Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྲན་གཤིས་ལས་ཐར་བའི་མི་ནི་སྒལ་ཚིགས་ཅན་ནོ།

Posted on 2014-10-152014-10-15 By ཁ་བརྡ་ 11 Comments on བྲན་གཤིས་ལས་ཐར་བའི་མི་ནི་སྒལ་ཚིགས་ཅན་ནོ།

བཙན། (རྒྱང་མིག་གིས་འོས་སྦྱོར་བྱས།)

 
འཇིག་རྟེན་གྱི་རིག་གནས་མ་ལག་ཐམས་ཅད་ཐོག་མ་ནས་མི་ཡི་དགོས་མཁོ་གང་ཞིག་དང་བསྟུན་ནས་བྱུང་བ་ཤ་སྟག་ཡིན་པས་ན། མིའི་རིགས་ཀྱི་ཀླད་ཤུགས་ངལ་རྩོལ་བརྒྱུད་ནས་འཇིག་རྟེན་གྱི་འཚོ་བ་དང་རིག་གནས་མ་ལག་ཐམས་ཅད་ལ་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་འགྱུར་བ་གཏོང་ཆོག་པ་རེད། གཏོང་དགོས་པ་རེད། དེ་ནི་རང་བྱུང་ཁམས་ཀྱི་དགོས་དབང་རེད། མིའི་བསམ་གཞིག་དང་གསར་བཏོད་ཀྱི་ཕན་ནུས་འདོན་ས་ཡང་འདི་རེད།
མཐར་དེད་ན་འཇིག་རྟེན་འདིར་རིག་གནས་གནས་དོན་ཡང་འཇིག་རྟེན་ཡང་དག་པ་ཞིག་བསྐྲུན་ཆེད་དུ། མི་དང་དེའི་འཚོ་སྡོད་ཀྱི་གནས་བབ་ལེགས་འགྲུབ་ཡོངས་ཆེད་དུ། ད་སྐད་ཆ་འདི་ཡིས་བཤད་ན་འགྲིག་རྒྱུ་རེད། དེ་ནི་རང་བྱུང་ཁམས་ཀྱིས་ང་ཚོར་བཏོན་པའི་རེ་བ་རེད། རིག་གནས་ནི་མིའི་ཀླད་ཤུགས་ངལ་རྩོལ་གྱི་ཐོན་འབྲས་འཇིག་རྟེན་འཚོ་བར་བསྒྱུར་བཅོས་གཏོང་བྱེད་ཀྱི་ལག་ཆ་ཡག་ཤོས་དགའ་ཤོས་དེ་རེད། དེ་ལ་བསྒྱུར་བཅོས་དང་གསར་བཏོད་ཀྱི་སྟོབས་མེད་ན་འཚོ་བ་ནི་ནམ་ཡང་མུན་ནག་གོ །

དེའི་ཕྱིར་མི་ནི་འཇིག་རྟེན་གྱི་བག་ཆགས་རྙིང་བ་དང་། རྨོངས་དད་ཀྱི་ཕུང་བོ་ཡོད་ཚད་རྒྱང་ཕུད་དང་གཙང་སེལ་བྱ་མཁན་དེ་ཡིན་དགོས་སོང་བ་རེད། ང་ཚོ་མི་བུ་རང་ཉིད་ནས་འགོ་བརྩམས་ཏེ་སྒལ་ཚིགས་དང་ལྡན་པའི་ངང་ཡར་འགྲེང་དགོས་པའི་རྒྱུ་མཚན་ཡང་དེར་ཐུག་ཡོད་པ་རེད། གལ་ཏེ་ཁྱོད་མི་གཅིག་གི་མི་ཚོར་སའི་གྲོག་རོང་ཆེན་མོ་ཞིག་གི་ནང་དུ་ལྷུང་སོང་ན། རང་ཉིད་ཀྱིས་ངལ་རྩོལ་ཀྱི་ནུས་པ་དང་། ཀླད་ཤུགས་ལ་བརྟེན་ནས་གྲོག་རོང་གི་ཁར་འབུད་ཨེ་ཐུབ་ལྟ་རྒྱུ་ལས། གཞན་གང་ཞིག་ལ་སྐྱབས་སུ་རེ་ནས་རང་ཉིད་ཀྱི་གསོན་པའི་བློ་གྲོས་དང་འཇོན་པའི་ནུས་སྟོབས་བག་ལ་ཞ་ནས་སྡོད་ན། དེ་ནི་རང་ཉིད་ཀྱིས་རང་ཉིད་བསམ་བཞིན་འཆི་ལམ་དུ་བཅུག་པ་དང་ཨ་ན་མ་ན་མ་ཡིན་ནམ། བྲན་གཤིས་དང་རྨོངས་དད་ཀྱིས་གཅུན་པའི་མི་གཤིས་ནི་དེའོ།།

རང་ཉིད་རང་གིས་མ་རྙེད་པའི་མི་ནི་སྒལ་ཚིགས་དང་བྲལ་བས། ང་ཚོས་འཇིག་རྟེན་གྱི་མངོན་ལྐོག་དང་ཟ་ཟུར་གང་རུང་ནས་རང་ཉིད་དང་རང་ཉིད་ཀྱི་སྒལ་ཚིགས་འཚོལ་དགོས་བྱུང་བ་རེད། མི་རྣམས་འཚར་ལོངས་ཀྱི་གོ་རིམ་རིང་མོའི་ཁྲོད་དུ་འཇིག་རྟེན་གྱི་ཡུལ་སྲོལ་གོམ་གཤིས་དང་རིག་གནས་གང་རུང་གི་བག་ཆགས་ཀྱིས་གཞོག་གཏུབ་རེ་རེ་བཏང་ནས་རང་ཉིད་ངོ་མ་བོ་མིན་པའམ་མི་ཚང་བ་ཞིག་ཏུ་བཏང་ཡོད་པ་རེད། དེ་བས་ང་ཚོས་མི་འཚོལ་བའམ་རང་ཉིད་འཚོལ་བ་ནི་ལས་སླ་མོ་ཞིག་གཏན་ནས་མིན་ཏེ། མི་རེ་རེའི་ཤ་གསེང་རུས་གསེང་དུ་འཐིམ་ཡོད་པའི་མི་རིགས་ཤིག་གི་རིག་གནས་དང་ཆོས་ལུགས། ཡུལ་སྲོལ་གོམ་གཤིས་ལ་སོགས་བག་ཆགས་མང་བོ་ཞིག་ལ་ཕྱིར་རྒོལ་བ་གཏོང་དགོས་པ་རེད། བག་ཆགས་དང་འདུ་ཤེས་དེ་དག་གསར་བརྗེ་བྱ་དགོས་པ་རེད།

དེ་ནི་ཧ་ཅང་གིས་ཉེན་ཁ་ཆེ་སྟེ། སྤྱི་ཚོགས་ཀྱིས་ཁྱོད་རང་ཁེར་རྐྱང་དུ་གཏོང་བ་མ་ཟད། རང་ཉིད་ཀྱི་ཚེ་སྲོག་ཀྱང་འཆོར་སྲིད་དོ།། ཡིན་ནའང་རང་གི་བླ་སྲོག་ལ་བློ་དཀར་ཡོད་པའི་མི་བུ་དེ་ཚོ་ནི་ནམ་ཡང་བདེན་པའི་དོད་དུ་འཆི་བར་འཇིགས་སྣང་ཡོད་མི་སྲིད་དེ། དེ་ནི་མི་ཆེན་དག་གི་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན་གསལ་བོ་རེད། ཉེན་ཁ་ནི་ཅི་ཙམ་ཆེ་ན་དོན་སྙིང་ནི་དེ་ཙམ་ཆེ་སྟེ། ཚེ་སྲོག་གིས་བདེན་པ་སྲུང་མྱོང་བའི་མི་བུ་དེ་དག་གིས་ང་ཚོ་ལ་མིའི་རིན་ཐང་དང་དོན་སྙིང་ཤེས་སུ་བཅུག་སོང་བ་མ་ཡིན་ནམ།

སྤྱིར་མི་སུ་དང་སུ་ཡིན་རུང་ཡུན་རིང་གོམ་འགྲོས་སུ་སོང་ཟིན་པའི་བག་ཆགས་འཐུག་པོ་དེ་ཅིས་ཀྱང་འདོར་དཀའ་བ་ཞིག་ཡིན་སྲིད་པ་རེད། ཡིན་ཡང་དངོས་ཡོད་ཀྱི་འཚོ་བའི་ནང་དུ་དེ་ལ་གནས་པའི་རིན་ཐང་མེད་སོང་དུས། འདོར་དགོས་པ་རེད། སྐྱུར་དགོས་པ་རེད། གཡུགས་དགོས་པ་རེད། དེ་ལ་གནས་ས་གཏན་ནས་ཡོད་པ་མ་རེད། དེ་ནི་དོན་དངོས་དང་གནས་ལུགས་ཀྱིས་དེད་ཡོང་གི་རེད། དོན་དངོས་དང་ལེན་མི་བྱ་བའི་རིག་གནས་ཀྱི་ལྟ་གྲུབ་ཅིག་ཡོད་དུ་ཆུགས་ཀྱང་། དེ་ནི་དོན་སྙིང་གིས་སྟོང་བའི་རིག་གནས་ཤིག་ཡིན་པ་བསྙོན་དུ་མེད། དུས་རབས་རེ་རེ་ལ་མི་རབས་རེ་རེ་དང་། མི་རབས་རེ་རེ་ལ་བསམ་བློའི་རླབས་རྒྱུན་རེ་རེ་འབྱུང་སྲིད་པ་རེད། འབྱུང་འོས་པ་རེད། དེ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་དོ།།

ཁ་གསལ་བོར་བཤད་ན། ཕ་ལ་ཕའི་དུས་རབས་དང་། བུ་ལ་བུའི་དུས་རབས་ཤིག་ཡོད་པ་རེད། དེ་གཉིས་མི་རབས་མི་འདྲ་བ་གཉིས་ཡིན་པས་འཇིག་རྟེན་འཕེལ་རྒྱས་ཀྱི་ངོས་ནས་བལྟས་ན། དེ་གཉིས་ཀྱི་རིག་གནས་ལྟ་བ་དང་བསམ་བློའི་རླབས་རྒྱུན་གཅིག་ཡིན་ན་མི་འགྲིག་ག? རང་སོར་གནས་པ་རང་རེད། རང་སོར་གནས་པ་ནི་འཕེལ་རྒྱས་མེད་པའི་དོན་རེད། དུས་རབས་ནི་གཙང་བོ་བཞིན་བཞུར་ནས་འགྲོ་དུས། དུས་རབས་ལ་ཁ་ཡ་མི་བྱེད་པར་ཨུ་ཚུགས་ཀྱིས་སྡོད་པ་ནི་ནོར་འཁྲུལ་གྱི་ལྟ་སྟངས་རིགས་ཤིག་ཅི་ལ་མིན།
༼ནོར་འཁྲུལ་ཅུང་ཙམ་ཡང་ཆུང་དུས་ནས་སེལ་བར་མ་བྱས་ན། ནོར་འཁྲུལ་གྱི་མཇུག་འབྲས་ནི་ངོ་མ་འཇིགས་སུ་རུང་།༽ ལོ་ངོ་ཉིས་སྟོང་ལྷག་གི་ཡར་སྔོན་ནས། ཆོས་ལུགས་ཀྱི་རིག་གནས་འཛིན་སྟངས་ཤིག་གིས་ང་ཚོའི་མི་གཤིས་ལ་སྒྲོག་རྒྱབ་པ་ནས། དོགས་སློང་མེད། ཐེ་ཚོམ་མེད། འདི་ལྟར་ང་ཚོ་འཇིག་རྟེན་ལས་འདས་པའི་རིག་གནས་ཤིག་གི་རྗེས་སུ་འདུར་འདུར་ནས་མི་ཡུལ་གྱི་འཚོ་བ་རྣལ་མ་ཞིག་ད་དུང་རྙེད་མ་ནུས། ཐ་ན་འཇིག་རྟེན་གྱི་བདག་པོ་འགྲོ་བ་མི་ཡིན་པར་ཡིད་རྟོན་ཙམ་ཡང་བྱེད་མ་ནུས།

ཧྥ་རན་སིའི་བསམ་བློ་མཁན་མོན་ཐན་གྱིས་འཐུས་ཚང་གི་མགོ་བོ་དང་ལྡན་པའི་མི་ཞིག་ལ་མཚོན་ན་དོགས་སློང་དང་ཐེ་ཚོམ་ནི་ཁོའི་ཆེས་ལེགས་པའི་ངེས་འབོལ་ཡིན་ཞེས་གསུངས་པ་ནི་ཀུ་རེས་ག་ལ་ཡིན། དེང་སང་ཚན་རིག་གི་གྲུབ་འབྲས་ཡོད་ཚད་ཀྱང་དོགས་སློང་ལས་བྱུང་བ་མ་ཡིན་ནམ། ད་ང་ཚོར་དཀྱེལ་ཡངས་དང་ལྡན་པའི་རིག་གནས་ཀྱི་མཁའ་དབུགས་ཤིག་ཆགས་རྒྱུ་གལ་ཆེན་པོ་རེད། དཀྱེལ་ཡངས་མེད་ན་དོགས་སློང་མེད། དོགས་སློང་མེད་ན་བསམ་བློ་གསར་བའི་རླབས་རྒྱུན་འཕྱོ་ས་མེད། བསམ་བློ་གསར་བའི་ཚ་རླབས་མེད་སོང་དུས་ད་རང་དབང་དང་སྒལ་ཚུགས་དང་དཔའ་གདེང་དང་ལྡན་པའི་མི་ཞིག་སྐྱེ་མི་སྲིད། སྒལ་ཚིགས་དང་ལྡན་པའི་མི་བུ་སྒེར་རེ་རེ་མེད་ཚེ། སྒལ་ཚིགས་དང་ལྡན་པའི་མི་རིགས་ཤིག་ཀྱང་ག་ལ་ཡོད། ཡོད་མི་སྲིད་དོ། །

དེ་བས། ད་ནི་ང་ཚོས་ཉི་མ་རེ་རེར་རང་ཉིད་ལ་གཤག་བཅོས་བྱེད་བཞིན། རང་ཉིད་ཀྱི་བག་ལ་ཉལ་བའི་རྣམ་ཤེས་ལ་ཚ་འདྲི་ནན་མོ་གཏོང་བཞིན། མི་རེ་རེ་ཐོག་མ་ཉིད་ནས་གཏམ་བརྗོད་རང་དབང་དང་དད་མོས་རང་དབང་གི་འདུ་ཤེས་དེ་སད་པར་བྱས་པའི་སྟེང་ནས་དངོས་ཡོད་སྤྱི་ཚོགས་ཀྱི་ནང་དུ་ཞུགས་ཅི་ཐུབ་བྱས་ཏེ། སྤྱི་ཚོགས་ལ་དགག་སྒྲུབ་ཀྱི་ལྟ་ཚུལ་འདོན་རྒྱུ་ནི་གལ་འགངས་ཆེ་བའི་ལས་དོན་ཞིག་རེད། དེ་ལྟར་མི་རུང་མི་ཆོག་གི་ཐ་སྙད་མང་བོ་ཞིག་ཕར་ལ་གཡུགས་ཏེ་ཕྱི་ནང་མེད་པར་རང་ཉིད་ཀྱི་སྐད་ཆ་དག་གླེང་ཡོང་དུས། ང་ཡིས་ཡོན་ཏན་ཏུ་འདོད་པ་གང་ཞིག་ཁྱོད་ལ་སྐྱོན་ཏུ་སྣང་ཡང་སྲིད་ལ། ཡང་ཁྱོད་ཀྱིས་ཡོན་ཏན་ཏུ་འདོད་པ་གང་ཞིག་ང་ལ་སྐྱོན་ཏུ་སྣང་ཡང་སྲིད་མོད། འགལ་བ་དེ་ནི་ཡོད་སྲིད་པ་ཞིག་རེད། ཡོད་འོས་པ་ཞིག་རེད། མ་ཡོད་ཐབས་མེད་ཅིག་ཀྱང་རེད། གལ་ཏེ་མི་ཡོད་ཚད་ལྟ་ཚུལ་གཅིག་མཚུངས་དང་བསམ་བློ་གཅིག་མཐུན་དུ་གནས་ཚེ། སྤྱི་ཚོགས་དེ་ལ་འཕེལ་རྒྱས་དང་གསོན་ཤུགས་ཟེར་བ་ནམ་ནམ་ཞར་ཞར་དུ་ཡང་ཡོད་མི་སྲིད་ཟེར་བ་བདེན་པ་རེད། དེ་ལ་དཔེ་གཞི་སླ་མོ་ཞིག་བཞག་ན། གནའ་ནས་ད་བར་དུ་ང་ཚོ་རིག་གནས་སྣ་གཅིག་གི་སྟེང་ལ་ལྟ་ཚུལ་གཅིག་མཚུངས་དང་བསམ་བློ་གཅིག་མཐུན་དུ་གནས་ནས་ཡོང་བས་དེ་རིང་གི་ཚད་དུ་ལྷུང་ཡོད་པ་འདི་མ་ཡིན་ནམ།

ད་ནས་བོད་ཀྱི་ས་ཆ་སོ་སོ་ནས་བསྟུན་པ་སྲོལ་དུ་མི་འཛིན་པའི་མི་བུ་དཀྱོག་ལོག་མང་བོ་སྐྱེ་བར་ཤོག དོགས་སློང་དང་དགག་སྒྲུབ་ཀྱི་སྙིང་སྟོབས་རྒྱས་པའི་མི་བུ་ཁེར་ཚུགས་ཅན་མང་བོ་སྐྱེ་བར་ཤོག རང་དབང་དང་འདྲ་མཉམ་གྱི་གོ་དོན་སེམས་ལ་ཡོད་པའི་མི་བུ་དཔའ་གདེང་ཅན་མང་བོ་སྐྱེ་བར་ཤོག དེ་དག་གིས་བྲན་གཤིས་ལ་ཀུ་ཡངས་བྱ་མི་སྲིད། དེ་དག་ནི་རང་ཉིད་ཀྱི་སྒལ་ཚིགས་དང་སྐད་སྒྲ་འཚོལ་མཁན་ནོ།།

དཔྱད་རྩོམ།

Post navigation

Previous Post: ཕ་སྐད་དྭངས་མ། ༼མཉམ་གཞས།༽
Next Post: དུར་ཐང་གི་སྙན་ངག་དང་དུར་ཐང་།

Comments (11) on “བྲན་གཤིས་ལས་ཐར་བའི་མི་ནི་སྒལ་ཚིགས་ཅན་ནོ།”

  1. རིག་འཛིན says:
    2014-10-15 at 1:28 am

    ད་ལྟའི་བཙན་བྱོལ་གྱི་བོད་པའི་སྤྱི་ཚོགས་འདི་ནི་གནའ་སྲོལ་འཛིན་མི་ཐུབ་ལ་དུས་རབས་དང་བསྟུན་ནས་གོམ་སྟབས་ཡང་སྤོ་མ་ཐུབ་ནས་དཀའ་ངལ་དུ་ལྷུང་པའི་སྤྱི་ཚོགས་ཤིག་ཏུ་ངས་ངོས་འཛིན་བྱེད་ཀྱི་ཡོད། གང་ལ་ཟེར་ན་གནའ་སྲོལ་འཛིན་པ་ལ་རང་ས་མེད་པ་དང་དུས་ཀྱི་མདའ་མོ་འཁོར་ཟིན་པས་མཇུག་མི་ཟིན་པས་དཀའ་ངལ། དུས་རབས་དང་བསྟུན་ནས་མདུན་སྐྱོད་བྱེད་པ་ལ་རྒྱལ་ཁབ་གཞན་གྱི་རྒྱུ་དཔལ་བསུ་བར་གནའ་སྲོལ་དེ་དག་མ་རྩ་ལྟ་བུར་ཆགས་ཡོད་པས་དེ་དག་སྤོང་མ་ཐུབ་པས་དཀའ་ངལ། དེ་འདྲའི་བར་དུ་བོད་མི་རྣམས་འདས་ད་མ་འོངས་གང་ལ་ཡང་ལྟ་སོ་མེད་པའི་མི་རིགས་ཤིག་ལ་འགྱུར་ཉེན་ཧ་ཅང་ཆེ་བ་འགྱུར་ཡོད།

  2. ཅོ་རི་ཉི་མ། says:
    2014-10-15 at 4:20 am

    རྩོམ་པ་པོས་ཡག་པོ་གསུངས་འདུག་པས་དགའ་པོ་བྱུང་། བརྗོད་ཚིག་སྙན་མོ་བེད་སྤྱོད་བྱས་འདུག དཔེར་ན། བྲན་གཤིས་ཅན་དང་རྨོངས་དད་ཅན། བག་ཆགས་རྙིང་པ་ཅན། སྒལ་ཚིགས་ཅན་ཞེས་བརྗོད་ཚིག་འདི་དག་སྙན་པོ་འདུག

    བྲན་གཤིས་ཅན་ཚོའི་ལུས་ངག་གི་སྤྱོད་པ་ལ་དབྱེ་ན།
    ༡་་བྲན་གཤིས་ཅན་ཚོས་མྱི་ཆེན་དང་བླ་ཆེན་མཐོང་དུས་སུག་བཞི་ས་ལ་བཙུགས་པ་མ་ཟད་མགོ་ཡང་ས་ལ་བཙུགས། ཉམ་ཆུང་དང་མྱི་ཆུང་མཐོང་དུས་ལུས་པོ་ཡར་འགྲེས་ནས་མགོ་བོ་མཐོ་མཐོ་བྱས།

    ༢་་བྲན་གཤིས་ཅན་ཚོས་མྱི་ཆེན་དང་བླ་ཆེན་རྣམས་ལ་མཆོག་དང་སྐུ་ངོ། ཕེབས་དང་བཞུགས། གཞེས་དང་གཟིམ། ཐ་ན་གཅིན་སྐྱག་ལ་ཡང་ཆབ་ཟེར་ནས་ཞེ་ས་འབོད་ཀྱི་རེད། ཉམ་ཆུང་མྱི་ཆུང་ཞིག་དང་ཐུག་དུས་ཀྭེ་ཡེ་དང་དམན་ཡེ། ཚུར་ཤོག་དང་ཕར་རྒྱུགས། སྐྱག་ཟན་དང་ཁྱི་རྒན་སོགས་འབོད་ཀྱི་རེད།

    ༣་་་བྲན་གཤིས་ཅན་དང་རྨོངས་དད་ཅན་ཚོས་བསམ་བློའི་འདུ་ཤེས་ནང་དུ་འདྲ་མཉམ་ཟེར་བ་དང་། ཐོབ་ཐང་ཟེར་བ། དམངས་གཙོ་ཟེར་བ། གཞན་ལ་གུས་བཀུར་ཟེར་བ་རྩ་བ་ནས་མེད། བྲན་གཤིས་ཅན་ཚོས་བསམ་པར་མྱི་ཆེན་ད་བླ་ཆེན་ལ་གུས་བཀུར་དང་ཉམ་ཆུང་མྱི་ཆུང་ལ་མཐོང་ཆུང་དང་ཁྱད་གསོད་བྱས་ན་ཡ་རབས་བཟང་སྤྱོད་ཡིན་བསམས་ཀྱི་ཡོད་པ་རེད། དེར་འདྲ་མཉམ་དང་ཐོབ་ཐང་། དམངས་གཙོ་དང་རང་དབང་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

    རང་ཉིད་སུག་བཞི་ས་ལ་བཙུགས་མཁན་གྱི་བྲན་གཤིས་ཅན་ཞིག་ཡིན་ན་འདྲ་མཉམ་དང་རང་དབང་ཟེར་བ་དེར་ངོ་མི་ཤེས། འདྲ་མཉམ་དང་རང་དབང་ངོ་མ་ཤེས་ན་རང་དབང་འཐབ་རྩོད་ཟེར་བ་ཡོང་ཐབས་མེད། དང་པོར་རང་གིས་རང་ཉིད་ལ་འདྲ་མཉམ་དང་རང་དབང་སྤྲོད་དགོས། རང་ཉིད་སུག་བཞི་ས་ལ་བཙུགས་མཁན་གྱི་མྱི་ཞིག་གིས་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ཟེར་བའི་དོན་ཤེས་ཀྱི་ཕར་ཞོག དེ་དག་གི་དགྲ་ཟླ་ལངས་ནས་བསྡད་ཡོད་པ་ཡང་ཤེས་ཀྱི་མ་རེད།

    རྡ་སའི་གྲོས་འཚོགས་ནང་དུ་སྤྱི་འཐུས་ཚོས་སོ་སོ་རང་ཉིད་བྲན་གཤིས་ཅན་ཞིག་ཡིན་མིན་མི་ཤེས་པར་བོད་ནང་གི་གཞི་ལུས་རྒྱ་ཆེན་མི་དམངས་ཀྱི་རང་དབང་དང་ཐོབ་ཐང་། མཉམ་འདྲ་དང་སྨྲ་བརྗོད་རང་དབང་སོགས་བཤད་འོང་དུས་ང་ཅོ་རི་དགོད་མོ་ཤོར་གྱི་ཡོད། སྤྱི་འཐུས་འདི་ཚོས་དང་པོར་སོ་སོའི་སྨྲ་བརྗོད་རང་དབང་དང་འདྲ་མཉམ། ཡང་དག་པའི་དམངས་གཙོ་སོགས་ཀྱི་ཐོག་ཏུ་འཐབ་རྩོད་མ་བྱས་པར་གཞན་ཞིག་གི་རང་དབང་དང་ཐོབ་ཐང་ཇི་ལྟར་བརྩད་ཐུབ་བམ། རང་ཉིད་ལ་སྒལ་ཚིགས་མེད་ནས་ལུས་པོ་ཡར་འགྲེས་མི་ཐུབ་པའི་མི་ལུས་ཅན་ཞིག་གིས་མི་གཞན་ཞིག་ཡར་ཇི་ལྟར་ལོངས་ཐུབ་བམ། དྲི་བ་རེད་ད།

  3. ཅོ་རི་ཉི་མ། says:
    2014-10-15 at 4:51 am

    དེང་སང་བོད་ཡིག་ཁོ་ན་མ་གཏོགས་མི་ཤེས་པའི་བཙན་བྱོལ་བའི་བྱབ་ཆུང་འགའ་རེས་སྤྱི་བཙན་བྱོལ་ནང་དུ་སྐྱེས་པའི་གཞོན་སྐྱེ་རྣམས་དང་། སྒེར་ནུབ་ཕྱོགས་ཨ་རིའི་མཐོ་སློབ་ནས་ཐོན་པའི་སྲིད་འཛིན་སེང་གེ་ལ་བོད་མི་ཕྱེད་ཀ་རེད་ཅེས་འབོད་བཞིན་འདུག་མོད།

    བཙན་བྱོལ་ནང་དུ་སྐྱེས་པ་དང་ལྷག་པ་ཏུ་ནུབ་ཕྱོགས་སུ་སྐྱེས་ནས་འཚར་ལོངས་བྱུང་བའི་བོད་མི་རྣམས་ནི་མང་ཆེ་བ་ཁྱད་ལས་ཡིན། འཛམ་གླིང་ཐོག་ཏུ་མི་ཆ་ཚང་བ་ཡིན། རིག་གནས་ཅན་ཡིན། བོད་ཡིག་ཁོ་ནས་བྱ་དང་བྱེའུ་སྙན་ངག་ཚིག་རེ་གཉིས་འབྲི་མཁན་ཚོ་དང་སྡུད་ཐབས་རྩ་བ་རེད།

    དཔེར་ན། ཤར་ཁུག་ལྟ་བུའི་མི་རྣམས་མི་ལུས་ལེན་ཀྱང་མི་ཆ་ཚང་ཆགས་ཚར་མེད། མི་ཆ་ཚང་ཞིག་མིན་དུས་བོད་མི་ཆ་ཚང་བ་ཞིག་ག་ལ་ཡིན། སོ་སོར་རང་ཉིད་བོད་མི་ཕྱེད་ཀ་ཡིན་པ་ངོ་མི་ཤེས་པར་སྲིད་འཛན་སེང་གེ་གཙོ་བོ་གྱུར་པའི་རྒྱལ་སྤྱིའི་ནང་གི་ཁྱད་ལས་པ་དེ་དག་མི་ཕྱེད་ཀ་རེད་ཟེར་བ་དང་བོད་མི་ཕྱེད་ཀ་རེད་ཟེར་བའི་སྐད་ཆ་འདི་དག་ངོ་ཚ་མེད་པའི་སྐད་ཆ་རེད། བྲན་གཤིས་ཅན་ཚོས་སྐད་ཆ་རེད། རྨོངས་དད་ཅན་ཚོས་རང་རློམ་རེད། སྒལ་ཚིགས་མེད་པའི་ཡར་འགྲེས་རེད།

    གཞི་ལུས་རྒྱ་ཆེན་མི་དམངས་ཀྱིས་མཁྱེན་དགོས་པའི་གནད་དོན་ཞིག་ནི་བཙན་བྱོལ་ནང་གི་གཞོན་སྐྱེས་མང་ཆེ་བ་ཁྱད་ལས་སློབ་སྦྱོང་ཡོད་པར་ཤ་དག་ཐོན་འོང་གི་ཡོད། འཛམ་གླིང་རྒྱལ་སྤྱིའི་ཐོག་ཏུ་མི་གྲལ་ཚུད་ཀྱི་ཡོད་ལ། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་མིའི་རྗེས་སུ་ཆོད་ཀྱི་ཡོད་པས་ཐུགས་འཁྲུལ་གནང་མི་དགོས་ཞུ་རྒྱུ་ཡིན། བོད་ཕྲུག་ཚོ་འཚར་ལོངས་ཡག་པོ་ཡོང་གི་ཡོད།

  4. ཅོ་རི་ཉི་མ། says:
    2014-10-15 at 5:08 am

    ནུབ་ཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གིས་ཁྱད་ལས་སློབ་སྦྱོང་མེད་པའི་མྱི་ལ་མྱི་ཕྱེད་ཀ་བརྩི་ཡི་རེད། ཁྱད་ལས་སློབ་སྦྱོང་མེད་པའི་མྱི་ཞིག་ཡིན་ན་ཆང་ས་རྒྱབ་མཁན་ཡང་རེག་ཁག་པོ་རེད། སེང་གེ་ལ་བོད་མི་ཕྱེད་ཀ་འབོད་མཁན་ཚོས་སོ་སོ་རྒྱལ་སྤྱིའི་ནང་དུ་མི་ཆ་ཚང་བ་ཞིག་ཆགས་ཚར་འདུག་དང་མི་འདུག་ཞིབ་འཇུག་བྱོས་ཤོག་་་་་ཧཧཧ རྒྱལ་སྤྱིས་ངོས་ལེན་ཡོད་པའི་ཁྱད་ལས་པའི་ལག་ཁྱེར་ཡོད་དམ་མེད།་་་་ཧཧ

  5. ལྷ་སྡེ་གནམ་ལོ་ཡག says:
    2014-10-15 at 8:53 am

    རྩོམ་ཡག་པོ་འདུག ཡིན་ནའང་། རྩོམ་མཁན་སུ་ཡིན་གསལ་ཁ་མེད་པ་དེས་རྩོམ་ནུས་ཕྱེད་ཀ་ཆག་འདུག

  6. རྒྱང་མིག says:
    2014-10-15 at 9:36 am

    དྲ་གྲོགས་གནམ་ལོ་ཡག་ལགས། རྩོམ་པ་པོའི་མིང་ལ་”བཙན་”ཟེར།

  7. སྲས says:
    2014-10-15 at 10:33 am

    ནང་དོན་གསར་བ་ཅང་མི་འདུག མོ་ཙེ་ཏུང་གི་གསུང་བཏུས་ཀྱི་དགོངས་པ་ཡང་བསྐྱར་བརྒྱུད་བསྒྲགས་བྱས་པ་ཙམ་ཞིག་རེད། གཉིད་བཤད་རྒྱག་མཁན་དེ་རིག་གནས་གསར་བརྗེའི་ལས་འགུལ་གྱི་ཚ་རླབས་ཁྲོད་དུ་རྨོངས་ནས་ཤི་བ་ཞིག་གི་རྣམ་ཤེས་ཡིན་ཚོད་འདུག

  8. གནམ says:
    2014-10-15 at 10:56 am

    ལྷ་ཞིག་ངོ་འཚོ་བ་ཚོ་དང་། བོང་སྒལ་རང་གཤིས་ཅན་ཚོས། འཇིག་རྟེན་འགྲིམ་པའི་འགྲིམ་ལུགས་འདྲ་ཤེས་ནི་མ་རེད། ང་ཚོའི་མེས་བོ་ཚོ་ལ་གཏམ་དཔེ་དཔེ་ན་མེད་པ་ཞིག་ཡོད། དེ་ངས་ཁྱེད་ཚོ་ལ་བཤད་དགོས།
    རུལ་མ་ཅིག་གིས་ནར་ནར་ལ་ཡོད། སྐྲག་ཤོར་ཅིག་གིས་བདའ་བདའ་ལ་ཡོད་ཟེར་བ་དེ་རང་རེད། ང་ཚོས་ཁྱེད་ཚོའི་རྟའི་ཁ་བཅིང་ནང་ལ་འཇུས་ནས་ནམ་ཞིག་ལ་འགྲོ་ཅིག་མ་སོང་། དོན་འགྲུབ་རྒྱལ་ལྟ་བུ་མང་པོ་བྱོན་ནས་མ་ཚད་ཕྱིན་ནས་འགྲོ་ན་ཡང་རང་འདོད་རེད། ཡིན་ན་ཡང་།
    ཕ་མའི་ཕོར་བར་གཙོག་ལ་བལྟས། ཁྱིམ་མཚེ་རྒན་མགོ་འདྲེ་ལ་བརྩིས་ན། ཁྱོད་ཚོ་ལ་འཁོར་ཡུག་སྐྱིད་པོ་ཞིག་ཡོད་མེད་ཆེ་མ་མཐའ་ཡང་ཤེས་དགོས་བའི་མགོ་ཐོག་གི་གནམ་རེད། ལོ་ལོ་ཆུང་ཆུང་ཚོ།
    ༼རྩོམ་ཡག་པོ། ཚིག་ཡག་པོ།༽ ཧ་ཧ་ཧ། སྒལ་ཚིག་ཡོད། ད་མྱི་ཡིན། རྟོག་སད་ཡིན་ཟེར་བ་ལས། ལག་པས་འཕྲུལ་ལུ་ཞིག་བཟོ་ག་ལ་ཐུབ། མཐའ་ན་དཀྲི་ཡང་ཤེས་ནི་ཡོད་པ་མ་རེད། སྙིང་རྗེ། མྱི་རྗེས་མ་ཆོད་དུས། ཕ་མེས་ལ་ངན་ཁ་སྐོར་ཚུལ་ལ་བལྟས་ན། ཁྱེད་ཚོ་ཁྱི་ལ་རྒྱག་གི་དབྱུག་པ་ཡང་མི་ཉན་ཁོ་ཐག་རེད། ཡིད་རེ་སྐྱོ།

  9. གསེར་ས་ལེ་སྦྲམ། says:
    2014-10-15 at 11:32 am

    ལྷ་སྡེ་གནམ་ལོ་ཡག་ལགས། རྩོམ་མཁན་སུ་ཡིན་མ་ཤེས་པར་རྩོམ་ཡིག་གི་བྲོ་བ་རོལ་མྱོང་བྱེད་མི་ཐུབ་པ་ནི། རང་ཉིད་རྩོམ་ཡིག་དེ་ཀློག་མཁན་ཞིག་གི་གནས་བབ་ལས་བརྒལ་ནས་རྩོམ་པ་པོའི་ངོ་འཚོལ་མཁན་ཞིག་ཏུ་གྱུར་ཡོད་པའི་སྟབས་ཀྱིས་ཡིན་པ་འདྲ།

  10. དགྲ་ལྷ་ནག་པོ says:
    2014-10-16 at 3:13 am

    ཁ་བརྡ་དྲ་བའི་ནང་དུ་རྩོམ་ཡིག་ཡག་པོ་འབྲི་མཁན་དང་མཆན་བུ་འཁྲིག་པོ་བརྒྱག་མཁན་མང་པོ་འདུག་རྩོད་པ་ག་འདྲ་མང་ཡང་སྐྱོན་མི་འདུག ཡིན་ནའང་འདིའི་ནང་དུ་དོལ་འདྲེ་དང་རྒྱ་འདྲེ་མཉམ་རུམ་བྱེད་ཀྱི་འདུག ཁ་ཤས་ཤིག་འདུག་དྲ་བདག་གིས་རྒྱང་འཕུད་བཏང་ན་ཤིན་ཏུ་ལེགས། སྐྱིད་པོ་ཞིག་མ་རེད། དེ་ལྟ་བུའི་ཁྱི་ཕྲུག་གསུམ་དུས་རྟག་ཏུ་ཐོན་ཡོང་གི

  11. ལྷ་སྡེ་གནམ་ལོ་ཡག says:
    2014-10-16 at 11:07 am

    རྩོམ་པ་པོ་ཞིག་གི་ཁྱད་ཆོས་གཙོ་བོ་ནི་བསམ་ཕོད་པ་དང་འབྲི་ཕོད་པ། བཤད་ཕོད་པ་དང་འགན་འཁུར་ཕོད་པ་བཞི་ཡིན་པས། བཙན་བྱོལ་རྩོམ་པ་པོ་རྣམས་ལའང་ཆ་རྐྱེན་དེ་ཡོད་འོས་པ་ཞིག་རེད། ཡང་ཅིག་བཤད་ན། རྩོམ་ཡིག་འདིར་བྱ་དགའ་རེག་པ་ཡིན་ན། ང་བཙན་ཡིན་ལབ་མཁན་ག་ཚད་ཅིག་བྱུང་སྲིད་དམ། དེ་མིན་པིར་མིང་གི་དགོས་པ་རྒྱུ་མཚན་གཙོ་བོ་ནི་སྤྱི་ཚོགས་ཀྱི་གཉའ་གནོན་ལ་གཞོལ་ཆེད་ཡིན་པས། ཕྱི་གསལ་ནང་གསལ་ཡིན་ལབ་བཞིན་པའི་བཙན་བྱོལ་ནང་དུ་ཉི་འོད་འོག་འགྲེངས་མི་ཐུབ་པའི་འདི་འདྲའི་གྲིབ་ཡོར་མང་བོའམ། རེ་གཉིས་མང་བོར་བརྫུས་པ་ཞིག་བྱུང་དོན་ཅི་ཡིན་ནམ། མ་འོངས་པར་སྤྱི་ཚོགས་དཔྱད་བརྗོད་པ་ཚོས་གནས་སྟངས་འདི་གཞིར་བཟུང་ནས་ཞིབ་འཇུག་གནང་གི་རེད་ལ། སྐབས་དེར་བཙན་བྱོལ་སྤྱི་ཚོགས་ནང་རང་དབང་ཡོད་མེད་ལ་དོགས་པ་ཟ་མཁན་ཡང་གང་མང་འབྱུང་ངེས་དང་། སྐབས་དེ་དུས་དོགས་གནས་དེ་དག་ལོ་རྒྱུས་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཟིན་པས། མཇུག་འབྲས་གང་ཞིག་བསྐྲུན་ཟིན་མིན་ཧ་གོ་གི་ཡོད་དམ། དེ་བས། ངས་རྩོམ་པ་པོ་དག་གི་ངོ་འཚོལ་བཞིན་པ་མ་ཡིན་པར་ལོ་རྒྱུས་ཀྱིས་མི་གཤིས་ངོ་མ་ལྡན་པའི་རྩོམ་འབྲི་བ་ག་ཚོད་ཅིག་ཡོད་མེད་ལ་བརྡར་ཤ་གཅོད་ཀྱིན་པ་མ་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme