Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་སེང་དང་སྤེན་ཚེའི་གདོང་ཐུག་གི་རྒྱབ་ལྗོངས།

Posted on 2017-12-022017-12-02 By ཁ་བརྡ 16 Comments on བློ་སེང་དང་སྤེན་ཚེའི་གདོང་ཐུག་གི་རྒྱབ་ལྗོངས།

མཚོ་སྨོན་གླིང་བསྟན་འཛིན་འོད་ལྡན།

༡༽ རྩོད་རྙོག་གི་བྱུང་རིམ།

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༧ འཁོད་བཀའ་ཤག་གིས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ཨ་རིའི་དོན་གཅོད་གསར་པར་བསྐོ་གཞག་བྱས་པའི་བཀའ་ཁྱབ་དེ་ནས་འགོ་ཚུགས་པ་རེད། རྡ་སའི་ཁུལ་སྡོད་གསར་འགོད་པ་མང་པོ་ཞིག་བཀའ་ཤག་ལ་བཅར་ནས་སྲིད་སྐྱོང་དང་བཀའ་དྲུང་སོགས་འབྲེལ་ཡོད་རྣམ་པར་བཀའ་འདྲི་ཞུ་པར་བཀའ་ལན་དུ། དོན་གཅོད་ལས་ཐོག་པ་ཇི་ལྟར་འཕོ་གྱུར་བཏང་མིན་དེ་བརྒྱུད་ལམ་ཁག་ལ་ཞུ་ཐབས་མེད་སྐོར་མཐའ་གཅིག་ཏུ་བཀའ་གནང་། ཕྱི་ཟླ་ ༡༡ ཚེས་ ༩ ཉིན་ཆོས་རིག་བཀའ་བློན་ནས་སྲིད་ཚབ་གནང་སྟེ་དོན་གཅོད་ལས་ཐོག་པས་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ལ་འགལ་བ་སོགས་དོན་ཚན་འགའ་ཤས་དྲངས་པ་དང་ལྷན་དུ་དོན་གཅོད་ལས་ཐོག་པར་ནག་ཉེས་གང་ཙམ་ཡོད་མདོག་གི་རྣམ་འགྱུར་བསྟན་གནང་སོང་། དེ་རྗེས་སྲིད་སྐྱོང་ཡོ་རོབ་ཕྱོགས་བསྐྱོད་གནང་མུས་ཐོག་ནོར་ཝེ་ཁུལ་སྡོད་བོད་མི་འགའ་ཤས་ལ་དོན་གཅོད་ལས་ཐོག་ནས་གང་བྱས་ཀྱང་ལེགས་པ་ཞིག་ཞུ་རྒྱུ་མེད་ཅེས་དེ་ལས་ཀྱང་ནག་ཉེས་ཚབ་ཆེ་རུ་བཏང་གནང་བ་རེད། དེ་ནས་བཟུང་སྤྱི་ཚོགས་ནང་ལབ་གླེང་ཇེ་ཆེར་སོང་། བློ་བཟང་སེང་གེའི་རྒྱབ་སྐྱོར་བ་འགའ་ཤས་ཀྱིས་སྐད་འཕྲིན་ནང་”ད་ཡིན་ན་འགྲིགས་སོང་། ལོ་ ༡༡༣ སྡོད་དགོས་མཁན་དེ་བློ་བཟང་སེང་གེ་ཁྱོད་ཡིན་སོགས་བཤད་ནས་རྟེན་འབྲེལ་ཞུས། སྤེན་པ་ཚེ་རིང་གིས་ཡང་སྙིང་ཚབས་ཆེའི་ཉེས་གསོག་གང་བྱས་ཡོད་དམ་སྙམ་ནས་ཤེས་འདོད་སྔར་ལྷག་འཕེལ་བཞིན་ཡོད།

ཤེས་འདོད་འདི་ཡོད་མཁན་གྱི་སྡེ་ཚན་གསུམ་དུ་དབྱེ་ཆོག དང་པོ། སྤེན་པ་ཚེ་རིང་ལ་རྒྱབ་བསྐྱོར་ཡོད་མཁན་དེའི་གྲས་རེད། ཁོང་ཚོས་བཀའ་ཤག་ནས་སྤེན་པ་ཚེ་རིང་ལ་ནག་ཉེས་ཆེན་པོ་ཡོད་མདོག་བྱས་པ་ལས་དོན་དུ་སྤེན་ཚེ་ལས་གནས་ནས་གནས་དབྱུང་གཏོང་དགོས་པའི་འགལ་འཛོལ་དོན་གནད་གང་ཡང་བརྗོད་རྒྱུ་མེད་པར་ཡིད་ཆེས་བྱས་ཤིང་། དེའི་ཆ་ནས་ཁོང་ཚོས་བཀའ་ཤག་ནས་ངེས་པར་དུ་གསལ་བཤད་བྱེད་དགོས་པ་ཚོར་ཤུགས་ཆེན་པོས་གླེང་བཞིན་ཡོད། གཉིས་པ། སྲིད་སྐྱོང་བློ་བཟང་སེང་གེར་རྒྱབ་སྐྱོར་ཡོད་མཁན་དེ་ཚོ་རེད། ཁོང་ཚོའི་སེམས་ནང་ད་རེས་སྤེན་པ་ཚེ་རིང་གིས་༸རྒྱལ་བའི་དགོངས་པ་དཀྲུག་པའམ་དེ་མིན་གྱི་ཚབས་ཆེའི་ཉེས་གསོག་ཅིག་བྱས་ཡོད་ངེས་ཤིང་། དེ་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་གྱིས་ཁོ་པ་དོན་གཅོད་ནས་གནས་དབྱུང་གཏོང་རྒྱུར་མོས་མཐུན་བྱས་ཀྱང་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱེད་མ་བཅུག་པ་ཐག་ཆོད་པས་སྤེན་པ་ཚེ་རིང་དོན་གཅོད་ནས་གནས་དབྱུང་བཏང་བ་ཙམ་གྱིས་ཡིད་མ་ཚིམས་པར་ཁོ་པའི་ནག་ཉེས་དེ་ཚོ་ཕྱིར་མངོན་ཐུབ་པ་བྱས་ཏེ་ད་ནས་བཟུང་སྤྱི་ཚོགས་ནང་ལང་རྒྱུ་མེད་པ་བཟོ་བའི་གོ་སྐབས་ཤིག་ཏུ་མཐོང་བ་རེད། གསུམ་པ། དོན་གནད་འདིའི་ཐོག་བློ་སེང་དང་སྤེན་ཚེ་གང་གི་ཡང་རྒྱབ་ལང་མ་བྱས་པར་བར་གནས་ལྟ་བུར་སྡོད་མཁན་གྱི་རིགས་དེ་ཚོ་རེད། ཁོང་ཚོའི་སེམས་ནང་ད་རེས་ཕལ་ཆེར་སྤེན་ཚེས་༸རྒྱལ་བའི་དགོངས་པ་དཀྲུག་པའམ་ཡང་ན་བཀའ་ཤག་ནས་སྤེན་ཚེར་ཉེས་འདོགས་བྱས་པ་གང་ཞིག་ཡིན་ནའང་གསལ་པོ་དགོས་འདུག་དེ་མིན་ན་ང་ཚོའི་སྤྱི་ཚོགས་འདི་ཟང་ཟིང་ཆགས་པ་འདུག་སྙམ་པ་རེད།

ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་བཀའ་ཤག་ནས་ཨ་རིའི་དོན་གཅོད་ནས་ལས་དོན་ལེགས་གྲུབ་མ་བྱུང་བའི་སྐོར་གསལ་བཤད་དོན་ཚན་བཅུ་གནང་། དོན་ཚན་བཅུ་པོ་དེ་དག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་པ་དང་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ཚོ་ཡིད་མ་རངས་པར་དྲ་ལམ་ཁག་ལ་ལབ་གླེང་ཤུགས་ཇེ་ཆེར་ཕྱིན། བློ་སེང་གི་རྒྱབ་སྐྱོར་བ་ཚོས་དང་པོ་རྒྱབ་ལྗོངས་བསྔོག་འདོད་ཡོད་ཀྱང་ད་ཆ་རྒྱབ་ལྗོངས་དེ་ལས་ལྷག་པ་མེད་པ་ཤེས་མཚམས་ཁོང་ཚོའི་བློ་ཁ་འགྱུར་ནས་སྤེན་ཚེའི་རྒྱབ་སྐྱོར་བ་དེ་ཚོ་བོད་གཞུང་དང་དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་བྱེད་མཁན་ཡིན་པའི་གཟུགས་བརྙན་བསྐྲུན་རྒྱུར་བྱ་ཐབས་སྤེལ་འགོ་ཚུགས། ད་ནི་སྤྱི་ཚོགས་སྔར་བས་ཟང་ཟིང་དུ་འགྱུར་བཞིན་འདུག  དྲ་ལམ་ཁག་ཏུ་ཨིན་བོད་རྒྱ་གསུམ་གྱི་ཐོག་ནས་དཔྱད་བརྗོད་སྤེལ་བཞིན་འདུག  ཕྱི་རྒྱལ་གྱི་མི་སྣ་མང་པོས་ཀྱང་དོན་དེར་བསམ་ཚུལ་བརྗོད་ཀྱི་འདུག  བློ་བཟང་སེང་གེའི་རྒྱབ་སྐྱོར་བ་ཚོ་དེ་བས་དངངས་ཚབས་ལང་འགོ་ཚུགས། སྲིད་སྐྱོང་ཕྱོགས་བསྐྱོད་དམ་ཕྱོགས་གཡོལ་གང་ཞིག་ཡིན་མིན་ལ་མ་ལྟོས་པར་སྲིད་སྐྱོང་དང་། ནང་སྲིད། ཤེས་རིག་བཅས་ཀྱི་བཀའ་བློན་དུས་གཅིག་ཏུ་ཁེ་ཎ་ཌར་འཛོམས། དེ་ནི་རྟེན་འབྲེལ་མ་འགྲིག་ལྷུན་འགྲུབ་ཞེས་པ་དེ་ཡིན་ནམ་ཡང་དཔུང་བསྒྲིགས་པ་ཡིན་གསལ་པོ་མི་ཤེས། བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྔར་ལྷག་རྡོག་ལ་བསྒྲིལ་ནས་གནམ་ཐང་དུ་ཕེབས་བསུར་བཅར། ལྷ་སའི་མང་ཚོགས་ནས་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་ཕུལ་བའི་བསྟོད་གླུ་དེ་ཁ་བསྒྱུར་བཏང་ནས། ང་ཚོ་ཁམས་པའི་མི་ལ། །སྲིད་སྐྱོང་མི་འདུག་མ་གསུངས། །སྲིད་སྐྱོང་བློ་བཟང་སེང་གེ། །སྲིད་སྐྱོང་མིན་ན་གང་ཡིན། །ཟེར་ནས་དེ་སྔོན་འོས་བསྡུའི་སྐབས་ཀྱི་གཟུགས་བརྙན་བསྐྱར་བཏོན་བྱས་པ་རེད། མང་ཚོགས་འདུ་འཛོམས་སར་སྲིད་སྐྱོང་ནས་གསུང་བཤད་དྲི་ལན་གནང་བ་ཕལ་ཆེ་བ་དོན་ཚན་བརྒྱད་པ་དང་དགུ་པར་འགྲེལ་བཤད་གནང་བ་རེད། དོན་ཚན་འདི་གཉིས་ཀྱི་ཐོག་ཏུ་སྲིད་སྐྱོང་ལ་ཚོར་བ་ཤུགས་ཆེན་ཡོད་པའི་རྣམ་འགྱུར་མངོན་པ་དེས་སྤེན་པ་ཚེ་རིང་འཕོ་འགྱུར་རམ་གནས་དབྱུང་བཏང་བའི་དགོས་དམིགས་གསལ་དུ་ཕྱིན་པ་རེད། ཏྲོ་རོན་ཊོར་ལ་སྤེན་ཚེའི་རྒྱབ་སྐྱོར་བ་ཉུང་ཤས་ཤིག་གིས་བློ་སེང་ལ་ངོ་རྒོལ་བྱས་འདུག  བློ་སེང་གི་རྒྱབ་སྐྱོར་བ་ཚོས་ཁོང་ཚོའི་པར་ཐོག་ཡི་གེ་འདྲ་མིན་བྲིས་ནས་བོད་གཞུང་དང་དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་བྱེད་མཁན་རེད་ཟེར་ནས་ཁྱབ་བསྒྲགས་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ་ཉིན་གཅིག་དུས་གཅིག་ལ་དེ་དག་དྲ་ལམ་ནས་ནག་བསུབས་བཏང་བར་མི་མང་པོ་ཧང་སང་དགོས་པ་བྱུང་བ་རེད། དེ་ནས་རིམ་བཞིན་ས་གནས་གང་སར་བློ་བཟང་སེང་གེར་ངོ་རྒོལ་གྱི་རྣམ་པ་ཤུགས་ཇེ་ཆེར་ཕྱིན་སོང་།

༢༽ རྩོད་རྙོག་གི་རྒྱབ་ལྗོངས།

བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་བར་ལ་འདི་འདྲའི་འཛིང་རེས་བྱེད་དགོས་པ་གང་ཡོད་དམ། གཅིག་བྱས་ན་ཁོང་གཉིས་མི་སྒེར་ཕན་ཚུན་ཆམས་ཐག་ཆོད་ཡོད་ཀྱི་རེད། བློ་བཟང་སེང་གེས་ཏྲོ་རོན་ཊོ་ལ་བཤད་པ་ལྟར་ཕན་ཚུན་བཟའ་རོགས་འཐུང་རོགས་ཆང་རོགས་ཡིན་སྲིད། དེ་ལྟར་ན་ཁོང་གཉིས་མ་འཛིང་ཐབས་མེད་དུ་གཏོང་མཁན་དེ་ཚོ་སུ་རེད་དམ། དེ་སྔོན་སྲིད་སྐྱོང་འོས་བསྡུའི་སྐབས་སུ་དང་པོ་ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་ལང་རྒྱུར་རྒྱབ་སྐྱོར་བྱེད་མཁན་འགའ་ཤས་ཀྱི་དམིགས་ཡུལ་ནི་ཁོས་སྤེན་པ་ཚེ་རིང་ལ་ཁ་གཏད་གཅོག་ཆེད་ཡིན་ཅིང་། ཡིན་ནའང་དེ་དང་མཉམ་དུ་བློ་སེང་གི་རྒྱབ་སྐྱོར་བ་ཤོར་ཁ་གཉིས་ཆགས་པ་མངོན་གསལ་ཡིན་དུས་སྐད་འཕྲིན་ཚོགས་པ་འགའ་ཤས་ནང་ང་ཚོ་ཕྱོགས་གཉིས་སུ་བྱས་ནས་ཀླུ་མཁར་བྱམས་དང་བློ་བཟང་སེང་གེ་གཉིས་ལ་མགོ་འཁོར་བསྡད་ན་དེ་གཉིས་ཀྱི་བར་ནས་སྤེན་ཚེ་ཁོ་ཤོར་ཉེན་ཡོད། སྤེན་ཚེ་ཁོ་སྲིད་སྐྱོང་ལ་སླེབས་ན་ང་ཚོ་ཁམས་པ་མགོ་བཀྱག་ཡག་མེད་པ་ཆགས་ཀྱི་རེད། ད་ཚང་མས་བློ་བཟང་སེང་གེའི་ཐོག་ལ་ཤུགས་རྒྱག་དགོས་ཚུལ་ཚོར་བ་རྣོ་བོའི་ཐོག་ནས་བཤད་པ་རེད། སྐད་ཆ་འདི་ཚོར་ཉན་ན་སྤེན་པ་ཚེ་རིང་ལ་ཆག་སྒོ་གཅིག་མཇུག་གཉིས་མཐུད་དུ་ཡོང་རྒྱུ་གཏན་འཁེལ་བ་འདྲ། གལ་ཏེ་སྤེན་པ་ཚེ་རིང་བློ་བཟང་སེང་གེའི་རྒྱབ་བསྐྱོར་བ་ཚོའི་དམིགས་འབེན་དེ་ཡིན་ན་བློ་བཟང་སེང་གེ་དེ་རིང་མི་འདོད་བཞིན་དུ་སྤེན་པ་ཚེ་རིང་དང་མ་འཛིང་རང་འཛིང་ཡིན་གྱི་རེད།

བློ་བཟང་སེང་གེ་སྐབས་སྔོན་མ་བཀའ་བློན་ཁྲི་བའི་འོས་བསྡུའི་སྐབས་ཚོགས་པའམ་ཤོར་ཁ་ག་གེ་མོ་ཞིག་གི་ལག་ཆར་གྱུར་བས་དེ་ནས་བཟུང་ཁོང་གི་འབུམ་རམས་པའི་མཚན་གནས་དེར་བེད་སྤྱོད་མ་བྱུང་བར་མཐའ་ན་སྐབས་རེ་ཡིག་རྨོངས་འགའ་ཤས་ཀྱི་ཁ་ལའང་མ་ཉན་རང་ཉན་བྱུང་ཡོད་ངེས། ཟང་ཟིང་གི་གླེང་རྙོག་མང་པོའི་ནང་ནས་སྐབས་གཉིས་པའི་སྲིད་སྐྱོང་གི་རྒྱལ་ཁ་སླར་ཡང་བློ་བཟང་སེང་གེར་ཐོབ། བློ་སེང་གིས་འོས་བསྡུའི་རྒྱུད་རིམ་དེ་ཚོར་ཕྱིར་ལྟ་བྱེད་སྐབས་རང་གི་འབུམ་རམས་པའི་ལག་འཁྱེར་ལ་ངོ་ཚ་དགོས་པ་ཞིག་ཏུ་མཐོང་བས་ཁོས་ད་ནི་རང་ཉིད་སླར་ཡང་འོས་མིར་ལང་དགོས་མེད། དེར་བརྟེན་རང་ཉིད་ལ་བཏང་འཛིན་བྱེད་མཁན་གྱི་ཚོགས་པའམ་མི་སྒེར་དེ་ཚོར་དེ་ཙམ་བསྟུན་དགོས་མེད་པས་ད་རེས་ཀྱི་ལས་ཡུན་ནང་སྤྱི་མི་ཚད་ལྡན་ཞིག་བྱས་ནས་རང་ཉིད་ཀྱི་དོན་དམ་པའི་མཚན་སྙན་སླར་གསོ་བྱེད་དགོས་སྙམ། དེ་ནས་བཟུང་མང་ཚོགས་ནང་འོས་བསྡུའི་སྐབས་ཀྱི་རྩོད་གླེང་ཡོང་རྫོགས་མཇུག་སྒྲིལ་ཚར་བ་ཡིན། ད་ནས་བཟུང་ང་ཚོས་ཆིག་སྒྲིལ་ཐོག་ནས་བོད་མི་རིགས་ཀྱི་རྩ་དོན་ཐོག་ལས་ཀ་བྱེད་ཀྱི་ཡིན་ཟེར་བཤད་པ་ཙམ་དུ་མ་ཟད་ལག་ལེན་ཐོག་ནས་ཀྱང་འགྱུར་བ་ཅུང་མངོན་གསལ་དུ་བཏང་བ་རེད། བློ་བཟང་སེང་གེར་འགྱུར་བ་འགྲོ་གི་ཡོད་པ་ཁོའི་རྒྱབ་ལ་མི་ཤུགས་དང་དངོས་ཤུགས་གཏོང་མཁན་དེ་ཚོར་ལམ་སེང་ཚོར་སྣང་བྱུང་ཚར་འདུག དུས་དེ་མཚམས་ཤིག་ཏུ་ཀླུ་མཁར་བྱམས་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སོང་བའི་མྱ་ངན་དགོངས་ཚོགས་ཐོག་༸གོང་ས་མཆོག་གི་སྐུ་ཚེའི་ཚད་ལ་མི་འདོད་པའི་རྣམ་འགྱུར་མངོན་པས་སྤྱི་ཚོགས་ནང་ལབ་གླེང་མང་དག་བྱུང་བར་བློ་བཟང་སེང་གེས་མདུན་དུ་ཐོན་ནས་ཁ་གཏད་བཅག་པས་ཁོའི་རྒྱབ་ཕྱོགས་ཀྱི་བཏང་འཛིན་པ་དེ་ཚོ་རྩ་བ་ནས་དགའ་པོ་བྱུང་མེད། སྟབས་མ་ལེགས་པར་སྲིད་སྐྱོང་གི་མིང་ཨིན་སྐད་ནང་ President ལ་འགྱུར་བ་གཏོང་རྒྱུའི་ལས་དོན་དེས་བློ་སེང་གི་བཏང་འཛིན་པ་ཚོར་ལག་པ་འཇུ་ས་རགས་པ་འདྲ། དོན་གནད་དེ་དང་འབྲེལ་བའི་ཐོག་བཀའ་སྤྱི་ལྷན་རྒྱས་ཤིག་ཚོགས་པའི་ཐོག་ད་བར་ཁོའི་རྒྱབ་ཏུ་ལངས་ནས་གཡས་སྐྱོར་གཡོན་སྐྱོར་བྱེད་གང་ཐུབ་བྱེད་མཁན་དེ་ཚོས་སྐད་ཤུགས་ཆེན་པོས་དགག་པ་བརྒྱབ་པ་ཙམ་དུ་མ་ཟད་ད་ནས་བཟུང་གང་བྱུང་བྱས་ན་ལས་སླ་པོར་འཇོག་རྒྱུ་མིན་པའི་ཉེན་བརྡ་གསལ་པོ་བཏང་བས་བློ་སེང་སླར་ཡང་བྱ་ཐབས་ཟད་དེ་མུ་མཐུད་གཞན་དབང་སྟབས་བསྟུན་གྱི་རང་གནས་སུ་ལྷུང་།

༣༽ རྩོད་རྙོག་གི་དམིགས་ས།

བཀའ་ཤག་ནས་ཐག་གཅོད་གནང་བའི་ཨ་རིའི་དོན་གཅོད་འཕོ་འགྱུར་དེ་སྤེན་ཚེ་དོན་གཅོད་ཀྱི་རྐུབ་སྟེགས་ནས་གཡུག་རྒྱུ་ཙམ་ཨེ་ཡིན་སྙམ། བློ་བཟང་སེང་གེ་ཏིང་ཏིང་ཞིག་ཡིན་པའི་དབང་དུ་བཏང་ན་ཁོ་རྡུང་མཁན་གྱི་ལག་པ་དེ་ཚོས་མ་འོངས་ཕུགས་རྒྱང་རིང་པོར་བསམ་བློ་གཏོང་གི་ཡོད། འདིའི་རྗེས་ལ་སྲིད་སྐྱོང་འོས་གཞིར་མི་སུ་དང་སུ་ལང་གི་ཡོད་མེད་ཀྱི་སྐད་ཆའི་བབས་ལ་བལྟས་ན་མངོན་གསལ་དོད་ཤོས་ནི་སྤེན་པ་ཚེ་རིང་དང་། རྒྱ་རི་སྒྲོལ་མ། ཤར་གླིང་ཟླ་སྒྲོན་གསུམ་རེད། གལ་ཏེ་བློ་སེང་ཐད་སྤྱོད་པ་ཚོས་མ་འོངས་པར་རྒྱ་རི་སྒྲོལ་མ་ཐད་སྤྱོད་བྱེད་དགོས་ན་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་པ་ཡིན། ད་ནི་ལག་ཆ་ཡག་པོ་ཞིག་རེད། སྤེན་པ་ཚེ་རིང་གིས་ཤར་གླིང་ཟླ་སྒྲོན་ལ་བཤད་པའི་སྙིང་གཏམ་དེ་ཟླ་སྒྲོན་གྱིས་རང་ཉིད་ཀྱི་རྐུབ་སྟེགས་ཆེད་དུ་བེད་སྤྱོད་བཏང་བ་དེ་བློ་སེང་གིས་ཕར་རང་འཇགས་བེད་སྤྱོད་བཏང་ནས་སྤེན་པ་ཚེ་རིང་དང་ཟླ་སྒྲོན་གཉིས་ཀ་རྩོད་རྙོག་ཡོད་མཁན་ཞིག་ཏུ་བཟོས་པ་རེད། ཟླ་སྒྲོན་གྱིས་རང་གི་ཆེད་དུ་སྤྱད་པའི་ཆབ་སྲིད་ཀྱི་ལག་ཆ་དེས་ཟླ་སྒྲོན་རང་ཉིད་མེད་པར་བཏང་བ་རེད། ཟླ་སྒྲོན་ལ་རྐུབ་སྟེགས་དེ་ལས་མཐོ་བ་ཞིག་ལས་ལ་བསྐོས་མེད་པ་ཡིན་ནམ། གསར་དུ་བསྐོ་གཞག་བྱས་པའི་དོན་གཅོད་དངོས་གྲུབ་ཚེ་རིང་ལ་མཚོན་ན་ཁོ་པ་གཞུང་ཞབས་རྙིང་པ་ཞིག་ཡིན་ཅིང་ཁོ་པ་དྲུང་ཆེའི་གནས་རིམ་བར་སླེབས་ཡག་དེ་ཡང་ཟླ་སྒྲོན་གྱི་ལས་ཀ་ནང་བཞིན་བྱས་ནས་ཁྱ་རེ་ཁྱོ་རེའི་ནང་ནས་སླེབས་པ་ཞིག་རེད། ཁོ་པ་ཤེས་རིག་དྲུང་ཆེ་བྱེད་དུས་ཡབ་གཞིས་ལ་ཡིད་མ་རངས་པ་ཆེན་པོ་བྱེད་མཁན་ཞིག་རེད། དེར་བརྟེན་ད་ལྟའི་བློ་སེང་ཐད་སྤྱོད་པ་ཚོའི་ཕུགས་རྩ་དེ་ཚོས་བདག་པོ་བརྒྱབ་ནས་གསོ་སྐྱོང་བྱས་པ་རེད། དེ་སྔོན་གྱི་ཀརྨ་ཆོས་འཕེལ་འདས་པོ་དེ་དང་གནས་བབས་གཅིག་པ་རེད། ཡིན་ནའང་ཁོ་པ་སྐབས་བསྟུན་བྱེད་མཁས་པོ་ཡོད་པ་རེད། ཁོ་པ་ད་རེས་དོན་གཅོད་ལ་བསྐོས་པ་དེར་ལས་འགན་གཉིས་ཡོད། དེ་ནི་དོན་གཅོད་མིང་ཐོག་ནས་བློ་བཟང་སེང་གེའི་མདུན་ལམ་བཟོ་རྒྱུ་དང་། མ་འོངས་པར་སྲིད་སྐྱོང་གི་འོས་མིར་ལང་མཁན་གཞན་གྱི་འོས་གཞི་ཁ་གཏོར་བཏང་ནས་རྒྱ་རི་སྒྲོལ་མའི་གདོང་བསྐྱོད་པ་བྱེད་རྒྱུ་དེ་རེད།

༤༽ རྩོད་རྙོག་འདི་དང་དགའ་ལྡན་ཕོ་བྲང་འབྲེལ་བ་ཨེ་ཡོད།

ཕྱོགས་སོ་སོའི་མི་མང་པོས་རྩོད་རྙོག་འདི་དང་དགའ་ལྡན་ཕོ་བྲང་འབྲེལ་བ་ཡོད་པར་དོགས་པ་བྱེད་ཀྱི་ཡོད་པར་མ་ཟད། དོན་གཅོད་འཕོ་འགྱུར་གཏོང་ཕྱོགས་སྐོར་དགའ་ལྡན་ཕོ་བྲང་ལ་སྙན་སེང་ཞུས་ཡོད་དང་མེད་ཀྱི་སྐད་ཆ་མང་དག་ཅིག་ཤོད་ཀྱི་ཡོད་པ་རེད། འདིའི་སྐོར་ལ་སྐད་ཆ་ཤོད་ཚུལ་སྣ་མང་ཡོད་ཀྱང་གནད་ལ་འཁེལ་བ་ཞིག་བཤད་ཐུབ་མེད། དེ་ནི་ཚང་མས་ནང་དོན་མང་པོ་ཡོད་པའི་མགོ་རྙོག་ཅིག་ཡིན་པར་བསམ་པས་རེད། བློ་བཟང་སེང་གེའི་རྒྱབ་བསྐྱོར་བ་ཚོས་༸གོང་ས་མཆོག་ནས་སྤེན་པ་ཚེ་རིང་ལ་བཀའ་བཀྱོན་གནང་སྐོར་སྐོར་སོགས་དཀྲོག་གཏམ་མང་དག་ཅིག་ཁྱབ་སྤེལ་བཏང་། ཡིན་ནའང་དོན་དངོས་ཐོག་དེའི་བརྒྱུད་རིམ་ནི་ཧ་ཅང་སྟབས་བདེ་ཞིག་རེད། དེ་སྔོན་ནས་བློ་བཟང་སེང་གེས་༸གོང་ས་མཆོག་ལ་སྤེན་པ་ཚེ་རིང་གིས་ལས་ཀ་ཡག་པོ་བྱེད་ཀྱི་མེད་སྐོར་གནས་ཚུལ་གང་ཙམ་སྙན་སེང་ཞུ་གི་ཡོད། དེར་སྤེན་པ་ཚེ་རིང་གིས་ཀྱང་ངས་དེ་འདྲ་བྱས་མེད་ལས་ཀ་བྱེད་ཀྱི་ཡོད་ཚུལ་གསལ་བཤད་ཀྱང་སྙན་སེང་ཞུས་ཏེ་ཁོང་གཉིས་ནས་ཕར་ཞུ་ཚུར་ཞུ་བྱས་ནས་དུས་ཡུན་གང་ཙམ་ཕྱིན། ༸གོང་ས་མཆོག་རིམ་པས་རྩོད་རྙོག་རིང་པོ་དེར་ཐུགས་བསུན་ཙམ་བྱུང་ཡོད་ཚོད། སྐབས་ཤིག་སྤེན་པ་ཚེ་རིང་ལ་ད་ང་ཁྱེད་རང་གཉིས་ཀྱི་ཐག་ཆོད་རྒྱུ་མེད་པའི་རྙོག་དྲ་དེ་ཉན་འདོད་མི་འདུག་ཅེས་གསུངས་པར་སྤེན་ཚེའི་ངོས་ནས་དེ་ནས་བཟུང་སྙན་སེང་གང་ཡང་མ་ཞུས། བློ་སེང་གིས་ད་དུང་མུ་མཐུད་སྙན་སེང་ཞུས་པ་ཙམ་དུ་མ་ཟད་བཀའ་ཤག་ལྷན་རྒྱས་ནས་དོན་གཅོད་འཕོ་འགྱུར་གཏོང་རྒྱུར་ཐུགས་ཐག་ཆོད་སྐོར་ཞུས། དངོས་གནས་བྱས་ན་དེ་དུས་བཀའ་ཤག་ལྷན་རྒྱས་ཚུགས་ནས་ཐག་གཅོད་བྱུང་མེད་པ་འདྲ། དེར་༸གོང་ས་མཆོག་ནས་ད་ང་ཁྱེད་རང་གཉིས་ཀྱི་ཐག་ཆོད་ཡག་མེད་པའི་རྙོག་དྲ་དེ་ཉན་འདོད་རྩ་བ་ནས་མེད། སྲིད་སྐྱོང་ཁྱེད་རང་གི་གང་འདོད་གནང་། ང་ལ་བསམ་འཆར་མེད་ཅེས་གསུངས། བློ་སེང་གིས་གཞི་ནས་བཀའ་ཤག་ལྷན་རྒྱས་ཚུགས་ནས་ལམ་སེང་བཀའ་ཤག་ལྷན་རྒྱས་ལ་༸གོང་ས་མཆོག་ནས་བཀའ་ཕེབས་སྐོར་ཞུས། དེ་ནས་དོན་གཅོད་སུ་བསྐོ་མིན་ཐག་སྔོན་ནས་ཆོད་ཀྱང་གླེང་ཙམ་བྱས། དེ་ནས་ཡང་བསྐྱར་དགའ་ལྡན་ཕོ་བྲང་ལ་སྙན་སེང་ཞུ་ཙམ་བྱས། ༸རྒྱལ་བ་རིན་པོ་ཆེ་ཐུགས་བསུན་པའི་བཀའ་སློབ་དེ་དོན་གཅོད་འཕོ་འགྱུར་གྱི་ལག་ཆར་སྤྱད། སྤེན་པ་ཚེ་རིང་གིས་སྙན་ཞུ་ཕུལ་ནས་འཕོ་འགྱུར་བཏང་བར་ཕར་གང་ཡང་ཞུ་ཡག་མིན། ཡིན་ནའང་རྗེས་སུ་འདྲ་མིན་བཤད་ནས་ནག་པོ་བཟོ་རྩིས་བྱས་ན་གསལ་བཤད་བྱེད་ཆོག་པའི་བཀའ་འཁྲོལ་ཞུས་པ་ལྟར་བཀའ་འཁྲོལ་ཐོབ།

བཀའ་ཤག་ནས་དོན་གཅོད་འཕོ་འགྱུར་བཏང་བས་མ་འཚིམས་པར་ད་དུང་སྤེན་པ་ཚེ་རིང་ནག་པོ་བཟོ་རྒྱུའི་འགོ་ཙམ། དང་པོ་རྩ་བ་ནས་ཤོད་ཡག་མིན་ཟེར། དེ་ནས་ཀརྨ་དགེ་ལེགས་ཀྱི་ཧ་ལམ་གང་ཙམ་བཙོག་པ་ཡིན་མདོག་འདྲ་བཤད། དེ་ནས་སྲིད་སྐྱོང་གིས་ཡག་པ་ཞིག་བཤད་ཡག་མེད་སྐོར་བཤད་ནས་༸རྒྱལ་བའི་དགོངས་པ་དཀྲུག་པ་ཡིན་འདྲ་གང་བྱུང་བཤད། བློ་སེང་གི་རྒྱབ་སྐྱོར་བ་དེ་ཚོ་ནམ་ལངས། སྤེན་ཚེའི་རྒྱབ་བསྐྱོར་བ་དེ་ཚོ་བློ་མ་བདེ་བར་ད་རེས་སྤེན་ཚེས་ནོར་འཁྲུལ་བཟོས་པ་འདྲ་སྙམ། མི་འགའ་ཤས་ཤིག་གིས་ཕར་རྒྱུགས་ཚུར་རྒྱུགས་བྱས་ནས་སྦུག་རྩ་རྩད་བཅད། སྤེན་ཚེས་༸རྒྱལ་བའི་དགོངས་པ་དཀྲུགས་མེད་པ་ཤེས་མཚམས་བཀའ་ཤག་གིས་སྤེན་ཚེ་ནག་པོ་བཟོ་རྩིས་འུར་སྒྲོག་བྱས་པ་ཤེས་ཚོར་བྱུང་བས་གདེང་ཚོད་ལྡན་པའི་ཐོག་ནས་སྤེན་ཚེས་ནོར་འཁྲུལ་གང་བྱས་ཡོད་པ་གསལ་བཤད་དགོས་ཟེར་ནས་སྐད་ཤུགས་ཆེ་རུ་བཏང་། བཀའ་ཤག་གསུང་ཤུགས་ཆུང་དུ་ཕྱིན། སྤེན་ཚེའི་རྒྱབ་ཀྱི་གནད་ཡོད་ཅན་འགའ་ཤས་ནས་མཉམ་རུམ་ཐོག་ཨ་སྐོར་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ཟེར་ནས་ཤུགས་ཆེར་བཏང་བས་བཀའ་ཤག་ཚ་གི་ཚི་གི་ཆགས། དོན་ཚན་བཅུ་ཞིག་མགྱོགས་པོ་བཟོས་ནས་གསལ་བསྒྲགས་བྱས། སྤེན་པ་ཚེ་རིང་དཀར་འདོན་ཐུབ། བཀའ་ཤག་སླ་པོ་ཆགས། མང་ཚོགས་ནས་ངོ་རྒོལ་ཞུ་འབོད་བྱས། མདོར་བསྡུས་ན་འདི་འདྲ་ཞིག་རེད། ད་མཇུག་བསྒྲིལ་བ་རེད། ཕྲུ་གུ་ཆུང་ཆུང་ཚོ་ད་འདི་འདྲ་རེད། སྙན་པོ་འདུག་གམ། ད་དུང་དེའི་རྗེས་ལ་འཁྲབ་ཚན་མང་པོ་ཡོད་ཀྱི་རེད་ཨ།།

གསར་འགྱུར།

Post navigation

Previous Post: སྐར་མ་རི་བྱི། (ཚན་པ་གཉིས)
Next Post: ༄།།མཁའ་སྤྱོད་སྤྲུལ་བའི་ཕོ་བྲང་དཔལ་འབྲས་མོ་ལྗོངས་ཀྱི་སྣོད་བཅུད།

Comments (16) on “བློ་སེང་དང་སྤེན་ཚེའི་གདོང་ཐུག་གི་རྒྱབ་ལྗོངས།”

  1. དགེ་འདུན་རྒྱ་མཚོ། says:
    2017-12-02 at 10:42 pm

    དཔྱད་རྩོམ་འདྲ་ཞིག་བྲིས་བྱ།།
    ཟིན་ཐོ་འདྲ་ཞིག་བྲིས་བྱ།།
    བྱིས་སྒྲུང་འདྲ་ཞིག་བྲིས་བྱ།།
    ཉིན་ཐོ་འདྲ་ཞིག་བྲིས་བྱ།།

    གསར་རྩོམ་སྣ་ཁ་དགུ་འཛོམས།།
    རྩོམ་རིགས་གང་གི་ཁོངས་མིན།།
    བཀླགས་ཟིན་རང་གི་མྱོང་བྱང་།།
    མ་གསང་དྲང་མོར་ཞུས་ཡོད།།

  2. བདེན་པའི་རྒྱབ་ལངས། says:
    2017-12-03 at 2:34 am

    གདོང་ཐུག་གི་རྒྱབ་ལྗོངས། ཞེས་པའི་རིན་ཐང་ཡོད་པའི་དཔྱད་རྩོམ་འདི་འདྲ་ཞིག་འགོད་སྤེལ་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་དེ་ནི་གཅིག་ལ་ཕྱོགས་པ་དང་། གཅིག་ཤོས་དེར་སྡང་བ་དེ་འདྲ་རྩ་བ་ནས་ཞུ་ཡི་མེད་གནས་ཚུལ་ཇི་ཡིན་གསལ་ཁ་དགོས་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་དུ་མཐོང་གི་ཡོད་པས་སོ། ང་ཚོས་ངེས་པར་དུ་གནད་དོན་དབྱེ་ཞིབ་བྱེད་རྒྱུ་དེར་དུས་ཚོད་འདང་ངེས་ཞིག་དགོས་པ་ཡིན།

  3. ཀརྡོ་རབ་འབྱམས་པ་ says:
    2017-12-03 at 2:59 am

    ་་་་་་་་ སྤེན་པ་ཚེ་རིང་གིས་ཤར་གླིང་ཟླ་སྒྲོན་ལ་བཤད་པའི་སྙིང་གཏམ་དེ་ཟླ་སྒྲོན་གྱིས་རང་ཉིད་ཀྱི་རྐུབ་སྟེགས་ཆེད་དུ་བེད་སྤྱོད་བཏང་བ་དེ་བློ་སེང་གིས་ཕར་རང་འཇགས་བེད་སྤྱོད་བཏང་ནས་སྤེན་པ་ཚེ་རིང་དང་ཟླ་སྒྲོན་གཉིས་ཀ་རྩོད་རྙོག་ཡོད་མཁན་ཞིག་ཏུ་བཟོས་པ་རེད། ་་་་་་་་་་
    ་་་་་་་་་་་་སྙན་སེང་ཞུས་ཏེ་ཁོང་གཉིས་ནས་ཕར་ཞུ་ཚུར་ཞུ་བྱས་ནས་དུས་ཡུན་གང་ཙམ་ཕྱིན། ༸གོང་ས་མཆོག་རིམ་པས་རྩོད་རྙོག་རིང་པོ་དེར་ཐུགས་བསུན་ཙམ་བྱུང་ཡོད་ཚོད། སྐབས་ཤིག་སྤེན་པ་ཚེ་རིང་ལ་ད་ང་ཁྱེད་རང་གཉིས་ཀྱི་ཐག་ཆོད་རྒྱུ་མེད་པའི་རྙོག་དྲ་དེ་ཉན་འདོད་མི་འདུག་ཅེས་གསུངས་པར་སྤེན་ཚེའི་ངོས་ནས་དེ་ནས་བཟུང་སྙན་སེང་གང་ཡང་མ་ཞུས། ་་་་་་་་་་
    ་་་་་་་་་ བཀའ་ཤག་གསུང་ཤུགས་ཆུང་དུ་ཕྱིན། སྤེན་ཚེའི་རྒྱབ་ཀྱི་གནད་ཡོད་ཅན་འགའ་ཤས་ནས་མཉམ་རུམ་ཐོག་ཨ་སྐོར་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ཟེར་ནས་ཤུགས་ཆེར་བཏང་བས་བཀའ་ཤག་ཚ་གི་ཚི་གི་ཆགས། ་་་་་་་་
    སྙན་པོ་འདུག སྙན་ཤོས་དེ་དག་ངས་ཟུར་བཀོལ་བྱས་ཡོད། གང་ཡན་ཟེར་ན། མི་ཚང་མ་ལ་ཀློག་ཁོམས་དུས་ཚོད་ང་ལ་ཡོད་པ་ནང་བཞིན་ཡོད་བགྱིད་མ་རེད།། །།

  4. ལྟད་མོ་བ། says:
    2017-12-03 at 10:49 am

    ༼ངའི་མཆན་འདི་གཞན་ཞིག་ལ་སྤེལ་ཟིན་མོད། འདིའི་འགོ་བརྗོད་དང་འབྲེལ་འདུག་པས་སླར་ཡང་འདིར་བཀོད་པ་ཡིན། ༽
    དྲང་མོ་མི་དགོས་གཡོ་སྒྱུ་དགོས་པའི་སྤྱི་ཚོགས།

    བློ་བཟང་སེང་གེའི་གཡོ་ཇུས།
    བློ་སེང་ནི་གཡོ་ཇུས་ལ་བྱང་ཆ་ལྡན་པ་ཞིག་ཡིན་པ་ནི་འདས་པའི་བྱ་སྤྱོད་དང་ད་ལྟའི་ལས་སྟངས་ནས་གསལ་བོ་ཤེས་ཐུབ། འོན་ཀྱང་། ཆོལ་ཞེན་པ་དང་ཆུ་སྣ་གར་ཁྲིད་ཀྱི་བླུན་པོ་དག་ལ་གསལ་འདོན་མ་བྱས་ན། ཆོལ་ཞེན་པ་རྣམས་འཁྲུས་ནད་ཅན་ལ་དུང་དཀར་སེར་སྣང་གི་དཔེ་ལྟར་གྱུར་ཡོད་ལ། བླུན་པོ་རྣམས་བླངས་དོར་འབྱེད་པའི་ནུས་པ་མེད་པར་གཡོ་སྒྱུ་དང་ཁ་ཤུགས་གང་ཆེ་བ་དེའི་རྗེས་སུ་འབྲེང་ནས་འགྲོ་བཞིན་ཡོད། དེས་ན་བློ་སེང་གིས་གཡོ་སྒྱུ་ཇི་ལྟར་འཁྲབ་ཡོད་ཅེ་ན། གཞིས་བྱེས་གཉིས་ཀྱི་བོད་མི་མང་ཆེ་པའི་མངོན་འདོད་གཙོ་བོ་ཞིག་༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ཡིན་པ་གསལ་བོ་རེད། བློ་སེང་གིས་དེ་བེད་སྤྱོད་བཏང་ཚེ་རང་ལ་རྒྱལ་ཁ་ཐོབ་རྒྱུར་རེ་བ་ཆེན་པོ་རྒྱབ་ནས་དེ་ལྟར་འུར་བརྒྱབ་ཅིང་། དེ་ལྟར་འུར་རྒྱབ་པས་གཞིས་ཆགས་ཀྱི་སྤོ་ལགས་སྨོ་ལགས་རྣམས་དང་བླང་དོར་འབྱེད་མི་ཤེས་པའི་བླུན་པོ་རྣམས་མགོ་རྨོངས་པ་དང་། ཆོལ་ཞེན་པ་རྣམས་ཀྱི་ཞེན་ཁོག་ལ་བརྟེན་ནས་ཁོ་ལ་རྒྱལ་ཁ་ཐོབ་པ་རེད། འོ་ན། ༧ གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་མི་མང་གི་མངོན་འདོད་ཡིན་ན། དེ་ལྟར་ལབ་པ་དེས་མི་མང་ལ་མགོ་སྐོར་བཏང་བར་ཇི་ལྟར་འགྱུར་ཞེ་ན། དེ་ནི་ལས་སླ་པོས་ཤེས་ཐུབ་པ་ཞིག་རེད། བློ་སེང་ལ་རྐུབ་སྟེགས་ཐོབ་པའི་རྗེས་སུ་ཁོང་གིས་དེའི་ཐད་དུ་འབད་རྩོལ་བྱས་མེད་པ་མ་ཟད། དམིགས་བསལ་སྐུ་ཚབ་ལ་དགོངས་པ་སྤྲད་རྗེས་སྐུ་ཚབ་གསར་བ་བསྐོ་བཞག་ཀྱང་བྱས་མེད། སྲིད་སྐྱོང་གི་མིང་སུ་ཡོད་ཀྱང་དེ་ལ་རྒྱ་ནག་གིས་འབྲེལ་བ་མི་བྱེད་པ་སུས་བལྟས་ཀྱང་ཤེས་ངེས་རེད། དེས་ན་དམིགས་བསལ་སྐུ་ཚབ་བསྐོ་བཞག་མ་བྱས་ན། རྒྱ་ནག་གིས་འབྲེལ་བ་བྱེད་འདོད་ཀྱང་འབྲེལ་བ་བྱེད་ས་མེད་པས་ན། ཁ་ནས་བོད་རྒྱ་འབྲེལ་མོལ་ཇི་ལྟར་བཤད་ཀྱང་འཁྲབ་སྟོན་རང་རེད། དེས་ན་ཁོའི་འུར་བཤད་དེ་མགོ་སྐོར་ཡིན་པ་ཤེས་ཐབ་ངེས་ཤིག་རེད། ད་དུང་དོགས་པ་ཆེན་པོ་ཞིག་ལ། བོད་རྒྱ་འབྲེལ་མོལ་ལ་འབད་རྩོལ་མི་བྱེད་པར་བལྟས་ན། ཁོས་ཁ་ནས་དབུ་མའི་ལམ་ཟེར་བཞིན་དོན་ངོ་མ་ལ་རང་བཙན་གྱི་ལྟ་བ་འཁུར་ནས་ལས་ཀ བྱེད་ཀྱི་ཡོད་པའི་ཚོར་སྣང་འདུག
    དེ་ནས་སྐབས་གཉིས་པའི་འོས་བསྡུའི་སྐབས་སུའང་ཧམ་པ་དང་སྐྱག་རྫུན་ཚོད་མེད་བཤད་པར་བརྟེན་ ༧ གོང་ས་མཆོག་ནས་ཀྱང་ཕོ་བྲང་ནང་ནས་ཁོའི་ཐོད་པར་ཕྱག་འཛུབ་བཙུགས་ནས་ཁྱོད་ཧམ་པ་ཚ་བོ་འདུག་ལ། ཧམ་བ་བཤད་ཀྱིན་བཤད་ཀྱིན་སྐྱག་རྫུན་ཡང་བཤད་ཀྱིན་འདུག་ཅེས་བཀའ་བཀྱོན་གནང་དགོས་བྱུང་བ་རེད།
    གཟི་བརྗིད་ཁོག་སྟོང་གི་ཆོ་ལོ་ཡང་དེའི་སྔ་གཞུག་ཏུ་ཐོབ་པ་རེད།
    དེས་ན་ད་རེས་ཀྱི་དོན་གཅོད་འཕོ་འགྱུར་དེ་ཇི་ལྟར་བྱུང་ངམ་ཞེ་ན། དེ་ལ་གནད་དོན་དུ་མ་ཞིག་ཡོད་པ་ལས་ཁ་ཤས་འདིར་འགོད་ན། ༡༽ འོས་བསྡུ་སྐབས་ཀྱི་འཁོན་སེམས་དེ་རེད། འོས་བསྡུའི་སྐབས་སུ་ཁོང་གི་སྐྱོན་ཆ་མང་པོ་ཞིག་ལྷང་ལ་བུད་པར་བརྟེན། ཁོང་གི་ཆེས་མཐོང་ལ་གནོད་པ་ཆེན་པོ་ཐེབས་ཡོད། དེའི་དབང་གིས་ཁོ་རང་སྤེན་པ་ཚེ་རིང་ལ་འཁོན་སེམས་ཡོོད་པ་བཤད་མ་དགོས་པ་ཤིག་རེད། ༢༽ སྐབས་རྗེས་མའི་སྲིད་སྐྱོང་རེད། སྐབས་རྗེས་མའི་སྲིད་སྐྱོང་འོས་མིར་སྤེན་པ་ཚེ་རིང་འགྲོ་རྒྱུར་ད་ལྟ་ནས་འགོ་གནོན་ཐབས་བྱེད་ཀྱིན་་ཡོད། དེ་ནི་བོད་སྤྱི་ལ་མི་བསམ་པར་ཆོལ་ཁ་ལ་ཞེན་ཁོག་ཆེ་བའི་ཁམས་པའི་མི་རབས་རྒན་པ་འགས་སློབ་སྟོན་བྱས་པ་དེ་ཉིད་ལག་བསྟར་བྱེད་འགོ་ཚུགས་པ་རེད།
    ༣༽ ཆོས་དོན་བཀའ་བློན་གྱི་ཁ་ནས་ཐོན་པའི་བྱ་སྤུ་ནོན་ཟེར་བ་དེ་རེད། དེ་ནི་གཙོ་བོ་བློ་སེང་ལ་ངོ་དགའ་སྤྲེལ་ལེད་མ་འཁྲབ་པ་དེར་ཐུག་ཡོད། བློ་སེང་ངོ་དགའ་སྤྲེལ་ལེད་ལ་ཧ་ཅང་དགའ་བོ་ཡོད་པ་དང་། རྐུབ་སྟེགས་རྩོད་མཁན་ཞིག་ཡིན་པ་སྲིད་སྐྱོང་སྔ་མའི་སྐབས་ནས་ཚང་མས་ཤེས་གསལ་རེད།
    ༤༽ ས་ཡ་གཅིག་དང་ཕྱེད་ཀ་དེ་རེད། ཁྲིམས་འགལ་ཐོག་ནས་དོན་གཅོད་ཁང་པ་ཉོས་པ་རེད། དེ་ནི་ཕུགས་རྒྱང་རིང་པོའི་ལས་ཀ་ཅིག་གཏན་ནས་མ་རེད། སྤྱིར་བློ་སེང་འདི་སྐད་ཆ་བཤད་ནའང་གནས་སྐབས་དེར་མི་ལ་མགོ་སྐོར་ཇི་ལྟར་གཏོང་ཐུབ་ན་དེ་ལྟར་གཏོང་རྒྱུ་མ་གཏོགས། ལྕིད་ཁོག་ཡོད་པ་དང་ཕུགས་རྒྱང་རིང་པོར་ཕན་པའི་སྐད་ཆ་བཤད་མི་ཤེས། ལས་ཀ་ཡིན་ནའང་འཕྲལ་སེལ་ཙམ་མ་གཏོགས་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་བྱེད་མཁན་ཞིག་མ་རེད། དེའི་རྐྱེན་གྱིས་ས་ཡ་གཅིག་དང་ཕྱེད་ཀ་དེ་ཡང་འཕྲལ་སེལ་ཙམ་ལ་བསམ་བློ་བཏང་ནས་བྱས་ཡོད། འདིས་མ་འོངས་པར་སྐྱབས་བཅོལ་གཞུང་ལ་ཉེན་ཁ་བཟོས་པ་རེད།
    དེ་ལྟ་བུ་མང་བས་ཚང་མ་བྲིས་ན་རྫོགས་རྒྱུ་མེད་པས་ད་རེས་དེ་ཙམ་གྱིས་ཆོག་པར་བྱ།

    ཤར་གླིང་ཟླ་སྒྲོན་གྱི་འདོད་རྔམ།
    ཤར་གླིང་ཟླ་སྒྲོན་ནི་འདོད་རྔམ་ཧ་ཅང་ཆེན་པོ་ཅན་ཞིག་རེད། མོ་རང་ལ་སྤྱི་འཐུས་འོས་ཤོག་མཐོ་ཤས་ཐོབ་པ་རེད། སྤྱི་འཐུས་ནས་ལས་ཀ་བྱས་ཚེ་ཚོགས་གཙོ་གཞོན་གང་རུང་གི་གོ་གནས་གང་མགྱོག་ཐོབ་པའི་རེ་བ་ཡོད་པ་རེད། དེ་ནས་རིམ་གྱིས་བཀའ་བློན་དང་སྲིད་སྐྱོང་ལ་འགྲོ་བའི་ལམ་ཁ་དང་རེ་བ་ཡང་ཡོད་པ་རེད། འོན་ཀྱང་། གོ་གནས་ལ་རྔམ་གྲགས་ནས་བློ་སེང་ལ་སྲིད་སྐྱོང་རྒྱལ་ཁ་ཐོབ་ས་རེད་སྙམ་པའི་སྐབས་ནས་བཟུང་སྟེ། སྔོན་ཆད་བློ་སེང་ལ་སྐྱོན་བརྗོད་བྱས་པ་ཡང་རྦད་དེ་གཡུག་ནས་བློ་སེང་ཕྱོགས་ལ་མིག་བཙུམ་ནས་རྒྱུགས་སོང་བ་རེད། དེ་ནས་བློ་སེང་གིས་ཚབ་ཚུབ་ངང་མོ་རང་བཀའ་བློན་འོས་མི་ལ་འདེམས་ཀྱང་། གྲོས་ཚོགས་ནས་དགག་བྱ་བྱས་ཏེ་མ་ཐོབ་པ་རེད། མི་མང་གིས་དེ་ནི་མོ་རང་ལ་བཀའ་བློན་ཐོབ་ཆེད་མོའི་རང་ལོ་གསང་བ་བྱས་པར་ངོས་འཛིན་བྱས་ཏེ། མོ་ལ་ཡིད་ཆེས་བྱེད་མཁན་ཉུང་དུ་སོང་། འདི་ནི་བློ་སེང་དང་ཟླ་སྒྲོན་གཉིས་ཀྱི་བྲེལ་ཚུབ་ངང་ནས་འཁྲབ་པའི་འཁྲབ་སྟོན་ལམ་ལྷོང་མ་བྱུང་བ་དང་། ཟླ་སྒྲོན་གྱི་འདོད་རྔམ་གཅིག་ཕྱིར་ཐོན་པ་རེད།
    དེ་ནས་ཟླ་སྒྲོན་གྱིས་སྐབས་རྗེས་མའི་སྲིད་སྐྱོང་ལ་དམིགས་ཏེ་ཆབ་སྲིད་ནག་པོ་ཞིག་འཁྲབ་ཁུལ་བྱས་པ་རེད། དེ་ནི་སྤེན་ཚེ་ནག་པོ་བཟོས་ནས་མ་འོངས་པའི་འོས་བསྡུའི་འགྲན་རྩོད་ནང་སྤེན་ཚེའི་རྒྱབ་སྐྱོར་བ་ཉུང་དུ་གཏོང་འདོད་པ་དེ་རེད། དེའི་ཆེད་དུ་བློ་སྤེན་གཉིས་ཀྱི་བར་ལ་དབྱེན་སྦྱོར་བྱས་པ་དེ་རེད། ཆབ་སྲིད་ནག་པོ་དེས་སྤེན་ཚེ་དང་བློ་སེང་གཉིས་མ་ཟད། མོ་རང་ཡང་གླེང་སྙོགས་ཅན་བཟོས་པ་རེད། འདི་ནི་ཟླ་སྒྲོན་གྱི་འདོད་རྔམ་གཉིས་པ་དེ་ཕྱིར་བུད་པ་རེད། ད་དུང་འདོད་རྔམ་གསུམ་པ་དང་བཞི་པ་རིམ་པར་འཐོན་ཉེན་ཡོད།

    སྤེན་པ་ཚེ་རིང་གི་ཆབ་སྲིད།
    སྐབས་འདིའི་སྲིད་སྐྱོང་འོས་བསྡུ་སྐབས་སྤེན་ཚེ་ལ་རྒྱབ་སྐྱོར་བ་མང་པོ་ཡོད་པར་བརྟེན་ནས་བློ་སེང་འཚུབ་ཆ་ལངས་ཏེ་གཡོ་སྒྱུ་དང་ཧམ་རྫུན་ཚད་ལས་བརྒལ་བ་བྱས་ཀྱང་། སྤེན་ཚེས་རང་གིས་ལག་ལེན་ལ་འཁེལ་ཐུབ་པའི་རིགས་ལ་ཐབས་ཇུས་དང་བསམ་ཚུལ་བཤད་པ་ཙམ་ལས། རང་མི་ཐུབ་པ་ཞིག་ལ་ངའི་བྱེད་ཐུབ་མདོག་མདོག་དང་། རང་གི་བྱས་རྗེས་མིན་པ་ལ་ངའི་བྱས་རྗེས་ཡིན་མདོག་མདོག་གི་གཡོ་སྒྱུ་མ་འཁྲབ་པར་བརྟེན། འོས་བསྡུའི་ཁྲོད་ཕམ་པ་རེད། འདི་ནི་སྤེན་ཚེའི་ཆབ་སྲིད་རེད། ད་ཐེངས་ཨ་རིའི་དོན་གཅོད་སྐབས་ཀྱང་ཕུགས་རྒྱང་རིང་པོ་ལ་བསམ་བློ་བཏང་ནས་རྩིས་དང་གང་ཐད་ནས་གཙང་མ་དགོས་པར་ཤེས་པའི་ཐོག་ནས་ས་ཡ་གཅིག་དང་ཕྱེད་ཀ་རྩད་གཅོད་བྱས་པས། བློ་སེང་གི་བློ་སྣ་ཐུང་བའི་(ཆོས་ཕྱོགས་ནས་བཤད་ན་ལོག་འཚོ་) ཁྲིམས་འགལ་གྱི་བྱ་བ་དེ་ཕྱིར་ཐོན་ཡོང་བས། བློ་སེང་ལ་དངངས་སྐྲག་ལངས་ནས་དོན་གཅོད་འཕོ་འགྱུར་བཏང་ནས་སྤེན་ཚེའི་ལས་གནས་ཤོར་བ་རེད། འདི་ཡང་སྤེན་ཚེའི་ཆབ་སྲིད་རེད། མདོར་ན། དྲང་བདེན་ཆབ་སྲིད་ཕམ་སོང་བ་དང་། གཡོ་སྒྱུ་ཅན་གྱི་ཆབ་སྲིད་རྒྱལ་སོང་བ་རེད།
    སྤེན་ཚེ་ལགས། དེང་སེང་གཡོ་སྒྱུ་འདྲེས་པའི་ཆབ་སྲིད་རླུང་རྟ་དར་འདུག་པས། ཁྱེད་ཀྱིས་ཀྱང་དེ་ལ་ཅུང་ཙམ་སློབ་དགོས་པ་མིན་ནམ།

  5. ཀརྡོ་རབ་འབྱམས་པ་ says:
    2017-12-03 at 1:47 pm

    ་་་་་་་་་་ ད་དུང་དོགས་པ་ཆེན་པོ་ཞིག་ལ། བོད་རྒྱ་འབྲེལ་མོལ་ལ་འབད་རྩོལ་མི་བྱེད་པར་བལྟས་ན། ཁོས་ཁ་ནས་དབུ་མའི་ལམ་ཟེར་བཞིན་དོན་ངོ་མ་ལ་རང་བཙན་གྱི་ལྟ་བ་འཁུར་ནས་ལས་ཀ བྱེད་ཀྱི་ཡོད་པའི་ཚོར་སྣང་འདུག ་་་་་་་་ ཟེར།

  6. བདེན་དོན་བཤད་མཁན༏ says:
    2017-12-03 at 6:56 pm

    ཡག་པོ་བྲིས་འདུག ཡིན་ན་ཡང་ད་དུང་ཁ་སྣོན་ཁ་ཤས་དགོས་འདུག

  7. མྱི། says:
    2017-12-03 at 8:56 pm

    བོད་སྒྱུར་ཞུ་མཁན། ཕུར་རྡོར།

    བརྩེ་བའི་བོད་རིགས་སྤུན་ཟླ་རྣམ་པ།

    ངས་འཕྲིན་ཡིག་འདི་ཉིད་ཉེ་ཆར་ཁྲོམ་གཞུང་ཁག་ཏུ་སོ་སོའི་བཀའ་ཤག་དང་སྲིད་སྐྱོང་ལ་ངོ་རྒོལ་བྱེད་མཁན་རྣམས་ལ་འབྲི་བཞིན་ཡོད། དེའང་ཁ་གསང་པོ་བགྱིས་ཏེ་ཞུས་ན། ངས་ནི་སོ་སོའི་སྲིད་སྐྱོང་དང་བཀའ་ཤག་ལ་ངོ་རྒོལ་བྱས་པ་དེ་རྦད་དེ་ཞབས་འདྲེན་ཞིག་རེད་འདུག་སྙམ།

    དབུས་བོད་མིའི་སྒྲིག་འཛུགས་ནས་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་ལས་མི་གཅིག་གི་ལས་གནས་ལ་འཕོ་འགྱུར་གྱི་ཐག་གཅོད་གནང་པའི་རྒྱུ་མཚན་གྱིས། ཁྱེད་ཀྱིས་སོ་སོས་ཚད་ལྡན་ངང་ནས་འོས་འདེམས་བྱས་ཏེ་བདམས་པའི་སོ་སོའི་གཞུང་གི་དབུ་ཁྲིད་ལ་རྔམ་སྟོན་ཁྲོམ་སྐོར་གྱིས་ངོ་རྒོལ་བྱེད་གི་ཡིན་ནམ། དངོས་གནས་དེ་ལྟར་བྱེད་གི་ཡིན་ནམ། ཁྱོད་ཚོ་ཅི་མ་ཉན་པ་རེད།

    གལ་ཏེ། ཁྱེད་ཚོས་རྔམ་སྟོན་ཁྲོམ་སྐོར་བྱ་འདོད་ན། ཁྱོད་ཚོ་གཞུང་ཚབ་ཁང་གི་མདུན་ཐང་དུ་འགྲོ་དགོས་ངེས་རེད་ལ། གནས་དེ་རུ་ཁྱོད་ཚོས་སོ་སོའི་རྒྱལ་ཁབ་གཞན་ལག་ཏུ་ཤོར་བའི་དྲིས་ལན་དེ་ཐད་ཀར་རག་ངེས་རེད།

    ངས་བོད་ཡིག་ཀློག་རྒྱུ་དང་བོད་སྐད་མི་ཤེས་ཀྱང་། ངོ་དེབ་སྒང་དུ་བཏང་ཡོད་པའི་པར་རིས་དང་ཡི་གེ་རྣམས་མཐོང་གི་འདུག་ལ། སྐད་འཕྲིན་ཚོགས་པ་བརྒྱ་ཕྲག་ཁ་ཤས་ཀྱི་ནང་དུ་གང་གཏོང་བཞིན་པ་དང་འགྲོ་བཞིན་པ་རྣམས་བོད་པའི་གྲོགས་པོ་རྣམས་བརྒྱུད་ནས་ཤེས་རྟོགས་བྱུང་བ་ལྟར་ན། ང་ནི་ཞེན་པ་ལོག་གི་འདུག བོད་པ་རྣམས་ལ་ཡིད་ཆེས་བརླག་མགོ་ཚུགས་ཀྱི་འདུག

    འདི་ང་རང་སྒེར་དང་འབྲེལ་བ་མེད་ལ། ཐ་ན་ཁྱོད་གཅིག་པུ་ལའང་འབྲེལ་བ་མེད་མོད། ཡིན་ནའང་འདི་ནི་རླབས་ཆེན་གྱི་བོད་པའི་འབྱུང་འགྱུར་གྱི་ཆེད་དུ་ཡིན།

    ཁྱོད་ཚོས་མང་གཙོའི་སྐོར་ལ་ཤེས་ཀྱི་ཡོད་དམ། ༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གསུངས་གནང་པའི་དགོངས་དོན་རྣམས་རྟོགས་ཀྱི་ཡོད་དམ། ཁྱོད་ཚོས་ཐ་ན་བཙན་བྱོལ་བ་ཞིག་བྱས་ཏེ་རྒྱལ་སྤྱིའི་ཆབ་སྲིད་ཁྲོད་དུ་གཞན་གྱིས་བཀའ་ཤག་ལ་ལངས་ཕྱོགས་འཛིན་སྟངས་ཀྱི་ཐད་ནས་དཀའ་ངལ་ཇི་ལྟར་འཕྲད་བཞིན་ཡོད་པ་ཤེས་ཀྱི་ཡོད་དམ། ཁྱོད་ཚོས་དེ་ལྟར་བྱས་པ་དེས་བོད་པའི་སྤྱི་ཚོགས་དང་། དགོས་སུ་གཞིས་བཞུགས་བོད་མི་རྣམས་ལ་རྨ་ཁ་ཇི་ལྟར་བཟོ་གི་ཡོད་པ་ཤེས་ཀྱི་ཡོད་དམ།

    སྟོབས་ཤུགས་ཅི་ཞིག་གིས་ཁྱོད་ཚོས་འདི་ལྟར་བྱ་ཐུབ་པར་གྱུར་བའི་ཐད་ལ་ང་ནི་ཡ་མཚན་སྐྱེས་བྱུང་། ངའི་རེ་བ་ལ་འདི་ནི་གནས་སྐབས་ཀྱི་ཚོར་བ་ཁོ་ན་ཙམ་ཡིན་པར་ཤོག དེ་ཡིན་ན་དྲག་སྐྱེད་ཡོད་པའི་ནད་གཞི་ཞིག་རེད། གང་ལགས་ཤེ་ན། ཁྱོད་ཚོའི་ལས་སྟངས་དེས་རྒྱབ་ཏུ་ཁུ་སིམ་མེར་བསྡད་ཡོད་པའི་མི་རེ་ཟུང་ཞིག་གི་འདོད་འདུན་སྒྲུབ་བྱེད་དུ་འགྱུར་བཞིན་ཡོད་ལ། ཁུ་སིམ་མེར་བསྡད་ཡོད་པའི་མི་རེ་ཟུང་གིས་ཁྱོད་རང་མིག་སྔུན་དུ་འདོན་འཇུག་གི་ཡོད། དེ་ཤེས་པར་གྱིས།

    ཁྱོད་ཚོས་གང་བྱས་པ་དེ་ནོར་འཁྲུལ་རེད་ཅེས་བཤད་པར། ང་རང་བོད་པ་ཡིན་མི་དགོས་ལ། ང་རང་སངས་རྒྱས་ཆོས་ལུགས་པ་ཞིག་ཀྱང་ཡིན་མི་དགོས། དངོས་ཡོད་དེ་སྤྱིར་བཏང་བའི་མི་ཞིག་ཡིན་ན་ཤེས་ཀྱི་རེད། དེ་ལ་སློབ་གྲྭ་ཆེན་མོ་ཞིག་ལ་ཕྱིན་ནས་སྤྱང་བ་བྱེད་མི་དགོས། གནད་དོན་དེ་ཁྱབ་ཆེ་ས་ནས་མཁྱེན་པར་མཛོད།

    ཁྱོད་ཚོའི་བྱ་སྤྱོད་དེས་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་མི་ཐུབ་ལ། གཞིས་བཞུགས་སྤུན་ཟླ་རྣམས་ལའང་ཞབས་འདེགས་ཞུ་མི་ནུས། ཁྱོད་ཚོས་ཁོང་ཁྲོ་དང་ཁ་བྲལ་སྐྲུན་གི་ཡོད། ཚང་མས་ནུས་པ་མཉམ་སྤུང་དང་རྡོག་རྩ་ཆིག་སྒྲིལ་བྱ་འོས་པའི་དུས་སྐབས་འདིར། ནང་ཁུལ་ནས་ཁ་བྲལ་གཏོང་རེས་བྱས་པ་དེ་ནི་རྫབ་ཆེན་གྱི་ནོར་འཁྲུལ་ཅན་ཞིག་རེད། དེ་ལྟ་བས་ན། ཁྱོད་ཚོས་སུ་ཞིག་གི་ཆེད་དུ་ཞབས་འདེགས་ཞུ་ཡི་ཡོད།

    ངའི་རེ་བ་ལ། གླེན་གོག་གི་ལས་འགུལ་དུ་དངོན་སུ་འཇུག་མཁན་དང་། དངོས་སུ་མ་ཞུགས་ཀྱང་འབྲེལ་བ་ཡོད་པའི་མི་ཡོད་དོ་ཅོག་གིས་ངའི་རྩོམ་ཐུང་འདི་བཀླག་པའི་རེ་བ་ཡོད།

    སྐུ་མཁྱེན། ལས་འགུལ་དེ་མཚམས་འཇོག་གནང་རོགས། བྱམས་སྙིང་རྗེ་དང་ཞི་བདེའི་ངང་ནས་མཐུན་སྒྲིལ་དང་རྡོག་རྩ་ཆིག་སྒྲིལ་གྱི་ལས་ལ་རྩོན་པར་གནོངས། མི་གཅིག་ནང་བཞིན། འཛམ་གླིང་འདིར་ཡོད་པའི་བོད་མི་ཚང་མས་མི་རིགས་རྩ་བརླག་གི་སྡུག་སྦྱོང་མྱོང་གིན་ཡོད། ཚང་མས་གཅིག་ནང་བཞིན་བྱེད་རོགས།

    ངའི་སེམས་པ་འདི་དུས་ནམ་ཡང་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱི་ཕྱོགས་སུ་ཡོད། དུས་རྒྱུན་དབང་སྒྱུར་པའི་འོག་ནས་ཞེད་སྣང་དང་སྡུག་སྦྱོང་ཚད་མེད་མྱོང་བཞིན་པའི་བོད་མི་རྣམས་དང་ལྷན་དུ་ཡོད།

    དངོས་གནས་ཡིན། ཁྱེད་ཚོས་སོ་སོའི་བྱས་ཉེས་དེ་ངོ་ཚ་ཡིན་པ་ཧ་གོ་དགོས་ལ། ངའི་རེ་བ་ལ་ཁྱོད་ཚོས་ཐུགས་བསམ་ལེགས་པོ་བཞེས་ནས། རང་ཉིད་རང་ལ་གནོང་མི་དགོས་པའི་བདེན་པའི་ལམ་བུ་ཞིག་རྙེད་ནས་རང་སེམས་དངོས་ཀྱི་རྗེས་སུ་འབྲང་བར་བྱ་བ་དང་། སོ་སོ་སུ་ཡིན་པ་དང་། སུ་ལ་ཞབས་འདེགས་ཞུ་འོས་མིན་དེ་ཤེས་པར་མཛོད། །

    ཞི་བདེ་དང་བྱམས་བརྩེས་སྐྱོང་པར་མཛོད། བོད་རང་བཙན།

    ༼མཆན། ཡོངས་གྲགས་ཀྱི་འཕྲིན་ཡིག་འདི་འབྲི་མཁན་ནི་དགུང་ལོ་54 སོན་པའི་འཇར་མེ་ནན་Germanyནས་ཡིན་པའི་བུད་མེད་ཨཱ་བེ་ལན་ ཕེ་ཋ་སེ་ཁི་Evelin Ptassekལགས་ཀྱིས་བྲིས་པ་ཞིག་རེད་འདུག

  8. མྱྀ་ནག says:
    2017-12-03 at 11:12 pm

    མང་གཙོའི་སྤྱི་ཚོགས་ནང་དུ་རུལ་སུངས་ཀྱི་དབུ་ཁྲིད་ལ་ངོ་རྒོལ་བྱེད་རྒྱུ་དེ་ནི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་བླ་ན་མེད་པ་དེ་ཡིན་མོད། གལ་ཏེ་དེ་ལྟ་མིན་པར་འདི་ནི་སྐྱུག་བྲོ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་ན། ག་འདྲ་ཞིག་ལ་མང་གཙོའི་ཁེ་དབང་ཟེར་བ་རེད་འགྲེལ་བཤད་ཅིག་སྐྱོན་རོགས།

  9. ཁམས་རི་བོ་ཆེ། says:
    2017-12-04 at 12:23 am

    ད་ནི་བོད་དུ་མང་གཙོ་དར་བའི་བྱུང་རབས་ནང་བྱུང་མ་མྱོང་བའི་དུས་འགྱུར་ཆེན་པོ་ཞིག་ཡོང་རྒྱུ་རེད། འདི་ནི་བློ་བཟང་སེང་གེ་དང་། ཤར་གླིང་ཟླ་སྒྲོན། དབུ་དཀར་ཚང་སྐལ་རྡོར། གཡུ་ཐོག་ཀརྨ་དགེ་ལེགས་སོགས་དངུལ་དང་དབང་མཐོང་ན་ཡོད་ཚད་བརྗེད་འགྲོ་མཁན་ཚོས་སྣ་དྲངས་ཡོང་བའི་སྡུག་འབྲས་རེད། བོད་འབངས་ཉེས་མེད་ཉམས་ཆུང་ཚོ་སྙིང་རེ་བརྗེ།

  10. གཡུ་སྒང་དགེ་འདུན། says:
    2017-12-04 at 4:06 am

    སྤེན་ཚེའི་བྱས་ཉེས་ ༩ པ་ཁྱེད་རང་སྲིད་སྐྱོང་མཉམ་དུ་ལས་ཀ་བྱས་ན་ཁྱེད་རང་གི་མདུན་ལམ་ལ་དོ་ཕོག་འགྲོ་ངེས་ཞེས་པ་དེ་བདེན་པ་ཡིན་ན། ཚོགས་ཟུར་སྤེན་ཚེས་མོ་ལ་མ་འོངས་ལུང་བསྟན་ཧ་ལས་པ་ཞིག་གནང་འདུག སྲིད་སྐྱོང་དང་ཚོགས་ཟུར་གཉིས་ཀྱི་དབྱེན་མོ་ཆགས་པ་དེས་ཐ་ན་རང་གི་ཆོལ་ཁས་ཀྱང་ཡིད་ཆེས་མི་ཐུབ་པ་ཆགས་པ་རེད། སྙིང་རྗེ།

  11. ལྟད་མོ་བ། says:
    2017-12-04 at 7:43 am

    Garmeny ཡིན་པའི་བུད་མེད་དེས་བོད་ལ་སེམས་ཁུར་བྱས་པར་རྗེས་སུ་ཡིད་རང་ཡོད། འོན་ཀྱང་ད་ཐེངས་ཀྱི་རྙོགས་གླེང་དེའི་བྱུང་རིམ་མ་ཤེས་ནས་བྲིས་ན་བཤད་ཡ་མེད། ཤེས་ནས་བྲིས་ན་དེ་ཙམ་ཞིག་རེད་སྙམ། བོད་མི་སྐྱབས་བཅོལ་བའི་མང་གཙོ་དེ། ཞྭ་མོ་རླུང་གིས་འཁུར་ནའང་འཛུམ་དམུལ་དམུལ། ལྷམ་འགོ་ཆུ་ཡིས་འཁུར་ནའང་འཛུམ་དམུལ་དམུལ་ཟེར་པ་ལྟ་བུ་ཞིག་ཡིན་དགོས་མདོག་མདོག་ཡིན་རྒྱུ་མ་རེད།
    དངོས་ནས་བྱས་ན། བོད་དོན་དུ་ཕྱག་ལས་གནང་བཞིན་པའི་ཨ་རི་བས་བློ་སེང་གི་བྱེད་སྟངས་དེ་ནོར་འཁྲུལ་ཅན་དུ་ངོས་འཛིན་བྱས་ཡོད་པ་དེ་རེད།

  12. སྤྱང་ཤོག says:
    2017-12-04 at 11:23 am

    ངས་ལྟས་ན། བློ་བཟང་སེངྒེ་བཀའ་ཤག་ལ་སྐུ་ངོས་སྤེན་ཚེའི་ཆ་གཞི་ལྡན་པའི་ཕྱི་ནང་གསང་གསུམ་གྱི་འཇབ་རྒོར་བྱས་ནས་མཐར་ལག་པ་འཆང་ས་ཨ་རིས་བོད་ཀྱི་ཐེམ་རྩ་ཁང་དང་འབྲེལ་བའི་རོགས་དངུལ་ས་ཡ་གཅིག་དང་ཕྱེད་ཀའི་བློ་སང་གི་ལྐོག་ཟ་བྱས་འདུག་བསམ་ནས་སྲིད་གཞུང་མགོ་རྟིང་སློག་པའི་ལས་འགུལ་ཞིག་ལམ་འགྲོ་མ་རྒྱུག་པ་ཙམ་རེད།

  13. རྣམ་རྒྱལ་ཉི་མ། says:
    2017-12-05 at 1:17 am

    རྩོད་རྙོག་འདིའི་རྒྱབ་ལྗོངས་འདི་འདྲ་ཞིག་ཡིན་པ་གཞི་ནས་ཤེས་སོང་། མདོར་བསྡུས་ན་རྩོད་རྙོག་འདིའི་རྒྱབ་ན་མི་མངོན་པའི་མི་མང་པོ་ཞིག་ཡོད་པ་དང་། མི་དེ་དག་ལ་དམིགས་ཡུལ་དང་འཆར་གཞི་ཡང་མང་པོ་ཡོད་པ་རྟོགས་ཐུབ།

  14. རྒྱ་ཞིང་མྱི་དཀར། says:
    2017-12-06 at 2:18 am

    རིན་ཐང་ལྡན་པ་ཞིག་བྲིས་གནང་འདུག་ཐུགས་རྗེ་ཆེ།

  15. ཀརྡོ་རབ་འབྱམས་པ་ says:
    2017-12-08 at 10:01 pm

    སྤྱི་ཟླ་ ༡༢ པའི་ཚེས་ ༨ ལ་སྲིད་སྐྱོང་གི་ཕེབས་བསུ་སྟངས།
    https://www.facebook.com/lob.ga.3/videos/1108527679284300/?hc_ref=ARSj7KiSqd2BlOVL44p_6r48LnuB93xId0D9iv-gdiYOozhzJlTpvNRYO1KJgrm4tMA

  16. ཀརྡོ་རབ་འབྱམས་པ་ says:
    2017-12-08 at 10:08 pm

    སྤྱི་ཟླ་ ༡༢ པའི་ཚེས་ ༨ ལ་སྲིད་སྐྱོང་གི་ཕེབས་བསུ་སྟངས། བརྙན་པར་གཞན་ཞིག་ནི།
    https://www.facebook.com/119306658803462/videos/168194847247976/?hc_ref=ARTSHUV7zw-Y6qL4qWqNFHMLUq_NGV9KMWlGYQ_ihI6irrO0WL5bMu_292cPF-jcaRk

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme