྟན་པ་མཚན་ཙམ་ཐོས་པ་དཀའ་བར་གསུངས་པ་བཞིན་རེད་འདུག་པས་འདི་འདྲ་མཇལ་བ་སྐལ་པ་བཟང་སྙམ་ནས་ཞིང་རྭའི་རྩིག་བར་སྦས་ནས་སྟབས་ནམ་བདེའི་སྐབས་མཇལ་བཞིན་ཡོད་གསུངས།   ད་ནི་ནམ་ཞིག་དམ་པའི་ཆོས་འདི་དར་རྒྱུ་ཡོད་ན་བསམ་ནས་ཉིན་མཚན་མེད་པར་སེམས་ནང་གསོལ་བ་དང་སྨོན་ལམ་བཏབ་ནས་རེ་སྒུག་བྱས་པ་ཡིན་གསུངས།     ཁོང་ལ་སློབ་མ་འགའ་ཞིག་ནས་རྣམ་ཐར་དང་གསོལ་འདེབས་ཤིག་གསུངས་རོགས་ཞུས་པས་ང་ལ་རྣམ་ཐར་བཤད་འོས་ཅན་གཞན་ཅི་ཡང་མེད་ང་ལ་ཡོད་པ་ནི་ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་འདི་གནས་ནས་དར་ཞིང་རྒྱས་ན་བསམ་ནས་རྟག་ཏུ་འབད་བརྩོན་བྱས་པ་དེ་ཡིན་གསུངས་ནས་གསུང་ཚིག་ཤོ་ལོ་ཀ་འདི་གསུངས་པར་མཛད།
ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །
བསྟན་པ་ཡོངས་སུ་གནས་ལ་སྨོན་འདུན་སྐྱེས། །
ལེགས་སྨོན་ལམ་ལ་འབད་རྩོལ་དྲག་པོ་ཅན། །
བཟོད་པ་རབ་བརྟན་ཉིད་ལྟར་གནས་པར་བྱ། །
འདི་ཞལ་གསུང་བྱིན་རླབས་ཅན་རེད།  བཟོད་པ་རབ་བརྟན་ནི་ཁོང་གི་བྱང་སེམས་ཀྱི་མཚན་རེད།  དམ་པ་འདི་ལ་སངས་རྒྱས་བསྟན་པ་མ་གཏོགས་གཞན་བསམ་རྒྱུ་དྲན་རྒྱུ་མེད་པ་ཅན་ཞིག་བཞུགས།

བཙོན་ལས་གྲོལ་རྗེས་སྐུ་ཚེ་སྨད་ལ་ཁྲ་ཆོག་རི་ཁྲོད་ཞེས་པ་ཆབ་མདོ་དང་ནང་ཆེན་ལྷ་ཐོག་གསུམ་དང་ཁད་ཉེ་བར་དབེན་གནས་སྔོན་དམ་པ་དུ་མས་བྱིན་གྱིས་བརླབས་པ་རི་མཐོ་ལ་མཐོང་ཡངས་པ།  འགྲོ་ལམ་དཀའ་བ་འཚོ་བའི་མཐུན་རྐྱེན་ཞན་པ་ཉོ་ཚོང་ནི་ཉིན་ལམ་ཙམ་མ་གཏོགས་ཚོང་ཁང་རིགས་ཅི་ཡང་མེད།   སྐབས་རེ་དགུན་ཟླ་བ་མང་པོར་ཁ་བས་བཟུང་ནས་འཐུང་ཆུ་ཡང་གངས་དང་འཁྱགས་བཞུ་བ་སོགས་ལ་བརྟེན་དགོས།  ཁོང་ལ་གཟིམ་ཁང་དང་བླ་བྲང་སོགས་ཅི་ཡང་མེད་པར་བྲག་ལྕིབས་འོག་གཟིམ་ཁང་དང་།  ཆོས་ཁྲིད་གསུང་ས་ཡང་དེར་རྭ་བ་ཐབས་ཆག་ཅིག་ལས་ལྷ་ཁང་སོགས་ཅི་ཡང་མེད།  ཕྱིས་ཟུར་ལ་ལྷ་ཁང་ཐེབས་ཆག་ཅིག་བཞེངས་པ་ནི་ནམ་རྒྱུན་ཚེས་བཅུ་ཉེར་ལྔ་འཚོགས་ས་ཙམ་ཡིན། ཟུར་མང་དགོན་དང་སྒྲུབ་སྡེ་ལ་སྙན་བརྒྱུད་ནོར་བུ་རྣམ་གསུམ་གྱི་དབང་དང་བཀའ་ཁྲིད་གནང་བར་ལན་གཅིག་ཕེབས་པ་ལས་སྐུ་ཚེ་སྨད་ལ་ཕར་ཚུར་གང་ལ་མ་ཕེབས་པར་དེར་ཆོས་ཁྲིད་དང་སྒྲུབ་པ་ཉམས་ལེན་གནང་ནས་སྐུ་ཚེ་མཐའ་སྐྱེལ་མཛད།  བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན།  རི་ཡི་བུ་བྱས། ན་བུན་གྱི་གོས་གྱོན།   གྱོང་ལྟོ་གོས་གཏམ་གསུམ་ལ་བྱས་ནས་ཚེ་དང་སྒྲུབ་པ་མཉམ་པ་དང་།

ཟུར་མང་སྙན་བརྒྱུད་དང་མཁན་པོ་ངག་ཆུང་སྙན་བརྒྱུད་སོགས་ཟབ་དགུ་གྱི་གདམས་ངག་རྣམས་གནང་བར་མཛད།  དུས་ཀྱི་མཐའ་ལ་ཕྱག་རྫོགས་ཀྱི་སྙན་བརྒྱུད་དག་ལ་བཀའ་དྲིན་ཆེ།   ཟུར་མང་པ་ལ་བཀའ་བབས་པའི་སྙན་བརྒྱུད་ནོར་བུ་རྣམ་གསུམ་དེ་ཉིད་དུས་ཀྱི་ཉམས་ཉེས་སྐབས་བརྒྱུད་པ་ཉག་ཕྲ་བ་དེ་ཉིད་སླར་ཡང་སྲོག་མཐུད་པ་ནང་བཞིན་བརྒྱུད་པ་མ་ཆད་པ་སྤེལ་བར་མཛད།   དེ་ནི་ཁོང་གི་མཛད་པ་གཙོ་ཆེ་བ་གཅིག་རེད།   སྐུ་ཚེ་སྨད་ལ་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བ་ལས་སྐུ་གསུངས་ཐུགས་རྟེན་དང་གཙུག་ལག་ཁང་བཞེངས་པ་སོགས་མ་མཛད།   ནམ་རྒྱུན་གཟའ་ཉི་མ་སོགས་ལ་བར་གསེང་གང་ཡང་མི་གནང་།   ལོ་གསར་ཚེས་གཅིག་ལ་ཡང་གསུང་ཆོས་གནང་བར་མཛད།   གཞུང་ཆེན་ཆེ་ཁག་རེ་གྲུབ་དུས་ཉི་མ་རེ་གཉིས་ཆོས་མཚམས་གནང་སྲོལ་ཡོད།   ཁོང་ལ་བླ་བྲང་དང་ཕྱག་མཛོད་སོགས་གང་ཡང་མེད།   སློབ་མ་ཚོས་སྐྱབས་རྟེན་དང་ཟ་མ་སོགས་ཕུལ་བ་དག་ཆོས་ཞུ་བ་འཚོ་བ་སྐྱོ་བའི་རིགས་ལ་གནང་བ་དང་།   ལོ་རེ་བདེ་ཆེན་ཞིང་སྒྲུབ་རེ་དང་ཚོགས་འབུམ་འཚོགས་པར་གནང་།   ནམ་རྒྱུན་གསུང་ཆོས་སྐབས་དམིགས་གསལ་ཁྲི་གདན་སོགས་མེད་པར་བཞུགས་སའི་བྲག་ཕུག་གི་སྒོ་ཁར་བཞུགས་ནས་ཆོས་གསུངས་པ་དང་སློབ་མ་རྣམས་ཀྱང་གདན་དམའ་མཐོ་དང་གྲལ་བཀོད་སོགས་གང་ཡང་མེད།  ཕྱག་རྫོགས་སོགས་གང་གནང་ཡང་སྐྱ་སེར་གསར་རྙིང་ཚང་མ་ལ་གནང་བར་མཛད།  ཁོང་ལ་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱིས་ཁོང་གི་ཟབ་ཆོས་ཁག་ཁྱི་རྒན་ཞིག་ལ་བཤད་ས་རྙེད་ན་ཤོད་ཤོག་གསུངས་ཏེ་བཀའ་ཕེབས་པ་ནི་དུས་འགྱུར་དང་བསྟན་པ་ཉམས་པ་གསོ་དགོས་པར་མཁྱེན་པ་ཡིན་ས་རེད་གསུངས་ནས་ཆོས་སྒོ་ཧ་ཅང་ཡང་།   ནམ་མཁའ་འཇིགས་མེད་ཀྱི་ཟབ་གཏེར་གསལ་རྒྱན་རྣམ་གཉིས་སོགས་ཡང་དང་ཡང་དུ་ཞིབ་ཁྲིད་མཛད།   དེ་འདྲའི་ཞིབ་ཁྲིད་གནང་མཁན་ཕྱིས་རྫ་ཆུ་ཁ་ལ་བསླེབས་ཀྱང་མཐོང་རྒྱུ་མི་འདུག    ནམ་རྒྱུན་སྙུང་གཞི་སོགས་ཇི་ལྟར་ལྕི་ཡང་ཆོས་ཁྲིད་གཅོད་པར་མི་མཛད།   ཕྱག་རྫོགས་དང་གཞུང་ཆེན་ཁག་གང་ཁྲིད་ཀྱང་གཙོ་བོ་སེམས་འདུལ་བའི་ཐབས་ཁོ་ན་གཙོར་འདོན་གནང་།  དཔེར་ན་མངོན་རྟོགས་རྒྱན་དཔེ་ཁྲིད་གནང་སྐབས་དཀའ་གནད་རྟོག་པ་བཞི་འཆད་སྐབས་གཙོ་བོ་གྲུབ་མཐའི་འདོད་ཚུལ་སྣ་ཚོགས་དང་དགག་སྒྲུབ་གཙོར་འདོན་མི་གནང་པར་དང་པོ་རང་རྒྱུད་ཀྱི་རྟོག་པ་བཞི་དང་དེའི་སྤོང་གཉེན་དང་སྦྱར་ནས་གསུངས།  རྗེ་བླ་མ་དམ་པ་དགོང་ན་མཐོ་ཡང་ཐུགས་རིག་ཧ་ཅང་གསལ། ཕར་ཆེར་མི་བརྗེད་པའི་དྲན་པ་ཐོབ་པ་འདྲ་ཡོད།   སྐུ་ཆུང་དུས་ཆོས་དང་འཇིག་རྟེན་སྐད་ཆ་གང་གསན་པ་ཚོ་གཏན་ནས་བརྗེད་པ་མེད་པར་གསུང་རྒྱུ་ཡོད།   བླ་མ་རིན་པོ་ཆེ་ནི་རིས་མེད་བསྟན་པ་ལ་དག་སྣང་དང་ཐུགས་སྣང་ཆེ་བས་ཁོང་གི་སློབ་བརྒྱུད་ལ་ས་དགེ་བཀའ་རྙིང་བོན་དང་བཅས་པ་ཡོད།    ཕྱོགས་རིས་ཀྱི་སྐད་ཆ་དང་དྲི་བ་ཁག་ལ་བཀའ་བཀྱོན་གནང་བར་མཛད།  ཆོས་བརྒྱད་དང་འར་འུར་ཆེ་བའི་ཆེན་པོ་དག་ལ་བཀའ་བཀྱོན་དྲག་ཙམ་དང་སྐབས་རེ་དམོད་མོ་རེ་ཡང་གསུངས།   མངོན་ཤེས་དང་གྲུབ་རྟགས་སོགས་མི་གསུང་ལ་དེ་དག་བཤད་མཁན་ལ་ཡང་དེ་ཙམ་ཐུགས་མི་རངས།   བཀའ་བཀྱོན་དེ་དག་ཀྱང་ཞིབ་ཏུ་བསམ་ན་གདམས་ངག་དང་འབྲེལ་བ་ཤ་སྟག་རེད།    ས་ཆེན་པོའི་ཁམས་འདིར་མཁས་གྲུབ་ཀྱི་དམ་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་མང་པོར་བཞུགས་ཀྱང་འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པ་བཀའ་གདམས་གོང་མའི་བཤེས་གཉེན་བཞིན་ཁོང་འདྲ་མཇལ་རྒྱུ་ཉུང་།    ལི་མདོ་ཆོས་སྒར་གྱི་མཁན་ཆེན་ཆོས་ཁྱབ་དང་མཛད་པ་ཆ་འདྲ་བའི་བྱ་བྲལ་གྱི་བརྟུལ་ཞུགས་ཅན་དུ་བཞུགས། མཐར་དགུང་གྲངས་བརྒྱད་ཅུ་རབ་བྱུང་བཅུ་དྲུག་པ་ལྕགས་མོ་ལུག་གི་ལོར་ཕྱི་ལོ ༡༩༩༡ ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ལ་སྐུ་གཤེགས།  དེ་ཡང་སྐུ་མ་གཤེགས་པའི་སྔོན་ཉི་མ་བཞི་ཙམ་གྱི་གོང་བླ་མ་རིན་པོ་ཆེས་གསུང་ཆོས་གསུང་དགོས་གསུངས།   དེ་སྐབས་སྨན་པ་དང་ཉེ་གནས་སློབ་མ་རྒན་རིམ་རྣམས་ཀྱིས་སྙུང་གཞི་ཚབས་ཆེ་བ་དང་སྐུ་གྲིབ་ཆེ་རྐྱེན་གྱིས་ཕྱི་བཤོལ་ཇི་ལྟར་ཞུས་ཀྱང་མ་ཁེགས་ནས་ཆོས་རྭ་ལ་སྐུ་བསྐྱོར་བྱས་ནས་ཕེབས། གསུང་ཆོས་རྒྱ་ཆེར་གསུང་མི་ཐུབ་ཀྱང་སློབ་ཚོགས་རྣམས་ལ་གཟིགས་ཙམ་གནང་།   དེ་ནི་ཁོང་ཐུགས་སྒམ་པས་གསུང་གང་བྱུང་གཏན་ནས་མི་མཛད་ཀྱང་དོན་ལ་སློབ་མ་རྣམས་ལ་སྐུ་མཐའ་མའི་ཞལ་གཟིགས་གནང་བར་མངོན།   ད་དུང་མ་འདས་གོང་གི་ཉིན་གསུམ་གྱི་ཏག་ཏག་གོང་ཆོས་ཞུ་བ་རྣམས་ནས་སྐུ་རིམ་འདོན་བཞིན་པའི་སྐབས་ཁོང་གི་ཉེ་གནས་མངགས་མཛད་ནས་དེ་རིང་ནས་ཉིན་གསུམ་རིང་ངེད་ཚོ་ཚང་མ་སྒོམ་མཉམ་དུ་རྒྱག   དེ་སྔོན་ངེད་ཚོས་ཟག་བཅས་དགེ་བ་ཇི་ལྟར་བསགས་ཀྱང་འཁོར་བ་ལས་མ་ཐར་པ་རེད།  ད་ནི་ཟག་མེད་ཏིང་ངེ་འཛིན་ལ་ཉིན་གསུམ་ལ་མཉམ་པར་འཇོག་དགོས་གསུངས་ཀྱང་སློབ་ཚོགས་རྣམས་ནས་གྲོས་མོལ་བྱས་པས་བླ་མ་འདི་ཙམ་སྙུང་དུས་ངེད་ཚོས་སྐུ་རིམ་འདོན་རྒྱུ་དང་སྔོན་གྱི་བཀའ་རྟགས་བབས་པའི་འདོན་པ་ཚར་མེད་པས་དེ་ངེས་པར་ཚར་དགོས་པ་ཐག་བཅད་ནས་འདོན་པ་འདོན་པར་བྱས།   ཉིན་གསུམ་གྱི་རྗེས་ཏག་ཏག་ལ་བླ་མ་སྐུ་གཤེགས།   དེ་དུས་ཉིན་གསུམ་རིང་ལ་ཚང་མས་སྒོམ་རྒྱབ་ཡོད་ན་བླ་མའི་བྱིན་རླབས་དང་ཁོང་གི་དགོངས་པ་གཏད་པ་དང་རྟེན་འབྲེལ་གྱི་སྟོབས་ཀྱིས་སློབ་མ་མང་པོ་ཞིག་ལ་ཕྱག་རྫོགས་དབུ་གསུམ་གྱི་རྟོགས་པ་ཐུགས་ལ་འཁྲུངས་ནས་གྲོལ་ཡོད་ན་ཅི་ཤེས་བསམ་པ་དུས་ད་ལྟ་ཡང་དྲན་བཞིན་འདུག  འདས་རྗེས་ཐུགས་དམ་ལ་ཉིན་གསུམ་བཞུགས་ནམ་མཁའ་གཡའ་དག་པ་གློ་བུར་དྲོད་སློང་བ་སོགས་དང་སྐུ་གདུང་བཞུས་སྐབས་རིང་བསྲེལ་དང་ཁ་བ་མེ་ཏོག་གི་འདབ་མ་ཅན་བབས་པར་གྱུར།

ཁོང་འདས་རྗེས་ཡང་སྲིད་ངོས་འཛིན་དང་གསེར་གདུང་བཞེངས་པ་སོགས་གྲགས་འུར་གང་ཡང་མེད་པར་རི་ཁྲོད་དེ་འཇམ་ལྷིང་ངེར་ལུས།     གསུང་ལས་སྐྱེས་པའི་བསྟན་འཛིན་གྱི་སྐྱེས་བུ་མང་པོར་བསྐྱེད་བསྲིངས་གནང་།   འགའ་ཞིག་ནི་ཀུན་སྤངས་བྱ་བྲལ་ལ་ཕེབས།  དེང་སང་ལོ་མཚམས་ཟླ་མཚམས་རེ་ཡང་འུར་གྱིས་ཁེངས་པ་དང་མི་འདྲ་བར་ཇོ་བོ་བཀའ་གདམས་པ་ནང་བཞིན་འཇམ་ཏིང་ངེར་ཚེ་དང་སྒྲུབ་པ་མཉམ་པར་མཛད།   འགའ་ཞིག་ནི་ཕྱོགས་ཀྱི་ཆོས་གྲྭ་ཁག་ལ་འཆད་ཉན་གྱི་བསྟན་པ་སྤེལ།   ད་དུང་བླ་ཆེན་དང་མི་ཆེན་བསྟན་པ་ལ་བཤད་སྒྲུབ་ལས་གསུམ་དང་བོད་ཀྱི་ཆོས་རིག་ལ་བྱ་བ་བྱེད་མཁན་ཡང་ཧ་ཅང་མང་།   ད་དུང་རྒ་རྒས་སྐྱ་སེར་མང་པོ་ཞིག་རི་ཁྲོད་པ་དང་བསྙུངས་གནས་པ་མཎི་པ་མང་པོ་བྱོན།   བླ་མ་སེང་གེ་དང་འདྲ་བ་ལ་སློབ་མ་སེང་ཕྲུག་དང་འདྲ་བ་མཐོ་རྫ་བྲག་དང་ནགས་རིའི་གསེབ་དང་།    བར་བཤད་སྒྲུབ་གྱི་ཆོས་སྡེ།   མཐའ་གྲོང་འདབས་ཀྱི་སྤྱི་ཚོགས་ཁྲོད་ལ་ཁྱབ།    ཡང་བླ་མ་སེང་གེ་འདྲ་བ་ལ་སློབ་མ་ཐེབས་ཆག་འཇིག་རྟེན་ཆོས་བརྒྱད་ཀྱི་སྒྲོག་ཏུ་ཚུད་པ་ང་དང་ང་ལྟ་བུ་ཡང་ཡོད།   བསྟན་པ་སྐྱ་ཆད་སྔོ་སྡུག་གི་སྐབས་སུ་ལོ་དང་ཟླ་བ་བསྒྲིལ་ནས་ཆོས་འཆད་ཉན་གནང་ནས་བཤད་སྒྲུབ་ཀྱི་བསྟན་པ་གསོ་ནུས་པའི་བསྟན་འཛིན་སྐྱེས་བུ་མང་པོ་བསྐྲུན།  བོད་གངས་ཅན་གྱི་བསྟན་སྲིད་ལ་ཐུགས་ཁྲལ་དང་ནམ་རྒྱུན་བཀའ་སློབ་སྐུ་རིམ་ལ་རྩ་ཆེན་གནང་།   རང་རེའི་ཆོས་ལུགས་གནས་པ་ལ་བོད་ཀྱི་སྲོལ་རྒྱུན་དང་རིག་གནས་དག་གལ་ཆེན་ཏུ་གདམས་པར་མཛད་པའོ།།
མཛད་རྣམ་ངོ་སྤྲོད་མདོར་བསྡུས་རེ་ཞིག་དེར་མཇུག་བསྡོམས་ནས་མ་འོངས་པར་རྣམ་ཐར་རྒྱས་པ་ནི་རྡོ་རྗེའི་མཆེད་པོ་དག་གིས་རྩོམ་པར་ཞུ།

དམ་པ་གང་ཉིད་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་སྐལ་བཟང་ཐོབ་པ་མཁན་མིང་ཚུལ་རྣམ་དུ་འབོད་པའི་འདུ་ཤེས་གསུམ་པ་དེས་བྲིས་པ་དགེ།

ལོ་རྒྱུས།

Post navigation

Previous Post: སྲིད་སྐྱོང་གཟིམ་ཁུག་ཏུ་འཇུག་མི་རུང་།
Next Post: བརྩེ་གདུང་གི་རྨ་ཁ།

Comments (5) on “མཁན་པོ་ཀརྨ་ཚེ་བརྟན་གྱི་མཛད་རྣམ་མདོར་བསྡུས།”

  1. དགའ་སྐུ་ says:
    2017-05-08 at 10:17 pm

    བཀའ་དྲིན་ཆེ།

  2. ཨ་འབར་འཇིགས་དབང། says:
    2017-05-09 at 12:07 am

    ༄༅། མཁན་པོ་ཀརྨ་ཚེ་བརྟན་མཆོག་གི་མཛད་རྣམ་ཀློག་སྐབས་མིག་ནས་མིག་ཆུ་ཐོན་སོང།
    རྗེ་བླ་མ་ཁྱེད་ལ་ཕྱག་འཚལ་ལོ། སྒོ་གསུམ་གུས་པས་ཁྱེད་ལ་བསྟོད་པར་བྱ།

  3. ལ་དྭགས་འཇམ་དཔལ།། says:
    2017-05-11 at 11:20 am

    སྤྱི་ལོ ༡༩༡༢ ལོར་ཁམས་ཀེ་རེ་ལྷ་སྒང་པདྨ་རུ་བའི་ཐར་ལུང་མདོར་ཡབ་རུས་སོག་པོ་ཀརྨ་བསོད་ནམས་དང་ཡུམ་ཚེ་དགའ་གཉིས་ཀྱི་རིགས་སྲས་སུ་འཁྲུངས། ཞེས་དང། མཐར་དགུང་གྲངས་བརྒྱད་ཅུ་རབ་བྱུང་བཅུ་དྲུག་པ་ལྕགས་མོ་ལུག་གི་ལོར་ཕྱི་ལོ ༡༩༩༡ ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ལ་སྐུ་གཤེགས། བླ་མ་ཁྱེད་ཀྱི་བྱིན་རླབས་ཀྱིས་བོད་སྔ་རབས་པའི་མཁས་པ་དག་གིས་་ཇི་ལྟར་ཇི་ལྟར་ཡི་གེར་བཏབ་པ་ཞིན་དུ། དེ་ལྟ་དེ་ལྟར་བོད་རིགས་་གཞོན་ནུ་རྣམས་ཀྱིས་སྦྱང་བརྩོན་བྱེད་པར་ཤོག ཅེས་སྨོན་ནོ།

  4. བསམ་ཤེས། says:
    2017-05-11 at 2:31 pm

    རྒན་ལ་དྭགས་པ་ལགས་ཀྱི་གསུང་ཐོས་པས་དགའ། ཁྱེད་ད་ལྟ་ནེའུ་ཡོག་ལ་ཡོད་དམ། བཀའ་འདྲི་ཞུ་རྒྱུ་ཞིག་འདུག

  5. ལ་དྭགས་འཇམ་དཔལ།། says:
    2017-05-12 at 10:23 am

    བསམ་ཤེས་ལེགས། ཤར་ཕྱོགས་སྔོ་བསངས་ཀྱི་ཡུལ་ན། གཅིག་ན་སྤྱི་ཟླ་༦པའི་མཇུག་གམ། ༧་པའི་ཚེས་ཤར་དུ་དེར་འོང་བའི་འདུན་པ་ལགས། ཁྱེད་ལ་བཀྲ་ཤིས་བདེ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme