Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་ན་མེད་པའི་རང་ལུས་མཆོད་སྦྱིན་གྱི་སྙིང་སྟོབས།

Posted on 2011-10-16 By ཁ་བརྡ་ 8 Comments on བླ་ན་མེད་པའི་རང་ལུས་མཆོད་སྦྱིན་གྱི་སྙིང་སྟོབས།

མི་ཞུན། ཝྭཎ་མཐོ་སློབ།
རྒྱ་ནག་གིས་མི་ལོ་མང་པོའི་རིང་བོད་ནང་གི་མི་དམངས་ལ་ཉེས་མེད་ཉེས་འཛུགས་དང་བཙོན་འཇུག་ཁྲིམས་བཅད། རང་དབང་བཀག་སྡོམ་དང་སྐད་ཡིག་དབྱེ་འབྱེད། ཁོར་ཡུག་གཏོར་བཅོམ་དང་མི་རིགས་བསྒྱུར་བཅོས་སོགས་ཁྲིམས་མེད་ལུགས་མེད་ཀྱི་གཏུམ་སྤྱོད་ངན་པ་སྤེལ་དང་སྤེལ་བཞིན་པ་ནི་ལག་མཐིལ་གྱི་རི་མོ་དང་མིག་མདུན་གྱི་གཟུགས་བརྙན་རེད། མཉམ་འབྲེལ་རྒྱལ་ཚོགས་གཙོས་འཛམ་བུ་གླིང་འདིར་མིག་ཤེས་ལ་ཞེན་དྲི་མི་བྲོ་བའི་དཔྱོད་ལྡན་པའི་རྒྱལ་ཁབ་བམ་ཡང་ན་མི་སྒེར་བ་ཞིག་ཡོད་ངེས་པ་བདེན་ན་སྐབས་འདི་དང་དུས་འདི་ལ་རྒྱབ་ལངས་གདུང་འདེགས་ཀྱི་ཐེ་གཏོགས་ཙམ་བྱེད་མི་སྲིད་པ་མ་རེད་དེ། གང་ལྟར་ང་ཚོའི་འདོད་པ་བཞིན་བྱེད་མཁན་ཞིག་ད་ལྟའི་བར་དུ་མ་བྱུང་བ་རེད། དེ་བས། རྐང་པ་ཆག་ཀྱང་དཀྱིལ་ཀྲུང་མི་ཞིག་པ་དང་ལག་པ་ཆག་ཀྱང་ཕྱག་རྒྱ་མི་ཞིག་པའི་དཔེ་ལྟར་ང་ཚོས་ཀྱང་རང་ནུས་གང་ཡོད་དང་རང་ཤུགས་ཅི་ལྕོགས་ཀྱིས་རྒྱ་ནག་གི་ཇུས་ཐབས་ངན་པ་ལ་ངོ་རྒོལ་དང་ཁྱབ་བསྒྲགས། ཐ་ན་རྒྱ་ནག་དང་ལྷན་དུ་ཞི་འགྲིག་གི་འབྲེལ་མོལ་ཀྱང་ཐེངས་མང་བྱས་ཟིན་པ་རེད་མོད་ད་བར་དུ་ནུས་རྟགས་འོས་མོ་ཞིག་མ་ཐོན་པ་ནི་ཁ་སང་དེ་རིང་རྒྱ་ནག་གིས་བོད་ནང་ལ་གཟས་ནས་བསྟར་བཞིན་པའི་བྱེད་ཐབས་ངན་པ་དེ་དག་གིས་ཀྱང་གསལ་བོ་ཤེས་ཐུབ།

ཁྱད་པར་དུ་ཉེ་སྔོན་ནས་བཟུང་རྒྱ་ནག་གིས་བོད་མདོ་ཁམས་ས་ཁུལ་གྱི་རྔ་བ་རྫོང་དང་དཀར་མཛེས་རྫོང་གི་དགོན་སྡེ་ཁག་གི་གྲྭ་བ་གཙོས་སྡོད་དམངས་དག་དམིགས་གཏད་དུ་བཟུང་སྟེ་མངོན་སུམ་འཛེམས་མེད་ཀྱིས་གཉའ་གནོན་དྲགས་པོ་དང་བརྙས་པ་ཚད་མེད་བྱས་རྐྱེན་ལ་བརྟེན་ནས་མེ་དཔུང་བཞིན་དགུང་ལ་འཕྱུར་ཞིང་རླབས་འཕྲེང་བཞིན་མཁའ་ལ་འཕྱོ་བའི་དེ་རིང་ཁ་སང་གི་བོད་རིགས་གཞོན་སྐྱེས་ཚོའི་འགྲན་བྲལ་བླ་མེད་ཀྱི་སྙྀང་སྟོབས་འདི་ལ་གསེར་གྱི་དུང་ཙེ་བརྩེགས་པའི་སྒལ་ཚིགས་སྲ་མོ་ཞིག་གཞི་ནས་བརྟས་བྱུང་བ་ནི་དངོས་གནས་ཧ་ལས་དགོས་པ་དང་ཧང་སངས་དགོས་པ་ཞིག་ཅི་ལ་མིན། འདི་ནི་ལོ་རབས་མང་པོའི་གདུང་ཡུས་ཀྱི་རྨ་ཁ་རྙིང་པ་གློ་བུར་དུ་རྡོལ་བ་ལྟ་བུ་དང་སེམས་གཏིང་ལ་ཉར་བའི་སྡུག་བསྔལ་གྱི་མཚོ་མོ་ཤེད་ཀྱིས་འཁྱོམས་པ་ལྟ་བུའི་གྱེན་ལངས་མ་འདྲ་བ་དཔེ་མེད་ཅིག་རེད། གྱེན་ལངས་འདི་ལྟ་བུའི་སྙིང་སྟོབས་ནི་འཇིག་རྟེན་གྱི་ཤེད་བུ་རང་ག་བ་ཞིག་ལ་ཡོད་སྲིད་པ་མ་རེད་པས་འདི་ནི་བཙན་པོ་སྲོང་བཙན་གྱི་རྣམ་ཤེས་གདོང་དམར་བོད་ཀྱི་ན་གཞོན་གསར་བའི་བླ་སྲོག་ལ་ཞུགས་པ་ལྟ་བུ་ཞིག་ཀྱང་མ་རེད་ཟེར་ག་ལ་ཐུབ།

རྩ་བའི་ཆ་ནས་ཤ་དར་ཁྲག་གསར་གྱི་ན་གཞོན་ལྗང་མདོག་གི་མྱུ་གུ་ལྟ་བུ་དང་པདྨ་ཡི་འཁྲི་ཤིང་ལྟ་བུ་དག་ཧ་ཅང་སྐད་ཅིག་ཅིག་གི་རིང་འཇིག་རྟེན་དཀར་ངོགས་ནས་གཏན་དུ་གྱེས་དགོས་པར་བྱུང་བ་ནི་བློ་ཕམ་དང་སྐྱོ་སྡུག་གི་གཞི་ལ་གྲུབ་མོད། འོན་ཏང་། ང་ཚོའི་མི་རིགས་ལ་འདི་འདྲ་བའི་ན་གཞོན་བློ་སྤོབས་ཅན་དང་ལ་རྒྱ་ཅན། དཔའ་ངར་ཅན་དང་བརྟན་ཚུགས་ཅན་ཡོད་པར་བསམས་ན་དངོས་གནས་མགོ་བོ་གནམ་ལ་མགྱོགས་པར་ཡང་ངོ་མི་ཚ་བ་ཞིག་རེད། ཁ་འོ་མ་ལས་འཇམ་ཞིང་ཁོག་ཚེར་མ་ལས་རྩུབ་པའི་རྒྱ་ནག་གིས་ཀྱང་མི་རིགས་འདི་རྩ་རྫོགས་བྱེད་པར་ལས་སླ་བོ་ཞིག་མིན་པ་ཤེས་ཡོད་པས་ཁོང་ཚོ་སྔར་བཞིན་བདེ་མོ་སྐྱིད་པོ་ཞིག་ག་ལ་ཡོད། གནམ་ས་གཡོ་བར་བྱེད་པའི་བློ་སྟོབས་ཀྱི་ལས་འགུལ་འདི་འདྲ་བའི་ཁྲོད་དུ་མེས་རྒྱལ་ལ་དགའ་བ་དང་ཀྲུང་གོ་ལ་དགའ་བའི་ལོ་མང་གི་སློབ་གསོ་དྲི་མ་ཅན་དག་ནི་བརྒྱ་བཤད་སྟོང་བཤད་དུ་གྱུར་ཀྱང་བོད་མི་གསར་སྐྱེས་ཚོའི་སེམས་གཏིང་ལ་ནམ་ཡང་སིམ་མེད་པ་ཡང་ཤེས་ཡོད་ངེས།

མ་གཞི་ནས་དཔའ་ལ་ངར་ཞིང་མཁས་ལ་མཛངས་བའི་ཆོས་རྒྱལ་མེས་པོ་ཐམས་ཅད་ཀྱི་གདུང་རྒྱུད་དྲི་མ་མེད་པའི་བུ་རབས་ཚ་བརྒྱུད་དག་གི་ནང་ནས་རང་ལུས་རྗེན་པ་མེ་ལ་བསྒྲོན་པའི་སྙིང་ཅན་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་། གྲྭ་གཞོན་ཕུན་ཚོགས། ཚེ་དབང་ནོར་བུ། མཁའ་དབྱིངས། ཆོས་འཕེལ། བསྐལ་བཟང་དབང་ཕྱུག བློ་བཟང་སྐལ་བཟང་། བློ་བཟང་དཀོན་མཆོག ནོར་བུ་དགྲ་འདུལ་ལྟ་བུ་སོགས་ཀྱི་ཚེ་སྲོག་གི་རྣམ་ཤེས་ནི་འོད་སྟོང་འཕྲོ་བའི་བདེན་དོན་དང་ནམ་མཁའ་ལྟ་བུའི་རང་དབང་གི་ཆེད་དུ་རུ་ལ་བསྟར་ཞིང་ཕྲེང་ལ་བརྒྱུས་པ་ལྟར་བྱུང་བ་ནི་མི་རིགས་འདིའི་གཟི་བརྗིད་དང་རྒྱལ་ཁབ་འདིའི་རྒྱན་ཆ་ལྟ་བུ་ཞིག་ཀྱང་ཅི་ལ་མ་རེད།

དྲང་མོ་བཤད་ན། སྐྱེ་འཆི་ཉི་ཟླ་གཉིས་ལ་ཡོད། ཞིག་རལ་རྡོ་རྗེའི་བྲག་ལ་ཡོད་ཅེས་པ་དེ་བཞིན་དུ་འཇིག་རྟེན་གྱི་མི་ཐམས་ཅད་ཤི་ལམ་དུ་འགྲོ་དགོས་པ་ནི་ངེས་ཅན་ཡིན། ཤི་སྟངས་མ་འདྲ་བ་ཙམ་ལས་ཤི་དང་མི་ཤི་ལ་གདམས་ཀ་གཏན་ནས་མེད། མ་ཤི་བར་གསོན་ནས་བསྡད་པ་ཡིན་ནའང་དོན་སྙིང་ཡོད་པའི་ངེས་པ་ག་ལ་ཡོད། རྒྱ་ནག་གི་མི་ངན་ཁོག་རུལ་ལྟ་བུའི་སྣེ་ཁྲིད་པ་དེ་ཚོ་ནི་ཤི་བ་ལ་འཕྱི་མེད་ན་སྔ་མེད་ཚོད་དུ་རེད་ཀྱང་ཁ་དཔེ་ལ་ཡང་མི་ངན་ཤི་རྒྱུ་མེད་ཁྱི་ངན་སྨྱོ་རྒྱུ་མེད་ཅེས་པ་ལྟར་ད་དུང་འཇིག་རྟེན་འདི་ནས་སྡིག་པ་བརྒྱ་འཁུར་དང་ངོ་ཚ་སྟོང་འཁུར་བྱས་ནས་སྡོད་དགོས་རྒྱུ་ནི་ཁོང་ཚོའི་ལས་རེད། རེད་དེ། བོད་མི་ས་ཡ་དྲུག་གི་རང་དབང་དང་བདེན་དོན་གྱི་སླད་དུ་གཅེས་པའི་སྲོག་དང་རྗེན་པའི་ལུས་ཀྱང་བློས་སུ་བཏང་སྟེ་མེ་དཔུང་གི་ཁྲོད་ནས་སྐད་འབོད་བར་མེད་དུ་བསྒྲོགས་ནུས་པའི་སྤོབས་པ་འདི་ལ་དོན་སྙིང་ཡོད་ལ་གཟི་བརྗིད་ཡོད། དགེ་བ་ཡོད་ལ་ཕན་པ་ཡོད།

ནམ་ཡང་ནུབ་མི་སྲིད་ལ་འཇིག་མི་བཏུབ་པའི་ལོ་རྒྱུས་ཀྱི་རྡོ་རིང་གི་ངོས་ན་འོད་དུ་འཚེར་ཞིང་བརྗིད་དུ་ཆེ་བའི་ངང་གནས་པར་མངའ་བ་ནི་དཔའ་བོ་དང་དཔའ་མོ་རྐྱང་གི་མཚན་བྱང་ཡིན། དཔའ་བོ་དང་དཔའ་མོ་དག་ནི་མི་རིགས་དང་རྒྱལ་ཁབ། རང་དབང་དང་བདེན་དོན་གྱི་ཆེད་ལ་སྲོག་གི་རྒྱུ་བ་ཤོར་བའི་མི་སྣ་གཏོང་ཕོད་ཅན་དང་གཞན་ཕན་ཅན། སྙིང་སྟོབས་ཅན་དང་ལ་རྒྱ་ཅན་ཤ་སྟག་གིས་གྲུབ་པའི་དཔུང་ཁག་ཅིག་ཡིན་པས་མི་རིགས་འདིའི་བུ་རབས་ཚ་རྒྱུད་ཀྱི་སེམས་ཁོང་ནས་ཁོང་ཚོ་ནི་ནམ་ཡང་ངེས་དོན་གྱི་དཔའ་བོ་དང་དཔའ་མོ་ཡིན། དེ་ལ་བརྟེན། ཁོང་ཚོའི་ཤི་བ་ནི་གསོན་པ་ལས་ཀྱང་དོན་སྙིང་ལྡན་ལ་གཟི་བརྗིད་ཆེ།

མི་ནི་འུ་ལ་ཐུག་པའི་སྐབས་སུ་ཅི་ཡང་བྱེད་སྲིད་ལ་ཅི་ཡང་བྱེད་ནུས་པ་ཞིག་ཡིན་རྐྱེན། ཁ་ཆེའི་མི་རྣམས་འུ་ལ་ཐུག་དུས་དྲག་སྤྱོད་པར་འགྱུར་གྱི་ཡོད་པ་དང་། ཁོང་ཚོས་ཐུག་ཐུག་རིག་རིག་པོ་གསོད་ཅིང་གཏུབ་པར་བྱེད། ལ་ལ་ཞིག་འུ་ལ་ཐུག་དུས་ཉོན་མོངས་ཀྱི་ཁོང་ཁྲོ་མེ་ལྟར་འབར་ནས་དགྲ་དཔུང་བཅོམ་ཐབས་བྱེད། འོན་ཀྱང་། ང་ཚོའི་ན་གཞོན་དཔའ་བོ་དག་ནི་དེ་ཚོ་དང་ཡེ་ནས་མི་འདྲ་བར་གཞན་འཚེ་གནོད་སྤངས་དང་གཞན་སྡུག་རང་འཁུར་གྱིས་བདེན་དོན་དང་རང་དབང་གི་ཆེད་དུ་བླ་ན་མ་མཆིས་པའི་རང་ལུས་མཆོད་སྦྱིན་གྱི་བྱས་རྗེས་རླབས་པོ་ཆེ་འཇོག་གི་ཡོད། འདི་ནི་ཞུམ་པ་མེད་ལ་འཇིགས་པ་མེད་པའི་སྙིང་སྟོབས་གསོན་པོ་ཞིག་དང་ནུབ་པ་མེད་ལ་ཡལ་བ་མེད་པའི་ལོ་རྒྱུས་དངོས་མ་ཞིག་ཡིན།

མཆན། ཉེ་ཤས་ཀྱི་གོང་ནས་བཟུང་བོད་ནང་དུ་ན་སོ་ཤིན་ཏུ་ཕྲ་བའི་གཞོན་སྐྱེས་ལ་རྒྱ་ཅན་འགའ་ཞིག་གིས་བོད་མི་ས་ཡ་དྲུག་གི་བདེན་དོན་དང་རང་དབང་གི་ཆེད་དུ་ལུས་སྲོག་དམར་པོ་མེ་ལ་བསྒྲོན་ནས་རྒྱ་ནག་གི་གཞུང་ལ་གྱེན་ལངས་ངོ་རྒོལ་བྱས་པ་ནི་ཚད་མེད་པའི་སྙིང་སྟོབས་ཤིག་ལ་བསམས་ཏེ་ང་རང་སེམས་འགུལ་དྲགས་པོ་ཐེབས་ནས་རྩོམ་ཡིག་འདི་ཁོང་ཚོ་ལ་རྒྱབ་བསྐྱོར་དང་གདུང་འདེགས་ཀྱི་ཆེད་དུ་བྲིས་པ་དང་ལྷག་པར་དུ་སྡིག་སྲིན་མི་ཚུགས་ཅན་གྱི་རྒྱ་དམར་སྣེ་ཁྲིད་པ་ཡོངས་ལ་ངོ་རྒོལ་གྱི་ཚུལ་དུ་བྲིས་པ་ཡིན་ནོ།། བོད་རྒྱལ་ལོ།

རྩོམ་རིག

Post navigation

Previous Post: དེ་རིང་གི་སྨོན་ལམ་འུར་འདོན།
Next Post: འབྲུག་ཡུལ་གྱི་ལོ་རྒྱུས་མདོར་བསྡུས།

Comments (8) on “བླ་ན་མེད་པའི་རང་ལུས་མཆོད་སྦྱིན་གྱི་སྙིང་སྟོབས།”

  1. གཡུ་མཚོ། says:
    2011-10-16 at 7:07 am

    ཡག་བྱུང་།
    གདུང་སེམས་མཉམ་བསྐྱེད་ཡོད་ལགས
    དིང་སང་སེམས་ཞེ་དྲག་ཕམ་ནས་བསྡད་ཡོད།

  2. སྦྲ་རིགས་ཐོགས་མེད། says:
    2011-10-16 at 8:59 am

    གནས་བབ་དང་དུས་ཚོད་གཉིས་ལ་བསྟུན་ནས་བྲིས་འདུག ང་ཚོས་ངེས་པར་དུ་འདི་ལྟར་ཕྱོགས་ཡོངས་ནས་མི་བུ་རང་ཉིད་སོ་སོ་ནས་འགོ་བཙུགས་ཏེ་ངོ་བོ་དང་རྣམ་པ་བྱེད་ལས་སྣ་ཚོགས་པའི་ལས་འགུལ་སྤེལ་དགོས་ཀྱིན་འདུག
    ཁྲོམ་ལམ་གྱི་ལས་འགུལ། དྲ་ཐོག་གི་ལས་འགུལ། འདུ་འཛོམས་འདྲ་མིན་གྱི་ལས་འགུལ། གཏམ་བཤད་དང་བགྲོ་གླེང་གི་ལས་འགུལ་སོགས་མདོར་ན་ཐབས་བརྒྱ་ཇུས་སྟོང་གིས་སྒོ་ནས་ཕན་ཚུན་ཕར་གྲུ་མཉམ་འདེགས་བྱེད་གལ་ཆེ།

    མི་ཞུན་ལགས། ཞལ་བྲོ་བཀྲ་ཤིས།

  3. མི་ཞུན། says:
    2011-10-16 at 10:44 am

    སྦྲ་རིགས་ལགས། ཐུགས་རྗེ་ཆེ། ང་ཚོས་རང་རང་གི་ནུས་ཚོད་དང་ལྕོགས་ཚོད་ཀྱིས་བོད་ནང་གི་གསར་སྐྱེས་དཔའ་རྒོད་ཚོ་ལ་རྒྱབ་འདེགས་དང་དཔུང་རོགས་བྱེད། ལམ་ཀ་སྣ་མིན་དང་ཇུས་ཐབས་འདྲ་མིན་གྱི་སྒོ་ནས། རྒྱ་གཞུང་ལ་ངོ་རྒོལ་བྱེད། ་

  4. ཇ་མ་ says:
    2011-10-16 at 12:43 pm

    དེང་སང་བོད་པ་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བ་རྒྱག་རྒྱུ་མེད་རེད། མཉམ་འབྲེལ་རྒྱལ་ཚོགས་རྒྱ་ནག་གིས་ཉོས་ཚར་བ་རེད།

  5. ཇ་མ་ says:
    2011-10-16 at 12:53 pm

    མི་བདེན་གི་བསམ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་གདོང་པ་རྒྱ་མི་དང་གཅིག་པ་གཅིག་རྐྱང་ཡིན། ཇོ་བོ་རིན་པོ།

  6. ཀརྡོ་རབ་འབྱམས་པ་ says:
    2011-10-16 at 2:07 pm

    རྒྱ་གཞུང་མ་རབས་བཙན་ཤེད་གཉའ་གནོན་གྱི་མེ་ཡིས། །
    བོད་མིའི་བཟོད་བསྲན་ལྗང་མྱུག་མང་དག་ཅིག་བསྲེགས་སོང། །

  7. མི་ཞུན། says:
    2011-10-16 at 4:16 pm

    ཇ་མ་ལགས། བདེན་པ་རེད། ང་ཚོས་གཞན་སུ་ལ་ཡང་རེ་བ་བརྒྱག་རྒྱུ་མེད་རེད། གཞན་ཚང་མ་རྒྱ་ནག་གི་རྐུབ་གཡོག་རེད། ང་ཚོས་ངེས་བར་དུ་རང་ཉིད་ཀྱི་ནུས་ཤུགས་ལ་བརྟེན་དགོས།

  8. ལོ་མ་ལྗང་ཁུ་། says:
    2011-10-19 at 1:05 am

    ཨ་ཁུ་ཇ་མ་། ཁྱེད་ཀྱི་བཤད་པ་བདེན་གི ཡིན་ན་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་གདོང་པ་རྒྱ་མི་དང་འདྲ་ཡང་ཁོ་རྒྱ་མི་མ་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme