Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་ཎིའི་འགྲེལ་བཤད་མདོར་བསྡུས་བཞུགས་སོ

Posted on 2009-09-13 By དགེ་རབ་ 25 Comments on མ་ཎིའི་འགྲེལ་བཤད་མདོར་བསྡུས་བཞུགས་སོ

སྒོམ་སྡེ་ལྷ་རམས་པ།
———–
maniཨོཾ་མ་ཎི་པདྨེ་ཧཱུྃ། (ལེགས་སྦྱར) ॐ मणि पद्मे हूँ ཨོཾ་ལ་ཨ་ཨུ་མ་གསུམ་འདུས་པས། རྡོ་རྗེ་གསུམ་མམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་མཚོན། (སྤྱིར་བཏང་ཨོཾ་ནི་པྲ་ཎ་མ་ཞེས་པ་རབ་བསྔགས་ཏེ
འདུད་པ་དང་ཕྱག་འཚལ་བའི་མཚོན་བྱེད་དང༌། གཞན་ཡང་བཀྲ་ཤིས་པ་དང་གཡང་གི་དོན་ནོ། །ཞིབ་པར་ཨོཾ་ཞེས་པའི་ཐད་དུ་གཟིགས) མ་ཎི་ནོར་བུ། པདྨ་ནི་མེ་ཏོག་པདྨ། མེ་ཞེས་པའི་རིང་ཆ་ནི་བྱིས་པས་མ་ལ་འབོད་པའི་ཚེ་གདངས་རིང་པོས་འབོད་པ་ལྟར། ཨེ་ཞེས་པ་རྣམ་དབྱེ་བརྒྱད་པ་འབོད་པའི་སྒྲ་ཡིན་པར་བཤད། ཧཱུྃ་ནི་བསྐུལ་བ་དང་འབོད་པའི་དོན་ཡིན་པར་གཞུང་མང་པོར་གསུངས་(གཞུང་འགའ་ཞིག་ཏུ་ཐུགས་ཀྱི་ས་བོན་ཡིན་པར་ཡང་གསུངས)པས། 
ཀྱཻ་ནོར་བུ་པདྨ་ཅན་(ཞེས་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ་དང་གསེར་གྱི་པདྨ་ཕྱག་མཚན་དུ་བསྣམས་པའི)ལྷའི་མཚན་ནས་བོས་ཏེ་བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཅིག་ཅེས་ཐུགས་རྒྱུད་བསྐུལ་བའོ། །མ་ཎིའི་མཇུག་ཏུ་ཧྲཱིཿསྦྱོར་མི་དགོས་ཤིང༌། སྦྱར་ན་ཡི་གེ་བདུན་དུ་འགྲོ་ཞིང་འདི་ལ་རྒྱུད་སྡེ་རྣམས་སུ་གཟུངས་ཡི་གེ་དྲུག་པ་ཞེས་ཐ་སྙད་བྱེད་དེ། ཡི་གེ་དྲུག་གིས་སྦྱང་གཞི་འགྲོ་བ་རིགས་དྲུག སྦྱང་བྱ་དྲི་མ་དྲུག སྦྱོང་བྱེད་ལམ་ཕར་ཕྱིན་དྲུག སྦྱངས་འབྲས་རྒྱལ་བ་རིགས་ལྔ་དང་རྡོ་རྗེ་འཆང་སྟེ་རིགས་དྲུག་མཚོན། ཞིབ་ཏུ་བཤད་ན། (སྦྱང་གཞི་སེམས་ཅན) ཨོཾ་གྱིས་ལྷ་སྐྱེ་འཆིའི་(འཆི་ལྟས་སྐྱེས་ལྟས་ཀྱི)སྡུག་བསྔལ་སེལ། མ་ཡིས་ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་ཞི། ཎི་ཡིས་མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སེལ། པད་ཀྱིས་དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་སེལ། མེ་ཡིས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ། ཧཱུྃ་གིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སེལ་ལོ།
(སྦྱང་བྱ་དྲི་མ) ཨོཾ་གྱིས་(ལྷའི)ང་རྒྱལ། མ་ཡིས་(ལྷ་མ་ཡིན་གྱི)ཕྲག་དོག ཎི་ཡིས་(མིའི)འདོད་ཆགས། པད་ཀྱིས་(དུད་འགྲོའི) གཏི་མུག མེ་ཡིས་(ཡི་དྭགས་ཀྱི)བརྣབ་སེམས། ཧཱུྃ་གིས་(དམྱལ་བའི)གནོད་སེམས་སམ་ཞེ་སྡང་མཚོན། (སྦྱོང་བྱེད་ལམ)ཨོཾ་གྱིས་སྦྱིན་པའི་ཕར་ཕྱིན། མ་ཡིས་ཚུལ་ཁྲིམས་ཀྱི་ཕར་ཕྱིན། ཎི་ཡིས་བཟོད་པའི་ཕར་ཕྱིན། པད་ཀྱི་བརྩོན་འགྲུས་ཀྱི་ཕར་ཕྱིན། མེ་ཡིས་བསམ་གཏན་གྱིས་ཕར་ཕྱིན། ཧཱུྃ་གིས་ཤེས་རབ་ཕར་ཕྱིན་བཅས་མཚོན། (སྦྱང་འབྲས) (མ་ཎིའི་ཡིག་འབྲུ་རྣམས་དཀར་སེར་དམར་ལྗང་སྔོ་བའི་ཁ་དོག་སྣ་ཚོགས་སུ་བྱས་པ་འདི་མཛེས་ཆོས་ལྟ་བུ་མིན་པར་དེས་རྒྱལ་བ་རིགས་དྲུག་མཚོན་པའི་མཚོན་དོན་ཁྱད་པར་ཅན་ཡོད་པར་ཤེས་དགོས་ཏེ) ཨོཾ་དཀར་པོས་རྣམ་སྣང་དཀར་པོ། མ་ལྗང་ཁུས་དོན་གྲུབ་ལྗང་ཁུ། ཎི་སེར་པོས་རིན་འབྱུང་སེར་པོ། པད་སྔོན་པས་(འོག་གི་ཧཱུྃ་སྔོན་པོ་དང་ཁྱད་པར་འབྱེད་པའི་ཕྱིར་བྲིས་ཆ་རྣམས་སུ་འདི་ཅུང་ཟད་དཀར་ཤས་ཆེ་བའི་སྔོན་པོར་འབྲི་སྲོལ་ཡོད)མི་བསྐྱོད་པ་སྔོན་པོ། མེ་དམར་པོས་འོད་དཔག་མེད་དམར་པོ། ཧཱུྃ་སྔོན་པོས་(ནག་ཤས་ཆེ་བའི་སྔོན་པོ)རྡོ་རྗེ་འཆང་སྔོན་པོ་མཚོན་པ་བཅས་སོ། །བསྒོམ་བཟླས་བྱ་ཚུལ་ནི། བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་སྒོམ་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་དཀར་པོའི་(ཧྲཱིཿདཀར་པོས་སྤྱན་རས་གཟིགས་ཀྱི་ཐུགས་མཚོན། དེ་ཡང༌། ཧྲཱིཿ hri ནི། ཐུགས་མཚོན་པའི་ཡི་གེ་ཞིག་སྟེ། ལེགས་སྦྱར་གྱི་ཧྲི་ད་ཡའི་བསྡུས་ཚིག་སྟེ། སྙིང་དང༌། སྙིང་པོ། སྙིང་ག ཐུགས་བཅས་ལ་འཇུག ཀློག་ཚུལ་ནི་ཧི་རི་ཞེས་པ་ལྟ་བུར་བཀླག) མཐར་ཡིག་དྲུག་གིས་བསྐོར་བ་ལ་དམིགས་ཏེ་བསྒོམ་བཟླས་བྱ་དགོས། ཡང་། མ་ཎི་ཐབས་དང་། པདྨ་ཤེས་རབ། ཧཱུྃ་ཟུང་དུ་འཇུག་པ་སྟེ་ཐབས་ཤེས་ཟུང་འཇུག་ལ་སྦྱར་ནས་འགྲེལ་བཤད་བྱེད་ཚུལ་སོགས་མི་འདྲ་བ་གཞན
་ཡང་ཡོད་པས་འདི་ཁོ་ནར་མ་ངེས་སོ།
ཨོཾ་གྱི་འགྲེལ་བཤད་ཞིབ་པར་ཨོཾ་ཞེས་པའི་ཐད་དུ་གཟིགས།

༼ཨོཾ༽ (ལེགས་སྦྱར) ❶ ལེགས་སྦྱར་གྱི་ཨོཾ་ནི་གུས་འདུད་དང་ཕྱག་འཚལ་བ་མཚོན་བྱེད་ཀྱི་ཡི་གེ་ཞིག་སྟེ། ལེགས་སྦྱར་གྱི་प्रणमः“པྲ་ཎ་མཿ”ཞེས་པ་རབ་སྔགས་ཏེ་ཕྱག་འཚལ་བ་དང་ཨོཾ་ཡིག་གི་དོན་ཡིན་པར། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས་གསུངས་པ་ལྟར་དང་། བོད་པས་བཀྲ་ཤིས་བདེ་ལེགས་ཟེར་བའི་ཚོད་དུ་རྒྱ་གར་བ་རྣམས་འཚམས་འདྲི་བྱེད་ཚེ་པྲ་ཎམ་ཞེས་བརྗོད་པ་གུས་འདུད་དང་ཕྱག་འཚལ་བ་མཚོན་བྱེད་རེད། ཡང་། སྣར་ཐང་ལོ་ཙཱའི་སྔགས་ཀྱི་བཀླག་ཐབས་སུ། ཨོཾ་ནི་བཀྲ་ཤིས་པ་དང་གཡང་གི་དོན་དུ་བཤད་ཡོད། དཔལ་དུས་ཀྱི་འཁོར་ལོའི་ས་གར་དང་མཆོད་གར་གྱི་སྔགས་དོན་བརྡ་བཀྲོལ་ཁུངས་ལྡན་བདུད་རྩིའི་ཟེགས་མ་ལས་ཀྱང་། ཨོཾ་ནི་སྔགས་ཀྱི་འགོ་འདྲེན་དང་བསྒྱུར་ན་རབ་སྔགས་སམ་སྲུངས་ཤིག་ཅེས་པའི་དོན་ཡིན་པར་བཤད། ❷ ཡང་། འདི་ལ་ནོར་བུ་འཛིན་པའི་སྔགས་ཞེས་ཀྱང་ཟེར། ཨོཾ་ལ་ཨ་ཨུ་མ་གསུམ་(འདི་ཅུང་ཟད་གོ་དཀའ་བའི་རྒྱུ་མཚན་ནི
བོད་ཡིག་ལ་ཨཱ་ལི་སྲོག་ཞུགས་ཀྱི་རྣམ་གཞག་མ་མཛད་པས། དེ་ནི་ལེགས་སྦྱར་གྱི་དབང་དུ་བྱས་པ་སྟེ། སི་ཏུ་འགྲེལ་ཆེན་གྱི་དབུར། ལེགས་སྦྱར་ལྟར་ཨ་ཨི་འདུས་པས་ཨེ་སོགས་སུ་འགྱུར་བར་ཁས་ལེན་དགོས་པའི་སྐྱོན་ཡང་ཡོད་པའི་ཕྱིར་རོ། །ཞེས་གསུངས་པསཤེས་པར་འགྱུར་ཏེ། དཔེར་ན་ཨ་དང་ཨུ་འདུས་པ་ལས། ཨོ་ཞེས་གྲུབ། ཨ་དང་ཨི་འདུས་པས། ཨེ་ཞེས་གྲུབ་པ་ལྟ་བུའོ)འདུས་པས། སྐུ་གསུང་ཐུགས་གསུམ་མཚོན། དེ་གསུམ་གཅིག་ཏུ་གྱུར་པའི་ཨོཾ་གྱིས་རྡོ་རྗེ་གསུམ་དབྱེར་མེད་མི་ཕྱེད་པ་མཚོན། སྔགས་དེའི་མཚོན་དོན་དྲན་པའི་སྒོ་ནས་ངག་ཏུ་བརྗོད་ན་བསོད་ནམས་མང་དུ་སྡུད་པས་ནོར་བུ་འཛིན་པའི་སྔགས་ཞེས་བརྗོད་དེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་དང་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཅེས་གསུངས་པ་ལྟར་རོ། །ཡི་གེ་གསུམ་པོ་རྡོ་རྗེ་གསུམ་དུ་འཇོག་ཚུལ་སྐལ་ལྡན་གྲགས་པས
ཨ་མི་བསྐྱོད་པ། ཨུ་སྣང་མཐའ། མ་རྣམ་སྣང་དུ་བཞེད། ལོ་ཙཱ་བ་འགའ་ཞིག་གིས། ཨ་དྷེ་ཧ་ཙ་ལུས། ཨ་ཙ་ར་ངག ཨཾ་མན་ཙ་ཡིད་དུ་འདོད་ཅེས་རྗེ་བདག་ཉིད་ཆེན་པོས་གསུངས་སོ། །ཞེས་དཔལ་དུས་ཀྱི་འཁོར་ལོའི་ས་གར་དང་མཆོད་གར་གྱི་སྔགས་དོན་བརྡ་བཀྲོལ་ཁུངས་ལྡན་བདུད་རྩིའི་ཟེགས་མ་ལས་གསུངས་སོ།
❸ ཡང་། བཀྲ་ཤིས་པ་དང་གཡང་གི་དོན་ཡིན་པར་སྣང་ཐང་ལོ་ཙཱ་བ་གསུང་། འདི་འདོན་པ་རྣམས་ལ་བཀྲ་ཤིས་པ་སྟེ་བར་ཆད་མི་འབྱུང་ཞིང་། མངོན་པར་འདོད་པའི་དོན་འགྲུབ་པར། མཚོ་ཊཱིཀ་ན་གསལ། ཡི་གེ་འདི་དང་ཨ་ཐ་ཞེས་པ་གཉིས་སྔོན་ལྷ་ཚངས་པའི་ཁུར་ཚོས་བརྡོལ་ཏེ་བྱུང་ཚུལ་ཡང་དེའི་ཐད་དུ་གསལ།

རྩོམ་རིག

Post navigation

Previous Post: སྤྲིན་གྱི་ཕོ་ཉ་ལས་འཕྲོས་པའི་ཁ་བརྡ།
Next Post: ཟུར་ཞིག

Comments (25) on “མ་ཎིའི་འགྲེལ་བཤད་མདོར་བསྡུས་བཞུགས་སོ”

  1. གངས་གཡག says:
    2009-09-13 at 7:59 pm

    སྒོམ་སྡེ་ལགས།
    ངས་བལྟས་ན་མ་ཎི་ཡིག་དྲུག་གི་གོ་དོན་དེ་འདྲ་མ་རེད།   འདི་འདྲ་རེད།  མ་དག་པའི་རྣམ་ཤེས་ཀྱིས་སྟོང་པའི་གཞི།   དག་པ་དེ་བཞིན་ཉིད་ཀྱི་དབྱིངས།   ཐབས་ཤེས་གཉིས་སུ་མེད་པ།   བདེ་སྟོང་ཟུང་དུ་འཇུག་པའི་ངོ་བོ།   འཕགས་པ་སྤྱན་རས་གཟིགས་སམ།   ཡང་ན་སྐུའི་རྣམ་པ་གཞན་དུ་སྣང་བ་དུས་ཀྱི་འཁོར་ལོ།   བདེ་མཆོག   གསང་འདུས།   སྒྱུ་དྲྭ།   ཀྱེ་རྡོར།   གཤིན་རྗེ་གཤེད།  རྟ་མཆོག་དཔལ།   མཁའ་འགྲོ་རྒྱ་མཚོ།   ཡུམ་ཆེན་མོ།   ཕྱག་ཆེན།   གཞན་སྟོང་།   ཤིན་ཏུ་རྣལ་འབྱོར།   རྫོགས་པ་ཆེན་པོ།   རང་བྱུང་ཡེ་ཤེས་རྡོ་རྗེ་སོགས་གཤིས་ལུགས་སམ་དོན་དམ་གྱི་སངས་རྒྱས་ཆོས་དང་དགེ་འདུན་གསུམ་དང་།   སྔགས་རྒྱུད་ཀྱི་དཀྱིལ་འཁོར་དང་ཕྱག་རྒྱ།   དངོས་གྲུབ་ཐམས་ཅད་འདུས་པའི་བདག་ཉིད་ལ་མ་ཎི་ཞེས་བརྗོད་ཅིང་།   དེ་ཡང་འགྱུར་མེད་དོན་དམ་པའི་བདེ་བ་ཆེན་པོ་མཁའ་ཁྱབ་དང་པོའི་སངས་རྒྱས་ཉིད་ཀྱང་ཡིན་ལ།    དེ་ཉིད་གང་དུ་བཞུགས་པའི་གནས་སྟོང་གཞི་ཆོས་ཉིད་ཟ་མ་ཏོག་སྟེ།   པདྨ་ཡིན་པས་པདྨ་ཞེས་གསུངས་པ་རེད།    མེ་ཞེས་པ་ནི་པདྨ་ལ་བཞུགས་ཞེས་པའི་དོན་རེད།   དེར་བརྟེན་མ་ཎི་པདྨེ་ཞེས་གསུངས་པ་རེད།   
    ད་དུང་ཨེ་ལ་ཝཾ་དང་།   ཨ་ལ་ཧཾ།   ཤེས་རབ་ལ་ཐབས་དང་།   སྟོང་པ་ལ་བདེ་བ།       རྡོ་རྗེ་ཉི་མ།  རྡོ་རྗེ་ཟླ་བ་སོགས་རྟེན་ལ་བརྟེན་པའི་དཀྱིལ་འཁོར་ཀུན་འདུས་པའི་བདག་ཉིད་ལ་མ་ཎི་པདྨེ་ཞེས་གསུངས་པ་རེད།    
    དབུའི་ཨོཾ་ཡིག་ལ་ཐབས་ཀྱི་ཡེ་ཤེས་ལྔ་དང་།   མཇུག་གི་ཧཱུཾ་ཡིག་ལ་ཤེས་རབ་ཡེ་ཤེས་ལྔ་ཞེས་གསུངས་པ་ཡིན་ཏེ།   ཤེས་བཅུ་རྣམ་དག་བདག་ཉིད་ཅན།།   གསང་སྔགས་རྒྱལ་ཀུན་འགྱུར་མེད་དྲུག།   རྒྱལ་བ་རིགས་དྲུག་ལ་སོགས་པའི།།   དོན་དམ་དྲུག་ཚན་ཐམས་ཅད་དུ།།   ཤེས་ནས་ལྷ་གཅིག་ལྷ་ཀུན་འདུས།།   སྔགས་གཅིག་སྔགས་ཀུན་འདུས་པ་ཡི།།   མན་ངག་ཟབ་མོར་ཡིད་ཆེས་དང་།།   ལྡན་པའི་་ངང་ནས་དག་ཅིང་གསལ།།   རྒྱུན་མི་ཆད་ཅིང་རང་ཐུང་རན།།   རྩེ་གཅིག་དད་གདུང་དྲག་པོ་ཡིས།།   བཟླས་པའི་རྷྒྱལ་སྲས་མ་ལུས་པའི།།   ཐུགས་རྒྱུད་བསྐུལ་ནས་བྱིན་རླབས་དང་།།   ཐུགས་རྗེའི་འོད་ཟེར་དཔག་མེད་པ།།   འཕྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི།།   སྒྲིབ་དག་དངོས་གྲུབ་ཀུན་ཐོབ་ནས།།   ཡིག་དྲུག་བཟླས་པའི་སྒྲ་དབྱངས་ཀྱིས།།   ནམ་མཁའ་གང་བར་རབ་བསམ་པའི།།   ངང་ནས་ཕྱག་སྐོར་མཆོད་བསྟོད་དང་།     གཏོར་མ་ཆབ་གཏོར་སྡིག་བཤགས་དང་།།   ཡི་རང་བསྐུལ་ཞིང་གསོལ་བ་གདབ།།   ཞེས་སོགས་གསུངས་པའི་ཕྱིར་རོ།།

      

  2. ཨ་རིག་གླེན་རྒན says:
    2009-09-13 at 8:01 pm

    བཀའ་དྲིན་ཆེ་སྒོམ་ལྷ་རམ་པ།
    རྒྱུ་མཚན་གང་ཉིད་ཀྱིས་འགྲེལ་འདི་ཆེད་དུ་ང་དང་ང་ལྟ་བུ་ལ་གསུངས་ང་འདྲ།
    སླར་མར་ནང་ཆོས་ལ་གོ་རྟོགས་དམན་པའི་བོད་རིགས་སྤྱི་བྱིངས་ཀྱི་ཆེད་དུ་འདི་ལས་ཁ་གསལ་ཞིང་ཚིགས་ཉུང་ཞིག་འགྲེལ་ཐུབ་ན་གནང་རོགས་ཞུ་ཞུ།།

  3. ཀླུ་སྨྱོན། says:
    2009-09-13 at 8:12 pm

    བོད་མི་འགའ་རེས་མ་ཎི་ཡིག་དྲུག་གི་མཇུག་ཏུ་ཧྲྰི་ཡིག་འབྲི་བ་འདི་ནི་སྤྱན་རས་གཟིགས་ཀྱི་རིགས་བདག་འོད་དཔག་མེད་ཀྱི་ས་བོན་ཡིན་པས་སོ་ཟེར་ན་ཡང་། གལ་སྲིད་དེ་ལྟར་ན་རིགས་བདག་གི་ས་བོན་དེ་མ་ཎི་ཡིག་དྲུག་གི་དབུ་རུ་འཇོག་དགོས་པ་ལ་དེ་ལྟར་མེད་པས་བཤད་ཚུལ་དེ་ལ་ཡིད་བརྟན་ཨེ་ཡོད་བསམ།

  4. ཀླུ་སྨྱོན། says:
    2009-09-13 at 8:17 pm

    ཆུང་བྱིས་པ་ཡིན་དུས་ནས།
    ཨོྃ་གྱིས་ལྷ་ཡི་འཆི་འཕོའི་སྡུག་བསྔལ་སེལ། །
    མ་ཡིས་ལྷ་མིན་འཐབ་རྩོད་སྡུག་བསྔལ་སེལ། །
    ཎི་ཡིས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སེལ། །
    པད་ཀྱིས་ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་སེལ། །
    མེ་ཡིས་དུད་འགྲོའི་བཀོལ་སྤྱོད་སྡུག་བསྔལ་སེལ། །
    ཧྰུཾ་གིས་དམྱལ་བ་ཚ་གྲང་སྡུག་བསྔལ་སེལ། །
    ཞེས་པ་ཞིག་ཐོས་མྱོང་ལ། རྗེས་སུ་བོད་ཀྱི་མཁས་པ་རེ་ཟུང་གིས་མཛད་པའི་ཡིག་དྲུག་གི་འགྲེལ་བཤད་འགའ་རེ་མཇལ་མྱོང་།

  5. གངས་གཡག says:
    2009-09-13 at 8:22 pm

    ཀླུ་ལགས།   དེ་མ་རེད།   དག་པ་ཡིག་དྲུག་དེ་མ་དག་པ་ཡིག་བདུན་དུ་བཟོས་པ་རེད།     ཁ་ཅིག་གིས།  སྤྱན་རས་གཟིགས་ཀྱི་ས་བོན་ཧྲཱི་ཡིན་ཅིང་།   འགྲོ་བ་རིགས་དྲུག་གི་ཁོངས་སུ་མི་གཏོགས་པའི་བར་དོ་སྦྱོང་ཆེད་ཧྲཱི་ཞེས་བརྗོད་པ་རེད་མོད།   ཡིད་རྟོན་མི་རུང་སྟེ།   གསང་སྔགས་རྒྱལ་ཀུན་འགྱུར་མེད་དྲུག། རྒྱལ་བ་རིགས་དྲུག་ལ་སོགས་པའི།། དོན་དམ་དྲུག་ཚན་ཐམས་ཅད་དུ།། ཤེས་ནས་ལྷ་གཅིག་ལྷ་ཀུན་འདུས།། སྔགས་གཅིག་སྔགས་ཀུན་འདུས་པ་ཡི།། མན་ངག་ཟབ་མོར་ཡིད་ཆེས་དང་།། ལྡན་པའི་་ངང་ནས་དག་ཅིང་གསལ།། རྒྱུན་མི་ཆད་ཅིང་རང་ཐུང་རན།། རྩེ་གཅིག་དད་གདུང་དྲག་པོ་ཡིས།། བཟླས་པའི་རྷྒྱལ་སྲས་མ་ལུས་པའི།། ཐུགས་རྒྱུད་བསྐུལ་ནས་བྱིན་རླབས་དང་།། ཐུགས་རྗེའི་འོད་ཟེར་དཔག་མེད་པ།། འཕྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི།། སྒྲིབ་དག་དངོས་གྲུབ་ཀུན་ཐོབ་ནས།། ཡིག་དྲུག་བཟླས་པའི་སྒྲ་དབྱངས་ཀྱིས།། ནམ་མཁའ་གང་བར་རབ་བསམ་པའི།། ངང་ནས་ཕྱག་སྐོར་མཆོད་བསྟོད་དང་། གཏོར་མ་ཆབ་གཏོར་སྡིག་བཤགས་དང་།། ཡི་རང་བསྐུལ་ཞིང་གསོལ་བ་གདབ།། ཞེས་སོགས་གསུངས་པའི་ཕྱིར་རོ།།

  6. ཀླུ་སྨྱོན། says:
    2009-09-13 at 8:29 pm

    རེད་རེད། ཡོངས་གྲགས་བཞིན་ཡིག་དྲུག་རང་དུ་ཁས་ལེན་གྱི་ཡིན།

  7. སྒོམ་སྡེ་ལྷ་རམས་པ། says:
    2009-09-13 at 10:11 pm

    གསལ་བཤད།
    སྔོན་མ་ཞིག་ལ་མཁན་ཟུར་ཞིག་གིས་མ་ཎིའི་འགྲེལ་བཤད་གནང་སྐབས། ནོར་བུ་པདྨ་འཛིན་ཞེས་པའི་ནོར་བུ་དེ་ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བའི་བར་དུ་འཛིན་པའི་ནོར་བུ་ལ་གསུངས་སོང་། དེ་མ་རེད། དེ་ནི་ཕྱག་སྟོང་པ་ཐལ་མོ་སྦྱོར་མི་རིགས་པས་ནོར་བུ་དེ་རྟེན་འབྲེལ་གྱི་ཆེད་དུ་བཅུག་པ་ཙམ་ལས། ཕྱག་མཚན་དངོས་མ་རེད། དེ་ནི་གོང་དུ་བཤད་པ་ལྟར་གཡས་ཀྱི་ཕྱག་གཉིས་པས་འཛིན་པའི་ནོར་བུ་ཆུ་ཤེལ་དེ་ལ་གོ་དགོས་རེད།

  8. བོད། ལྷ་ཀླུ་གཉན་གསུམ། says:
    2009-09-14 at 5:00 am

    ཐོག་མར་སྒོམ་སྡེ་ལྷ་རམས་པ་ཚང་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་། རྒྱུ་མཚན་ནི་དེང་སང་བོད་ཕྱི་ནང་གཉིས་སུ་མ་ཎི་འདྲེན་མཁན་མི་ཉུང་བ་ཞིག་གིས་རང་གི་འདྲེན་བཞིན་པའི་མ་ཎི་ཡི་སྙིང་བོ་ཡང་ཤེས་ཀྱི་མེད་པ་དེ་ལ་ཕན་ཏན་ཏན་ཐོག་ངེས་ཡིན།
    སྐུ་ཉིད་ལ་དྲི་བ་ཞིག་འདུག་ལགས། དེང་སང་མ་ཎི་དར་ལྕོག་བཟོ་མཁན་དེ་དག་གིས་ཚོན་འདོག་ལ་དོ་སྣང་མི་བྱེད་གང་བྱུང་དུ་དཔར་བསྐྲུན་བྱེད་ཀྱི་འདུག་ན་དེའི་ཐད་དུ་དགོངས་ཚུལ་ག་རེ་ཡོད་ལགས། དཔེར་ཨོྃ་སྔོན་པོ། མ་དཀར་པོ། ཎི་དམར་པོ། བདྨེ་གཉིས་ཀ་ལྷན་དུ་ལྗང་ཁུའི་སྟེང་དུ་བཞག ཧྰུཾ་སེར་པོའི་སྟེང་དུ་འདུག་ལགས། འདི་ལ་ནོར་འཁྲུལ་ག་རེ་འདུག་ལགས། དེའི་ཐད་དུ་བཀའ་ལན་ཞིག་ཡོད་པ་ཞུ་ལགས།

  9. ཆོས་འཕེལ། says:
    2009-09-14 at 5:27 am

    སྔགས་དོན་འགྲེལ་བ་ལ། རབ་སངས་རྒྱས་ཀྱིས་ལུང་བསྟན་པ། འབྲིང་ཡི་དམ་ལྷས་ཞལ་གཟིགས་པ་ཞིག་དགོས་ཀྱི་རེད་མ་གཏོགས། ཁ་མཁས་པས་ཡིན་ན་སྙམས་བྱེད་འགྲེལ་ན་ཕན་དང་གནོད་གང་ཆེ་ཅི་ཤེས། གལ་སྲིད་དེ་འདྲས་བརྩམས་པའི་མ་ཎི་འགྲེལ་བ་ལ་གཞི་བཅོལ་ནས་འགྲེལ་བ་ཡིན་ན་ཁུང་ལུང་ཡོད་པ་དང་། ཚད་ལྡན་དུ་ངོས་འཛིན། སོ་སོས་ཡིན་ན་སྙམས་པའི་རྣམ་དཔྱོད་ཀྱིས་དྲུག་མཚན་བཟང་པོ་ཞིག་ཡིན་ནས་མ་ཎི་འབྲུ་དྲུག་གམ་ཡིག་དྲུག་དུ་སྦྱར་ནས་བཤད་པ་དཔྱོད་ལྡན་སུ་ཞིག་འགུ། སྔོན་གྱི་ལོ་ཙཱ་བ་དེ་རྣམས་ཀྱིས་སྔགས་རྣམས་མ་བསྒྱུར་ནས་བཞག་མཛད་པའི་རྒྱུ་མཚན་གང་ཡིན་ཤེས་སོང་ངམ།

  10. མདོ་ལྷ་ཁམས་པ། says:
    2009-09-14 at 11:07 am

    གོང་དུ་ཡིག་དྲུག་གི་འགྲེལ་བ་མཁན་པོ་ཚོར་སྙིང་ནས་གུས་བཀུར་ཞུ་འོས་བར་འདུག
    གོ་ཐོས་ལ། རྒྱུད་ཀྱི་གཞུང་ཞིག་ན།
    ཨེ་མ་བདག་གི་པད་མ་ནི། །
    བདེ་བ་ཐམས་ཅད་ཡང་དག་ལྡན། །
    གང་ཞིག་ཁྱོ་གས་བསྟེན་བྱས་པ། །
    དེ་ཡི་མདུན་དུ་བདག་གནས་སོ། །
    ཞེས་པའི་ནང་གི་ པད་མ་དང་ མ་ཎི་པད་མའི་པད་མ་ གཉིས་དོན་གཅིག་ལ་འགྲེལ་དགོས་སམ།
    དོགས་འདིར་གསལ་འགྲེལ་ཞིག་ཡོད་པ་ཞུ།

  11. སྒོམ་སྡེ་ལྷ་རམས་པ། says:
    2009-09-14 at 5:56 pm

    སྤྲོས་པ་ལ་མི་དགའ་བའི་གང་ཟག་ལ་གོང་དུ་བཤད་པ་ལྟར་༼བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་སྒོམ་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་དཀར་པོའི་མཐར་ཡིག་དྲུག་གིས་བསྐོར་བ་ལ་དམིགས་ཏེ་བསྒོམ་བཟླས་བྱེད་ན༽དེ་གས་འཐུས་ཤིང་། ཡང་ཅུང་ཟད་སྤྲོ་བར་འདོད་ན་འོག་ཏུ་དངུལ་ཆུ་དྷརྨ་བྷ་དྲའི་གསུང་ལྟར་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་དེ་བཏོན་ནས་མ་ཎི་འདྲེན་ནའང་ཕན་ཡོན་ཆེན་པོ་འཐོབ་བོ། །

    ༄༅། །ན་མོ་གུ་རུ་ལོ་ཀི་ཤྭ་རཱ་ཡ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། རང་གི་སྤྱི་བོར་པད་དཀར་ཟླ་བའི་སྟེང༌། །རྩ་བའི་བླ་མ་མགོན་པོ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། གཡས་པས་ཤེལ་འཕྲེང་གཡོན་པས་པད་དཀར་འཛིན། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་ཀླུབས། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། །གནས་གསུམ་ཨོཾ་ཨཱཿཧཱུྂ་མཚན་འོད་ཟེར་ཀྱིས། །རང་བཞིན་གནས་ནས་བླ་མ་སྤྱན་རས་གཟིགས། །སྤྱན་དྲངས་སྐྱབས་གསུམ་ཀུན་འདུས་ངོ་བོར་གྱུར། །རྩ་བའི་བླ་མ་སྤྱན་རས་གཟིགས་དབང་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང༌། །འཁོར་བ་མ་སྟོངས་བར་དུ་ལེགས་བཞུགས་ནས། །འགྲོ་ལ་ཆོས་འཁོར་མ་ལུས་བསྐོར་དུ་གསོལ། །དགེ་ཀུན་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །མགོན་སྐྱབས་དཔུང་གཉེན་དམ་པ་མཛད་དུ་གསོལ། །དེ་ལྟར་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །འཕགས་པའི་ཐུགས་ཀར་ཟླ་སྟེང་ཧཱིཿཡིག་མཐར། །ཡི་གེ་དྲུག་པས་བསྐོར་ལས་བདུད་རྩིའི་རྒྱུན། །བབས་པས་ནང་གདོན་སྡིག་སྒྲིབ་ཐམས་ཅད་བཀྲུས། །རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། །ཐུགས་ཀའི་འོད་ཀྱིས་སྣོད་བཅུད་སྐྱོན་སྤྱངས་ཏེ། །སྣང་གྲག་རིག་གསུམ་འཕགས་པའི་གསང་གསུམ་དུ། །འཁྱེར་བའི་རྣལ་འབྱོར་མཆོག་ལ་གནས་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྂ། བརྒྱ་སྟོང་བཟླ། འདིས་མཚོན་རང་གཞན་དུས་གསུམ་དགེ་བའི་མཐུས། །བླ་མ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་སྟེ། །སྡུག་བསྔལ་གསུམ་གྱིས་མནར་བའི་འགྲོ་བ་རྣམས། །འདྲེན་པའི་དེད་དཔོན་ཆེན་པོར་བདག་གྱུར་ཅིག །བདག་སོགས་ཚེ་འདིའི་སྣང་བ་འགགས་མ་ཐག །འོད་དཔག་མེད་མགོན་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ཉེར་དྲངས་བདེ་བ་ཅན་དུ་པདྨ་ལས། །སྐྱེས་ནས་བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །གནས་སྐབས་ཚེ་རིང་ནད་མེད་ལུས་སེམས་བདེ། །ཆོས་མིན་བསམ་སྦྱོར་ངན་པ་མི་སྐྱེ་ཞིང༌། །ཆོས་འབྱོར་བདེ་དགེས་རྟག་ཏུ་འཚོ་བ་སོགས། །བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤེས་ཤོག །ཅེས་པ་འདི་ཡང་དགེ་སློང་དྷརྨ་བྷ་དྲས་བྲིས་པས་ཕན་ཐོགས་པར་གྱུར་ཅིག །ཚེ་འདས་སྟག་ལྷའི་ཆེད་དུ་བཞེངས། །རྫོགས་སོ།། །།

  12. སྒོམ་སྡེ་ལྷ་རམས་པ། says:
    2009-09-14 at 6:07 pm

    ནད་གདོན། ནོར་བཅོས།

  13. སྒོམ་སྡེ་ལྷ་རམས་པ། says:
    2009-09-14 at 6:43 pm

    བོད། ལྷ་ཀླུ་གཉན་གསུམ་ལགས།

    བོད་མི་འགའ་རེས། མ་ཎིའི་ཚོན་མདོག་གཞུང་ནས་བཤད་པ་དང་མི་མཐུན་པར་གང་བྱུང་བྱེད་པ་ནི་མཚོན་དོན་མ་ཤེས་པའི་སྐྱོན་རེད། དེ་ཚོའི་ཐད་ཚང་མས་དོ་ཁུར་གནང་དགོས། མ་ཎིའི་ཡིག་འབྲུ་རྣམས་ཀྱི་མདོག་ནི་གོང་དུ་ཞུས་པ་ལྟར་རྒྱལ་བ་རིགས་ལྔ་དང་རྡོ་རྗེ་འཆང་སྟེ་རིགས་དྲུག་གི་མཚོན་དོན་ཡིན་པས་ངེས་པར་གཞུང་དང་མཐུན་པར་བྱ་རྒྱུ་གལ་ཆེའོ། །

    སྔོན་མ་ཞིག་ལ་ཕྱི་རྒྱལ་བ་ཞིག་གིས་བྲིས་པའི་སྒྲོལ་དཀར་གྱི་ཐང་སྐུ་ཞིག་ལ་ཕྱག་མཚན་གྱི་ཨུཏྤལ་དེར་མེ་ཏོག་གཅིག་མ་གཏོགས་མི་འདུག དེ་ཡང་མཚོན་དོན་མ་ཤེས་པའི་སྐྱོན་རེད། ཨུཏྤལའི་སྡོང་བུ་དེ་ལ། ཁ་མ་འབུས་པའི་ཐེའུ་ཅིག་དང་། ཅུང་ཟད་ཁ་བྱེ་བའི་མེ་ཏོག་ཅིག རྫོགས་པར་ཁ་བྱེ་བའི་མེ་ཏོག་ཅིག་དང་གསུམ་དགོས་པ་ནི་དུས་གསུམ་གྱི་སངས་རྒྱས་མཚོན་དོན་ཡིན་ནོ། །

  14. བྲག་གཡག says:
    2009-09-15 at 2:34 am

    སྒོམ་སྡེ་ལྷ་རམས་པ་ལགས།
    ཁྱེད་ཉིད་ཀྱི་མ་ཎི་ཡིག་དྲུག་གི་འགྲེལ་བཤད་འགོ་ནས་མཇུག་བར་དུ་བཀླགས་པ་ལས་དོགས་གཞི་དང་བསམ་ཚུལ་ཁག་ཅིག་ཞུ་ཆོག་པ་ཞུ། དང་པོ་ནི། ཁྱེད་ཉིད་ཀྱིས། པདྨའི་མེ་ཞེས་པའི་རིང་ཆ་ནི་བྱིས་པས་མ་ལ་འབོད་པའི་ཚེ་གདངས་རིང་པོས་འབོད་པ་ལྟར། ཨེ་ཞེས་པ་རྣམ་དབྱེ་བརྒྱད་པ་འབོད་པའི་སྒྲ་ཡིན་པར་བཤད། ཅེས་གསུངས་པ་བཞིན། མེ་འབོད་སྒྲ་ཡིན་པ་བདེན་ཡང་། བྱིས་པས་མ་ལ་འབོད་པའི་ཚེ་གདངས་རིང་པོས་འབོད་པ་ཞེས་པ་ཅུང་མི་བདེ་སྟེ། འབོད་སྒྲ་ཡིན་པ་ནི། ལེགས་སྦྱར་གྱི་རྐྱེན་ཞིག་སྦྱར་ནས་རྣམ་དབྱེ་བརྒྱད་པའི་དོད་དུ་མེ་ཞེས་གྲུབ་པ་ཙམ་ལས། བྱིས་པས་འབོད་པའི་ཚེ་གདངས་རིང་པོས་འབོད་པའི་རྒྱུ་མཚན་ལྟ་བུ་བཀོད་པ་ཁྱད་མཚར་འདུག་སྙམ།
    གཉིས་པ། མ་ཎིའི་མཇུག་ཏུ་ཧྲཱིཿ སྦྱོར་དུས་རབས་གང་མཚམས་ནས་སླེབས་པ་ཡིན་མིན་ཁྱེད་ཉིད་ཀྱིས་མཁྱེན་ནམ། གལ་ཏེ་མཁྱེན་གྱི་ཡོད་ཚེ་མཆན་བཀོད་ཅིག་གནང་རོགས།
    གསུམ་པ། སྣར་ཐང་ལོ་ཙཱའི་སྔགས་ཀྱི་བཀླག་ཐབས་སུ། ཨོཾ་ནི་བཀྲ་ཤིས་པ་དང་གཡང་གི་དོན་དུ་བཤད་ཡོད། ཅེས་པ་མཆན་དང་པོའི་ནང་དུ་བཀོད་པ་མ་ཟད། མཆན་གསུམ་པར་ཟུར་དུ་བཀོད་པ་ཟློས་སྐྱོན་ཕྱིན་པ་འདྲ།
    བཞི་པ། ཁྱེད་ཀྱིས་མཆན་ཞིག་ཏུ། ཕྱག་སྟོང་པ་ཐལ་མོ་སྦྱོར་མི་རིགས་པར་གསུངས་ཀྱང་། དེ་ལྟར་ཡིན་ན་ལྷ་འགས་ཕྱག་རྒྱ་གནང་ནས་བཞུགས་པ་ལས་ཕྱག་མཚན་མེད་པ་དང་། དེ་བཞིན་ང་ཚོས་ལག་སྟོང་པ་ཐལ་མོ་སྦྱོར་བ་གཉིས་མི་འགྲིག་པ་ཡིན་ནམ། གོང་གི་དེ་དག་ལ་ཁྱེད་ཉིད་ཀྱིས་གསལ་འདེབས་ཡོང་བའི་རེ་འདུན་ཆེ།

  15. སྒོམ་སྡེ་ལྷ་རམས་པ། says:
    2009-09-15 at 4:06 pm

    དྲི་བ་༡ ༼མེ་འབོད་སྒྲ་ཡིན་པ་བདེན་ཡང་། བྱིས་པས་མ་ལ་འབོད་པའི་ཚེ་གདངས་རིང་པོས་འབོད་པ་ཞེས་པ་ཅུང་མི་བདེ་སྟེ། ༽ཞེས་གསུངས་པ་ལན།

    ལན། ༡ ངེད་ནས་བཤད་པ་དེ་རང་འགར་འོལ་ཚོད་ཀྱིས་བྲིས་པ་མིན་པར་མཁས་པ་ཞིག་གི་གསུང་ལ་གཞི་བཅོལ་ཏེ་བྲིས་པ་ཡིན། མ་ཟད་དེ་ལ་གོ་རྒྱུ་ཡང་འདུག དཔེར་ན་བྱིས་པས་མ་ལ་འབོད་པའི་ཚེ་སེམས་ཐག་ཉེ་པོའི་ཐོག་ནས་འབོད་པས། ལྷ་ལའང་དེ་དང་མཚུངས་པར་འབོད་དགོས་པའི་དོན་ཡིན་འདུག

    དྲི་བ་༢
    ༼མ་ཎིའི་མཇུག་ཏུ་ཧྲཱིཿ སྦྱོར་དུས་རབས་གང་མཚམས་ནས་སླེབས་པ་ཡིན་མིན་ཁྱེད་ཉིད་ཀྱིས་མཁྱེན་ནམ། གལ་ཏེ་མཁྱེན་གྱི་ཡོད་ཚེ་མཆན་བཀོད་ཅིག་གནང་རོགས།༽

    ལན་༢ འདི་དུས་རབས་ག་དུས་བྱུང་མིན་གསལ་པོ་ཤེས་མ་སོང་།

    དྲི་བ་༣
༼གསུམ་པ། སྣར་ཐང་ལོ་ཙཱའི་སྔགས་ཀྱི་བཀླག་ཐབས་སུ། ཨོཾ་ནི་བཀྲ་ཤིས་པ་དང་གཡང་གི་དོན་དུ་བཤད་ཡོད། ཅེས་པ་མཆན་དང་པོའི་ནང་དུ་བཀོད་པ་མ་ཟད། མཆན་གསུམ་པར་ཟུར་དུ་བཀོད་པ་ཟློས་སྐྱོན་ཕྱིན་པ་འདྲ༽
    ལན་༣ དེ་ཁྱེད་གསུང་བ་ལྟར་ཟློས་སྐྱོན་ལྟ་བུར་སྣང་། དེའི་རྒྱུ་མཚན་ནི། ༼མ་ཎིའི་འགྲེལ་བཤད༽དང་། ༼ཨོཾ༽གྱི་འགྲེལ་བཤད་གཉིས་པོ་ངེད་ཀྱི་ཚིག་མཛོད་ནས་ཁོལ་དུ་ཕྱུང་སྟེ་འདིར་བཀོད་པ་ཡིན། ཚིག་མཛོད་ནང་དེ་གཉིས་མ་ཚིག་སོ་སོའི་ཐད་དུ་བྲིས་ཡོད་སྟབས་ཟློས་སྐྱོན་མེད་རུང་། འདིར་བཅོས་སྒྲིག་བྱས་ཏེ་དཀྱུས་ཐོག་གཅིག་ཏུ་བཀོད་དུས་བསུབ་རྒྱུ་ལྷག་འདུག

    དྲི་བ་༤ ༼ཕྱག་སྟོང་པ་ཐལ་མོ་སྦྱོར་མི་རིགས་པར་གསུངས་ཀྱང་། དེ་ལྟར་ཡིན་ན་ལྷ་འགས་ཕྱག་རྒྱ་གནང་ནས་བཞུགས་པ་ལས་ཕྱག་མཚན་མེད་པ་དང་། དེ་བཞིན་ང་ཚོས་ལག་སྟོང་པ་ཐལ་མོ་སྦྱོར་བ་གཉིས་མི་འགྲིག་པ་ཡིན་ནམ༽

    ལན་༤ ང་ཚོས་ནམ་རྒྱུན་ཐལ་མོ་སྦྱོར་དུས་མཐེ་བོང་གཉིས་ནང་དུ་བཅུག་ནས་ཐལ་མོའི་དབྱིབས་ནོར་བུ་ལྟར་བཅོས་ནས་ཐལ་མོ་སྦྱོར་བ་དེས་ཁྱེད་ཀྱི་དྲི་བར་ལན་ཕུལ་འདུག་སྙམ། གཞན་ཡང་ཕྱག་མཚན་མེད་པར་ཕྱག་རྒྱ་གནང་བ་དང་། ཐལ་མོ་ཁོག་སྟོང་བཅས་པ་གཉིས་ལ་ཁྱད་པར་ཆེ་ཙམ་འདུག འདིར་བཤད་པ་ནི་སྣོད་སོགས་སྟོང་པ་སྐྱབས་ཡུལ་ལ་ཕུལ་བ་རྟེན་འབྲེལ་ལ་མི་འགྲིག་པས་སོ་སྙམ་མོ། །

    ངས་རྟག་ཏུ་རིགས་པ་དང་ལྡན་པའི་དོགས་འདྲི་གནང་མཁན་རྣམས་ལ་དམིགས་བསལ་གྱིས་གུས་བརྩི་དང་ཐུགས་རྗེ་ཆེ་ཞུ་གི་ཡོད།

  16. ཀླུ་སྨྱོན། says:
    2009-09-15 at 4:39 pm

    མདོ་སྨད་ཆོས་འབྱུང་ལས་བླ་མ་ཞིག་གིས་ས་ཆ་ཞིག་ཏུ་ཆོས་འཁོར་བསྐོར་དུས་ཐལ་མོ་ཁོང་སྟོང་སྦྱོར་མི་ཤེས་མཁན་མང་བས་ཐལ་མོའི་བར་དུ་ཕྲེང་བ་བཟུང་ནས་ཐལ་མོ་སྦྱོར་དུ་བཅུག་ཚུལ་འདུག་ལ། དཔེ་ཆ་ལ་ལར་ཐལ་མོ་ཁོང་སྟོང་དེར་པད་མའི་ཕྱག་རྒྱ་ཞེས་སྙིང་རྗེའི་མཚོན་དོན་ཞིག་ཏུ་གསུངས་ཤིང་། བདག་གི་བླ་མ་དག་གིས་ཀྱང་ཐལ་མོ་གཉིས་ཀྱི་མཐིལ་སྦྱོར་བ་དེ་མུ་སྟེགས་པའི་ལུགས་ཡིན། ཐལ་མོ་ཁོང་སྟོང་དེ་ནང་པའི་ལུགས་ཡིན་ཞེས་ཡང་ཡང་གསུངས།

  17. དགེ་འདུན་རབ་གསལ་ says:
    2009-09-15 at 11:48 pm

    སྔོན་མ་ང་བོད་ལ་ཡོད་དུས། ཕ་ཡུལ་གྱི་བླ་ཆེན་ཞིག་མཁས་པ་ཡིན་རབས་བཤད་པའི་བཤད་སྒྲོས་ཤིག་ཡོད། བླ་མ་དེ་ནི་དངོས་གནས་མཁས་ཆེན་ཞིག་རེད། འོན་ཀྱང་ཁོང་མཁས་པའི་མཁས་བཤད་དེ་ད་ཆ་བསམས་དུས་དེ་ཙམ་ཡིད་ལ་འགྲོ་བ་ཞིག་མི་འདུག དེ་ནི། “བླ་མ་ཁོང་མཁས་པ་ཆེན་པོ་རེད། ཁོང་གིས་ ལམ་རིམ་ཆེན་མོའི་བཀའ་ཆོས་གནང་སྐབས་ ལམ་རིམ་ཞེས་པའི་ཚིག་འགྲེལ་ ཉི་མ་གསུམ་ལ་གསུངས་པ་རེད། དེ་འདྲའི་མཁས་པ་ཆེན་པོ་ཞིག་རེད།” ཅེས་གསུངས། ཕྱིས་སུ་བསམས་སྐབས། ལམ་རིམ་གྱི་ཚིག་འགྲེལ་ནི་ལམ་རིམ་གྱི་ནང་དོན་ལས་གཞན་ཅི་གསུངས་སྙམ་པ་དྲན། དེ་བས། ང་ཚོས་ མ་ཎིའི་འགྲེལ་བཤད་རིང་པོ་དེ་འདྲ་གསུངས་ནའང་ ཐབས་ཤེས་གཉིས་འདུས་པ་ལས་ལྷག་ཅིག་དགོས་ཀྱི་ཨེ་ཡོད་དྲན། ནོར་བུ་དང་པད་མ་གཉིས་སྦྱོར་གྱི་ཐ་སྙད་འདི་ལ་གོ་བ་གཞན་ཡང་ཡོད་པ་འདི་ཞུ་འོས་མ་མཆིས་དྲན།

  18. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-09-16 at 12:33 am

    དགེ་རབ་ལགས་དང་ཀླུ་སྨྱོན་ལགས།
    ཁྱེད་གཉིས་ཀས་ཅིག་ཅིག་མུག་མུག་ཟེར་ནས་སྐྱོན་བརྗོད་རྩོམ་ཡིག་དང་བསམ་ཚུལ་འདྲ་བོ་མ་བཤད་ཨ།
    ང་མི་དགའ་གི་ ཀླུ་སྨྱོན་གྱིས་ཁ་སང༌། ལས་བྱེད་ཅིག་གིས་ཟེར་བཞིན་ཁ་རོག་གེར་བསྡད་སོང༌། དགེ་རབ་ཀྱིས་ཕ་ཡུལ་གྱི་བླ་མ་ཞིག་གིས་ཟེར་བཞིན་མཆན་བུ་ཞིག་བཏབས་འདུག་ག
    གལ་སྲིད་ང་ནོར་མེད་ན། ཁྱོའི་་ཕ་ཡུལ་གྱི་བླ་མ་དེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་རེད། སྐུ་གཤེགས་ཨ་ལགས་ཤར་གདོང་ཚང་རེད་བ།
    ཨོ་ད་དེ་ཙམ་ཡིན། དོ་དགོང་ར་བཟི་ནས་མང་པོ་ཞིག་འབྲི་ཐུབ་ཀྱི་མི་འདུག

  19. བྲག་གཡག says:
    2009-09-19 at 5:01 am

    ཐོག་མར་ཁྱེད་ཀྱིས་ཕྲན་གྱི་དྲི་བར་ལན་གནང་བར་ཐུགས་རྗེ་ཆེ། ངས་ཀྱང་ཁྱེད་ཉིད་ཀྱིས་འོལ་ཚོད་ཀྱིས་བྲིས་པར་བསམས་ཀྱང། རྣམ་དབྱེའི་རྐྱེན་སྦྱོར་སྟངས་ཐོག་ནས་བརྒྱད་པའི་གཅིག་ཚིག་ལ་པདྨེ་ཞེས་མེ་སྒྲ་ཞིག་སླེབས་པ་ལས། མཁས་པ་ཆེ་གེ་མོ་དེས་གསུངས་ཀྱང་། ཡུལ་གྱི་བསྐལ་བས་རྒྱ་གར་འཕགས་པའི་སྐད་ཀྱི་སྒྲ་སྦྱོར་སྟངས་མ་མཁྱེན་པ་ཡིན་སྲིད་སྙམ།

  20. བློ་བཟང་ཡོན་ཏན། says:
    2010-02-22 at 5:39 am

    སྒོམ་སྡེ་ལྷ་རམས་པས་ལུང་དུ་དྲངས་པའི་མ་ཎིའི་འགྲེལ་བཤད་དེ་ནི་བྱང་ཕྱོགས་ཧལ་ཧའི་འགྲོ་བའི་མགོན་པོ་ཛྙྰན་བཛྲ་སྟེ་རང་འབྱུང་ཡེ་ཤེས་རྡོ་རྗེའི་གསུང་མ་ཎིའི་སྒྲུབ་ཐབས་ཟབ་མོ་དེ་རེད་འདུག་ག

  21. བློ་བཟང་ཡོན་ཏན། says:
    2010-02-22 at 5:42 am

    དགོངས་དང་། གངས་གཡག་ནས་བྲིས་པ་དེ་རེད་ཤག

  22. གཞོན་ནུ་ཟླ་མེད says:
    2010-02-22 at 3:03 pm

    རབ་གསལ་གྱི་མཆན་དེ་བཀླགས་པས་ངས་ཀྱང་དེའི་སྒྲུང་དྲན་སོང་། རིག་འབྱུང་གིས་ཨ་ལགས་ཤར་གདོང་ཚང་རེད་ཟེར། ངས་གོ་ཚུལ་ལྟར་ན་ཨ་ལགས་ཤར་གདོང་ཚང་མ་རེད། ཀུང་ཁྲན་མ་ཡོང་སྔོན་གྱི་བླ་མ་ཆེན་པོ་དབང་བཀའ་ཆོས་ཀྱི་བདག་པོ་ཞིག་རེད། ཁོང་གིས་ལམ་རིམ་ཅེས་པའི་ཚིག་གཉིས་ལ་ཉིན་གསུམ་འགྲེལ་བཤད་གསུངས་པས་ཉན་མཁན་ཉིན་རེར་ཇེ་ཉུང་དུ་སོང་སྐད། དེ་ནས་ཞབས་ཞུ་བས་བླ་མར་ཞུ་བ་འདི་ལྟར་ཕུལ་བ་རེད་ཟེར། ཨ་ལགས་ཚང་གིས་འགྲེལ་བཤད་དེ་ལྟར་གསུངས་ན་གང་མཚམས་ཅིག་ནས་ངེད་གཉིས་མ་གཏོགས་ལྷག་ས་མ་རེད། དེའི་སྐབས་སུ་ད་ཁྱེད་ཀྱི་ལམ་རིམ་གསུངས་ཆོས་ལ་ཉན་མཁན་ང་རང་གཅིག་བུ་ཡིན་རྒྱུ་རེད་ཅེས་ཞུ་འདུག རབ་གསལ་སྒྲུང་དེ་རེད་དམ་མ་རེད། ཧཧཧཧ

  23. གཞོན་ནུ་ཟླ་མེད says:
    2010-02-22 at 3:09 pm

    སྣར་ཐང་ལོ་ཙྰ་བའི་སྔགས་ཀྱི་ཀླག་ཐབས་རྩ་བ་དེ་ངའི་བློ་ཐོག་ན་ཡོད། དེ་ན་ཨོཾ་གྱི་སྐོར་ལ། ཨཽཾ་དང་ན་མོ་ཏ་དྱ་ཐྰ། ། སྤང་བའི་སྔགས་ཀྱི་ཐོག་མ་ཡིན། ། འདི་ཙམ་མ་གཏོགས་མི་འདུག

  24. དབང་འདུས་ says:
    2013-12-12 at 10:46 am

    ད་ལྟ་གོང་དུ་མ་ཎི་ཡིག་དྲུག་སྐོར་ལ་འགྲེལ་བ་གནང་མཁན་མང་པོ་བྱུང་འདུག་ཚང་མ་ལ་ཐུགས་རྗེ་ཆེ་ཞ་གི་ཡོད།
    གུས་དབང་འདུས་ནས་ཆོས་གཞུང་ལྟ་མྱོངས་མེད་བྱས་ཙང་མཎི་ཡིག་དྲུ་ལ་འགྲེལ་རྒྱབ་རྒྱུ་ལ་ནུས་པ་མེད་ཞུ།
    ཡིན་ན་ཡང་ལྷན་རྒྱས་ཚོས་མ་ཎི་ཡིག་དྲུག་དང་དེ་དང་མཉམ་དུ་ཡིག་དྲུག་རྗེས་ཧྲི་སོགས་ཀྱི་གོ་དོན་ནམ་འགྲེལ་བ་མ་བསྐྱོན་ལ་རྒྱ་གར་གྱི་སྐད་རྙིང་སཾསཀྲིཏའི་སྐད་ཞེས་པ་དེ་ངེས་པར་དུ་མཁྱེན་དགོས་རེད་ཞུ་ཡ་ཡིན། ओँ मनी पद्म हुँँ ह्ी । ཨོཾ་མ་ཎི་པདྨ་ཧཱུཾ྄ཿཧྲིཿ

    པདྨ་ལ་འགྲེང་པོ་ཡོད་མ་རེད། པདྨ་ནི་མེ་ཏོག་པདྨ་རང་ཡིན། མ་ཎིའི་དོན་ནི་ནོར་བུ་ཡིན། ཧཱུཾ་གི་དོན་ནི་གཞན་ལ་ཕན་པ་ཡོང་བའི་ཆེད་དུ་བསྔོ་བའམ་ཕན་པར་བསམ་ནས་མ་ཎི་ཡིག་དྲུག་འདོན་པས་ནུས་པ་དེ་གཞན་གྱི་ཆེད་དུ་སྟོན་པ་གོ།
    སཾས་ཀྲིཏའི་འགྲེལ་བཤད་ནི་མ་ཎི་ཡིག་དྲུག་གི་ཚིག་འགྲེལ་གོང་དུ་ཞུས་པ་དེ་ཡིན།

  25. དབང་འདུས་ says:
    2013-12-20 at 12:21 pm

    གོང་དུ་ང་རང་གིས་ཞུས་པ་དེ་ལས་ལྷག་ཙམ་མཁས་པ་མང་པོ་ནས་ཕར་ཚུར་མ་ཎི་ཡི་གེ་དྲུག་མའི་སྐོར་ལ་མཆན་བཏབ་པའམ་འགྲེལ་བཤད་ཡག་པོ་གནང་འདུག་པས་དེ་ལས་རྒྱས་པ་ངོས་ནས་བཤོད་རྒྱུ་མེད་ཞུ།
    འགྲེལ་བ་དེ་ཚོ་མཐོང་ཡ་རག་དུས་རང་ལ་ཕན་ཆད་ཚང་མ་ཀློག་ག་ི་ཡོད་ཞུ།
    ལན་གནང་བ་དེ་ལ་ཐུགས་རྗེ་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme