Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་བཅོས་སྒེར་གྱི་རང་གཤིས།

Posted on 2016-10-192016-10-19 By ཁ་བརྡ་ 23 Comments on མ་བཅོས་སྒེར་གྱི་རང་གཤིས།

རྩོམ་པ་པོ། བླ་མ་བསྟན་འཛིན་དབང་རྒྱལ།

 
མ་བཅོས་རྣལ་མའི་སེམས་ཀྱི་རང་གཤིས་དེ་ནི་རང་རྒྱུད་ཡར་རྒྱས་འགྲོ་བའི་རྨང་གཞི་ཞིག་ཡིན་པས་དེ་ལ་སྣང་མེད་དང་མཐོང་ཆུང་ནམ་ཡང་བྱེད་མི་རུང་བ་ཡིན། འགྲོ་བ་མི་ཡི་ལུས་སེམས་ཀྱི་བདེ་ཐང་དང་ཡར་རྒྱས་ཀྱི་རྩ་བ་ཙམ་དུ་མ་ཟད། ཆོས་ཕྱོགས་ནས་གསུངས་པའི་རང་རྒྱུད་འདུལ་བ་དང་སྨིན་པ་དང་གྲོལ་བ་གསུམ་ཡང་དེར་ཐུག་ཡོད། གང་ཟག་སོ་སོའི་རྣལ་མའི་སེམས་ཀྱི་རང་གཤིས་ལ་བརྩི་བཀུར་མ་བྱས་པར་གཞན་དབང་སྟབས་བསྟུན་གྱི་མི་ཚེ་སྡུག་གིས་བཙོན་པ་བཞིན་བསྐྱལ་བའི་སྐྱེས་བུ་མང་པོ་ཡོད་པ་ནི་ཤིན་ཏུ་ཡིད་སྐྱོ་བའི་གནས་ཞིག་ཡིན།
དཔེ་འགའ་ཞིག་ཞུས་ན། འཛམ་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་ཏུ་ཁྱིམ་ཚང་ཕ་མའི་ཡོང་འབབ་ཀྱི་ཚོང་ལས་གང་ཡིན་པ་དེ་དང་འབྲེལ་བའི་ཤེས་ཡོན་ཞིག་དང་བསྟུན་ཏེ་བཙན་དབང་གིས་ཕྲུ་གུ་ལ་སློབ་སྦྱོང་བྱེད་དུ་འཇུག་པ་ལས། གང་ཟག་སོ་སོའི་སྒེར་གྱི་གཤིས་དང་སེམས་ཁམས་ཀྱི་ནུས་པ་ལ་མ་བསྟུན་ནས་བཙན་དབང་གིས་སློབ་སྦྱོང་བྱེད་པའི་རྐྱེན་གྱིས་ནང་མི་བུ་ཕྲུག་གི་དབར་དཀའ་ངལ་ཤིན་ཏུ་ཆེ།

མཚམས་རེ་དཀའ་ངལ་བཟོད་དཀའ་བས་ཕྲུ་གུ་རང་མེད་གཏོང་མཁན་ཀྱང་མང་པོ་ཡོད།། ང་ཚོའི་བོད་པའི་སྤྱི་ཚོགས་གསར་རྙིང་གང་ལའང་ཆ་བཞག་ན་ཁྱིམ་ཚང་ནང་མི་རེ་ནས་བུ་རེ་རེ་ལུས་སེམས་ཀྱི་འཚར་ལོངས་ཆ་ཚང་མ་བྱུང་སྔོན་དུ་ཕ་མའི་འདོད་དབང་གིས་དགོན་པར་བཅུག་པ་དང་རྗེས་སུ་ལོ་ན་སོན་པའི་སྐབས་སུ་ཡང་རང་ངོས་ནས་འདོད་མོས་ཡོད་མེད་ལ་མ་བསྟུན་པར་བཙན་དབང་གིས་མུ་མཐུད་ནས་དགོན་པར་སྡོད་དགོས་པ་དང་རབ་བྱུང་དང་དགེ་སློང་གི་སྡོམ་པ་ཞུ་དགོས་པ་སོགས་མཐོང་རྒྱུ་ཡོད། མཚམས་རེར་བྱི་ལའི་སྐྱག་པ་རྡོ་ཐོག་འཁེལ་ཞེས་པའི་དཔེ་ལྟར་འགའ་རེར་དགེ་འདུན་པ་ཚད་ལྡན་སྐྱབས་སུ་འགྲོ་ཆོག་པ་ཞིག་ཀྱང་ཡོང་གི་ཡོད་པ་ཞུ་མ་དགོས།

དེ་བས་མང་པོ་ཞིག་ནི་ཕྱི་ལ་དགེ་འདུན་པའི་གོས་གྱོན་པ་ཙམ་ལས་ནང་ན་འདུལ་ཁྲིམས་གཙང་མ་མེད་པ། རྫུན་གྱི་ལུས་ལ་བདེན་པའི་འབག་བྱོན་ནས་མི་ཚེ་ཡར་མེད་མར་མེད་བར་དོའི་རྣམ་ཤེས་ལྟར་འཕྲོ་བརླག་འགྲོ་མཁན་ཡང་མང་པོ་མཐོང་། ཁྱད་པར་དུ་གྲྭ་བཙུན་མང་དག་ཅིག་དེང་སང་དགོན་པར་མི་གནས་པར་ཁྱིམ་པའི་འཇིག་རྟེན་གྱི་ཁྲོད་དུ་གནས་སྡོད་གནང་མཁན་རྣམས་ལ་དཀའ་ངལ་ཆེན་པོ་ཡོད། འགའ་ཤས་མི་དཀྱུས་མ་ལས་ཀྱང་ཀུན་སྤྱོད་ངན་པའང་མང་པོ་མཐོང་། འདོད་པ་མེད་ཀྱང་གྲྭ་བཙུན་མུ་འཐུད་ནས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་གཞན་དབང་སྟབས་བསྟུན་གནང་ནས་བཞུགས་དགོས་པ་དེ་ཡིན། དཔེར་ན། རང་གི་དགེ་རྒན་ལ་འཇིགས་པ་དང་ཕ་མའི་སེམས་མི་ཕམ་པའི་ཐབས་དང་། སྤྱི་ཚོགས་ཀྱི་དམའ་འབེབས་ལ་དྭོགས་པ་དང་། དཀོར་དང་གདུལ་བྱ་སོགས་མི་ཐོབ་བསམ་པ་སོགས་ལ་བརྟེན་ནས་མི་འདོད་བཞིན་དུ་དགེ་འདུན་གྱི་གྲལ་དུ་མུ་མཐུད་ནས་བཞུགས་མཁན་མང་པོ་ཡོད། དེ་དག་ལ་ཡང་ཐུགས་ཁག་ཡོད་མ་རེད། འདི་ཁོང་རྣམ་པ་ཁོ་ནའི་སྐྱོན་མིན། ང་ཚོ་བོད་ཀྱི་སྤྱི་ཚོགས་ཀྱི་བསམ་ཚུལ་དང་ལྟ་སྟངས་ལས་བྱུང་བ་ཡིན་པས་དེ་རིགས་འགྱུར་བ་ཞིག་གཏོང་དགོས་པ་ཤིན་ཏུ་གལ་ཆེ་བ་མཐོང་། སྤྱི་ཚོགས་ནང་གི་ནུས་ཤུགས་དང་བསམ་ཡོད་ཕུག་རྒྱང་མཐོང་མཁན་གྱི་བླ་མ་དང་དཔོན་པོ་རྣམས་མཉམ་འབྲེལ་གྱིས་དེ་ལྟར་གནང་ཐུབ་པའི་རེ་བ་ཆེན་པོ་བཅང་བཞིན་ཡོད།།

ཡང་དེ་དང་འབྲེལ་བའི་སྐྱོན་གཞན་ཞིག་ལ། ང་ཚོ་བོད་ཀྱི་ཆོས་བརྒྱུད་ཁག་གི་བསམ་ཚུལ་དང་ལྟ་སྟངས་ནང་གྲྭ་བ་མ་བྱུང་སྐྱ་སར་བབས་ན། མཐོང་ཆུང་དང་དམའ་འབེབས་བྱེད་སྲོལ་ཡོད་པ་འདི་ལ་ཡང་བསྐྱར་དུ་ཐུགས་བཞེས་ལེགས་པར་གཏོང་དགོས་པ་གལ་ཆེན་པོར་མཐོང། ལྟ་ཚུལ་འདི་ཡིས་སྤྱི་ཚོགས་ལ་ད་བར་ཕན་པའི་ལམ་བཀག་ཅིང་གནོད་པའི་སྒོ་མང་པོ་ཕྱེས་ཡོད་པ་དངོས་ཡོད་གནས་ཚུལ་རེད། སྐྱེས་བུ་སོ་སོའི་རང་གཤིས་བཟང་པོའི་རིན་ཐང་དང་། ལོ་མང་རིང་རྣམ་དཀར་གྱི་དགེ་བར་འདུན་ཏེ་དགོན་པའི་སྒྲིག་ཁྲིམས་ཁུར་ཞིང་ཚོགས་བསགས་ཉམས་ལེན་བྱས་པར་མཐོང་སྟངས་དང་། སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབས་པའི་ལས་ཀ་དང་ཉམས་མྱོང་ལ་བརྩི་བཀུར་དང་། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་བཀའ་རབ་འབྱམས་པ་དགེ་བའི་གཤེས་གཉེན་ཆེན་མོའི་མཚན་རྟགས་ཐོབ་པ་ལ་གདེང་འཇོག་ཚད་དང་མཐུན་པ་གང་ཡང་མེད་པར་གྲྭ་བའི་སྡོམ་པ་ཉམས་པ་དང་མཉམ་དུ་མི་ཚེ་ཧྲིལ་པོར་སྦྱངས་པའི་ཡོན་ཏན་ཀུན་ཉམས་ནས་མེད་པར་ཕྱིན་པའི་མཐོང་ཚུལ་འདི་ཤིན་ཏུ་ཐབས་སྐྱོ་བ་དང་སྤྱི་ཚོགས་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པ་སྨྲོས་མི་དགོས།

དེང་སང་ནུབ་ཕྱོགས་སུ་ཆོས་བརྒྱུད་ཚང་མའི་ནང་དུའང་རང་གི་འདོད་མོས་ཀྱི་ལམ་ནས་སྐྱ་སར་བབས་པའི་གྲྭ་བ་དང་བཙུན་མ། བླ་མ་དང་སྒྲུབ་དཔོན། མཁན་པོ་དང་དགེ་བཤེས་མང་པོ་མཐོང་། ཁོང་རྣམ་པའི་སེམས་ལ་ནག་ཉེས་ཅན་གྱི་ཚོར་སྣང་དང་རང་ཁོངས་སྤྱི་ཚོགས་ནས་མར་བུད་པའི་ཚོར་སྣང་སོགས་ཡོང་གི་ཡོད། རང་གི་མི་ཚེར་བསགས་པའི་ཡོན་ཏན་དང་ལེགས་ཆ་རྣམས་རྩལ་དུ་བཏོན་ནས་ལས་ཀ་བྱེད་འདོད་ཡོད་ཀྱང་། རང་ཁོངས་ཆོས་བརྒྱུད་དང་སྤྱི་ཚོགས་ཀྱིས་རྒྱབ་རོགས་མེད་པ་ཙམ་མ་ཟད་དངོས་ཤུགས་གཉིས་ཀའི་ཐོག་ནས་སྐྱོན་བརྗོད་གནང་བའི་རྐྱེན་གྱིས་སེམས་ཀྱི་ནུས་པ་ཞུམ་ནས་རང་གི་ལུས་ངག་ཡིད་གསུམ་གྱི་བྱ་བ་གང་སྒྲུབ་པ་ལ་བར་ཆད་མང་པོ་ཡོང་བ་མཐོང་། འདི་ནི་ང་ཚོའི་སྤྱི་ཚོགས་འདིར་མཁོ་གལ་དང་ཕན་རླབས་ཆེ་བའི་མི་སྣ་མང་པོ་ཞིག་འཕྲོ་བརླག་འགྲོ་དང་འགྲོ་བཞིན་པ་མཐོང་བ་ནི་ཤིན་ཏུ་ཡིད་ཕམ་པའི་གནས་ཡིན།

དེས་ན་ང་ཚོའི་སྒེར་དང་སྤྱི་ཚོགས་ཀྱི་བསམ་ཚུལ་དང་ལྟ་སྟངས་ལ་འགྱུར་བ་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་མཐོང་། གལ་སྲིད་སྤྱི་ཚོགས་ཀྱི་བསམ་ཚུལ་དེ་ལས་ལྡོག་སྟེ་རྒན་པས་སློབ་གསོ་དང་ལམ་སྟོན། ཕ་མས་བྱམས་བརྩེ་དང་སེམས་གསོ། སྤྱི་ཚོགས་ནས་རོགས་སྐྱོར་སོགས་གནང་པ་ཡིན་ན་སྐྱེས་བུ་དེ་རྣམས་ཀྱིས་བསྟན་དང་འགྲོ་བའི་དོན་དུ་ལས་འགུལ་མང་པོ་སྤེལ་ཐུབ་པ་དང་། རང་ཁོངས་སྡེ་དགོན་དང་སྤྱི་སྒེར་གྱི་བདེ་སྐྱིད་ལ་ཕན་པ་ཆེན་པོ་འབྱུང་བ་ཞུ་མ་དགོས་པ་རེད། དེས་ན་མ་བཅོས་རྣལ་མའི་སེམས་ཀྱི་རང་གཤིས་ལ་བརྩི་བཀུར་བྱས་ན་གོང་ཞུས་ཀྱི་གནས་ཚུལ་དེ་དག་ཡོང་དགོས་དོན་མེད།

ངོས་ཀྱི་མི་ཚེའི་ཉམས་མྱོང་ལས་ཞུས་ན། ཆུང་བྱིས་པའི་དུས་སུ་དམིགས་གསལ་གྱི་གྲྭ་བ་བྱེད་འདོད་ཀྱི་བསམ་ཚུལ་ཤུགས་ཆེན་གང་ཡང་མེད། དེ་བས་འཁོར་བ་བཟུང་བསམ་པ་དང་བུ་ཕྲུག་སྐྱོང་བསམ་པའི་འཆར་གཞི་གང་ཡང་མེད། འོན་ཀྱང་བསྐོས་པའི་ལས་ལ་བྲོས་པའི་ཐར་པ་མེད་ཅེས་པའི་དཔེ་ལྟར། ད་ལྟ་བུ་ཕྲུག་གི་ཕ་དང་བཟའ་ཟླ་ཞིག་དང་ལྷན་དུ་དོན་ལྡན་གྱི་འཚོ་བ་ཞིག་རོལ་བཞིན་པ་འདི་ལ་དགའ་བ་ལས་འགྱོད་དགོས་པ་གང་ཡང་མེད། རང་ཉིད་སྔོན་ལས་བཟང་པོའི་མི་ཚེ་འདིའི་ནང་དགེ་རྒན་བཀའ་དྲིན་ཅན་གྱི་དྲུང་ནས་སློབ་སྦྱོང་དང་དགེ་བཤེས་གྱི་མཚན་རྟགས་ཆེན་མོའི་བསོད་སྐལ་མཆོག་དུ་ཐོབ་པ་དང་། ཆུང་དུས་ནས་བྱམས་སྙིང་རྗེའི་བཤད་ཁྲིད་ཞུས་ནས་སྔོན་འགྲོ་བསགས་སྦྱངས་སོགས་བྱས་པའི་བྱིན་རླབས་ཆེ་ཡང་། རང་ཉིད་ལ་ཕ་མ་བུ་ཕྲུག་བར་གྱི་བརྩེ་གདུང་ལས་བྱུང་བའི་འབྲེལ་བ་ཟབ་མོ་འདི་ཡང་ཉམས་ལེན་གལ་ཆེན་པོ་ཞིག་ཀྱང་ཆགས་ཡོད།
ཕ་མ་བུ་ཕྲུག་གི་འབྲེལ་བ་ཟབ་མོ་འདི་ནི་འཇིག་རྟེན་འདི་ཡི་འགྲོ་བ་ཀུན་གྱི་ཕྱོགས་རིས་དང་ཆོས་ཀྱིས་མ་བཅིངས་པ། དབང་སྟོབས་ཆེ་ཆུང་དང་ཕྱུག་དབུལ་གྱི་ནུས་པས་ལྷད་མ་ཞུགས་པ། མི་རིགས་དབྱེ་འབྱེད་མེད་པའི་དུང་བ་མ་བཅོས་པའི་འབྲེལ་བ་ཡང་དག་པ་འདི་ནི་རིན་ཐང་ཅན་ཡིན་པར་ཞུ་མ་དགོས་པ་རེད། ཆོས་ཕྱོགས་ནས་འདི་ལ་ཞེན་ཆགས་དང་འཛིན་པ་རེད་བརྗོད་ལོས་ཆོག། སྤྱིར་ན་བཟང་ངན་གྱི་རྟོག་པ་གཉིས་ཀ་ཞེན་པ་དང་། སྟོང་ཉིད་རྟོགས་པའི་རྗེས་དཔག་ཀྱང་ཞེན་པ་ཡིན་པས་ཞེན་པ་ཡིན་པ་ཙམ་གྱི་སྡུག་རྒྱུ་གང་ཡང་མེད། ཁྱིམ་ཚང་ཕ་མའི་འབྲེལ་བ་འདི་ནས་ཀྱང་རང་རྒྱུད་ལ་སྔར་དགོན་པའི་ཉམས་མྱོང་ལས་ཕན་པ་མ་ཆེ་ནའང་མི་ཆུང་བ་ཞིག་ཏན་ཏན་བྱུང་བའི་ཚོར་སྣང་བྱུང་།

རང་ལ་ཉམས་ལེན་དུ་འགྲོ་ཚུལ་ནི་བཟའ་ཚང་ཕན་ཚུན་བར་གྱི་ཚིག་མཐོ་དམན་ཤོར་བ་ལ་བཟོད་སྒོམ། ལས་མཐོ་དམན་བྱུང་བ་ལ་མཐུན་ལམ། རྒྱུ་ལ་ཆགས་ཞེན་ཆེ་བའི་སྐབས་སུ་གཏོང་ཕོད། དུས་བཟང་ངན་གྱི་དགའ་རོགས་དང་སྡུག་རོགས། སེམས་འགྱུར་བའི་དྭོགས་འཆར་དང་ཐེ་ཚོམ་སྐབས་སུ་ཡིད་ཆེས་སོགས་ཆོས་ཀྱི་མིང་ཆེན་པོ་དང་སྙན་པོ་མེད་ཀྱང་། ཁ་ཡོད་ལག་ཡོད་ངོ་ཐོག་གི་མྱོང་ཚུལ་འདི་རྣམས་རང་གཤིས་མ་བཅོས་པ་དང་འབྲེལ་བ་དེ་ལ་ཉམས་ལེན་དུ་བརྩིས་ནས་ངན་པ་ལ་འགྱུར་བ་གཏོང་རྒྱུ་དང་། བཟང་པོ་ཡར་རྒྱས་གང་ཐུབ་གཏོང་ཐུབ་ན་རང་རྒྱུད་གོང་འཕེལ་འགྲོ་བའི་ཉམས་ལེན་དེ་རེད།།
གཞུང་ལུགས་རྣམས་ལས་རྒྱུན་དུ་རྒྱུད་འདུལ་བ་དང་རྒྱུད་སྨིན་པ་དང་རྒྱུད་གྲོལ་བ་སོགས་གསུངས་ཀྱི་ཡོད་པའི་རྒྱུད་དེ་ནི་སྒེར་གྱི་གཤིས་ཀ་ཞིག་ལ་གསུང་གི་ཡོད། མ་བཅོས་རྣལ་མའི་རང་གཤིས་དེ་ལ་འགྱུར་བ་གཏོང་ཐུབ་ན་ཆོས་ཀྱི་ཉམས་ལེན་གལ་ཆེན་པོ་ཆགས་ཀྱི་ཡོད། ཡིན་ལུགས་ཀྱི་རང་རྒྱུད་དང་འབྲེལ་བ་མེད་ཅིང་དེ་མིན་རང་བཟོ་བྱེད་པའི་ང་འཛིན་ཞིག་གིས་མི་ངོས་ལ་ཆོས་དང་ཉམས་ལེན་གྱི་རྣམ་འགྱུར་བསྟན། བདེ་སྐྱིད་མེད་པའི་གཞན་དབང་སྟབས་བསྟུན་གྱི་མི་ཚེ་བསྐྱལ་ན་བློ་ཕམ་ཆེན་པོ་རེད། དཔེར་ན། མ་ཚོར་བའི་སྡུག་བསྔལ་དང་མ་མཐོང་བའི་སེམས་ཅན་ལ་དམིགས་ནས་སྙིང་རྗེ་ཆེན་པོ་སྒོམ་གྱི་ཡོད་མདོག་གིས་ཙམ་གྱིས་དུས་ཚོད་མང་པོ་ཞིག་བསྐྱལ་ཀྱང་རང་གཞན་གང་ལའང་ཕན་པ་དེ་ཙམ་ཨེ་ཡོད་བསམ།

སྔོན་ནས་འབྲེལ་བ་ཡོད་པའི་ནང་མི་དང་ངོ་ཤེས་རྣམས་ལ་སྡང་སེམས་དང་རྒྱུས་མེད་འབྲེལ་མེད་ཀྱི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྒོམ་གྱི་ཡོད་མདོག་བྱེད་ན་ཕན་པ་ཨེ་ཡོད་བསམ། རྒྱུ་མཚན་ནི། མ་བཅོས་པའི་རང་གཤིས་སམ་རང་རྒྱུད་དང་འབྲེལ་བ་དང་ཚོར་བ་མེད་པའི་ཉམས་ལེན་ཡིན་པས་སོ། །དེང་སང་བྱང་ཆུབ་སེམས་དང་གཞན་ཕན་བྱེད་ཅེས་པའི་ཚིག་འདི་ནི་མཐོ་དམན་ཚང་མའི་ཁ་ལ་མ་ཎི་བགྲང་བགྲང་ཡིན་པ་དང་། མ་བཅོས་སྒེར་ཐོག་གི་སེམས་ཟུག་དང་དཀའ་ངལ་འཕྲད་དུས་གཞན་ཕན་ཕར་བཞག་གཞན་གྱི་བསམ་ཚུལ་མི་མཐུན་པ་ཙམ་ལའང་གུས་བཀུར་ཐོག་ནས་ཉན་ཙམ་ཡང་མི་ཐུབ་པ་མང་པོ་མཐོང་།

མ་བཅོས་རྣལ་མའི་སེམས་ཀྱི་རང་གཤིས་བཟང་ངན་གང་ཡིན་པའི་ཀུན་རྫོབ་ཤེས་བྱའི་ཡིན་ལུགས་དེ་ལ་གདོང་ལེན་དང་ལེགས་ཆ་མཐོང་དགོས་པ་གལ་ཆེ། དཔེར་ན། སྤྱིར་བཏང་ང་ཚོའི་བསམ་ཚུལ་ཕལ་ཆེ་བ་ལ། བཟང་ངན་གཉིས་རང་བཞིན་གྱི་འགལ་བ་ལས་ང་ཚོའི་ལྟ་སྟངས་ལ་ཐུག་པར་མི་མཐོང་། ངན་པ་ཅི་ལྟར་ཡིན་རུང་དེ་ལའང་ལེགས་ཆ་ཞིག་དང་བཟང་པོ་ཇི་ལྟར་ཡིན་རུང་དེ་ལ་ཡར་རྒྱས་གཏོང་སའི་གོ་སྐབས་ཡོད་པ་སོགས་ལ་དོ་སྣང་ཡོད་མཁན་དཀོན་པོ་རེད།། གང་ཟག་སོ་སོའི་དགའ་སྡུག་གི་ཚོར་སྣང་དེ་ཡང་ཀུན་རྫོབ་ཤེས་བྱའི་ཡིན་ལུགས་ཤིག་ཡིན་པ་དང་དེ་ངོ་ཤེས་ནས་མདོ་སྔགས་སེམས་གསུམ་གྱི་ཐབས་ཟབ་མོ་སྤང་སྒྱུར་གྲོལ་བའི་ལམ་ནས་ཉམས་ལེན་བྱ་རྒྱུ་ནི་ཞུ་མ་དགོས་པ་རེད།། དེ་ལྟར་མ་ནུས་ན་ཡང་རང་གི་མ་བཅོས་པའི་ལུས་ངག་ཡིད་གསུམ་ཀྱི་སྤྱོད་ཚུལ་དང་ཟུག་རྣམས་ངོས་ལེན་བྱས་ནས་དེ་ཡི་རྒྱུ་ཕལ་ཆེ་བ་རང་གཞན་གྱི་མཐུན་འབྲེལ་ལ་ཐུག་གི་ཡོད་པས་དེ་ལ་དོ་སྣང་གནང་དགོས་པ་གལ་ཆེ། འོན་ཀྱང་ང་ཚོས་དེ་ལྟར་མི་ཐུབ་པ་ཙམ་མ་ཚད་ལྷག་བསམ་རྣམ་དག་གི་ཐོག་ནས་ཨེ་ཐུབ་ལྟ་མཁན་ཡང་དཀོན་པོ་རེད།

བོད་པའི་སྤྱི་ཚོགས་ནང་ངོ་གདོང་ཐུག་ནས་བཟང་ངན་གྱི་སྐད་ཆ་སྤྱི་དང་ཁྱད་པར་དུ་ཡུན་རིང་བསགས་པའི་སེམས་ཀྱི་ན་ཟུག་དང་། བསམ་ཚུལ་མི་མཐུན་པ་རྣམས་ངོ་གདོང་ཐུག་ནས་ཕན་ཚུན་ལ་གུས་བཀུར་ཐོག་ཁ་བརྡ་གནང་མཁན་ཤིན་ཏུ་དཀོན་པོ་རེད། འདི་ཡང་ཕན་ཚུན་སྒེར་གྱི་ཚོར་སྣང་ལ་བརྩི་བཀུར་མེད་པ་དང་ངོ་མ་ཤེས་པའི་རང་རྒྱུད་ཀྱི་ང་འཛིན་ཆུང་རུ་གཏོང་མ་ཐུབ་པའི་རྟགས་རེད། འདི་ཡིས་ང་ཚོ་བོད་ཀྱི་མཐོ་དམན་གྱི་སྤྱི་ཚོགས་ཚང་མའི་ནང་གནོད་པ་ཆེན་པོ་ཡོང་གི་ཡོད། དཔེར་ན། བླ་མ་དང་བླ་མའི་དབར། དཔོན་པོ་དང་དཔོན་པོའི་དབར། ནུས་ཤུགས་ལྡན་པའི་སྤྱི་ཚོགས་ཀྱི་འགོ་ཁྲིད་དབར། ཆུང་ས་ལ་ཕ་མ་སྤུན་གཉེན་ཕན་ཚུན་དབར་བདེ་སྡུག་གི་དཀའ་ངལ་དང་ཁྱད་པར་དུ་འདས་པའི་སེམས་ཚོར་གྱི་ན་ཟུག་རྙིང་པ་རྣམས་འབྲེལ་ཡོད་ལ་ངོ་ཐུག་ནས་བཤད་མི་ཐུབ་པ་དང་། ལྐོག་ཏུ་རང་དང་བློ་མཐུན་པའི་ཉེ་སྐོར་གྱི་མི་རྣམས་དང་ནང་ཚགས་ཡིན་ཁུལ་གྱིས་ལྐོག་ལབ་གནང་བ་དང་། ཡང་ན་མང་ཚོགས་ནང་གཏམ་བཤད་སོགས་ཀྱི་སྐབས་ཞར་དང་ཞོར་ནས་ཐད་ཀར་བརྗོད་མ་ནུས་པའི་སེམས་ཀྱི་ན་ཟུག་རྣམས་དབང་མེད་ཀྱི་ངག་ལམ་ནས་ཟུར་རྒྱག་ཡང་ཡང་ཤོར་བ་དེ་དག་གིས་རྐྱེན་བྱས་ནས་གཤམ་འོག་མི་མང་དབར་དུམ་བུ་ཐོར་ནས་གདབ་གསེག་ཆེན་པོ་དངཕྱོགས་རིས་ཀྱི་གཞིར་ཆགས་ཀྱི་ཡོད། ཞབས་འོག་ངོ་དགའ་ཅན་གྱི་མི་ངན་བསམ་མེད་རྣམས་ཀྱིས་ཀྱང་དེ་ལ་གོ་སྐབས་བཟུང་ནས་རང་ཁེ་གཞན་ཕམ་གྱི་ཀུན་སློང་ངན་པས་སྒྲོ་བཏགས་ནས་དོན་མེད་ཀྱི་འཆལ་གཏམ་ཆེ་རུ་བཟོ་གི་ཡོད།

དེ་དག་གི་རྐྱེན་བྱས་ནས་ང་ཚོའི་སྤྱི་ཚོགས་ནང་། ཆོས་ལུགས་དང་ཆོལ་ཁ། ཕ་ཡུལ་དང་ལུང་ཚན་སོགས་ཀྱི་ཕྱོགས་རིས་ཆེ་རུ་འགྲོ་གི་ཡོད་པ་དང་། བོད་རིགས་ཕན་ཚུན་དབར་ཡུན་རིང་གསོ་མི་ཐུབ་པའི་སེམས་ཀྱི་ན་ཟུག་རྣམས་ཀྱང་དེ་ལས་བྱུང་། འགྱུར་བ་གཏོང་བའི་ཐབས་ལམ་ནི། ང་ཚོའི་འགོ་ཁྲིད་རྣམས་ཀྱི་ནང་ཕན་ཚུན་དབར་མ་བཅོས་སྒེར་གྱི་སེམས་ཀྱི་ཚོར་སྣང་། སྙིང་གི་ན་ཟུག་རྣམས་ངོ་ཤེས་ནས་གྲོལ་ཐབས་ལ། མཐོ་ས་ཕན་ཚུན་དབར་གདོང་ཐུག་ནས་བཀའ་མོལ་བརྗེ་ལེན་དགོས་པ་གལ་ཆེ། དེ་ལྟར་མ་བྱུང་ན་མ་འོངས་ཡུན་རིང་དམངས་ཁྲོད་དུ་དོན་མེད་ཀྱི་དཀའ་ངལ་མང་པོ་འཕྲད་དང་འཕྲད་བཞིན་པ་རྣམས་ཇེ་ཆེ་ཇེ་ཆེ་འགྲོ་རྒྱུ་ངེས་པ་རེད། གཞན་ཡང་ཕན་ཚུན་དབར་ལ་འདས་པ་མ་ཉེན་པའི་གཞན་སྐྱོན་རྣམས་བཤད་རྒྱུ་ཉུང་རུ་གཏོང། ད་ལྟ་རང་གི་མ་བཅོས་པའི་སེམས་ཀྱི་བློ་ཕམ་གྱི་ཚོར་སྣང་དང་སྙིང་གི་ན་ཟུག་རྣམས་གུས་བཀུར་ཐོག་ནས་ཕན་ཚུན་ཐད་ཀར་གང་ཐུབ་ཞུ་རེས་བྱེད། གཞན་གྱི་དཀའ་ངལ་དང་ན་ཟུག་རྣམས་ངོས་བཟུང་ནས་བྱམས་བརྩེས་ཐོག་ནས་གསན་བསམ་ཐུབ་པ་དང་། སེམས་དང་སེམས་ཀྱི་དབར་འབྲེལ་བ་འཇོག་ཐུབ་པ་དང་། ཕན་ཚུན་དབར་ལ་ལྐོག་ནས་སྐྱོན་བརྗོད་ཟུར་ཙམ་ཡང་གླེང་སློང་མི་བྱ་བ་སོགས་ནི་ཐབས་ཤེས་གལ་ཆེ་བ་ཡིན།།

དེང་སང་བོད་ཀྱི་སྤྱི་ཚོགས་ནང་དགོན་པ་ང་ཆེ་ཁོ་ཆེ་དང་གྲྭ་བ་ང་མང་ཁོ་མང་སོགས་ཀྱི་ཆགས་སྡང་བསམ་མནོ་འདི་འདྲ་ཡོད་བཞིན་པའི་སྐབས་སུ་མི་དམངས་ཕལ་གྱི་འཚོ་གོས་དང་དཔལ་འབྱོར། སློབ་སྦྱོང་དང་འཕྲོད་བསྟེན། ཁྱད་པར་དུ་བྱིས་པ་དང་བུད་མེད་ཀྱི་འཕྲོད་བསྟེན་སོགས་ལ་དོ་སྣང་གནང་མཁན་ཉུང་ཉུང་ཡིན་པ་འདི་བློ་ཕམ་གྱི་གནས་རེད།

བོད་ཆོས་ལྡན་གྱི་རིག་གཞུང་ཞིག་ཡིན་པའི་ཆ་ནས་དམངས་ཀྱི་དཀའ་ངལ་ལ་སྙིང་རྗེས་ཕན་ཐོགས་དགོས་ཀྱང་དེ་ལ་སྙིང་ནས་དོ་སྣང་གནང་མཁན་གྱི་བླ་མ་དང་དཔོན་པོ་དེ་ཙམ་མ་མཐོང་།། དགོན་པའི་བདེ་སྐྱིད་ནི་མི་དམངས་ཀྱི་བདེ་སྐྱིད་དང་མི་དམངས་ཀྱི་བདེ་སྐྱིད་ནི་དགོན་པའི་བདེ་སྐྱིད་ཡིན། འདི་གཉིས་ཀྱི་དབར་དཔལ་འབྱོར་དང་དབང་ཚད་ཀྱི་ནུས་པ་ཆ་མི་མཉམ་པའི་ཁྱད་པར་ཆེན་པོ་འགྲོ་དང་འགྲོ་བཞིན་པ་འདི་ཡིས་མ་འོང་པར་ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་ཆེན་པོ་འཕྲད་སྲིད།

རང་ཉིད་ཀྱི་རེ་བ་ཆེ་བ་ཞིག་ལ། ཆོས་ལུགས་དང་ཆོལ་ཁའི་ཕྱོགས་རིས་མེད་པའི་ང་ཚོའི་བོད་ཀྱི་འགོ་ཁྲིད་གཞོན་པ་རྣམས་དང་། ཁྱད་པར་དུ་གནའ་དེང་གི་ཤེས་ཡོན་ལྡན་པའི་བླ་སྤྲུལ་ནུས་པ་ཅན་རྣམས་ཀྱིས་མི་དམངས་ཀྱི་བདེ་དོན་ལ་དོ་སྣང་ཆེ་རུ་འགྲོ་བའི་རེ་བ་ཆེན་པོ་ཞུ་བཞིན་ཡོད། ཡར་མཆོད་པ་དང་མར་སྦྱིན་པའི་དབར་ཁྱད་པར་ཆེན་པོ་མི་ཤོར་བ་དཔེར་ན་། ཆོས་ཕྱོགས་སུ་དགོན་པ་ལ་དཔལ་འབྱོར་གྱི་འགྲོ་སོང་བཏང་བ་དེ་བཞིན་མི་དམངས་ཀྱི་བདེ་དོན་ལ་དེ་བས་ཀྱང་གཟིགས་སྐྱོང་གནང་བའི་རེ་བ་ཆེན་པོ་ཡོད། དེ་ལྟར་གནང་མཁན་རྣམས་ནི་སྐྱ་སེར་ཀུན་གྱི་རྗེས་སུ་ཡིད་རང་བའི་གནས་དང་། དངོས་ལྡན་གྱི་མིང་དོན་མཚུངས་པའི་ཆོས་པ་ཉམས་ལེན་པ་རེད། ཨ་རིའི་རྒྱལ་སྤྱི་ལིག་མི་རྐྱའི་ཚོགས་གནས་ནས་གུས་བསྟན་འཛིན་དབང་རྒྱལ་གྱིས་བྲིས།།

ཕྱི་ལོ།༢༠༡༦ ཟླ་བ་༡༠ ཚེས་༡༤ ལ།

(ཁྲི་གཡུང་དྲུང་གིས་འོས་སྦྱོར་ཞུས།)

གསུང་བཤད།

Post navigation

Previous Post: བོད་མི་རིགས་འཆི་གསོན་གྱི་འགག་རྩ་ངོ་མ་ཕ་མེས་ནས་བརྒྱུད་པའི་ནང་ཆོས་རིག་པའི་གཞུང་ལུགས་ལ་ཐུག་མི་འདུག་གམ།
Next Post: ཡིག་རྙིང་ཁྲོད་ཀྱི་གི་གུ་ཕྱིར་ལྡོག་( ཨྀ )གི་སྐོར་རགས་ཙམ་གླེང་བ།

Comments (23) on “མ་བཅོས་སྒེར་གྱི་རང་གཤིས།”

  1. ཨ་ཁུ་འབྲོག་པ། says:
    2016-10-19 at 10:53 am

    རྩོམ་འདི་རིང་གྲགས་གསུང་ཚད་བློར་མ་ཆུག་ཀྱང། མིག་ཤར་ཅིག་བྱས་པའི་གོ་ཚོད་དུ། བླ་མ་ལགས་དང་པོ་ཁྱིམ་ནས་ཁྱིམ་མེད་པར་རབ་བྱུང་གནང་རིང་འཁྲིག་སྲེད་ཀྱིས་རབ་ཏུ་གདུང་བའི་མ་མཅོས་རྣལ་མའི་སེམས་ཀྱི་རང་གཤིས་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་དག་སྣང་སྦྱོང་མ་ཤེས་པར་དགྲར་སྣང་གི་མ་བཅོས་རྣལ་མའི་སེམས་ཀྱི་རང་གཤིས། བར་དུ་གྲྭ་བ་ལོག་སྟེ་མི་བྲལ་དུ་མི་ཚུད་པའི་སྡུག་བསྔལ་མ་བཅོས་སེམས་རང་གཤིས། ཁྱིམ་གཞི་ཟིན་ནས་བཟའ་ཟླ་བུ་ཕྲུག་གི་བདག་པོ་གནང་ཏེ་མང་བའི་དོན་བཞག་སྟེ་ཉུང་བའི་དོན་རང་དོན་ཉི་ཚེ་བར་སྤྲོ་བཞིན་བཞུགས་པའི་མ་བཅོས་རྣལ་མའི་སེམས་ཀྱི་རང་གཤིས། མཐའ་མ་རབ་བྱུང་བཞག་སྟེ་མི་སྐྱ། ཐེག་ཆེན་བཞག་སྟེ་ཐེག་དམན། ད་དུང་དེ་ལྟར་བྱེད་དགོས་པ་གཞན་ལ་བསྐུལ་བ་སོགས་གོ་བས། ད་སྐུ་ཚེ་རྗེས་མ་འགྲོ་ས་གཅིག་མ་གཏོགས་ཕལ་ཆེར་མེད་པ་བླ་མས་ལོས་མཁྱེན་ཀྱང། ཐུགས་བློ་བདེ་མོ་བྱོས་མ་འོངས་རྒྱལ་བ་བྱམས་པ་བྱོན་ན་འཁོར་གྱི་ཐོག་མར་སྐྱེ་བ་ཤཱཀྱ་ཐུབ་པའི་ཞལ་བཞེས་ཡོད་པ་རེད། ཁྱེད་རང་གི་ད་ལྟའི་གནང་སྟངས་དང་དགོངས་པ་བཞེས་ངའི་ཁྱིམ་ཚེས་ནང་པ་མ་ཡིན་པའི་ཕྱི་པའི་གྲོང་མི་དྲག་པ་འདི་ཚོ་ལ་ཡང་འདུག་པས་དེ་ཙམ་དོ་གལ་ཆེན་པོས་དྭ་རྒྱར་བཀོད་དགོས་ཨེ་ཡོད་སྙམ།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-10-19 at 11:34 am

    “ཁྱིམ་ཚང་ཕ་མའི་འབྲེལ་བ་འདི་ནས་ཀྱང་རང་རྒྱུད་ལ་སྔར་དགོན་པའི་ཉམས་མྱོང་ལས་ཕན་པ་མ་ཆེ་ནའང་མི་ཆུང་བ་ཞིག་ཏན་ཏན་བྱུང་བའི་ཚོར་སྣང་བྱུང་།” བསམ་བློ་འདི་བདེན་པ་འདུག དགོན་པ་ནས་དྭངས་ལངས་ཀྱིས་འཐོན་ནས། ཁྱིམ་འཛིན་པ་ལ་གྲྭ་པའི་གཤིས་ལུགས་ཆགས་པ་དེ་མཆོག་ཏུ་གྱུར་པ་འདུག་ཟེར། ལ་དྭགས་སུ་ དེ་འདྲའི་རིགས་ལ་གྲྭ་ལོག་ཟེར་ན། མི་ཁ་ཤས་ལ་ཁོང་ཁྲོ་ལངས་པ་ཚོར།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-10-19 at 11:43 am

    མི་དམངས་ཞེས་པ་དམན་པ་དང་མི་མངས། མི་མང་པོ་སྟེ། སྐྱེ་དགུ་ལ་གོ་དགོས།

  4. ཀརྡོ་རབ་འབྱམས་པ་ says:
    2016-10-19 at 12:26 pm

    ་
    བསྟན་འཛིན་སྐྱེས་བུ་ཐམས་ཅད་སྐུ་ཁམས་བཟང་། །
    ་
    ་
    ཞེས་པས་སྨོན་ལམ་བརྒྱབ་ཡ་དུས་ཚོད་ལ་སླེབས་པ་འདྲ།

  5. གཡག་རྒོད། says:
    2016-10-19 at 12:42 pm

    བདེན་པ་རེད། བོད་པའི་བསམ་བློ་རྙིང་བའི་ནང་ན་ངེས་པར་དུ་འདོར་དགོས་འི་གནད་དོན་མང་པོ་ཞིག་ཡོད། དེའི་ནང་ནས་གྲྭ་ལོག་ལ་མཐོང་ཆུང་དང་བླ་ལོག་ལ་མཐོང་ཆེན་བྱེད་པའི་བྱ་བ་ཐབས་རྡུག་པོ་འདི་ཚོ་གཙང་བཟོ་བྱེེད་དགོས་པའི་དུས་ལ་བསླེབས་ཡོད། གོང་ས་ཡིད་བཞིན་ནོར་བུས་ཀྱང་འདིའི་སྐོར་ལ་གསུང་བཤད་ཅིག་གནང་འདུག མ་གཞི་སྤྱི་ཚོགས་ནང་དུ་གྲྭ་ལོག་ཚོར་བརྙས་བཅོས་ཚད་ལས་བརྒལ་བ་བྱེད་མཁན་ནི་ཐོག་མ་གྲྭ་རྒན་ཚོས་བཟོས་ཏེ་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པ་ཞིག་ལོས་ཡིན། གྲྭ་ལོག་ཚོ་སྙིང་རྗེ། ཡ་གིའི་ལྷ་གྲལ་ན་མེད། མ་གིའི་འདྲེ་གྲལ་ན་མེད། བར་མ་བར་དུ་ཆོས་ལུགས་གཞན་ཞིག་ལ་སྐྱབས་བཅོལ་ན་ཡག་ཤོས་རེད།

  6. ཀརྡོ་རབ་འབྱམས་པ་ says:
    2016-10-19 at 12:50 pm

    བོད་མི་རིགས་ལོ་གསུམ་ཁྲིའི་སྔོན་ལ་བྱུང་བ་དང་། བོད་ཡིག་དེ་ཡི་གེ་རྙིང་ཤོས་ཤིག་ཡིན་པའི་སྐོར་ལ།
    https://www.facebook.com/14thGyalwaRinpoche/videos/1152864914751769/?hc_ref=NEWSFEED

  7. ཀརྡོ་རབ་འབྱམས་པ་ says:
    2016-10-19 at 12:53 pm

    ངས་ཁ་བརྡར་མཆན་མང་དྲགས་ནས་མ་དགའ་མཁན་མང་པོ་ཡོད་པ་་། གནས་སྐབས་རིང་ངའི་ལས་ཀ་འདི་འཛམས་བཞག་ཐུབ་ཐབས་མི་འདུག་པས། དགོངས་བཞེས་འོངས་བར་མཁྱེེན།

  8. རྟ་དབྱངས། says:
    2016-10-19 at 10:52 pm

    ཡག་པོ་ཞེ་དྲགས་བྲིས་གནང་འདུག

  9. ཁྱུང་སེ། says:
    2016-10-19 at 11:21 pm

    ཀརྡོ་ལགས་བོད་འདི་བཅོམ་ལྡན་འདས་ཞལ་བཞུགས་སྐབས་མཚོ་ཡིན་རབས་དང་དེ་ནས་མཚོ་འཕྲི་ནས་སྤྲ་སྤྲེལ་ལས་བོད་མི་བྱུང་རབས། དེ་ནས་སྲོང་བཙན་སྐབས་སུ་བོད་ཡིག་བཟོས་རབས་སོགས་ཐམས་ཅད་གང་འདྲ་ཆགས་མ་སོང་ངམ། ཡི་གེ་ཆ་མ་ཚང་བ་ཞིག་ཡོད་ཀྱང་ཡི་གེ་ཡོད་པའི་གོ་ཆོད་པ་མ་རེད་དམ།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-10-20 at 12:25 am

    རྒྱ་གར་གྱི་སྔོན་གྱི་ཡིག་རིགས་ཤིག་རྡོ་ལ་བརྐོས་ཡོད་པ་བོད་ཡིག་དང་འདྲ་བ་ཞིག་ལྡི་ལིའི་དངོས་རྫས་རྙིང་མའི་འགྲེམ་སྟོན་ཁང་དུ་ལོ་ངོ་༤༠ཞེ་གྲངས་སྔོན་དུ་མིག་མཐོང་བྱུང་། དིང་སང་མཐོང་བ་མེད་པར་ཆགས་སོ།
    ་
    ཨ་ཡིག་ནི་གསལ་བྱེད་བཏགས་པ་བ་ཡིན་མ་གཏོགས། དངོས་སུ་དབྱངས་ཡིག་ཡིན་འདུག དེ་ལ་དགོངས་ནས། དག་ཡིག་ངག་སྒྲོན་དུ། དགེ་སློང་ངག་དབང་ཆོས་ཀྱི་རྒྱ་མཚོ་སྟེ། དཔལ་ཁང་ལོ་ཙ་པས། དབྱངས་ལྔ། ཞེས་གསུངས།
    ་
    སྔར་མེད་ཕལ་ཚིག་གིས་གསར་བཟོ། དགོངས་ལ་དགོང་། ལྡང་ལ་འདང་། ཐང་ལ་ཐེངས། བར་ལ་དབར། སོགས་ཡོད་པ་ལ་ནན་ཏན་བྱེད་མཁན་ཉིན་སྐར་ཙམ་ཡིན་འདུག ང་ཆུང་ཆུང་ལོ་༡༣་སྐབས་ཉིན་དགུང་ཡོལ་ནས། ཉི་མ་རྒྱངས་ཤིག་ན། གནམ་ན་སྐར་མ་ཞིག་ལ་ཡ་མཚན་གྱིས་བལྟས་སོ།

  11. ཀརྡོ་རབ་འབྱམས་པ་ says:
    2016-10-20 at 12:56 am

    མདང་དགོངས་དང་དེ་རིང་བར་ལ་ཁ་རྡར་མཆན་བཏབ་ཡ་ཐང་མ་གཅིག་མ་གཏོགས་དུས་ཚོད་ལྡང་མ་སོང་ལྟབུའོ།།

  12. ཀརྡོ་རབ་འབྱམས་པ་ says:
    2016-10-20 at 1:08 am

    #9 ཁྱུང་སེ། ་ལགས་ཀྱིས་སྤེལ་དོན།:
    October 19th, 2016 at 11:21 pm
    ཀརྡོ་ལགས་བོད་འདི་བཅོམ་ལྡན་འདས་ཞལ་བཞུགས་སྐབས་མཚོ་ཡིན་རབས་དང་དེ་ནས་མཚོ་འཕྲི་ནས་སྤྲ་སྤྲེལ་ལས་བོད་མི་བྱུང་རབས། དེ་ནས་སྲོང་བཙན་སྐབས་སུ་བོད་ཡིག་བཟོས་རབས་སོགས་ཐམས་ཅད་གང་འདྲ་ཆགས་མ་སོང་ངམ། ཡི་གེ་ཆ་མ་ཚང་བ་ཞིག་ཡོད་ཀྱང་ཡི་གེ་ཡོད་པའི་གོ་ཆོད་པ་མ་རེད་དམ།
    ལན་དུ།
    བཅོམ་ལྡན་འདས་ཞལ་བཞུགས་ལྷ་སའི་ཇོ་ཁང་བཀྲུན་སའི་ས་དེ་མཚོ་ཡིན་པས་ན། མཚོ་འབྲི་ནས་དང་། ནང་པ་སངས་རྒྱས་པའི་ཆོས་ལ་དད་ལྡན་ཐོག་མ་སྲོང་བཙན་ནས་འགོ་ཚུགས་ཙང་། ནང་ཆོས་དར་ས་ལུང་བསྟན་པ་ཙམ་ལས། གཞན་པ་འབྲེལ་མེད་དོན་གཞན་ཅིག་བཅོམ་ལྡན་འདས་ཀྱིས་ལུང་བསྟན་མི་སྲིད་པ་དང་།
    ཡིག་མཁན་ཐུ་མི་ནས་ཁྲི་རལ་ལོ་བར། བོད་ཡིག་གི་གནས་ཚད་དེ་ལྷ་སའི་རྡོ་རིང་ཡི་གེ་དེའམ། དེ་ལས་དྲག་ཙམ་མ་གཏོགས་ཡོད་ས་མ་རེད། བོད་ཡིག་དང་སུམ་རྟགས། ་དག་ཡིག མིང་ཚིག་གསར་བཟོ་་ཚང་མ་ཁྲི་རལ་དང་། ཞི་འཚོ། སློབ་དཔོན་པདྨའི་སྐབས་ལ། ཆར་དུས་ཀྱི་ཤ་མོང་རྡོལ་བ་ནང་བཞིན་ཡར་རྒྱས་ཕྱིན་པ་ཡིན་ཙང་། བསྟན་པ་སྔ་དར་གྱི་ལོ་ཙ་པ་བྱུང་ཚད་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པར་ངོས་འཛིན་བྱ་དགོས་དོན་ཡང་། དེ་ལ་ཐུག་པ་མིན་ནམ་སྙམ་པས། དྲ་གྲོགས་བོན་པོ་སོགས་ཀྱིས་ད་དུང་མུ་མཐུད་ནས་དཔྱད་པར་འཚལ་ལོ།། །།

  13. ནུབ་ཕྱོགས་གངས་ཕྲུག says:
    2016-10-20 at 12:23 pm

    བློ་ལ་བབ་པོ་བྲིས་འདུག ཡིན་ནའང་རྩོམ་མང་དྲགས་ནས་ཉོབ་སོང་།

  14. བཀྲ་ཤིས། says:
    2016-10-20 at 3:47 pm

    མཆན་༡༢པ་རབ་འབྱམས་ལ་རྒྱབ་སྐྱོར་ཡོད།

  15. ཚ་ཕྲུག་རྒྱལ། says:
    2016-10-20 at 5:08 pm

    རྒྱུ་མཚན་གྱིས་འཐད་ཕྱོགས་གང་མང་བྲིས་འདུག། དུས་རབས་ཀྱི་མི་ལ་དུས་རབས་ཀྱི་ལམ་སྲོལ་དགོས་རྒྱུ་ནི་འགྲོ་བ་མིའི་རང་གཤིས་ཡིན་པས་གོང་གསལ་སྐྱོ་གནས་དེ་དག་རིམ་པའི་འགྱུར་བ་འགྲོ་རྒྱུ་ཡིན་པ་ནི་ངེས་པར་རེད།

  16. སེང་ཕྲུག་བརྟན་པ། says:
    2016-10-20 at 10:20 pm

    མྱོང་ཚོར་ཡག་པོ་གསུངས་འདུག་དགའ་བསུ་ཡོད། ཡིན་ནའང་སྤྱི་ཚོགས་ཀྱི་དེའི་ཕྱོགས་ལྟ་སྟངས་སྡུག་ཏུ་མ་གཏོགས་ཡག་ཏུ་འགྲོ་དཀའ་བོ་རེད། གང་ལགས་ཟེར་ན་ེེམི་རབས་གསར་པའི་ཀླད་པ་ནང་ནུབ་ཕྱོགས་པའི་གདོན་ཞུགས་དང་གཅིག གྲྭ་བཙུན་རྣམས་ཀྱིས་ཆོས་ལ་སློབ་གཉེར་གནང་བ་ཙམ་ལས་ཉམས་ལེན་མེད་པའི་རྐྱེན་དང་གཉིས། ང་ཚོ་བོད་མི་རིགས་ཀྱི་གོམས་གཤིས་བཟང་པོ་དོར་ནས་ཡར་རྒྱས་ཅན་གྱི་དཡས་རབས་གསར་པའི་ལུགས་ངན་པ་དངུལ་ཁོ་ནར་གལ་ཆེ་ལྟ་བའི་གོམས་གཤིས་ངན་པ་བདག་གིར་བྱེད་པ་དང་གསུམ། དགྲ་དགའ་གཉེན་སྡུག་གི་ལས་ལ་འཇུག་པར་ཆེས་དགའ་བ་དང་བཞི། བཀྲིན་ཅན་གྱི་བླ་མ་དང་དགེ་བའི་སོགས་ཀྱི་དཀའ་ལ་མ་བརྩིས་པ་དང་། དམ་ཚིགས་འགལ་བ་དང་། ལོག་ལྟ་བགྱིས་པ་དང་། རྟེན་འབྲེལ་ཕྱུགས་པ་དང་། ཚུལ་ཁྲིམས་ཉམས་པ་དང་། རང་བདེ་བའི་གནས་སྐབས་སུ་གཞན་ལ་བརྙས་པ་དང་། དོན་མེད་ཀྱིས་གཞན་ལ་ཁ་གཏོང་སྐབས་མངོན་པར་མི་གསལ་བའི་བྱུང་ཆུབ་སེམས་དཔའ་དང་སྐྱེས་བུ་དམ་རྣམས་ལ་ཕོག་པ་སོགས་དང་ལྔ། དཀོར་དང་ལྟུང་བ་མ་གཤགས་པ་སོགས་ཀྱིས་བྱས་པ་ལྟ་ཅི་སྨོས། རང་ཉིད་ཀྱི་ལས་ངན་དག་པ་བྱས་ནས་ད་དུང་དེ་འདྲ་མུ་འདོད་པ་ཐོག་ཏུ་བབ་ཀྱི་འདུག་ན་སྡུག་སྐད་འདོན་ན་འགྲིག མ་གཏོགས་རང་ཉིད་ཀྱིས་རྒྱུ་བསགས་ཟིན་པས་འབྲས་བུ་འབྱུང་ན་ཆོས་ཉིད་རེད་བ། དགེ་བཤེས་ལ་ཞུ་མ་དགོས་པ་ལྟ་བུ་རེད་དེ་ཐམས་ཅད་ཁོང་དུ་ཕྱུག་བསྡད་ཡོད་རེད་བ། གང་པ་ཤེས་པ་རྒྱུད་ལ་སྦྱར་མ་ཐུབ་པས་སོང་སྐད་ངན་དེ་དག་འབྱིན་གྱི་ཡོད་རེད། གྲྭ་བ་ལོག་པ་ཡིན་ནའང་ཆོས་ཁུ་སིམ་ངང་བྱེད་ཆོག་པ་མ་རེད་དམ། ངས་རང་རྒྱུད་བཅོས་པར་ཆོས་ངོས་འཛིན་ཞུ་ཡི་ཡོད་པས་དེ་ག་བ་ཡིན་ནའང་བྱེད་ཐུབ་པ་ཞིག་རེད། ད་མང་པོ་མ་བཤད། འདིར་མཚམས་འཇོག

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-10-20 at 10:46 pm

    དམག་དྲག་པོ་དང་རྒྱལ་ཁ་ལོན་པ་དང་། ས་གནས་དེ་རང་དུ་གཞིས་ཆགས།། དེ་མིན་ས་གནས་དེ་རང་གི་དཔོན་པོར་མགོ་སྒུར་ནས། གཞིས་ཆགས། བལ་ཡུལ་གྱི་རྟ་དམག ཏ་མངས་སོགས་དང་།། མྱན་མར་མི་རིགས་རྣམས་བོད་ནས་ཇི་ལྟར་མཆེད། ང་ལ་ལོ་རྒྱུས་གང་ཡང་མེད། ནུབ་ཕྱོགས་ལ་དྭགས་སོགས་དང་། ཤར་ཕྱོགས་མདོ་སྟོད་མདོ་སྨད་སོགས་བོད་དབུས་ནས་མཆེད་པ་སྐད་དང་མི་ཚེ་འགྲོ་སྟངས་གྱིས་ཤེས།
    བོད་ལ་དགོན་པར་གཞོན་པ་རྣམས་སྡོད་པའི་ལུགས་སྲོལ་གྱིས་བོད་མི་གྲངས་འཚམས་པར་སོང་། ཚང་མར་བཟའ་བཏུང་འཚམས་པས། མུ་གེས་འཆི་མི་དགོས་པ་བྱུང་། གལ་ཏེ་མི་ཞིག་དགོན་པ་ནས་འཐོན་པ་ཡིན་ན།
    རང་ལ་འཚམས་པའི་ལས་ཀ་ཞིག་རྙེད་དཀའ་བས། གྲྭ་ལོག་ཅེས་ཀུན་གྱི་མཐོང་ཆུང་བྱེད་པའི་མི་ཞིག་ཏུ་གྱུར།
    ་
    རྒྱ་གར་པ་མཁས་དབང་རཱ་ཧུ་ལ་མཆོག་གིས། བོད་ཀྱི་དགོན་པ་རྣམས་བོད་ཀྱི་མི་གྲངས་འཚམས་པར་འཇོག་པའི་ཐབས་མཆོག་ཏུ་གྱུར་པ་ཞིག་གོ། ཞེས་བྲིས་པ་བཀླགས་མྱོང་།

  18. བཀྲ་ཤིས་ལྷ་མོ says:
    2016-10-21 at 8:55 am

    དང་པོ་དགེ་འདུན་པའི་ནང་དུ་འདོད་པ་མེད་བཞིན་དུ་བསྡད་བཞིན་འདོད་ཆགས་མེ་ལྟར་འབར། དེ་ནས་གྲྭ་པ་ལོག་ཏེ་ལོག་གཡམ་རླུང་ལྟར་འཚུབ། དེ་ནས་འཁོར་བའི་སྡུག་བསྔལ་མུན་ལྟར་འཐིབ་ཅིང་བྱང་ཆུབ་སེམས་ཀྱི་རྒྱུ་སྙིང་རྗེ་ཆེན་པོ་ལ་ལོག་ལྟ་སྐྱེས། ད་དུང་བླ་དགེ་མིང་ཁུར་ཏེ་གྲྭ་ལོག་བྱས་པའི་སྙིང་པོ་དགོན་པར་བསྡད་པྀ་དགེ་བའི་ཉམས་ལེན་ལས་ཀྱང་། ཁྱིམ་པ་འཁོར་བའི་མྱོང་བ་བདེ་བ་ཆེ་རབས། ཧཧཧཧཧཧཧ། ཡ་ང་བ་ལ། རེདརེད།

  19. སྤོབས་པ་མཐའ་ཡས། says:
    2016-10-25 at 7:19 am

    བོན་པོ་འདིས་གསུངས་པ་ལ་མོས་མཐུན་བརྒྱ་ཆ་བརྒྱ་ཐམས་པ་ཡོད། འདི་ལྟ་བུའི་བོན་པོ་ཞིག་གི་མདུན་ནས་བོན་ཞིག་ཞུ་ཐུབ་ན་ཞུ་བར་ཐེ་ཚོམ་མེད། དེང་སང་བོན་པོ་ཡིན་ཟེར་ནས་ཕྱོགས་རིས་དང་། འཐེན་འཁྱེར་དང་། རྫུན་དབྱེན་དང་། བདག་བསྟོད་གཞན་སྨོད་ཀྱིས་འཁོར་ལོ་སྐོར་འདུག་མཁན་ཁ་ཤས་ཡོད་པ་དེ་ཚོ་དང་བསྡུར་རྒྱུ་ཞིག་མི་འདུག ཐུགས་རྗེ་ཆེ། རེ་བ་འདུག བཀའ་སློབ་དེ་ཡིན་ན་རྣ་བ་གཡས་པ་ནས་གཡོན་པའི་ནང་ལ་ཤར་རེ་ཕྱིན་སོང་།

  20. ཨ་འབར་འཇིགས་དབང། says:
    2016-11-12 at 10:24 pm

    ༅༅། བླ་མ་བསྟན་འཛིན་དབང་རྒྱལ་ལགས་ནས་འཇིག་རྟེན་ཁམས་ཀྱི་་་་ཟས་མངར་སྐྱུར་ཁག་གསུམ་ཀ་
    ལེགས་པར་ཟས་ཚར་ནས་་་གཞི་ནས་རང་རེའི་སྤྱི་ཚོགས་ནང་གནས་བཞིན་པའི་མགོ་འབྲིང་དམའ་གསུམ་
    ནས་འདི་དང་འདི་བྱེད་ན་ལེགས་ཚུལ་གྱིས་གདམས་གནང་བ་མི་སྡུག་ཀྱང་་་་སངས་རྒྱས་ལ་ཀ་ཁ་
    བསླབ་བཞིན་་་་བྱེད་དགོས་དང་་་བྱེད་ན་སོགས་་་་ན་རྐྱང་རྐྱང་གནང་བར་སེམས་བཞག་ཕན་ངེས་མ་
    མཐོང་བ་ལགས།

  21. ཨ་འབར་འཇིགས་དབང། says:
    2016-11-12 at 10:40 pm

    དྲ་གྲོགས་ཚོ།
    སངས་རྒྱས་ཀྱིས་གསུང་ལས།
    བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།
    མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ་ཞེས་གསུངས་པའི་ཚིགས་བཅད་དང་པོ་དེ་
    བརྗེད་སོང་འདུག་པ་འདི་ནང་འབྲི་གནང་ཡོང་བ་ཞུ་རྒྱུ་དང་ཆབས་ཅིག་དག་བཅོས་
    ཀྱང་གནང་བར་ཞུ་་་ང་ལ་ངེས་པར་ཕན་ཐོགས་ཆ

  22. ཨ་འབར་འཇིགས་དབང། says:
    2016-11-12 at 10:53 pm

    ༅༅། གངས་ཏེ་སེའི་འདབས་ན་མཚོ་ཞིག་འཁྱིལ། མཚོ་དེ་ནི་ཡར་འབྲོག་གཡུ་མཚོ་རེད།
    ངའི་ཕ་ཡུལ་མངའ་རིས་སྐོར་གསུམ་ཡིན། བོད་ཁ་བ་ཅན་གྱི་སྟོད་པ་ཡིན།
    གྲགས་ཆེན་པོ་བོད་ལ་ཆུ་ཆེན་ཡོད། ཆུ་དེ་ནི་རྨ་འབྲི་རྫ་གསུམ་ཡིན།
    ཆུ་དེ་གསུམ་བཀྲིས་ཡོང་བར་སྨོན།
    ས་གླིང་དཀར་སྟོད་ལ་རི་ཞིག་ཡོད། རི་དེ་ནི་རྨ་རྒྱལ་གངས་རི་རེད།
    བོད་ཁ་བ་ཅན་གྱི་སྨད་ཕྱོགས་རེད། རི་དེ་ལ་བཀྲིས་ཡོང་བར་སྨོན།

  23. ཀརྡོ་རབ་འབྱམས་པ་ says:
    2016-11-13 at 12:19 am

    ཨ་འཇིགས་ལགས།
    ཟབ་ཅིང་སྤྲོས་བྲལ་འོད་ཟེར་འདུས་མ་བྱས། །
    བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །
    སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །
    མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ། །
    ཡིན་པ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme