Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་འོངས་པའི་ལོ་རྒྱུས། ཨོ་ཤོ་ཡིས་བརྩམས། ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར།

Posted on 2013-01-01 By ཁ་བརྡ་ 19 Comments on མ་འོངས་པའི་ལོ་རྒྱུས། ཨོ་ཤོ་ཡིས་བརྩམས། ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར།

 སྐུ་ཞབས་ལགས།  ང་ཚོས་’’མ་འོངས་པའི་ལོ་རྒྱུས་’’ཟེར་བའི་དེབ་ཅིག་འབྲི་བཞིན་ཡོད།  ཁྱེད་ཀྱི་མཐོང་སྣང་ལྟར་ན་སའི་གོ་ལ་འདི་དང་འགྲོ་བ་མིའི་རིགས་རྒྱུད་འདི་ཉིད་ཧ་ཅང་གི་ཁྱད་ཆོས་ངེས་ཅན་ལྡན་པ་ཞིག་ཡིན་པས། འགྲོ་བ་མིའི་རིགས་ལ་མ་འོངས་པར་ཅི་ཞིག་འབྱུང་བ་དང་འགྲོ་བ་མི་ཡིས་མ་འོངས་པར་ཇི་ལྟར་བྱེད་དགོས་པའི་ཐད་ལ་ང་ཚོས་ཁྱེད་ལ་བཀའ་འདྲི་ཞིག་གནང་འདོད་སྤྲོ།

ཐོག་མར་གནད་དོན་ཞིག་ཡིད་ལ་བཅང་དགོས་པ་ནི་ངའི་མ་འོངས་པའི་སྐོར་ལ་བསམ་བློ་གཏོང་སྟངས་ནི་འདི་འདྲ་ཞིག་ཡིན་ཏེ།  ལུང་བསྟན་ཡོད་ཚད་ནི་ཚོད་དཔག་རང་ལུགས་ཡིན་པས།  མ་འོངས་པ་ནི་སུས་ཀྱང་དོ་ཁུར་གནང་མ་མྱོང་པའི་ཆ་རྒྱུས་མེད་པའི་ཁ་ཕྱོགས་ཤིག་དང༌།  དུས་རྒྱུན་ཤེས་མེད་ངང་ལྷག་བསྡད་པ་དེ་ཡིན་ནོ།  །

དེར་མ་ཟད།  ངའི་མི་ཚེ་ལ་འཇུག་པའི་སྒོ་ནི་མ་འོངས་པ་དང་འདས་པར་སེམས་ཁྲལ་མི་བྱེད་པ་དེ་ཡིན།  འདས་པ་ནི་གང་ཡང་ལྷག་མེད་པ་དང༌།  མ་འོངས་པ་ནི་ད་དུང་གང་ཡང་འབྱུང་མེད་པ་དེ་ཡིན་པས།  ང་ཚོའི་ལག་ཏུ་ཡོད་ཚད་རེག་ཡོད་པ་ནི་ད་ལྟའི་སྐད་ཅིག་མ་འདི་རེད།  འདས་པ་ནི་ཤི་རོ་དང་མ་འོངས་པ་ནི་མ་བཙས་པ་ལྟ་བུ་ཡིན་ནཽ།།

སྡོམ་ཚིག་འདི་སེམས་ལ་ཟུངས་དང༌། ངས་ཚིག་ཁ་ཤས་ཅིག་བརྗོད་འདོད་སྤྲོ་སྟེ། ཐོག་མར་མི་ཚེ་ལ་ཇི་ལྟར་སེམས་ཁྲལ་བྱས་ན་དེ་ལྟར་མ་འོངས་པ་ཞིག་མེད་པར་འབྱུང་སྲིད་དེ།  ང་ཚོ་རང་ཉིད་ཀྱི་དུར་ཁྲོད་དང་ཐག་ཉེ་སར་འབྱོར་བཞིན་ཡོད་པ་རེད། འདི་འདྲའི་དངོས་ཡོད་ཀྱི་བདེན་པ་ར་འཕྲོད་པར་ཐབས་སྐྱོ་བོ་ཞིག་རེད་མོད། འོན་ཀྱང༌། དེ་ར་འཕྲོད་པར་ཕན་ཐོག་ཆེན་པོ་འདུག  རྒྱུ་མཚན་གང་ཡིན་ཞེ་ན། འདིར་ཐབས་ཤེས་འདྲ་མིན་འཁྱེར་ཡོང་སྲིད་པ་རེད། དེང་སང་ཕྱིའི་དངོས་པོ་རྣམས་འགྱུར་ལྡོག་འགྲོ་བཞིན་ཡོད་པས། རྒྱུ་མཚན་དང་ལྡན་པའི་སྡོམ་ཚིག་འདི་ཡིས་གོ་ལ་ཡོངས་རྫོགས་འཇིག་ལ་ཉེ་བར་བསྟན་པ་རྟོགས་དགོས།

འདིར་རྒྱུ་མཚན་ལྟར་སྣང་གི་རྗེས་སུ་མི་སྙེག་པར་རེ་བ་ཉག་གཅིག་ཡོད། གལ་ཏེ། རེ་བ་དེ་ནི་འཁྲུལ་བྲལ་དང་རྒྱུ་མཚན་ལྡན་པ་ཡིན་ཚེ། ཁྱེད་རང་གོ་ལ་འདིའི་སྒང་དུ་ལོ་ངོ་ཉི་ཤུ་ལས་མང་བར་སྡོད་མི་ཐུབ་པའི་དཀའ་ངལ་ལྔ་ཡོད་དེ།

དཀའ་ངལ་དང་པོ་ནི། རྡུལ་ཕྲན་མཚོན་ཆ་ཉིན་རེར་བཟོ་བསྐྲུན་དང་ཕུང་གསོག་རྒྱག་བཞིན་ཡོད་པས། ང་ཚོར་གོ་ལ་ཧྲིལ་བོ་འདི་ཐེངས་བདུན་གཏོར་བཤིག་གཏོང་ཐུབ་པའི་རྡུལ་ཕྲན་ནུས་ཤུགས་ལྡན་པ་དང༌།  རྡུལ་ཕྲན་མཚོན་ཆ་མང་པོ་བཟོ་བསྐྲུན་དང་ཕུང་གསོག་གི་གནད་དོན་ཅི་ཞིག་ཡིན་ནམ།  འདི་ཡིས་འགྲོ་བ་མིའི་སྨྱོ་འབོག་གི་སྤྱོད་པ་དེ་ཕྱི་ལ་ངོམ་པ་རེད།

དཀའ་ངལ་གཉིས་པ་ནི། མི་འབོར་འཕེལ་རྒྱས་ནི་ཚད་གཞི་ལས་བརྒལ་བ་དེ་རེད། དུས་རབས་འདིའི་མཇུག་ཏུ་གོ་ལ་འདིའི་སྒང་དུ་མི་འབོར་ཐེར་འབུམ་བདུན་ལ་སླེབས་ངེས་དང༌། གོ་ལ་འདིས་འདི་འདྲའི་མི་འབོར་ཕོན་ཆེན་ལ་རམ་འདེགས་བྱེད་མི་ནུས་པ་ནི་གོ་ལ་འདི་བཀོལ་སྤྱོད་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། མི་འབོར་གྱི་བརྒྱ་ཆ་ལྔ་བཅུར་མུ་གེ་ཐེབས་ངེས་ལ། མི་འབོར་འཕེལ་རྒྱས་ཀྱི་སྔོན་འགོག་ལ་ཆབ་སྲིད་པ་རྣམས་ཀྱིས་འབད་བརྩོན་གང་ཡང་བྱེད་བཞིན་མེད་དོ།།

དཀའ་ངལ་གསུམ་པ་ནི། མི་མེད་ལུང་སྟོང་ནང་གི་མེ་ལྕེ་བཞིན་གང་སར་ཁྱབ་པའི་ཨེ་ཙི་ན་ཚ་དེ་རེད། འབྱུང་འགྱུར་གྱི་མི་ལོ་ཉི་ཤུའི་ནང་དུ་ན་ཚ་འདི་ལ་སྨན་བཅོས་བྱེད་པའི་ཐབས་ལམ་ཞིག་མེད་པར་སྙམ། ཚན་རིག་པ་རྣམས་ཀྱིས་ཀྱང་ན་ཚ་དེ་ལ་སྨན་བཅོས་བྱེད་ཐབས་བྲལ་བར་གསུངས།

རྒྱལ་ཁབ་གང་གིས་ཀྱང་ཚངས་པར་སྤྱོད་པར་ནག་ཉེས་སུ་མི་རྩི་ལ། ཚངས་སྤྱོད་ནི་ཨེ་ཙི་ན་ཚ་འདིའི་རྒྱུ་རྐྱེན་དེ་རེད། འདི་ནི་བུད་མེད་དང་ལོགས་སུ་དབྱེ་བའི་གྲྭ་བ་དང་སློབ་མ། དམག་མི་རྣམས་ཀྱིས་མཚན་མཐུན་ཆགས་སྤྱོད་དང་བསྟུན་ནས་ན་ཚ་འདི་བྱུང་བ་རེད། འོན་ཀྱང༌། མཚན་མཐུན་ཆགས་སྤྱོད་ནི་ན་ཚ་འདིའི་སྔ་ལྟས་ཁོ་ན་དང་དཀའ་ངལ་ངོ་མ་དེ་རེད། ཆོས་པ་རྣམས་ཆགས་སྤྱོད་ཀྱིས་སྡུག་བསྔལ་མྱོང་བཞིན་ཡོད། རྒྱུ་མཚན་གང་ཡིན་ཞེ་ན། ཆོས་ལུགས་ཡོད་ཚད་ཀྱིས་ཆགས་སྤྱོད་བཀག་འགོག་བྱེད་པ༷་དང༌། ཆོས་ལུགས་གང་གིས་ཀྱང་ཆགས་སྤྱོད་བྱེད་པར་ངོས་ལེན་མི་བྱེད་དོ།།

དཀའ་ངལ་བཞི་བ་ནི། འགྲོ་བ་མིའི་རིགས་ལ་འབྱུང་འགྱུར་གྱི་མི་ལོ་ཉི་ཤུའི་ཁྲོད་དུ་འཕྲད་ངེས་པའི་སྣོད་བཅུད་ཀྱི་ཆགས་འཇིག་དེ་རེད། ང་ཚོས་བྱེད་སྟངས་འདྲ་མིན་བརྒྱུད་ནས་རང་ཉིད་ཀྱི་ཚེ་སྲོག་གི་འབྱུང་ཁུངས་ལ་གཏོར་བཤིག་གཏོང་བཞིན་ཡོད། ཚེ་སྲོག་ལ་ཆ་སྙོམ་པའི་སྣོད་བཅུད་དགོས། སྣོད་བཅུད་འདི་བྱེད་སྟངས་གཅིག་བརྒྱུད་ནས་གཏོར་བཤིག་གཏོང་བཞིན་མེད་ལ། དེ་ཡང་བྱེད་སྟངས་འདྲ་མིན་བརྒྱུད་ནས་གཏོར་བཤིག་གཏོང་བཞིན་ཡོད། དཔེར་ན། ནག་རྫས་འབར་རླུང་གསོག་འཇོག་དང་མིས་བཟོས་རྫས་སྦྱོར་གྱི་རྐྱེན་གྱིས་རེད།  སྔོན་ཆད་བྱུང་མྱོང་མེད་པའི་གནམ་གཤིས་ཀྱི་ཚ་དྲོད་དེ་ཇེ་མཐོ་རུ་སོང་བ་དང་བསྟུན། བྱང་སྣེ་དང་ལྷོ་སྣེ་གཉིས་ཀྱི་འཁྱགས་རོམ་རྣམས་བཞུ་མགོ་བརྩམས། སྔོན་ཆད་དེ་འདྲ་ནམ་ཡང་བཞུས་མྱོང་མེད། གལ་ཏེ། གནམ་གཤིས་ཀྱི་ཚ་དྲོད་དེ་ཅུང་མཐོ་རུ་ཕྱིན་ཚེ། ཧི་མ་ལ་ཡའི་འཁྱགས་རོམ་བཞུ་མགོ་རྩོམ་ངེས་དང༌། གྲོང་ཁྱེར་ཡོད་ཚད་ཆུར་ནུབ་ངེས། རྒྱུ་མཚན་གང་ཡིན་ཞེ་ན།  ཁྱེད་ཚོ་རྒྱ་མཚོ་དང་ཧ་ཅང་ཐག་ཉེ་བོ་རེད།

ཆེས་ཉེན་ཁ་ཅན་གྱི་དཀའ་ངལ་ལྔ་བ་ནི།  མི་རིགས་དཀར་པོ་དང་མི་རིགས་ནག་པོ་བར་ལ་དབྱེ་བ་འབྱེད་པ་དང༌།  ཤར་ནུབ་བར་དང་ལྷོ་བྱང་བར་དུ་ཐོལ་གྱིས་བྱུང་བའི་དབྱེ་འབྱེད་དེ་རེད།  དེ་ནི་མིའི་རིགས་རང་ཉིད་ཀྱིས་བཟོས་པ་ཡིན་ནོ། །འགྲོ་བ་མིའི་རིགས་ནི་རིགས་རྒྱུད་དང་ཁ་མདོག  རྒྱལ་ཁབ།  ཆོས་ལུགས་རྣམས་ཀྱིས་ཁ་བྲལ་གཏོང་བ་དང༌། དེ་དག་གིས་མིའི་རིགས་ཕན་ཚུན་གྱི་སྐེ་རྩ་བསྒགས་ནས་འཆི་ལམ་དུ་བརྫངས་པ་རེད། སྒྱུ་འཕྲུལ་རེ་འབྱུང་ན་མ་གཏོགས་འགྲོ་བ་མིའི་རིགས་ལ་ནམ་ཡང་འཕྲད་མྱོང་མེད་པའི་ཛ་དྲག་གི་དོན་ཚན་ལྔ་བོ་ལ་གཡོལ་གཟུར་བྱེད་པར་ཕལ་ཆེར་མི་སྲིད་པར་སྙམ། འོན་ཀྱང༌།  སྒྱུ་འཕྲུལ་ནི་བརྩམས་སྒྲུང་ནང་དུ་འབྱུང་བ་མ་གཏོགས་དངོས་ཡོད་ཀྱི་འཚོ་བའི་ནང་དུ་འབྱུང་མི་སྲིད།

ཟིང་འཁྲུག་གྀ་དོན་རྐྱེན་སློང་བ་ནི་གོ་ལའི་སྒང་གི་ཡར་ཐོན་ཤེས་ལྡན་གྲལ་རིམ་དང་སྲིད་དོན་པ། ལྟ་གྲུབ་པ་རྣམས་ཀྱིས་དོན་རྐྱེན་འདི་རྣམས་སྣང་མེད་དུ་སྐྱུར་བཞིན་འདུག ཛ་དྲག་གི་དོན་རྐྱེན་རྣམས་མདུན་དུ་སླེབས་སྐབས། མི་མང་པོ་ཞིག་གླེན་རྟགས་ཅན་གྱི་དོན་རྐྱེན་ལ་འབྲེལ་བ་ཡོད་པ་རེད། ངའི་རེ་འདུན་ནི་འགྲོ་བ་མིའི་རིགས་ལ་བློ་བདེ་བག་ཕེབས་ཤིག་ཡོང་བ་དང་ཚེ་སྲོག་སྐྱོབ་ཐུབ་རྒྱུ་དེ་ཡིན། འོན་ཀྱང༌། ང་ཚོས་དོན་རྐྱེན་འདི་ལྔ་བོ་རྣམས་ལ་ཁ་གཏད་གཅོག་སྐབས་ཧ་ཅང་གཟབ་གཟབ་བྱེད་དགོས།

འཛམ་གླིང་འདིར་སྲིད་གཞུང་གཅིག་ངེས་པར་དུ་ཡོད་དགོས། འདིར་སྲིད་གཞུང་གཅིག་ལས་དེ་ལས་མང་བ་གང་ཡང་མི་དགོས། སྲིད་གཞུང་གཅིག་ཡོད་ཚེ་ང་ཚོས་དམག་འཁྲུག་གི་སྔ་ལྟས་གང་མང་བཟློག་ཐུབ། དེ་བཞིན་འཛམ་གླིང་འདིར་ཆོས་ཀྱི་སྡེ་ཁག་གཅིག་ཁོ་ན་སྤྱོད་དགོས། ཆོས་ལུགས་གཅིག་མ་རེད། ཆོས་ཀྱི་སྡེ་ཁག་གཅིག་རང་གཅིག་སྤྱོད་དགོས། དེ་ཡང་སྒོམ་གྱི་རྟོགས་པ་དང༌། བྱམས་པ་དང་སྙིང་རྗེ་ལྡན་པ། འཚོ་སྡོད་ལ་བསམ་ཤེས་བྱེད་པ་ཤིག་ཡིན་དགོས།  འོན་ཀྱང༌།   ཆོས་ལུགས་ཆེ་ཁག་རྣམས་ཀྱི་ཆ་ཤས་ཆེས་མེད་དུ་མི་རུང་བ་རྣམས་སྲུང་སྐྱོབ་བྱེད་དགོས། དེ་རྣམས་ནི་ཡི་ཤུ་ཆོས་ལུགས། ཧིན་རྡུ་ཆོས་ལུགས། ནང་བསྟན་ཆོས་ལུགས། གཅེར་བུ་ཆོས་ལུགས། ཁ་ཆེའི་ཆོས་ལུགས་རྣམས་ཡིན་ལ། དེ་མིན་ཆོས་ལུགས་ཆུང་ངུ་ཡོད་ཚད་གོ་ལ་འདི་ནས་མཐོང་ཆོས་སུ་མི་འགྱུར་བར་བྱེད་དགོས། ཆོས་ལུགས་གཞན་པ་རྣམས་དེ་འདྲའི་དགོས་མཁོ་ཅན་ཞིག་མ་རེད། དེ་རྣམས་ཀྱིས་གནོད་འཚེ་མི་ཉུང་བ་ཞིག་བྱས་ཡོད། འོན་ཀྱང༌། ད་ལྟ་གནོད་འཚེ་དེ་ཧ་ཅང་གནོན་ཤུགས་ཆེ་བས་ང་ཚོས་བཟོད་སྒོམ་བྱེད་ཐུབ་བྲལ་བ་རེད།

རྒྱལ་ཁབ་མང་པོ་ག་རེ་བྱས་ནས་མཁོ་བ་རེད་དམ། འཛམ་པོ་གླིང་འདི་གཅིག་རེད། གལ་ཏེ།  འཛམ་གླིང་འདིར་འོས་ཤོག་གི་སྟོབས་ཤུགས་མེད་པར་དགེ་ཕན་གྱི་ཐག་གིས་ཆོད་པའི་སྲིད་གཞུང་གཅིག་ཁོ་ན་ལྡན་ཚེ། དཀའ་ངལ་ཡོད་ཚད་བདེ་བླག་ངང་ནས་ལས་སེལ་ཐུབ་ངེས། སུ་དང་གང་ལ་དཀའ་ངལ་འཕྲད་ཚེ་རྒྱུ་མཚན་དང་ལྡན་པའི་སྒོ་ནས་དེ་དག་སེལ་ཐུབ་མཁན་ཞིག་དང༌། ཡང་ན་ཐབས་རྩལ་སྣ་ཚོགས་ལྡན་པ་དང་འཇོན་ཐང་ལྡན་པ་ཞིག་གིས་སྟངས་འཛིན་བྱེད་དགོས་པ་ལས། འོས་ཤོག་མང་ཉུང་གིས་ཐག་གཅོད་མི་རུང༌།

ཆོས་ལུགས་ཡོད་ཚད་ཀྱིས་ཚངས་སྤྱོད་ཀྱི་འཚོ་བའི་སྐོར་གླེང་བཞིན་ཡོད་མོད། འོན་ཀྱང༌། ཚངས་སྤྱོད་ཀྱི་འཚོ་བ་ནི་ལྷན་སྐྱེས་ཡིན་ནམ་ཞེས་པའི་དྲི་ཚིག་དེ་སུས་ཀྱང་གླེང་སློང་བྱས་མྱོང་མེད། འགྲོ་བ་མིའི་རང་གཤིས་ལ་ཚངས་སྤྱོད་དང་བྲལ་བར་གནས་སྲིད་དམ། ཚན་རིག་པ་དང༌། སྨན་གྱི་ཆེད་ལས་མཁས་པ། ཡང་ན། སེམས་ཁམས་རིག་པ་སུས་ཞིག་གིས་ཚངས་སྤྱོད་བསམ་བློ་ལ་རྒྱབ་སྐྱོར་བྱེད་ཐུབ་བམ། སུ་དང་གང་གིས་ཀྱང་དེའི་ཁ་གཏད་ཕྱོགས་སུ་ཚིག་གཅིག་ཀྱང་བཤད་མེད་དོ། །རྒྱུ་རྐྱེན་འདི་ཡིས་འགྲོ་བ་མིའི་རིགས་ཁྲོད་དུ་འཁྲིག་སྤྱོད་ཀྱི་ལོག་བཤད་སྣ་ཚོགས་སྐྱེལ་བཞིན་ཡོད་ལ། གཅིག་བྱས་ན་ཨེ་ཙི་ན་ཚ་ཁོ་ན་སྐྱེལ་འོང་བ་མ་ཟད། ཐ་ན་དེ་ལས་ཀྱང་ཉེན་ཁ་ཅན་གྱི་ན་ཚ་མང་པོ་འབྱུང་སྲིད་པ་རེད།

ཐེངས་སྔོན་མ་ཞིག་ལ་ངས་འགྲོ་བ་མིའི་རིགས་ཀྱི་སྐོར་ལ་ཞོར་འཕྲོས་གླེང་མྱོང༌། འགྲོ་བ་མིའི་རིགས་ནི་མི་ཐོག་གཅིག་མ་རེད། འགྲོ་བ་མིའི་རིགས་ནི་འདས་ཟིན་པའི་ལོ་རྒྱུས་ཁྲོད་དུ་ལོ་ངོ་སྟོང་ཕྲག་གནས་ཡོད། དེ་མིན་གཞན་པ་ཡོད་ཚད་འཕོ་འགྱུར་བྱུང་ཡོད། གདོད་མའི་འགྲོ་བ་མིའི་རིགས་ཀྱིས་རྡོའི་མཚོན་ཆ་བེད་སྤྱད་ནས་འཁྲུག་རྩོད་བྱེད་པ་དང་དེང་གི་མིའི་རིགས་ཀྱི་འཁྲུག་རྩོད་བྱེད་པའི་བག་ཆགས་ནི་སྔར་ལྟར་གཅིག་པ་རེད། འགྲོ་བ་མིའི་རིགས་ཀྱི་ཁོང་ཁྲོ་ནི་གདོད་མ་ནས་ད་ལྟ་བར་དུ་ངོ་བོ་དབྱེར་མེད་པས། སྔོན་ཆད་མིའི་རིགས་ཀྱིས་རྡོའི་མཚོན་ཆ་བེད་སྤྱད་པ་ནང་བཞིན་དེང་འདིར་མིའི་རིགས་ཀྱིས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་བཞིན་ཡོད། འགྲོ་བ་མིའི་རིགས་ལ་འཕོ་འགྱུར་བྱུང་མེད་དེ། འགྲོ་བ་མིའི་རིགས་ལ་བཟོ་ལས་རིག་རྩལ་ཇི་ལྟར་འཕེལ་རྒྱས་ཕྱིན་ན་དེ་ལྟར་གཏོར་བཤིག་གི་ནུས་པ་ཆེ་རུ་འགྲོ་བ་རེད།

གལ་ཏེ། འཛམ་གླིང་འདིེར་དམག་ཆེན་ཞིག་བསླང་ན།  དེ་ནི་དམག་འཁྲུག་གི་”མཐེབ་གནོན”་བཀོད་སྤྱོད་ཙམ་གྱིས་གོ་ལ་ཧྲིལ་བོ་འདི་ཉིད་འཆི་བདག་གི་ཁ་ནང་དུ་ལྷུང་ངེས། སྐབས་དེར།སུ་གང་ལའང་རྒྱལ་ཁ་མི་ཐོབ་པ་མ་ཟད་ཕམ་དུ་ཡང་མི་འཇུག   དེ་བས་འདི་ནི་”མ་འོངས་པའི་ལོ་རྒྱུས”འབྲི་བའི་དུས་ཚོད་ཏག་ཏག་དེ་རེད། རྒྱུ་མཚན་གང་ཡིན་ཞེ་ན། ལོ་ངོ་ཉི་ཤུ་རྗེས་སུ་འདི་འདྲའི་ལོ་རྒྱུས་འབྲི་མཁན་སུ་ཡང་ཡོད་པ་མ་རེད། འདི་འདྲའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་སུས་ཀྱང་དཔར་བསྐྲུན་མི་བྱེད་ལ་ཀློག་མཁན་ཡང་ཡོད་པ་མ་རེད།

ངས་ཁྱེད་ལ་བཤད་མྱོང་སྟེ། འདིར་འགྲོ་བ་མིའི་རིགས་གཏོར་བཤིག་གཏོང་བའི་དཀའ་ངལ་ལྔ་ཡོད་ལ། དཀའ་ངལ་དེ་དག་སེལ་ཐབས་ནི་ཧ་ཅང་གི་ལས་སླ་བོ་ཡིན་མོད། འོན་ཀྱང༌། དཀའ་ངལ་དེ་དག་སེལ་བར་སུས་ཀྱང་གོ་རྟོགས་སྤེལ་མེད་པས་འཛམ་གླིང་འདི་ཉིད་’’སྨྱོན་པ་གསོ་བཅོལ་ཁང’’་ཞིག་ཏུ་གྱུར་བ་རེད། དེ་བས་རྡུལ་ཕྲན་མཚོན་ཆ་ཡོད་ཚད་ཞི་བདེ་རྒྱ་མཚོ་རུ་གཡུག་དང༌།  དེ་མིན་ང་ཚོས་ཨེ་ཙི་ན་ཚ་མེད་པར་བཟོ་མི་ཐུབ་པས་ན་ཚ་དེ་ག་ས་གང་དུ་ཁྱབ་བཞིན་ཡོད།

གོ་ལ་འདི་བགོ་བཤའ་རྒྱབ་མེད་པ་དངོས་ཡོད་བདེན་པ་རེད། རྒྱལ་ཁབ་རྣམས་ཀྱིས་མི་མང་པོའི་བདག་འཛིན་གྱིས་དགོས་དོན་སྒྲུབ་པ་མ་གཏོགས་རྒྱལ་ཁབ་མང་པོ་དགོས་དོན་ཅི་ཞིག་རེད།  འདིར་དགོས་མཁོ་གཞན་པ་མི་འདུག  མི་འབོར་ཚད་ལས་བརྒལ་བའི་རྐྱེན་གྱིས་གོ་ལ་འདིར་གཏོར་བཤིག་བཏང་བ་རེད།  སྐབས་འདིར།   འཇར་མམ་རྒྱལ་ཁབ་ཀྱིས་གནས་ཡུལ་སྤོ་མཁན་ཚོར་ཞེད་སྣང་བསྐུལ་བ་དང་ཕྲུ་གུ་མང་པོར་སྐྱེས་པར་སྐུལ་སློང་བྱེད་དོན་ཅི་ཞིག་ཡིན་ནམ། གལ་ཏེ། གོ་ལ་འདིར་འཛམ་གླིང་གི་སྲིད་གཞུང་གཅིག་ལྡན་ཚེ། ང་ཚོས་མི་འབོར་མང་པོ་རྣམས་ས་ཆ་གཅིག་ནས་གཞན་ལ་གནས་སྤོ་ཐུབ་ངེས། གང་དུ་མི་འབོར་ཉུང་དུ་འགྲོ་བའི་ས་ཆ་རུ་རྒྱལ་ཁབ་གཞན་དུ་མི་འབོར་མང་པོ་རྣམས་དེ་རུ་གནས་སྤོ་བྱས་ན་ཆོག

གལ་ཏེ། ཆོས་ལུགས་རྣམས་འཇིག་རྟེན་འདི་ནས་མི་སྣང་བར་འགྱུར་ཚེ། གླེན་རྟགས་ཅན་གྱི་བྱ་སྤྱོད་རྣམས་དེ་དང་ལྷན་དུ་མི་སྣང་བར་འགྱུར་ངེས། གླེན་རྟགས་ཅན་རྣམས་ཀྱིས་སྐྱེ་སྒོ་འགོག་ཐབས་སུ་ལྡོག་ཕྱོགས་སུ་ལངས་པ་དང༌། ཕྲུ་གུ་མང་པོ་སྐྱེ་བར་འཇུག་པ། རྒྱུ་མཚན་གང་ཡིན་ཞེ་ན། ཕྲུ་གུ་ཇི་ལྟར་མང་ན་ནུས་ཤུགས་དེ་ལྟར་ཆེ་བ་རེད། ནུས་ཤུགས་དེ་ཡང་ལམ་ཁ་གཉིས་ནང་དུ་ལྡན་ཏེ། གཅིག་ནི་འོས་ཤོག་མང་པོ་འཕེན་པར་རོགས་བྱེད་པ། གཞན་ཞིག་ནི་དམག་འཁྲུག་ཁྲོད་དུ་མེ་སྒྱོགས་སྤྲོད་པར་རམ་འདེགས་བྱེད་པ་རེད།

ལོ་ངོ་བཅུ་གཉིས་ནས་བཅུ་གསུམ་ནང་དུ། ཕྱོགས་ཡོངས་ནས་སྐྱེ་སྒོ་འགོག་ཐབས་སུ་ངེས་པར་དུ་ལག་ལེན་བསྟར་དགོས། དེ་ནི་མང་གཙོ་རང་ལུགས་པའི་དྲི་ཚིག་ཅིག་མ་རེད། རྒྱུ་མཚན་གང་ཡིན་ཞེ་ན། དེ་ནི་འཆི་གསོན་བར་གྱི་གདམས་ཀ་ཞིག་རེད། གལ་ཏེ། གོ་ལ་ཧྲིལ་བོ་འདི་འཇིག་ཚེ། ཁྱེད་རྣམས་ཀྱི་མང་གཙོ་རང་ལུགས་དང་ལྷན་དུ་ཅི་ཞིག་བྱེད།

ཆོས་ལུགས་རྣམས་ཀྱིས་འཇིག་རྟེན་འདིར་མིའི་རིགས་གསར་པ་ཞིག་བསྐྲུན་སྲིད་པའི་ཁྱེད་ཀྱི་འཆར་སྣང་དང༌། རྨོངས་དད་ཀྱི་རིགས་སྣ་ཚོགས་ཁྱེད་ཀྱི་རིག་སྟོབས་ཀྱིས་སྦས་སྐོང་བྱས་ཡོད་པ་རྣམས་མཐར་སྐྱེལ་གཏོང་དགོས། འགྲོ་བ་མིའི་རིགས་རྒན་པ་རྣམས་འཆི་ངེས་ཡིན་པ་གཏན་དུ་འཁེལ་བ་རེད། གལ་ཏེ། ང་ཚོས་འཇིག་རྟེན་འདིའི་སྒང་གི་མི་མང་པོར་གོ་རྟོགས་ཤིག་སྤེལ་ཐུབ་ཚེ། མིའི་རིགས་གསར་པ་ཞིག་འཚོ་སྡོད་ཐུབ་ངེས།

རྒྱལ་ཁབ་མེད་པའི་འཛམ་གླིང་གི་མི་སེར་བྱེད་པའི་མི་རིགས་ཤིག་དང༌། ཆོས་སྒྲུབ་པ་མ་གཏོགས་ཆོས་ལུགས་མི་བྱེད་པའི་མི་རིགས་ཤིག  ཚན་རིག་དང་མཐུན་པའི་བྱེད་སྒོ་ཞིག་སྒྲུབ་པ་མ་གཏོགས་གཏོར་བཤིག་བྱེད་མཁན་ཞིག་མིན་པར་ཚན་རིག་གི་ཁྱབ་ཁོངས་ཡོངས་སུ་གསར་བསྐྲུན་ལ་མཐུན་འགྱུར་བྱེད་མཁན་གྱི་མིའི་རིགས་ཤིག་དགོས།

འདས་ཟིན་པའི་རྡོག་ཁྲེས་གང་རུང་དང་བྲལ་བའི་མིའི་རིགས་གསར་པ་ཞིག་བསྐྲུན་པ་ལ། ཕྱིའི་དངོས་པོའི་དཔལ་ཡོན་སྒང་དུ་དུས་ཚོད་འཕྲོ་བརླག་མི་གཏོང་བར་ནང་སེམས་ལ་བརྩེ་བ་དང༌། ཞི་དུལ་བག་ཕེབས་ཀྱི་སྤྱོད་ཚུལ། སྒོམ་གྱི་བློ་སྦྱོང་བྱེད་པའི་མིའི་རིགས་ཤིག་འཇིག་རྟེན་འདིར་སྐྱེད་སྲིང་གང་མང་བྱེད་དགོས། ད་དུང་མིའི་རིགས་ཀྱི་ཁྲོད་དུ་ཤེས་རིག་དང་ལྡན་པ་གང་མང་བསྐྲུན་པར་མཐུན་རྐྱེན་སྦྱོར་དགོས། ཕྱིའི་དངོས་པོ་རྣམས་ཚན་རིག་དང་མཐུན་པར་བསམ་གཞིག་བྱེད་དགོས་པ་ལས། རྨོངས་དད་ཀྱི་ལམ་ཁའི་ཁྲོད་དུ་སྒྲུབ་མི་རུང༌། ཚན་རིག་དང་མཐུན་པར་ལག་བསྟར་བྱས་ན་འགྲོ་བ་མིའི་རིགས་ལ་མ་འོངས་པའི་ལོ་རྒྱུས་ཤིག་འབྱུང་སྲིད།

གལ་ཏེ། འགྲོ་བ་མིའི་རིགས་ལ་འཕྲད་བཞིན་པའྀ་གོང་གི་ཛ་དྲག་གི་དོན་ཚན་ལྔ་བོ་དེ་ང་ཚོས་གདོང་ལེན་བྱས་ནས་འཕྲལ་དུ་སེལ་ཐུབ་ཚེ། འདིར་ལུས་སེམས་བདེ་ཐང་དང་མི་གཤིས་ཡ་རབས་ཅན། མཆོག་ཏུ་གྱུར་བའི་འགྲོ་བ་མིའི་རིགས་ཤིག་གནས་སྲིད་པ་རེད། ད་དུང་མ་འོངས་པར་འཛམ་གླིང་སྟེང་དུ་རྒྱལ་ཁབ་ཀྱི་ས་མཚམས་མེད་པ། རྒྱལ་ཁབ་ལ་ཕྱོགས་རིས་མེད་པ། དྲང་བདེན་ལ་བརྩི་འཇོག་བྱེད་པ། ཞི་བདེ་དང་སྙིང་རྗེ་ལྡན་པ། དམག་འཁྲུག་སོགས་གང་ཡང་མེད་པར་ཆོས་སེམས་ཅན་གྱི་མི་རིགས་ཤིག་དགའ་སྤྲོ་ངང་གནས་སྲིད། གལ་ཏེ། དཀའ་ངལ་ལྔ་བོ་རྣམས་འཕྲལ་དུ་མ་སེལ་ཚེ། འདིར་མ་འོངས་པ་ཞིག་འབྱུང་མི་སྲིད། །དེ་བས་ཁྱེད་ཀྱིས་མ་འོངས་པའི་ལོ་རྒྱུས་ཟེར་བའི་རང་ཉིད་ཀྱི་བརྩམས་ཆོས་དེ་གང་མགྱོགས་ཀྱིས་རྩོམ་པར་མགོ་འཛིན་དགོས། ཕལ་ཆེར། འདིར་མ་འོངས་པ་ཞིག་གང་ཡང་མི་ལྷག་པར་འགྱུར་བའི་ཉེན་ཁ་ཆེ།

འགྱུར་རྩོམ།

Post navigation

Previous Post: ཉིས་སྟོང་བཅུ་གཉིས་ཀྱི་སྐྱེལ་མ། རྫོགས་ཆེན་དོན་གྲུབ་རྡོ་རྗེ།
Next Post: ལོ་སར་བཀྲ་ཤིས་བདེ་ལེགས། སྐྱོ་བྲག་དགའ་དབང་།

Comments (19) on “མ་འོངས་པའི་ལོ་རྒྱུས། ཨོ་ཤོ་ཡིས་བརྩམས། ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར།”

  1. ཐུ་བ་རྒྱ་མཚོ། says:
    2013-01-01 at 11:59 am

    ཀློག་རིན་ཡོད་པའི་བསམ་ཚུལ་ཞིག་རེད།
    ཡིན་ན་ཡང་ང་རང་འཛམ་གླིང་ཐོག་ད་ནས་རྩིས་པའི་ལོ་ཉི་ཤུ་ལས་མང་བར་སྡོད་རྒྱུར་དཀའ་ངལ་འཕྲད་ཡོང་གི་རེད་ཟེར་པ་དེ་ནི་ཤི་རྒྱུ་རེད་ཟེར་པ་དང་གཅིག་པ་ཡིན་པས་རང་སེམས་ནས་ལགས་སོ་ཟེར་རྒྱུ་དཀའ་མོ་རེད།

    རྒྱུ་མཚན།
    ༡ རྡུལ་ཕྲན་མཚོན་ཆ་ལ་འཛམ་གླིང་གཏོར་བའི་ནུས་ཤུགས་ལྡན་ན་ཡང་བེད་སྤྱོད་བྱེད་མ་བྱེད་ལ་རག་ལུས་ཡོད་པ་ཡིན་པས་མཐའ་གཅིག་ཏུ་གཏོར་གིན་རེད་ཟེར་ན་འུར་སྒྲོག་ཡིན།
    ༢ མི་འབོར་འཕེལ་རྒྱས་ཀྱི་དཀའ་ངལ་དེ་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཀ་གཉིས་ལ་འཕྲད་སྲིད་ན་ཡང་འཛམ་གླིང་སྤྱིའི་དཀའ་ངལ་ཞིག་མིན། གླིང་ཆེན་འདི་གཉིས་ཀྱང་གནས་སྐབས་སུ་མ་གཏོགས་མ་འོངས་པར་མི་འབོར་འཕེལ་ཚད་ཉུང་དུ་འགྲོ་སྲིད་པ་ཡིན། ཕྲུ་གུ་ཚོད་མེད་དུ་སྐྱེས་པའི་རྒྱུ་རྐྱེན་ནི་བསམ་བློའི་གོ་རྟོགས་ལ་ཡང་རག་ཆེན་པོ་ལས་ཡོད་ཞིག་ཡིན། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་ལ་མི་འབོར་འཕེལ་ཚད་མར་ཆགས་བཞིན་ཡོད། མ་འོངས་པར་ཨེ་ཤ་ཡ་དང་ཨ་ཧྥི་རི་ཀའི་མིའི་ཤེས་ཚད་ཡརགརྒྱས་ཕྱིན་པ་དང་མཉམ་དུ་ཕྲུ་གུ་ཚོད་མེད་དུ་སྐྱེས་པ་ཡང་མར་ཆགས་གི་རེད།
    ༣ ཨེ་ཙིའི་ན་ཚ་ནི་ཉེན་ཁ་ཆེ་བའི་གནད་དོན་ཅིག་ཡིན་ན་ཡང་ལོ་ཉི་ཤིའི་ནང་ཚུན་དུ་འཛམ་གླིང་སྟོང་དུ་འཇུག་པའི་ཚད་ལ་སླེབས་མི་སྲིད། དེ་ཡང་མི་རྣམས་ཀྱི་ཤེས་ཚད་ལ་རག་ཆེན་པོ་ལུས་ཡོད། ནུབ་ཕྱོགས་ལ་ཉུང་དུ་འགྲོ་བཞིན་པ་ལྟ་བུ་རེད།
    ༤ ཚན་རིག་གི་བཤད་སྲོལ་གཞིར་བཟུང་ན་འཛམ་གླིང་འདི་འཇིག་པར་ད་རུང་མི་ལོ་དུང་ཕྱུར་༤༠ ལྷག་ཡོད་པར་བཤད། དེ་ཡང་འཇིག་རྟེན་གྱི་ཚ་དྲོད་དང་འབྱུང་བཞིའི་འཁོར་ཕྱོགས་འཕེལ་འགྲིབ་གཞིར་བཟུང་ནས་ཤོད་པ་ཅིག་རཡིན་ཙང་། ལྷོ་བྱང་གི་གངས་བཞུ་བ་ཙམ་གྱིས་འཛམ་གླིང་འཇིག་འགྲོ་བ་ཞིག་མིན།
    ༥ མི་རིགས་དབྱེ་འབྱེད་དང་། ཆོས་ལུགས་ཕན་ཚུན་གྱི་དཀའ་ངལ་དེ་གནས་སྐབས་ཀྱི་སྣང་ཚུལ་ཙམ་ཡིན། མ་འོངས་པར་འཛམ་གླིང་ཐོག་མི་རིགས་མེད་པར་འགྱུར་པ་དང་། ཆོས་ལུགས་ཡང་མེད་པར་འགྱུར་གི་རེད། ཐ་ན་སྲིད་གཞུང་ཡང་མེད་པར་ཆགས་གི་རེད། སྐབས་དེ་དུས་མི་རྣམས་ཀྱིས་རང་རྟོགས་གིས་བྱ་བ་བྱེད་ཀི་རེད།

    ངས་ཤོད་སྟངས་འདི་ནི་ལོ་ངོ་ཅུང་མང་པོ་ཞིག་གི་རྗེས་ཀྱི་སྐད་ཆ་ཡིན། ལོ་བཅོ་ལྔ་ཉི་ཤུ་ཙམ་ལ་དེ་ལྟར་འགྱུར་མི་ཐུབ། གོང་གི་ཤོད་ཚུལ་དེ་ཡང་མ་རེད་ཟེར་མི་ཐུབ། མི་སོ་སོའི་ཚོད་དཔག་མ་འདྲ་བ་ཙམ་ཡིན།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-01-01 at 4:26 pm

    མཁས་དབང་ཨོ་ཤོ་མཆོག་གིས།
    དཀའ་ངལ་དང་པོ་ནི། རྡུལ་ཕྲན་མཚོན་ཆའི་འཇིགས་པ་དང་། དཀའ་ངལ་གཉིས་པ་ནི། མི་འབོར་འཕེལ་རྒྱས་ཆེ་དྲགས་པས་འཇིག་སྲིད་པ། དཀའ་ངལ་གསུམ་པ་ནི། མི་མེད་ལུང་སྟོང་ནང་གི་མེ་ལྕེ་བཞིན་གང་སར་ཁྱབ་བཞིན་པ་ལྟར་ཨེ་ཙི་ན་ཚ་སོགས་ནད་རིགས་མི་འདྲ་བས་འཇིག་་སྲིད་པ།
    དཀའ་ངལ་བཞི་བ་ནི། ནག་རྫས་འབར་རླུང་གསོག་འཇོག་དང་མིས་བཟོས་རྫས་སྦྱོར་གྱི་རྐྱེན་གྱིས་རེད། སྔོན་ཆད་བྱུང་མྱོང་མེད་པའི་གནམ་གཤིས་ཀྱི་ཚ་དྲོད་དེ་ཇེ་མཐོ་རུ་སོང་བ་དང་བསྟུན། བྱང་སྣེ་དང་ལྷོ་སྣེ་གཉིས་ཀྱི་འཁྱགས་རོམ་རྣམས་བཞུ་མགོ་བརྩམས། སྔོན་ཆད་དེ་འདྲ་ནམ་ཡང་བཞུས་མྱོང་མེད། གལ་ཏེ། གནམ་གཤིས་ཀྱི་ཚ་དྲོད་དེ་ཅུང་མཐོ་རུ་ཕྱིན་ཚེ། ཧི་མ་ལ་ཡའི་འཁྱགས་རོམ་བཞུ་མགོ་རྩོམ་ངེས་དང༌། གྲོང་ཁྱེར་ཡོད་ཚད་ཆུར་ནུབ་ངེས། རྒྱུ་མཚན་གང་ཡིན་ཞེ་ན། ཁྱེད་ཚོ་རྒྱ་མཚོ་དང་ཧ་ཅང་ཐག་ཉེ་བོ་རེད།
    ཆེས་ཉེན་ཁ་ཅན་གྱི་དཀའ་ངལ་ལྔ་བ་ནི། མི་རིགས་དཀར་པོ་དང་མི་རིགས་ནག་པོ་བར་ལ་དབྱེ་བ་འབྱེད་པ་དང༌། ཤར་ནུབ་བར་དང་ལྷོ་བྱང་བར་དུ་ཐོལ་གྱིས་བྱུང་བའི་དབྱེ་འབྱེད་དེ་རེད། དེ་ནི་མིའི་རིགས་རང་ཉིད་ཀྱིས་བཟོས་པ་ཡིན་ནོ། །འགྲོ་བ་མིའི་རིགས་ནི་རིགས་རྒྱུད་དང་ཁ་མདོག རྒྱལ་ཁབ། ཆོས་ལུགས་རྣམས་ཀྱིས་ཁ་བྲལ་གཏོང་བ་དང༌། དེ་དག་གིས་མིའི་རིགས་ཕན་ཚུན་གྱི་སྐེ་རྩ་བསྒགས་ནས་འཆི་ལམ་དུ་བརྫངས་པ་རེད། ་་་་་གསུངས་པ་འདི་ལ་ཛམ་གླིང་མི་མང་གིས་གཟབ་ནན་ཅིག་ཏན་ཏན་བྱེད་རན་ཐག་ཆོད་པ་རེད་སྙམ་མོ། །

  3. ཀརྡོ་གཉེར་ཕྱག་པ་ says:
    2013-01-01 at 4:38 pm

    ཨོ་ཤོའི་འཇིག་རྟེན།
    ༡༽རྡུལ་ཕྲན་མཚོན་ཆས་འཇིགས་པ་དང་། །
    ༢༽མི་འབོར་ཆེ་བས་མུ་གེས་འཆི། །
    ༣༽ནད་རིགས་སྣ་མང་ཁྱབ་པས་མནར། །
    ༤༽གོ་ལ་ཚ་དྲོད་ཆེ་བས་ནུབ། །

    ༥༽ཤར་ནུབ་མི་རིགས་རྩོད་པས་འཇིག །
    ལྔ་པོ་འདི་དག་ཨོ་ཤོ་ཡིས། །
    འཇིག་རྟེནའཇིག་པའི་རྒྱུ་རུ་སྲིད། །
    གསུངས་པའང་ཡིད་ལ་རྟག་ཏུ་འཇོག །

  4. ཀརྡོ་གཉེར་ཕྱག་པ་ says:
    2013-01-01 at 4:43 pm

    གཞན་ཡང་ཨོ་ཤོས་ནི་སྲོལ་རྒྱུན་ཆོས་ལུསག་དེ་ཙམ་མི་དགའ་ལ། ཆང་ས་རྒྱག་སྲོལ་ཡང་རྩ་མེད་དུ་འགྲོ་དགོས་པ་དང་། མིའི་ཕྲུག་གུ་རྣམས་ཚོགས་པས་གསོ་དགོས་པ་དང་། མི་ཐམས་ཅད་ཀྱིས་སྒོམ་དང་རོལ་གཞས་ལ་རོལ་ནས་འཚོ་དགོས་པའི་ལམ་སྟོན་མང་པོ་གནང་ཡོད་རེད་དོ། །

  5. རྩེ་རྒྱལ says:
    2013-01-01 at 4:50 pm

    ཆོས་བཤད་ཁྲམ་པའི་ཁ་ལ་ཡོད་ཟེར་བ་དེ་རང་རེད། འོན་ཀྱང་སྒྱུར་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    གང་ཡིན་ཞེ་ན་ང་ཚོ་བོད་པ་ཚོར་མི་རྣམས་ཀྱིས་ཡ་མཚན་དང་ངོ་མཚར་ཅན་དུ་གདེངས་འཇོག་བྱ་སའི་མི་སྐད་གྲགས་དེ་ཇི་འདྲ་ཡིན་མིན་ཤེས་སུ་འཇུག་པ་རེད། དོན་དུ་མི་འདིའི་སྐད་ཆ་རྣམས་གཞན་གྱི་སྤྱི་བཤད་འདམས་སྒྲུག་དང་རང་གི་འོ་ཚོདམཉམ་བསྲེས་ཀྱི་བཤད་ཡམས་ཙམ་ལས་མཐུན་མིན་བློ་གྲོས་ཀྱི་རྩལ་ལམ་ཡང་ན་མ་འོངས་མངོན་ཤེས་ཀྱིས་བརྙེད་པའི་ཚད་ཐུབ་གཏིང་ཐུག་ཞིག་མིན་པ་ཐག་གིས་ཆོད། འོན་ཀྱང་སྤྱི་ཚོགས་ཀྱི་བསམ་བློའི་ཁྱེར་སོ་ལ་བལྟ་ནས་ཚིག་སྦྱོར་གྱི་མཛེས་བཟོ་ཤེས་པའི་མི་སྤྱང་པོ་དག་གི་སྐད་ཆ་ལ་འདྲ་ཆགས་ཆགས་ཤིག་ལོས་ཡོད།

  6. རྩེ་རྒྱལ says:
    2013-01-01 at 5:13 pm

    ཨོ་ཤོའི་སྐད་ཆ་ནི་ཆོས་ལུགས་ཁག་དང་སྤྱི་ཡོང་གི་གནད་ཆེའི་སྐད་ཆ་དག་བསྒྲུགས་ཏེ་མི་རྣམས་དངངས་འཚབ་སྐྱེ་བའི་བརྒྱུད་རང་ཉིད་ཀྱི་སྐད་གྲགས་འཕེལ་ཐབས་ཤིག་རེད།

  7. ཟུར་གནས། says:
    2013-01-01 at 7:08 pm

    ཨོ་ཤོ་ལགས་ནི་མིའི་རིགས་ལ་ཆ་རྒྱུས་དེ་ཙམ་མེད་མཁན་གྱི་སྙན་ངག་འཆར་ཡན་རིང་ལུགས་པ་ཞིག་རེད་འདུག

    ང་ཚོ་འགྲོ་བ་མིའི་རིགས་ལ་འཇིག་རྟེན་ཆགས་པ་ནས་ད་བར་ལ་དཀའ་ངལ་རབ་དང་རིམ་པ་འཕྲད་ཡོད་པ་དང་། དངོས་ཡོད་ཀྱིས་དཔང་པོ་གཅིག་ནི། འགྲོ་བ་མིའི་རིགས་ཀྱིས་དཀའ་ངལ་དེ་ཚོར་གདོང་ལེན་བྱས་ནས། ལྷ་དང་དཀོན་མཆོག་གིས་གྲུབ་མ་ཐུབ་པའི་བྱ་བ་ང་ཚོ་མིའི་རིགས་ཀྱིས་བསྒུབས་ཡོད།

    དཀའ་ངལ་འཕྲད་པ་ཙམ་གྱིས་ད་འགྲིག་མ་སོང་། འཇིགས་འགྲོ་ལེ་རེད། སྟོང་འགྲོ་ལེ་རེད་ཟེར་ནས་ངུས་བསྡད་ན་ཅི་ཕན།

    མ་གཞི་ནས། ཨོ་ཤོ་ལགས་ཀྱི་སྐད་ཆའི་རྒྱབ་མདུན་ཁ་ཐུག་གི་མིན་འདུག། གཏམ་གྱི་ཐོག་མར་འདས་པ་ནི་འདས་པ་རེད། མ་འོངས་པ་ནི་མ་འོངས་པ་རེད་ཟེར་ནས། ཐ་མག་ནག་པོ་འཐེན་མཁན་གྱི་སྐད་ཆ་ལྟ་བུ་ཤོད་ཀྱི་འདུག། དཔེར་ན། ར་བཟི་འདིས་འདི་འདྲ་ཤོད་ཀྱི་འདུག། “:འདས་པ་ནི་གང་ཡང་ལྷག་མེད་པ་དང༌། མ་འོངས་པ་ནི་ད་དུང་གང་ཡང་འབྱུང་མེད་པ་དེ་ཡིན་པས། ང་ཚོའི་ལག་ཏུ་ཡོད་ཚད་རེག་ཡོད་པ་ནི་ད་ལྟའི་སྐད་ཅིག་མ་འདི་རེད། འདས་པ་ནི་ཤི་རོ་དང་མ་འོངས་པ་ནི་མ་བཙས་པ་ལྟ་བུ་ཡིན་ནཽ།”ཟེར།

    ད་མར་ཀློག་ཡོང་དུས། རྙོག་འདྲ་དང་དཀའ་ངལ་བྱིས་པ་ཚུན་ཆད་ཀྱི་ཤེས་བསྡད་པ་འདི་དག་སྐྱོུར་ནས་འ་ཆདད་འུ་ཐུག་གི་ངང་ལས་ཁུམས་འགྲོ་བཞིན་འདུག

    དཀའ་ངལ་འཕྲད་པ་གཅིག་པུས་ཧོན་ཐོར་ན། བལྟས་ངན་འགྲོ་བ་མིའི་སྐྱེ་བ་ལེན་པ་འདི་ཆུད་གཟོད་མ་རེད་དམ། མིའི་རིགས་ཀྱི་དཔལ་ཡོན་ནི་དཀའ་ངལ་ལས་རྣམ་པར་རྒྱལ་བའི་སྒྲུང་ཞིག་མ་རེད་དམ།

    རྡུལ་ཕྲན་མཚོན་ཆ་དེ་དག་མེད་ན། ད་ལྟ་འཛམ་གླིང་འདིའི་མི་འབོར་ཕྱེད་ཀ་ཙམ་རྐྱེན་ལམ་དུ་བཏང་ཟིན་ཡོད་པ་ཚན་རིག་པ་དང་ལོ་རྒྱུས་མཁས་དབང་ཚང་མས་ཤོད་ཀྱི་འདུག། ཨོ་ཤོ་ལགས་དེ་ཚོ་ཏོག་ཙམ་ཏོག་ཙམ་གཟིགས་དང་།

    ས་ཆ་འགའ་ཤས་ལ་མི་འབོར་འཕེལ་རྒྱས་འགྲོ་བ་དང་ས་ཆ་འགའ་ཤས་ལ་མི་འབོར་ཆགས་འགྲོ་བ་དེ་དག་ཁྱོན་ཡོངས་ནས་བལྟས་ན་ཧ་ལས་དགོས་པའི་རྙོག་འདྲ་ཆེན་པོ་འདི་འདྲ་མ་རེད། དཔེར་ན། ད་ལྟ་རྒྱ་ནག་དང་ཉི་ཧོང་ནང་ལ་མི་འབོར་ཆགས་རྒྱུ་མང་དྲག་འདུག་ཟེར་གྱི་འདུག་ལ་རྒྱ་ནག་ནང་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་ཇུས་དེ་མཚམ་འཇོག་དགོས་ཟེར་མཁན་ཚང་མ་ཚན་རིག་པ་རེད། ཨོ་ཤོ་ལགས་ཀྱི་སྐད་ཆ་འདི་དག་ཚན་རིག་པར་དྲིས་དང་།

    དེ་བཞིན་ཁོར་ཡུག་ཉམས་པ་བདེན་པ་རེད་ལ། དེ་ལ་བརྟེན་ནས། རྒྱལ་ཁབ་མང་པོས་འགྲོ་སོང་ཆེན་པོ་བཏང་ནས་གོ་ལ་གཞན་ཞིག་འཚོལ་གྱི་ཡོད་པ་དང་། ཁ་སང་ཚགས་པར་ཐོག་ལ་ཐོན་པར། མི་འཚོ་ཐུབ་པའི་གོ་ལ་འགའ་ཤས་ཡོད་པ་དང་། དེའི་ནང་ནས་གཅིག་ད་ལོ་ཁ་གསལ་པོ་ཡོང་གི་རེད་ཅེས་གསར་འགྱུར་ནང་ལ་ཤོད་ཀྱི་འདུག

  8. འདྲེ་རྐང་ཐོ། says:
    2013-01-01 at 11:32 pm

    མ་འོངས་ལོ་རྒྱུས་ཤོད་རྒྱུ་ལས་སླ་བོ་ཞིག་ག་ལ་ཡིན་་་་སྐྱག་རྫུན་མ་ཤོད།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-01-02 at 3:37 am

    དེ་བཞིན་ཁོར་ཡུག་ཉམས་པ་བདེན་པ་རེད་ལ། དེ་ལ་བརྟེན་ནས། རྒྱལ་ཁབ་མང་པོས་འགྲོ་སོང་ཆེན་པོ་བཏང་ནས་གོ་ལ་གཞན་ཞིག་འཚོལ་གྱི་ཡོད་པ་དང་། ཁ་སང་ཚགས་པར་ཐོག་ལ་ཐོན་པར། མི་འཚོ་ཐུབ་པའི་གོ་ལ་འགའ་ཤས་ཡོད་པ་དང་། དེའི་ནང་ནས་གཅིག་ད་ལོ་ཁ་གསལ་པོ་ཡོང་གི་རེད་ཅེས་གསར་འགྱུར་ནང་ལ་ཤོད་ཀྱི་འདུག ཟེར།

  10. མང་ཐོས། says:
    2013-01-02 at 3:42 am

    ད་སྐབས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་རྡུལ་ཕྲན་མཚོན་ཆ་ཡོད། དེ་ནི་ཧ་ཅང་ཡག་པོ་རེད། མ་འོངས་པ་ན་སྲིད་གཞུང་སུས་ཀྱང་རྡུལ་ཕྲན་མཚོན་ཆ་ལག་ཆར་བཀོལ་ནས་དམག་འཁྲུགས་རྒྱག་ཐུབ་མཁན་ཞིག་ཡོད་མི་སྲིད། དེ་ལས་ང་ཚོ་འཇིགས་སྐྲག་སྐྱེ་ས་ཞིག་ནི། དེང་སྐབས་བཟོ་ལས་འཕེལ་རྒྱས་ཉིན་རེ་ལས་ཉིན་རེ་འཕེལ་རྒྱས་གཏོང་བཞིན་པ་འདི་རེད། མ་འོངས་པ་ན་རང་བྱུང་ཐོན་ཁུངས་ཡོད་ཚད་རྫོགས་ཏེ། མྱ་ངན་གྱི་ཐང་ཆེན་པོར་འགྱུར་ངེས།

  11. ཨེ་མི་ལེ། says:
    2013-01-02 at 9:04 am

    དེང་སྐབས་ཨོ་ཤོ་བཞུགས་མེད་ཀི་མ་གཏོགས་བཞུགས་ཡོད་ཀྱི་ན་བོད་ཀྱི་དཔྱད་མཆན་པ་ལ་ལས་ཏག་ཏག་བཟོ་ས་རེད་དགོ

  12. ཀརྡོ་གཉེར་ཕྱག་པ་ says:
    2013-01-02 at 12:35 pm

    རྒྱལ་ཁབ་མང་པོས་འགྲོ་སོང་ཆེན་པོ་བཏང་ནས་གོ་ལ་གཞན་ཞིག་འཚོལ་གྱི་ཡོད་པ་བདེན་ན་ནི། ཚན་རིག་པས་མི་མངས་ལྐུགས་པ་བཟོས་ནས་ཚན་རིག་པས་རང་གི་འགྲོ་འགྲོན་ཐོབ་ཐབས་ལས། གོ་ལ་འདི་ལས་ལྷག་ཅིག་རྙེད་རྒྱུ་མེད་པ་གསལ་གསལ་ཐིང་ཐིང་རེད། ནམ་མཁའ་མཐའ་མེད་ནང་ལ་ཡོད་པ་ཙམ་གྱིས་བེད་སྤྱོད་ཐུབ་པས་ཁྱབ་པ་ག་ལ་ཡོད་སྙམ་མོ། །

  13. བཀྲ་ཤིས་རྒྱལ says:
    2013-01-02 at 7:13 pm

    ཨོ་ཤོ་མཁས་པ་ཆེན་པོ་ཞིག་ཡིན་པ་ཡོངས་གྲགས་རེད། འོན་ཀྱང་། ༡༩༨༠ ཡས་མས་སུ་་ཨ་རིར་སླེབས་ནས་ལོ་ཤས་སྡད་རིང་ལ་ཁྲིམས་འགལ་དང་ཞབས་འདྲེན་ཞུས་པའི་ལོ་རྒྱུས་མང་པོ་ཞིག་འདུག མཐར་ཁོ་བོའི་ཆོས་ཚོགས་སྒོ་རྒྱབ་པ་མ་ཟད་ཁོ་རང་ཡང་འཛིན་བཟུང་གིས་་རྒྱ་གར་ལ་ཕྱིར་སློག་བཏང་འདུག།

  14. ངོ་ལུག says:
    2013-01-02 at 7:31 pm

    འདི་ཨོ་ཤོའི་གཉིད་ལབ་རེད། གཉིད་ལམ་སྐྱིད་པོ་ཞིག་བཏང་བ་རེད། གཉིད་ལབ་འདི་ཚོ་ལ་བསམ་མནོ་གཏོང་གིན་བསྡད་ན་རྐང་འོག་གི་ས་མཐོང་གི་མ་རེད། ས་མ་མཐོང་ན་གོམས་པ་བརྟན་པོ་སྤོ་ཐུབ་ཀྱི་མ་རེད། དེ་ནས་ས་ལ་འགྱེལ་གྱི་རེད། ས་ལ་འགྱེལ་ཚར་ན་ཚར་བ་རེད།

  15. ཟུར་གནས། says:
    2013-01-02 at 8:47 pm

    ཀ་རྡོ་གཉེར་ཕྱག་པ་ལགས།

    ཟུར་གནས་ཀྱིས་དཔང་པོ་མེད་པའི་སྟོང་བཤད་རྩ་བ་ནས་མི་བྱ་རྒྱུའི་སྡོམ་པ་ལེན་འཚར་པ་རེད། ལོ་མང་པོ་འགྲོ་བཞིན་ཡོད། བསམ་ཚུལ་དང་ལྟ་ཚུལ་གྱི་རྒྱབ་ལ་བདེན་པ་དང་དངོས་ཡོད་བསྟན་རྒྱུ་མེད་པའི་སྐད་ཆ་ཚིག་གཅིག་ཀྱང་འདིར་ཤོད་ཀྱི་མེད། འགྲོ་བ་མི་གནས་ཐུབ་པའི་གོ་ལ་གསར་པ་འདི་སྤྱི་ལོ་༢༠༡༢ལོའི་ཟླ་བ་བཅུ་གཉིས་པའི་ནང་ལ་རྒྱལ་སྤྱིའི་གནམ་དཔྱད་རིག་པ་བ་འགའ་ཤས་ཀྱིས་མཉམ་འབྲེལ་ཐོག་ནས་བརྙེད་པ་འདི། ཨ་རིའི་ཆེས་ཁུངས་ལྡན་གསར་འགྱུར་ལས་ཁུངས། ABC News ཐོག་ལ་གསལ་བསྒྲགས་བྱས་ནས། བར་སྣང་ཚན་རིག་པ་མང་པོས་དེའི་དགོངས་མོ་ཆང་ཁང་ནང་ལ་འཛོམས་ནས་རྟེན་འབྲེལ་ཀྱང་བྱས་པ་གསར་འགྱུར་ཐོག་ཐོན་སོང་། དཔང་རྟགས་སྨར་རྗེན་འདི་རུ་ཡོད།

    http://abcnews.go.com/blogs/headlines/2012/12/astronomers-discover-habitable-planet-around-nearby-star/

  16. ཀརྡོ་གཉེར་ཕྱག་པ་ says:
    2013-01-02 at 11:28 pm

    ཟུར་གནས་ལགས་ཀྱིས་མཁོ་སྤྲོད་གནང་བ་ཐུགས་རྗེ་ཆེ། འོནད་ཀྱང་། ངས། ༼ནམ་མཁའ་མཐའ་མེད་ནང་ལ་ཡོད་པ་ཙམ་གྱིས་བེད་སྤྱོད་ཐུབ་པས་ཁྱབ་པ་ག་ལ་ཡོད་སྙམ་མོ། །༽ཞེས་བཤད་ཚར། །འདི་ལ་དཔྱད་པར་མཛོད་ཅིགུ

  17. ཀརྡོ་གཉེར་ཕྱག་པ་ says:
    2013-01-02 at 11:31 pm

    ཚན་རིག་པས་གློག་དང་། ལམ་དང་ལམ་གྱི་འགྲུལ་བཞུད་བདེ་བར་བཟོས་ཡོད་ཀྱང་། ད་ཕྱི་ལྟས་ཅིག་སློག་ནས་ལྟོས་དང་། ཛམ་གླིང་ཧྲིལ་ཆུང་འདི་ཡི་ནང་ལ་ཡར་རྒྱས་མང་བ་བཏང་འདུག གཏོར་བཅོམ་མང་བ་བཏང་འདུག ལགས།

  18. ཀརྡོ་གཉེར་ཕྱག་པ་ says:
    2013-01-02 at 11:45 pm

    ད་ལྟའི་བར་དུ་ཟླ་བའི་ནང་ལ་ཕྱིན་ནས་ག་རེ་རག་བྱུང་། ཛམ་གླིང་ཕྱེ་ཙམ་དམག་འཁྲུག་དང་མུ་གེའ་འཆི་དུས་འགྲོ་གྲོན་ག་ཚོད་ཕྱིན་ཡོད་རེད། རག་རྒྱུ་དེ་མིང་སྐམ་པོ་ཅིག་པར་ཟླ་བའི་རྡོ་དང་ཐལ་བ་སྦར་བ་གང་ད་ེཙམ་མ་རེད་པེ། ད་དུང་མར་སའམ་Marsགཟའ་མིག་དམར་ལ་འགྲོ་འདོད་ཡོད་རེད། འཕྲུལ་ཆ་བསླེབས་ཚར་བ་ཁུལ་རེད། འཕྲུལ་ཆ་བསླེབས་ནས་གྲོ་བ་མི་ཡི་བདེ་སྐཡི་ག་རེ་ཕན་སོང་ཟུར་གནས་ལགས།
    གལ་སྲིད་མིག་དམར་ནང་མི་དངོས་གནས་ཕྱིན་པ་ཡིན་ན། ཕར་ལམ་ཚུར་ལམ་ཟླ་བ་དྲུག་ཙམ་འགོར་བའི་རྐྱེན་གྱིས་ཚུར་འཁོར་བའི་ཁ་ལོ་པ་ཚང་མ་རྐང་པ་ཞ་འགྲོ་བར་ཚན་རིག་ཁོ་རང་ཁོང་རང་ཚོས་ཚོད་དཔག་བྱས་ནས་བཤད་ཚར་བ་རེད་དོ། །ད་སྐར་མ་གསར་པ་རྙེད་ན་ཕན་ཆེ་བ་འདུག གནོད་འདུག་ཁྱོད་ཀྱིས་བློ་ཟུ་བོར་གནས་ནས་སོམས་ཤིག ངའི་ཁུངས་ལ་རིགས་པ་ཕན་གནོད་མ་ཏོགས་མེད་དོ། །

  19. ཀརྡོ་གཉེར་ཕྱག་པ་ says:
    2013-01-02 at 11:48 pm

    ཨ་ཁ་ཡིག་ནོར་མང་པོ་བྱུང་འདུག་དགོངས་དག ཡིག་བཅོས་བྱས་པ་ལ། ད་ང་ལ་དུས་ཚོད་མེད། རྗེས་སུ་མཇལ་འོངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (47)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme