Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་མ་ཨ་ཁྱུག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་གྱི་རྗེས་དྲན་དད་པའི་ཆུ་རྒྱུན།

Posted on 2012-07-122012-07-12 By ཁ་བརྡ་ 10 Comments on བླ་མ་ཨ་ཁྱུག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་གྱི་རྗེས་དྲན་དད་པའི་ཆུ་རྒྱུན།

ཤིང་རྟ།

མ་འདྲིས་འགྲོ་བའི་མཛའ་བཤེས་དྲིན་ཆེན་གྱི་བླ་མས།།
ཕྲ་རགས་ཆོས་ཀྱི་གནས་ལུགས་རྗེན་པ་རུ་གཟིགས་ནས།།
ཟབ་དགུ་ལེགས་བཤད་དད་ལྡན་བགོ་སྐལ་དུ་སྩོལ་མཁན།།
གྲུབ་དབང་ལུང་རྟོགས་རྒྱལ་མཚན་སྙིང་དབུས་ནས་དྲན་ནོ།།

དྲི་མེད་ཐུབ་བསྟན་ཡང་སྙིང་ངེས་གསང་གི་གྲུ་ཆར།།
སྐལ་བཟང་གདུལ་བྱའི་ཡིད་ཀྱི་ཞིང་ས་རུ་ཕབས་པས།།
ཉམས་རྟོགས་འབྲས་བཟང་སྨིན་པའི་དམར་སེར་གྱི་འདུས་སྡེ།།
ས་ཆེན་འགེངས་པའི་མཛད་རྗེས་སྙིང་དབུས་ནས་དྲན་ནོ།།

ཤེས་བྱའི་དེ་ཉིད་རྟོགས་པའི་མཁྱེན་རབ་དེ་རྒྱས་པས།།
མདོ་སྔགས་ཆོས་ཚུལ་འཆད་ལ་ཆགས་ཐོགས་རང་མི་མངའ།།
རབ་འབྱམས་ཤེས་བྱའི་ཟབ་གནད་ཇི་བཞིན་དུ་གཟིགས་ཤིང་།།
ཉོན་མོངས་རང་སར་ཟད་པའི་བཤེས་གཉེན་དེ་དྲན་བྱུང་།།

ཕྱི་ལྟར་བཙུན་པའི་བརྟུལ་ཞུགས་འདུལ་འཛིན་གྱི་རྒྱལ་པོ།།
ནང་ལྟར་རང་དོན་བྲལ་བའི་རྒྱལ་སྲས་ཀྱི་སྤྱོད་པ།།
གསང་བ་རིམ་གཉིས་ལམ་ལ་མངའ་དབང་རང་འབྱོར་བའི།།
སུམ་ལྡན་རྡོ་རྗེ་འཛིན་པ་སྙིང་དབུས་ནས་དྲན་ནོ།།

མཚན་ལྡན་བླ་མའི་བྱིན་རླབས་འོད་ཕུང་དེ་འཁྲིགས་པས།།
དམ་ལྡན་སློམ་མར་དངོས་གྲུབ་རྣམ་གཉིས་དེ་གཏམས་སོང་།།
ལས་ཅན་བུ་སློབ་ཚོགས་ཀྱི་སྐལ་བཟང་དེ་བསམ་ན།།
དད་པའི་འཆི་མ་མི་འཆོར་རང་དབང་ཞིག་མི་འདུག།

བྱམས་དང་སྙིང་རྗེའི་མངའ་བདག་དྲིན་ཅན་གྱི་བླ་མའི།།
གསང་གསུམ་སྐྱེ་འགག་སྤྲོས་པ་གདོད་མ་ནས་བྲལ་ཡང་།།
བདག་དང་བདག་འདྲའི་བློ་ཅན་ལྷ་ཆོས་ལ་བསྐུལ་ཕྱིར།།
དག་པའི་ཞིང་དུ་བཞུད་པའི་ངང་ཚུལ་འདི་སྐྱོ་བ།།

མཐོང་གྲོལ་སྐུ་ཡི་བཀོད་པ་དག་ཞིང་དུ་བསྡུས་སོང་།།
ཐོས་གྲོལ་གསུང་གི་གདངས་སྙན་མཁའ་དབྱིངས་སུ་ཐིམ་སོང་།།
དྲན་གྲོལ་ཐུགས་ཀྱི་ཡོན་ཏན་ཆོས་སྐུ་དང་འདྲེས་སོང་།།
རིག་གྲོལ་གྲུབ་དབང་བླ་མ་སྙིང་དབུས་ནས་དྲན་ནོ།།

མི་བརྟན་རྣམ་རྟོག་རླུང་གི་རྒྱུ་བ་དང་བསྡོངས་ཏེ།།
དད་དུང་དྲག་པོས་རྗེས་དྲན་ཐོལ་བྱུང་དུ་ཤོར་བས།།
མཐའ་བྲལ་བདེ་བ་ཆེན་པོའི་ཀློང་དཀྱིལ་ནས་བཞེངས་ནས།།
མི་བདེན་སྤྲུལ་པའི་ཟློས་གར་མི་ཡུལ་དུ་འཁྲོབས་ཤོག།།

མ་རིག་མུན་པ་མཐུག་པོའི་དོང་ནང་དུ་ལྷུངས་ཤིང་།།
བདག་འཛིན་ལྕགས་སྒྲོགས་དམ་པོས་ལུས་སེམས་ཀུན་བཅིངས་ནས།།
ཆགས་སྡང་དྲྭ་བར་ཚུད་པའི་ཉམ་ཐག་ངར་གཟིགས་ཏེ།།
བདེ་ཆེན་ཐར་པའི་སྒོ་འཕར་མྱུར་བར་ཉིད་ཕྱེས་མཛོད།།

མཚུངས་མེད་བླ་མ་མཆོག་ཞི་བར་བཞུད་ནས་ལོ་གཅིག་འཁོར་རྗེས་སུ་བྲིས་སོ།།

སྙན་ངག

Post navigation

Previous Post: ཞོགས་པའི་མགྱོགས་བྲིས།
Next Post: བརྩེ་དུང་གི་མཐའ།

Comments (10) on “བླ་མ་ཨ་ཁྱུག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་གྱི་རྗེས་དྲན་དད་པའི་ཆུ་རྒྱུན།”

  1. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-07-12 at 1:48 pm

    མཁན་ཆེན་གྲུབ་དབང་ལུང་རྟོགས་རིན་པོ་ཆེ་རྗེས་སུ་དྲན་པའི་གདུང་དབྱངས་ མཁའ་མཐའི་ཆུ་འཛིན་ནག་པོའི་མིག་ཆུ།
    གྲངས་མེད་བཟོད་དཀའི་རླུང་དམར་དྲག་ཏུ་ལྡང་སྐབས།། དཀའ་སྤྱོད་སྟོང་གི་སྙིང་སྟོབས་ཐུགས་ལ་བཀོད་དེ།། ལྔ་དགུའི་ལོ་ནག་བརྩེགས་མ་ཕྲག་ལ་བསླེབས་ཀྱང་།། སྙིང་སྟོབས་དམ་བཅའི་རི་མོ་ཕོག་ཐུག་མ་བཏང་།། བསྟན་སྲིད་གཤེད་མ་དམར་པོ་ཐད་གར་ལངས་སྐབས།། སྙིང་སྟོབས་བརྒྱ་ཕྲག་དུས་མིའི་གོ་ཆ་བགོས་ཏེ།། བོད་བརྒྱུད་ནང་བསྟན་ཆེན་མོ་སླར་གསོ་བྱས་ཏེ།། བསྟན་པའི་སྒྲོན་མེ་སྤར་བའི་མཛད་བཟང་དྲན་ནོ།། ཕ་གཅིག་འཇིགས་མེད་རྒྱལ་པོའི་ཐུགས་ཀྱི་བུ་ཆེན།། རྟོགས་པའི་གཤོག་རྩལ་རྒྱས་པའི་སྔ་འགྱུར་གདོང་སྲས།། བསྟན་པའི་མཛད་བཟང་སྐྱོང་བའི་སྐྱེ་མཆོག་དམ་པ།། ཞིང་ཁམས་གཞན་ལ་གཤེགས་པའི་སེམས་འདི་སྐྱོ་བ།། ཉེ་བརྒྱུད་བྱིན་རླབས་རྩལ་ཁ་ལྷག་པར་རྣོ་བའི།། བདེན་ཞེན་ཐོལ་གྱིས་གཏོར་བའི་སྐྱེ་མཆོག་དམ་པ།། ཆོས་བརྒྱད་ན་བུན་སྟུག་པོ་ཕ་མཐར་གཡུགས་ཏེ།། ཡ་ཆེན་ཆོས་སྒར་བཞག་ནས་གང་དུ་ཕེབས་སོང་།། འདི་སྣང་ཞེན་ཆགས་བྲལ་བའི་མི་ལས་བརྒྱུད་འཛིན།། ལྟ་བའི་གཤོག་རྩལ་རྒྱས་པའི་ཀློང་ཆེན་གདོང་རྒྱུད།། སྒོམ་པའི་གདེང་ཆེན་རྙེད་པའི་མི་ཕམ་ཟླ་བོ།། བདེ་ལྡན་དག་པའི་ཞིང་ལ་ཕེབས་པ་ཅི་ཡིན།། ལྷག་རླུང་དྲག་ཏུ་ལྡང་བའི་བྱང་མཐའ་འདི་ནས།། སེམས་ཁམས་འཁྱག་གི་བསྡམས་པའི་སྐྱོ་གདུང་རེ་རེ།། དམར་ཆུང་དཀྱིལ་ན་ལྡང་བའི་འཕག་འཚག་རེ་རེ།། མ་བཅོས་སྙིང་ན་རྒྱུ་བའི་སེམས་འདི་གྲང་བ།། སེམས་ཀྱི་སྐྱོ་གདུང་འཕྱུར་བའི་སྙིང་རླུང་དམར་པོ།། བུ་སྡུག་སྨྱོན་པའི་གཟིར་བའི་ལོ་རྒྱུས་ནག་པོ།། ས་མཐར་འཁྱམ་པའི་བུ་སློབ་ང་དང་ང་འདྲ།། ཐུགས་ཆེན་བརྩེ་བའི་མ་འདོར་རྒྱང་རིང་ཉི་མ།། ཡ་ཆེན་ཆོས་གྲྭ་ཆེན་མོའི་སློབ་ཚོགས་རྒྱ་མཚོས།། གདུང་སེམས་རྔམ་ཁའི་ཀློང་ན་དྲན་གདུང་དམར་པོ།། ཉིན་མཚན་བར་མེད་གྱེར་བའི་ལོ་ཟླ་ནག་པོ།། བྲང་གཞུང་བར་ན་བཞུར་བའི་སྐྱོ་གདུང་གྲངས་མེད།། ངེས་དོན་བསྟན་པའི་བདག་པོ་གྲུབ་དབང་ལུང་རྟོགས།། འོད་གསལ་ཐེག་དགུའི་བདག་པོ་ཀློང་ཆེན་གཉིས་པ།། སྙིགས་དུས་བསྟན་པའི་བདག་པོ་མཚོ་འཁྲུངས་རྒྱལ་ཚབ།། མཁའ་སྤྱོད་མཁའ་འགྲོའི་ཞིང་ལ་ཕེབས་པ་སྔ་དྲག།། སྔ་འགྱུར་བསྟན་པའི་གསལ་བྱེད་གྲུབ་དབང་ལུང་རྟོགས། ཉེ་ལམ་འོད་གསལ་ཐེག་དགུའི་ཤིང་རྟ་ཆེན་མོ།། རིག་འཛིན་ཀློང་གསལ་སྙིང་པོའི་ཡང་སྲིད་མ་ནོར།། ཞི་བའི་དབྱིངས་ལ་གཟིམས་པའི་སེམས་འདི་སྐྱོ་བ།། བསྟན་འཛིན་སྟོང་གི་ཐུགས་སྲས་ཕ་གཅིག་འཇིགས་མེད།། ངེས་དོན་སྐྱེ་བུ་དམ་པ་གྲུབ་དབང་ལུང་རྟོགས། གདོད་མིའི་ཕ་ཁྱིམ་དཀར་པོ་ཤུལ་དུ་བཞག་ནས།། ཉི་ཟླ་དུས་གཅིག་ཡལ་བའི་ནག་ཟླ་འདི་རེད།། མཛད་དཀའི་བཀའ་དྲན་དཀར་པོ་སེམས་ལ་འཁྱིལ་སྐབས།། སྐྱོ་བའི་སྣང་ཤེས་གསོན་པོ་ལྷག་ཏུ་ལྡང་སྐབས།། རྗེས་དྲན་སེམས་ཀྱི་མཚོ་མོ་བར་མེད་སྐྱོམ་སྐབས།། ཡའ་འདབ་སོར་མོའི་རྩེ་ནས་ཐོལ་གྱིས་ཤོར་སོང་།། ཕ་ཡུལ་གསེར་ལྡན་ཀླུང་ནས་ལང་ཚོ་འབུས་པའི།། གཞན་ཡུལ་ས་མཐའ་ཞིག་ནས་བག་ཡངས་རྒྱུ་བའི།། གྲུབ་དབང་ལུང་རྟོགས་དྲན་པའི་རྟོག་འགྱུ་དམར་པོ།། གསེར་སྨྱོན་བུ་ངས་ཀང་ར་རྫོང་ནས་བྲིས་སོ།།
    ཕ་ཡུལ་གྱི་རི་ཆུ་ལ་བརྩེ་དུངས་ཀྱི་སེམས་དྲོད་ལྷག་པར་ཆེ་བའི་གསེར་རྟ་པ་ བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོས་སྲས་སུ་འབོད་པས་བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ནས་སྐྱོ་གདུང་གི་སྣང་ཤེས་གསོན་པོ་ཞིག ་བར་མེད་དྲན་ངོགས་ན་རྒྱུ་སྐབས་རང་ཤག་བསིལ་རླུང་རྒྱུ་སའི་རབ་གསལ་འགྲམ་ནས་སུག་བྲིས་བགྱིས་སོ།། ༢༠༠༡༡ ༩ ༩༩

  2. ཤིང་རྟ། says:
    2012-07-12 at 2:58 pm

    དངོས་གནས་སྙན་མོ་བྲིས་འདུག
    ཡིད་འགུལ་ཐེབས་བཅུག་ནི་ཞིག་རེད།

  3. མགོན་པོ་བཀྲ་ཤིས says:
    2012-07-12 at 3:05 pm

    ཡག་པོ་ཞི་དྲག་བྲིས་འདུག་་ཐུགས་རྗེ་ཆེ་་་་

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-12 at 11:53 pm

    ཤིང་རྟ་མཆོག་དང་། མཆན་ཨང་དང་པོར་གསེར་རྟ་བསོད་ནམས་ཕུན་ཚོགས་ལེགས་ཀྱིས། མཁན་ཆེན་གྲུབ་དབང་ལུང་རྟོགས་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་པའི་རྗེས་དྲན་བྲིས་ནས་ཁ་བརྡ་ན་བཀོད་པ་འདི་སྡེབས་སྦྱོར་ལེགས་ལ་དོན་བཟང་པོ་མཐའ་ན་བོད་གངས་ཅན་པའི་སྐད་ཡིག་མི་ཉམས་པའི་མཐུན་རྐྱེན་དུ་མཆིས་པས། ང་དང་འདྲ་བ་དག་གིས་འདི་དག་ལ་སོགས་པ་ལེགས་པར་བྲིས་པའི་ཡེ་གེ་རྣམས་བཀླགས་ཏེ། བོད་སྐད་སྦྱོང་ཞིང་རང་རང་གི་གྲོགས་དང་། གཉེན་རྣམས་ལ་ཡང་ཀློག་པར་བསྐུལ་དགོས།
    འོག་གི་སྒྲ་རྣམས་ལ་དཔྱད་པ་བྱེད་དགོས་ཏེ།
    དབང་རང་འབྱོར་བའི།། ཞེས་པའི་འབྱོར་ལ་ད་བཤུལ་ཡོད་ན། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། ཞེས་པ་ལ་བརྩི་བ་ཡོད་ན། འབྱོར་པའི། ཞེས་དགོས། དེ་བཞིན་དུ། གདོད་མ་ནས་བྲལ་ཡང་།། ཞེས་པ་ལ་བྲལ་ཀྱང་། ཞེས་དགོས།
    ལྕགས་སྒྲོགས་དམ་པོས། ཞེས་པར་སྡོམ་བྱེད་སྒྲོག་དང་། ཁྱབ་པར་སྒྲོགས་ལ་ཡང་འཇུག་ཡོད་མེད་མི་འདྲ་བ་འཇམ་དབྱངས་གང་བློ་མ་ན་ཡོད་དེ། འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་སྒྲོལ་མཛད་ཅིང་། ཅེས་པ་ལྟ་བུའོ།།

  5. དེ་ཕོ། says:
    2012-07-13 at 1:17 am

    དྲ་གྲོགས་ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཁྱེད་རང་དངོས་གནས་ལ་དྭགས་པ་ཞིག་ཡིན་ན་འདི་འདྲ་བའི་བོད་ཡིག་ཤེས་ཚད་མཐོན་པོ་ཡོད་པ་མཐོང་དུས་དངོས་གནས་སེམས་གཏིང་ནས་དགའ་བས་རྗེས་སུ་ཡི་རང་ཡོད།
    ཁྱེད་ཀྱིས་༼དབང་རང་འབྱོར་བའི།། ཞེས་པའི་འབྱོར་ལ་ད་བཤུལ་ཡོད་ན། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། ཞེས་པ་ལ་བརྩི་བ་ཡོད་ན། འབྱོར་པའི། ཞེས་དགོས། ༽༼དེ་བཞིན་དུ། གདོད་མ་ནས་བྲལ་ཡང་།། ཞེས་པ་ལ་བྲལ་ཀྱང་། ཞེས་དགོས།༽གསུངས་པ་དེ་ལ་ལན་ཞིག་ཞུ་འདོད་བྱུང་། སྤྱིར་བཏང་དབང་འབྱོར་་་ཞེས་པ་ད་དྲག་ཡོད་མེད་ཐེ་ཚོམ་ཡིན་པ་མཁན་པ་རྣམས་ཀྱིས་གསུངས་ཡོད་རེད། ད་དྲག་ཡོད་པའི་དབང་དུ་བྱས་ཀྱང་་་ཨ་མདོའི་ཕྱོགས་ནས་པ་དང་བ་གཉིས་ཀྱི་སྒྲ་གདངས་ཕྱོགས་འདྲ་ཡིན་པའི་གནད་ཀྱིས་འདི་འདྲ་འབྲི་མཁན་མང་པོ་རེད།
    བྲལ་ཡང་༽་་ཞེས་པ་འདིའང་་་ཡང་སྒྲ་དང་ཀྱང་སྒྲ་སྣ་ཚོགས་འབྲི་མཁན་བོད་ཀྱི་མཁན་པའི་ཁྲོད་དུ་མང་གི་རེད་་་དཔེར་ན་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་་་་འདི་འདྲ་བའི་རིགས་ཚང་མ་ལ་ཡང་སྒྲ་བྲིས་ཡོད་རེད།
    ༼ལྕགས་སྒྲོགས་དམ་པོས། ཞེས་པར་སྡོམ་བྱེད་སྒྲོག་དང་། ཁྱབ་པར་སྒྲོགས་ལ་ཡང་འཇུག་ཡོད་མེད་མི་འདྲ་བ་འཇམ་དབྱངས་གང་བློ་མ་ན་ཡོད་དེ། འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་སྒྲོལ་མཛད་ཅིང་། ཅེས་པ་ལྟ་བུའོ།༽། གསུངས་པ་དེ་ཡང་འཇུག་མེད་པས་དེ་ག་རང་རེད་བཀའ་དྲིན་ཆེ་ཞུ།

  6. རང་བྱུང་རིག་པའི་རྡོ་རྗེ་ says:
    2012-07-13 at 4:06 am

    དེ་ཕོས་བཤད་པ་བདེན་པར་འདུག ན་ར་ལ་གསུམ་གྱི་རྗེས་སུ་ཡང་འཇུག་ད་དྲག་བཞག་ཆོག་ཀྱང་ངེས་པར་དུ་དགོས་པའི་ཁྱབ་པ་མེད། ད་དྲག་མེད་པའི་དབང་དུ་བཏང་ན། མཐོན་མཐིང་རལ་བའི་རྩེ་ན་འོད་དཀར་ཅན། ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན། ཞེས་པ་ལྟ་བུའོ། །

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-13 at 6:29 am

    ཐོགས་མེད་དུས་ནས་རྨོངས་པ་བདག་དང་། ཁྱེད་གཉིས་གཉིས་ཡི་གེའི་དག་ཆ་འདི་བདེན་པ་ཡིན། འདི་བདེན་པ་མ་ཡིན་ཞེས་རྩོད་ན། གཅིག་གིས་གཅིག་ལ་ཁོང་ཁྲོ་སློང་བའི་རྒྱུ་མ་གཏོགས་མི་འོང་། དེ་བས་བློ་གཟུ་བོར་གནས་པའི་སྒོ་ནས་སྔོན་བྱོན་བོད་ཀྱི་མཁས་པ་རྣམས་ཀྱིས་བསྐྲུན་པའི་བཀའ་བསྟན་རྣམས་བཀླགས་ན། དེ་དག་གིས་ནི་རལ་བ་ཞེས་བྱ་ཚིག་དང་། རལ་པ། ཞེས་མིང་དུ་འདོད། སྟབས་ལེགས་ཀྱིས་བོད་རྒྱ་ཚིག་མཛོད་ཆེན་པོ་ན་ཡང་། འདིའི་སྐོར་་མ་ནོར་བར་བཀོད། ཕྱིས་སུ། བླུན་པོས་ནོར་ན། སོར་གང་། མཁས་པས་ནོར་ན་འདོམ་གང་གི་དཔེ་ལྟར། མདོ་སྨད་ཀྱི་མཁས་པ་ཆེན་པོ་ཚེ་ཏན་ཞབས་དྲུང་དང་། རིག་གནས་ཙམ་མ་ཡིན་པར་གཞུང་ལུགས་ལ་ཡང་མཁས་པ་དམུ་གེ་བསམ་གཏན་གཉིས་ཀས་ན་ར་ལ་དང་། དབྱངས་མཐའ་ཅན་གང་ཡིན་ལ་བྱ་ཚིག་དང་། མིང་ཚིག་གི་དབྱེ་བ་མ་ཕྱེ་བར་མཐའ་གཅིག་ཏུ་གོང་གསལ་མཐའ་ཅན་རྣམས་ཀྱི་རྗེས་སུ་མདོ་སྨད་པའི་ཁ་སྐད་ཀྱི་རྗེས་སུ་འབྲངས་ཏེ། མཐའ་གཅིག་ཏུ་བ་ཡིག་འབྲི་བ་ནི། སྔོན་བྲིས་བཀའ་བསྟན་གསུང་འབུམ་ལྟ་ཅི། རང་རེ་རྒན་པ་རྣམས་ཀྱི་དུས་སུ་བཞུགས་པའི་མདོ་སྨད་པ་མཁས་པ་རྣམས་ཀྱིས་བྲིས་པའི་གཞུང་དཔེ་རྣམས་དང་ཡང་འགལ་བ་འབྲི་བ་ནི། བོད་ཀྱི་རིག་གཞུང་ཆེས་ཆེར་ཉམས་པའི་རྒྱུ་རྐྱེན་དུ་མཐོང་ངོ་།།

  8. དེ་ཕོ། says:
    2012-07-13 at 10:47 am

    གྲོགས་བློ་བཟང་དཔལ་ལྡན་ལགས་ཀྱིས་གསུངས་ལ་མངོན་པར་བསྟོད།
    བོད་ཀྱི་སྤྱི་སྐད་ཅིག་ངོས་འཛིན་དགོས་ན་བཀའ་དང་བསྟན་བཅོས་ནང་དུ་ཡོད་པའི་ཡིག་སྐད་འདི་ཁོ་ན་ལས་གཞན་གང་ཡང་མེད། འདིར་སྤྱི་སྐད་ཡོད་པ་དེ་མེད་པ་བྱས་ནས་ལུང་ཚན་རེ་རེའི་སྐད་དང་བསྟུན་ཏེ་གང་འདོད་ལྟར་བྲིས་ན་ནམ་ཞིག་བོད་ཀྱི་སྐད་ཡིག་རྣམས་སོ་སོར་ཆད་དེ་མཐའ་མར་འཇའ་བཞིན་ཡལ་བའི་ཉེན་ཁ་ཤིན་ཏུ་ཆེ།
    དེས་ན་རང་རིགས་ལ་དུང་བ་ཟབ་པའི་བློ་ལྡན་རྣམས་ཀྱིས་འདིའི་ཐོག་ལ་བསམ་གཞིགས་གནང་རན།

  9. རང་བྱུང་རིག་པའི་རྡོ་རྗེ་ says:
    2012-07-13 at 3:56 pm

    ཁྱོད་ཀྱིས་བཤད་པ་ལྟར་ན། ན་ར་ལ་ཡོངས་རྫོགས་ད་དྲག་ཅན་དུ་གོ་བ་ཡིན་པས། ང་འ་ར་ལ་མཐའ་མེད་ བ ཞེས་པ་དོན་མེད་དུ་ཟད་དོ།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-13 at 8:56 pm

    རང་བྱུང་རིག་པའི་རྡོ་རྗེ་མཆོག
    གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི།
    ལྟ་བའི་ཚུལ་ལ་རིང་དུ་མ་སོང་བར།།
    ཞེས་པ་གསུངས་པ་ལྟར་ཁྱེད་ཀྱིས་འདི་ཙམ་ཤེས་པ་ཡང་སྐལ་བ་བཟང་། འོན་ཀྱང་ཁྱེད་ཀྱི་ཀློག་སྟངས་དེ་གཡམ་ལ་རྒྱུག་པ་ཞིག་ཏུ་མཐོང་། བདག་གིས། རལ་པ། ཞེས་པ་མིང་ཚིག་དང་། རལ་བ། ཞེས་པ་བྱ་ཚིག་ཏུ་གསལ་བར་བྲིས་པ། མཐོང་མེད་པ་ནི་རང་གིས་རང་བློ་ལ་ནན་ཏན་གྱིས་ཀློག་པ་ལ་གཞེན་བསྐུལ་བྱེད་དགོས། འོན་ཀྱང་། ང་འ་ར་ལ་རྗེས་འཇུག་བཞི་དང་། དབྱངས་ཡིག་མཐའ་ཅན་གྱི་རྗེས་ལ་བ་ཡིག་མིང་མཐར་ཡོད་པ་བྱ་ཚིག་ཡིན་པ་ཡིན་པ་དང་། མིང་ཚིག་གཉིས་ཀ་ཡིན་པ་བཀའ་བསྟན་གཞུང་དཔེ་དག་ལ་བྲིས་པ་མཐོང་སྟེ། འབྱུང་བ། དགའ་བ། འཁོར་བ། འབུལ་བ། ཚ་བ། ཞི་བ། འཁུ་བ། ཉེ་བ། གོ་བ། ཞེས་པ་སོགས་བྱ་ཚིག་དང་། མིང་ཚིག་ཏུ་གསལ་བ་ལྟར་དང་། མིང་སྒྲ་གང་དང་གང་ཡིན་པ་ལ་རིགས་བསྒྲེ་མ་བྱེད་པར་སྔོན་བྲིས་མཁས་པས་བྲིས་པའི་གཞུང་དཔེ་དག་ན་ཡོད་པ་ལ་དཔྱད་པ་བྱས་ཏེ་འབྲི་དགོས་པ་ལགས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme