Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱང་ཨ་རིའི་བོད་རིགས་ཚོགས་ཁག་གིས་བཞག་པའི་གྲོས་ཆོད།

Posted on 2015-06-172015-06-17 By ཁ་བརྡ་ 7 Comments on བྱང་ཨ་རིའི་བོད་རིགས་ཚོགས་ཁག་གིས་བཞག་པའི་གྲོས་ཆོད།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ

 

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༤ པའི་ཐོག་བཞག་པའི་གྲོས་ཆོད།

གྲོས་གཞི་གྲོས་ཆོད།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༤ པ་དེ་བཞིན་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་གྱི་རིང་བྱང་ཨ་རིའི་མངའ་སྡེ་ཨོརནགྷཎ་གྱི་ས་གནས་པོརཊ་ལེཎྜ་ཏུ་བསྐོང་ཚོགས་གནང་ཡོད།

ད་རེས་ཀྱི་ཚོགས་ཆེན་འདིའི་ནང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་མི་འདྲ་བ་ ༡༩ ཡི་རྒྱུན་ལས་དང་སྐུ་ཚབ་རྣམས་ཚོགས་བཅར་གནང་བའི་ཐོག བྱང་ཨ་རིའི་བཀུར་འོས་སྤྱི་འཐུས་རྣམ་པ་གཉིས་ཀྱང་ཚོགས་ཆེན་གྱི་ཉིན་གཉིས་པ་དང་གསུམ་པའི་ནང་ཚོགས་བཞུགས་གནང་ཡོད། ཐོག་མར་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ནས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་ནང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་དབར་འབྲེལ་ལམ་མཐུད་མཁན་གཙོ་བོ་ཞིག་ཆགས་བསྡད་ཡོད་པ་མ་ཟད། བོད་ཀྱི་འཐབ་རྩོད་ལའང་ཤིན་ཏུ་གལ་གནད་ཆེ་བ་ཞིག་ཡིན། བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཚགས་ཚུད་ཡོང་སླད། ལོ་ལྟར་ཚོགས་ཆེན་འདི་ལྟ་བུ་བསྐོང་ཚོགས་ཞུ་རྒྱུ་ཐག་གཅོད་བྱུང་ཡོད་པ་དང་། དོན་གཅོད་ལས་ཁང་ནས་ས་གནས་ཚོགས་པ་སོ་སོར་དགོས་ངེས་ཀྱི་མཐུན་རྐྱེན་ཁག་མུ་མཐུད་འབུལ་རྒྱུ་ཡིན་པ་དང་། སྤྱི་མཐུན་ཚོགས་པས་བོད་དོན་ཆབ་སྲིད་ཀྱི་འགན་འཁུར་འབད་བརྩོན་གནང་སྟེ་ས་གནས་སོ་སོར་ཡོད་པའི་ཨ་རི་དང་ཁེ་ན་ཌའི་གཞུང་གི་སྐུ་ཚབ་ཁག་ལ་འབྲེལ་གཏུགས་ཀྱིས་བོད་དོན་གོ་རྟོགས་སོགས་སྤེལ་རྒྱུ་ཤིན་ཏུ་གལ་ཆེ། དེ་བཞིན་ས་གནས་སོ་སོས་རྒྱ་རིགས་རྣམས་དང་འབྲེལ་བ་དམ་ཟབ་དགོས་རྒྱུ་སོགས་གསུངས་བཤད་གནང་ཡོད།

ཚོགས་ཆེན་འདིའི་ཐོག (Rabbi Michael Cahana) དང་། (Caron Blau Rothstein) རྣམ་གཉིས་ནས་ཇིའུ་མི་རིགས་ཀྱི་འཐབ་རྩོད་ཇི་ལྟར་བྱས་པའི་ལོ་རྒྱུས་དང་། དེ་བཞིན། སྐད་ཡིག་དང་རིག་གཞུང་གཅེས་འཛིན་ཇི་ལྟར་བྱེད་ཚུལ་གྱི་ཟབ་སྦྱོང་རྒྱས་པར་ཞིག་གནང་ཡོད། གཞན་ཡང་། (Linda L. Reed) མཆོག་གིས། བོད་རིགས་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་དང་དཔལ་འབྱོར་གྱི་ནུས་ཤུགས་ཡར་རྒྱས་ཇི་ལྟར་གཏོང་ཕྱོགས་ཀྱི་སྐོར་ཟབ་སྦྱོང་ཞིག་གནང་ཡོད། དེ་བཞིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་དང་། བསྟན་ཆོས་རྒྱ་མཚོ་ལགས། (Andrea Worden) བཅས་ནས་བྱང་ཨ་རིའི་ནང་དུ། བོད་ཀྱི་གནད་དོན་སྐོར་ཁྱབ་བསྒྲགས་དང་། རྒྱབ་སྐྱོར་འཚོལ་ཐབས་ཐད་ལས་དོན་ཇི་ལྟར་ཡར་རྒྱས་གཏོང་ཕྱོགས་སྐོར་ (Skype) དྲ་ལམ་བརྒྱུད་ནས་ཟབ་སྦྱོང་གནང་ཡོད།

དེ་ལྟར་ཕྱི་ལོ་ ༢༠༡༥ ལོའི་ཚོགས་ཆེན་ཐེངས་ ༡༤ པའི་ཐོག་ཚོགས་ཆེན་ཐེངས་ ༡༣ པར་བཞག་པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་། ཚོགས་འདུའི་གྲོས་གཞི་ཁག་གི་ཐོག་ལ་བཀའ་བསྡུར་དང་་སྦྱང་བཤད་མཐིལ་ཕྱིན་ཞུས་རྗེས་གཤམ་འཁོད་གྲོས་གཞི་གྲོས་ཆོད་ཁག་སྤྱི་མོས་སམ་མང་མོས་ཀྱི་གཏན་འབེབས་བྱུང་བ་ནི།

 

གྲོས་གཞི་དོན་ཚན་དང་པོ།

བྱང་ཨ་རིའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གསར་འཛུགས་དང་ངོས་འཛིན་གནང་ཕྱོགས་ཇི་ལྟར་དགོས་མིན་ཞེས་པའི་སྐོར།

 

གྲོས་ཆོད།

དང་པོ། བྱང་ཨ་རིའི་ས་གནས་ཁག་ཏུ་བོད་རིགས་སྤྱི་མཐུན་ཚོགས་པ་གསར་འཛུགས་དང་འབྲེལ་གཞུང་འབྲེལ་ངོས་ལེན་ཡོང་བའི་ཞུ་སྙན་དོན་གཅོད་ལས་ཁང་དུ་འབྱོར་མཚམས། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་གསར་འཛུགས་དང་ངོས་འཛིན་གནང་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་ཁག་དགོས་པ་གཤམ་གསལ།

ཀ༽ས་གནས་སོ་སོར་གནས་སྡོད་བོད་མི་གྲངས་འབོར་ཉུང་མཐར་ ༥༠ དགོས་པ།

ཁ༽ས་གནས་དེའི་ནང་གི་བོད་མིས་དྭང་བླང་དཔྱ་དངུལ་འབུལ་ཆད་མེད་པར་དགོས་རྒྱུ་དང་། ཉུང་མཐར་ཡང་མང་ཚོགས་ཀྱི་རྩ་འབོར་ནས་བརྒྱ་ཆ་ ༧༥ འབུལ་མཁན་ཡིན་དགོས་པ།

ག༽ཚོགས་པའི་སྒྲིག་གཞི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལྟར་ཤར་བསྐྱོད་བྱ་རྒྱུ་ཞེས་པ་འཁོད་དགོས་རྒྱུ།

ང༽གལ་ཏེ་ད་ཡོད་བོད་རིགས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་ཀྱི་ས་ཁུལ་གཅིག་ནས་གོང་གསལ་ཆ་རྐྱེན་ཚང་སྟེ་ཚོགས་པ་གསར་འཛུགས་ཀྱི་དགོས་པ་དམིགས་བསལ་བྱུང་ཚེ། ད་ཡོད་ཁྱབ་ཁོངས་ཀྱི་ཚོགས་པས་དགག་བྱ་མེད་པའི་ཡིག་ཐོག་ནས་ཆོག་མཆན་ངེས་པར་དགོས་རྒྱུ།

 

གྲོས་གཞི་དོན་ཚན་གཉིས་པ།

གསུམ་བཅུའི་དུས་དྲན་དང་གཞན་ཡང་གལ་ཆེའི་མཛད་སྒོ་ཁག་གོ་སྒྲིག་གནང་ཕྱོགས་ཇི་ལྟར་དགོས་མིན་སྐོར།

 

གྲོས་ཆོད།

དང་པོ། གསུམ་བཅུའི་དུས་དྲན་དང་གཞན་ཡང་གལ་ཆེའི་མཛད་སྒོ་ཁག་གོ་སྒྲིག་གནང་ཕྱོགས་ཐད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁང་གི་ལམ་སྟོན་འོག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོ་ནས་འགན་འཁུར་རྐང་བཞེས་ཀྱིས་ས་གནས་སུ་ཚོགས་སྐྱིད་གཞན་རྣམས་དང་ལྷན་དུ་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ཐབས་དགོས་པ་གཤམ་གསལ་ལམ་སྟོན་གྱི་དོན་ཚན་ཁག་ནི།

ཀ༽ གསུམ་བཅུའི་དུས་དྲན་དང་གཞན་ཡང་གལ་ཆེ་དུས་ཆེན་སྲུང་བརྩི་ཞུ་སྐབས་གཞུང་འབྲེལ་གྱི་རྣམ་པ་ཐོན་པའི་སྒོ་ནས་སྲུང་བརྩི་ཞུ་རྒྱུ་གལ་གནད་ཆེ་བ་སོང་། ཐོག་མར་ལས་རིམ་བཟོ་བཀོད་ནས་མཛད་སྒོར་གཏམ་བཤད་གནང་མཁན་བར་གྱི་ཁྱོན་ཡོངས་ནང་། བོད་མིའི་འཐབ་རྩོད་དང་ཆིག་སྒྲིལ་གྱི་རྣམ་པར་དོ་ཕོག་མི་འགྲོ་བ་དགོས་གལ་ཆེ་བ་དང་། གཞུང་འབྲེལ་གྱི་མཛད་སྒོ་གྲུབ་རྗེས་ཁྲོམ་སྐོར་དང་སྐད་འབོད་སོགས་ལ་བཀོད་བྱུས་དང་སྟངས་འཛིན་རིགས་བྱ་ཐབས་དཀའ་བ་ཞིག་ཏུ་ཚོགས་ཆེན་འདི་ནས་ངོས་འཛིན་ཞུ་རྒྱུ།

ཁ༽ལོ་ལྟར་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་མ་སྤེལ་སྔོན་ཚུད་ནས་ཕྲེད་དར་དང་། སྦྱར་ཡིག་ཁག་གཅིག་གྱུར་ཡོང་ཐབས་འབད་བརྩོན་ཞུ་དགོས་རྒྱུ་དང་། དགོས་གལ་ནམ་བྱུང་མཚམས་ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་དང་པོའི་ནང་བཀའ་ཤག་དང་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས་ལྡི་ལིར་སྤེལ་བའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྐབས་བེད་སྤྱོད་གནང་བའི་ཕྲེད་དར་དང་བརྗོད་ཚིག་ཁག་ནས་དཔེ་མཚོན་ངེས་པར་བླང་ཆོག་རྒྱུ། ལྷག་དོན། དུས་དྲན་སྐབས་སུ་འབོད་ཚིག་རིགས་བེད་སྤྱོད་གནང་སྐབས་མང་ཚོགས་སྤྱི་ཡོངས་ཀྱི་བསམ་པ་དང་མཐུན་པ་གང་ཐུབ་གནང་གལ་ཆེ་བ་དགོས་རྒྱུ།

ག༽མང་ཚོགས་ནང་བློ་ཕམ་དང་དཀྲོག་གཏམ་བཟོ་གཞིའི་གནས་ཚུལ་རིགས་ཐོན་སྐབས། དྲྭ་རྒྱའི་བརྒྱུད་ལམ་ཁག་ནང་གསོག་འཇོག་རིགས་མི་དགོས་པར་ཚང་མས་ཡིད་གཟབ་ནན་པོ་དགོས་པའི་ལམ་སྟོན་གྱི་བརྡ་ཁྱབ་ས་གནས་སོ་སོར་གནང་གལ་ཆེ་བ།

ང༽དེ་མིན་མཛད་སྒོ་གྲ་སྒྲིག་ཞུ་ཕྱོགས་ཐད་ས་གནས་སོ་སོའི་ནང་དྭོགས་གཅོད་རིགས་བྱུང་ཚེ། སྐབས་མཚམས་དོན་གཅོད་ལས་ཁང་ལ་འབྲེལ་བ་ཞུ་རྒྱུ།

 

གྲོས་གཞི་དོན་ཚན་གསུམ་པ།

བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཕེབས་བསུ་དང་སྣེ་ལེན་ཞུ་ཕྱོགས་སྐོར།

 

གྲོས་ཆོད།

ཕྱི་ལོ་ ༢༠༡༥ ལོར་དཔལ་ལྡན་བཀའ་ཤག་སྐབས་ ༡༤ ནས་རྩ་འཛིན་ལམ་སྟོན་དང་། དཔལ་ལྡན་ཆོས་རིག་ལས་ཁུངས་ནས་བོད་ཀྱི་བླ་ཆེན་རྣམས་ཀྱི་མཚན་གཞུང་གཏན་འབེབས་ཡིག་ཆ་བཅས་དེ་སྔོན་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ལ་བཀོད་ཁྱབ་ཕེབས་དོན་བཞིན། འདི་གའི་དོན་གཅོད་ལས་ཁང་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་ནས་ཕྱག་བསྟར་དགོས་པའི་རྩ་འཛིན་ལམ་སྟོན་ཇི་བཞིན་ཕྱག་བསྟར་གནང་རྒྱུ།

 

གྲོས་གཞི་དོན་ཚན་བཞི་པ།

བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་ཁྱབ་སྤེལ་ཆེད། བྱང་ཨ་རིའི་ཁུལ་དུ་བོད་དོན་དང་འབྲེལ་བའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར་སྐོར།

 

གྲོས་ཆོད།

ཚོགས་ཆེན་ཐེངས་ ༡༣ པའི་གྲོས་ཆོད་དང་དེའི་རྗེས་སུ་ཁ་དཔར་ཐོག་ཚོགས་འདུ་བསྐོང་ཚོགས་བྱུང་དོན་བཞིན། ད་བར་ལག་བསྟར་མ་ཐུབ་པ་སོང་། འབྱུང་འགྱུར་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གཞི་རྒྱ་ཆེ་བའི་བོད་དོན་གོམ་འགྲོས་ཤིག་ཨ་རི་རྒྱལ་ས་ཝཤིང་ཊོན་དང་། ཁེ་ནཱ་ཌཱའི་རྒྱལ་ས་ཨོཊཝ་ནང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དང་བྱང་ཨ་རིའི་བཀུར་འོོས་སྤྱི་འཐུས་རྣམ་གཉིས། དེ་བཞིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་གོ་སྒྲིག་ཞུ་རྒྱུ།

 

གྲོས་གཞི་དོན་ཚན་ལྔ་བ།

བྱང་ཨ་རིའི་ནུབ་ཕྱོགས་ཁུལ་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཞུ་རྒྱུའི་ལས་རིམ་སྤེལ་འཆར་སྐོར།

 

གྲོས་ཆོད།

བྱང་ཨ་རི་དོན་གཅོད་ཁང་ནས་ལོ་ལྟར་ཨ་རིའི་ཤར་ཕྱོགས་སུ་ནང་ཆོས་ངོ་སྤྲོད་ལས་འཆར་སྤེལ་མུས་ཡིན་པ་དང་གཅིག་མཚུངས་ཤིག་ཨ་རིའི་ནུབ་ཕྱོགས་ཁུལ་དུའང་དགོས་ངེས་སོང་། ད་རེའི་ཚོགས་ཆེན་འདིའི་ཐོག་ནས་ཨ་རི་ནུབ་ཕྱོགས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་དེའི་ལས་འཆར་ཞིག་བཀོད་སྒྲིག་དགོས་རྒྱུ། བཀོད་སྒྲིག་བྱུང་བའི་ལས་འཆར་དེ་དག་དོན་གཅོད་ལས་ཁང་ལ་འབུལ་རྒྱུ་དང་། དོན་གཅོད་ཁང་ནས་དེའི་དོན་མཐུན་འགྱུར་རམ་འདེགས་གང་ཐུབ་ཞུ་རྒྱུ།

 

གྲོས་གཞི་དོན་ཚན་དྲུག་པ།

ཚོགས་ཆེན་ཐེངས་ ༡༣ པའི་གྲོས་ཆོད་དགོངས་དོན་ ༼༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་། དབུས་བོད་མི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལྟར་ཤར་བསྐྱོད་བྱ་རྒྱུ། ༽ ཞེས་གསལ་བ་ལྟར་མུ་མཐུད་འཇུག་སྐྱོང་ཇི་དགེའི་སྐོར།

 

གྲོས་ཆོད།

༡༽བོད་རིགས་སྤྱི་མཐུན་ཚོགས་པ་འགའ་ཤིག་ནས་ཚོགས་པའི་སྒྲིག་གཞི་བསྐྱར་བཅོས་གནང་སྟེ་ཚོགས་པའི་དམིགས་ཡུལ་ཁོངས་སུ་ ༼༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་། དབུས་བོད་མི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལྟར་ཤར་བསྐྱོད་བྱ་རྒྱུ། ༽ གསར་འཇུག་ཟིན་པ་དང་། ཚོགས་པ་གཞན་རྣམས་ལ་ས་གནས་སོ་སོའི་མངའ་སྡེའི་ཁྲིམས་སྒྲིག་གི་དགོངས་དོན་བཞིན་ཆོག་མིན་ཐེ་ཚོམ་ཡོད་པ་སོང་། དེ་རྣམས་དགོས་ངེས་བྱུང་ཚེ་དོན་གཅོད་ལས་ཁང་ནས་ཁྲིམས་ལུགས་མཁས་པའི་སློབ་སྟོན་གླ་མེད་ངང་མཐུན་འགྱུར་གནང་རྒྱུ།

༢༽དེ་མིན་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་ནས་ས་གནས་སོ་སོའི་ཁྲིམས་སྒྲིག་དགོངས་དོན་བཞིན་ཕྱག་བསྟར་དགོས་རྒྱུ་དང་། དེའི་ཆེད་ཡིག་ཐོག་ནས་སྙན་ཐོ་ཞིག་ཚོགས་ཆེན་རྗེས་མའི་སྐབས་མ་འགྱང་པར་གནང་གལ་ཆེ།

 

གྲོས་གཞི་དོན་ཚན་བདུན་པ།

བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་ས་ལ་གསོལ་འདེབས་ཞུ་རྒྱུའི་སྐོར།

 

གྲོས་ཆོད།

རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་ཕྱི་ནང་གི་དད་ལྡན་མང་ཚོགས་ལ་རྒྱུན་དུ་ཆོས་འབྲེལ་དང་ལམ་སྟོན་བཀའ་སློབ་གནང་སྐབས་དོལ་རྒྱལ་བསྟེན་གསོལ་བྱེད་པ་དེས་བོད་བསྟན་སྲིད་ལ་གནོད་གཞིའི་ངོ་སྤྲོད་དང་རྒྱུ་མཚན། དེ་བཞིན་མང་ཚོགས་ནས་དེའི་དོན་སྤང་བླང་འགལ་འཛོལ་ཚུལ་བཞིན་དགོས་པའི་ལམ་སྟོན་བཀའ་སློབ་ཆེ་གནང་ཡོང་བའི་གསོལ་འདེབས་ཀྱི་ཕྱག་བྲིས་ཤིག་ཚོགས་ཆེན་འདིའི་ཐོག་ནས་གཏན་འབེབས་དགོས་པའི་ཐག་གཅོད་བྱུང་།

 

གྲོས་གཞི་དོན་ཚན་བརྒྱད་པ།

བོད་དོན་ཞུ་བསྐུལ་ལས་འགུལ་སྐོར།

 

གྲོས་ཆོད།

༡༽བོད་དོན་སྐོར་མཁྱེན་རྒྱ་ཡོད་པའི་ཨ་རི་དང་ཁེ་ན་ཌ་གཞུང་གི་གནད་ཡོད་མི་སྣ་མང་པོ་ཞིག་རང་བཞིན་བགྲེས་ཡོལ་དུ་ཕེབས་བཞིན་པ་སོང་། བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་ཨ་རི་དང་ཁེ་ན་ཌ་གཞུང་གི་དབུས་ས་གཉིས་ཀྱི་དཔོན་རིགས་དང་ལས་བྱེད་ཚོར་བོད་དོན་ངོ་སྤྲོད་དང་དྲིལ་བསྒྲགས་ཀྱི་ཞུ་བསྐུལ་གྱི་ལས་འགུལ་སྔར་ལྷག་སྤེལ་རྒྱུ།

༢༽བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོའི་རྒྱུན་ལས་ཁོངས་སུ་ཞུ་བསྐུལ་འགན་འཛིན་ (Advocacy Officer) ཞིག་བསྐོ་བཞག་གནང་རྒྱུ།

 

གྲོས་གཞི་དོན་ཚན་དགུ་པ།

དཔལ་ལྡན་སྲིད་སྐྱོང་དང་བྱང་ཨ་རི་སྤྱི་འཐུས་རྣམ་པ་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་སྐོར།

 

གྲོས་ཆོད།

༡༽ཕྱི་ལོ་ ༢༠༡༥།༢༠༡༦ ལོའི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བྱང་ཨ་རིའི་སྤྱི་འཐུས་རྣམ་པ་གཉིས་ཀྱི་འོས་བསྡུ་སྐོར་གསལ་བསྒྲགས་འཐུས་ཚང་ཞུས་ཐོག་དྭོགས་འདྲི་ཁག་ལན་གསལ་ཞུས་པ་དང་སྦྲགས། ཨ་རི་དོན་གཅོད་ཁང་ནས་ས་གནས་སོ་སོའི་ཚོགས་མི་དང་ཟུར་དཔང་རྣམ་པ་ཨ་རི་དོན་གཅོད་ཁང་དུ་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་འོས་ཤོག་གྲངས་བཤེར་སྐབས་སུ་ལམ་གྲོན་མཐུན་འགྱུར་འབོད་བསྐུལ་ཤུགས་ཆེ་ཞུ་བ་དང། གཞན་ཡང་ས་གནས་ནས་མཐུན་འགྱུར་ཇི་དགོས་འཐུས་ཚང་གནང་རྒྱུ།

༢༽ཨ་རི་དོན་གཅོད་ཁང་ནས་མ་འོངས་འོས་བསྡུ་དང་འབྲེལ་བའི་འགྲོ་གྲོན་རྣམས་དབུས་འོས་བསྡུ་ལྷན་ཁང་ལ་སྔོན་ཚུད་ནས་སྔོན་རྩིས་བཀའ་འཁྲོལ་ངེས་པར་ཞུ་ཐབས་གནང་རྒྱུ།

༣༽བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ནས་འདི་ལོའི་འོས་བསྡུ་ཆེན་མོའི་སྐབས་སུ་མཐུན་འགྱུར་དང་བྱེད་སྒོ་ཁག་གཤམ་གསལ།

ཀ༽ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ནས་འོས་བསྡུའི་ལས་དོན་ཆེད་ས་གནས་སོ་སོ་ནས་མཐུན་འགྱུར་གནང་རྒྱུ་དང་། དྭོགས་འདྲི་ཇི་བྱུང་སྐབས་མཚམས་དོན་གཅོད་ལས་ཁང་ལ་འབྲེལ་བ་གནང་རྒྱུ།

ཁ༽ས་གནས་སོ་སོའི་འོས་བསྡུའི་ཚོགས་མི་དང་ཟུར་དཔང་རྣམས་ཨ་རི་དོན་གཅོད་ཁང་དུ་སྔོན་འགྲོ་དང་དངོས་གཞིའི་འོས་གྲངས་ཞིབ་བཤེར་ཆེད་བཅར་སྐབས་ལམ་གྲོན་ས་གནས་སོ་སོ་ནས་མཐུན་འགྱུར་གནང་རྒྱུ་དང་། བཞུགས་གནས་ཀྱི་གྲ་སྒྲིག་ཨ་རི་དོན་གཅོད་ཁང་དང་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་མཐུན་འགྱུར་ཞུ་རྒྱུ།

ག༽འོས་བསྡུའི་དེབ་འགོད་དང་། དངོས་སུ་འོས་བསྡུ་གནང་སྐབས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་ལས་བྱེད་ཚོས་འོས་བསྡུ་ཚོགས་ཆུང་ལ་ཕྱག་རོགས་གནང་རྒྱུ།

ང༽བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་ལས་བྱེད་ནས་སྲིད་སྐྱོང་དང་སྤྱི་འཐུས་བཞེངས་མཁན་རྣམས་ལ་རྒྱབ་སྐྱོར་དང་དྲིལ་བསྒྲགས་སོགས་ཀྱི་ལས་འགུལ་རྩ་བ་ནས་སྤེལ་མི་ཆོག

ཅ༽སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་སྐབས་ས་གནས་སུ་ཡོད་པའི་གནད་ཡོད་མི་སྣ་དང་། གསར་འགོད་པ་སོགས་གདན་འདྲེན་ཞུས་ཏེ་ཁྱབ་བསྒྲགས་གང་ཆེར་གནང་རྒྱུ།

 

གྲོས་གཞི་དོན་ཚན་བཅུ་པ།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་གསོལ་འདེབས་ཞུ་རྒྱུའི་སྐོར།

 

གྲོས་ཆོད།

འདི་ལོ་ནིའུ་ཡོག་ཏུ་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་སྐབས་སུ་བྱུང་བའི་གནས་དོན་དང་འབྲེལ། ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༣ པའི་གྲོས་ཚོགས་ཚོགས་དུས་ ༩ པའི་ཐོག་བཀུར་འོས་སྤྱི་འཐུས་འགས་བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་གཞུང་འབྲེལ་མིན་པའི་སྐོར་གསུང་བཤད་གནང་བར་བརྟེན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་མི་མང་མང་པོ་ཞིག་ལ་བློ་ཕམ་ཧ་ཅང་ཆེན་པོ་བྱུང་།
བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་གཞུང་འབྲེལ་གྱི་ཚོགས་པ་ངོས་འཛིན་ཡོད་མེད་ལ་མ་བལྟོས་པར་ད་བར་བཙན་བྱོལ་བོད་མི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་བཀའ་སློབ་ལམ་སྟོན་འཐུས་ཚང་ཕྱག་བསྟར་ཞུས་དང་ཞུ་མུས་མ་ཟད། རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བོད་མི་རང་དབང་བདེན་པའི་ལས་འགུལ་ཁང་གི་དཔྱ་ཁྲལ་བསྡུ་བཞེས་ཀྱི་ལས་འགན་སྤྱི་མཚུངས་བཞིན་གླ་མེད་ཐོག་དཔལ་འབྱོར་ལས་ཁུངས་སུ་འབུལ་བཞིན་ཡོད། གཞན་ཡང་། ས་གནས་སོ་སོར་གཟའ་འཇུག་སློབ་གྲྭའི་འཛིན་སྐྱོང་གཙོས་བོད་མི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གྱི་འགན་རྐང་ལེན་ཡང་ས་བོད་རིགས་སྤྱི་མཐུན་ཚོགས་པ་ནས་གནང་མུས་ཡིན།

 

གྲོས་གཞི་དོན་ཚན་བཅུ་གཅིག་པ།

དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཚོས་བོད་ཕྱི་ནང་གཉིས་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱེད་བཞིན་པར་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་རྒྱུའི་སྐོར།

 

གྲོས་ཆོད།

དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཚོས་བོད་ཕྱི་ནང་གཉིས་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱེད་བཞིན་པར་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་ཤིག་དབྱིན་སྐད་ཐོག་སྤེལ་རྒྱུར་ཐག་གཅོད་བྱུང་།

 

གྲོས་གཞི་དོན་ཚན་བཅུ་གཉིས་པ།

སྤུན་སྲིང་གཞིས་ཆགས་ཀྱི་ལས་འཆར་སྐོར།

 

གྲོས་ཆོད།

བྱང་ཀེལིཕོར་ནི་ཡ་ནས་རྡོར་པཱཊཎ་གཞིས་ཆགས་དང་། ཀོ་ལ་རཱ་ཊཱོ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་བལ་ཡུལ་རཱསུ་ཝ་གཞིས་ཆགས་སྤུན་སྲིང་གཞིས་ཆགས་ཀྱི་ལས་འཆར་ཐོག་རྒྱབ་སྐྱོར་གནང་གཏན་འཁེལ་བ་དང་། པོརཌ་ལེནྜ་དང་། མི་ནི་སོཌའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ནས་དེ་མིན་གཞིས་ཆགས་གཉིས་རིང་མིན་འདེམས་བསྒྲུག་བྱ་རྒྱུའི་བསམ་ཞིབ་གནང་བཞིན་པ།

 

གྲོས་གཞི་དོན་ཚན་བཅུ་གསུམ་པ།

ཚོགས་ཆེན་ཐེངས་ ༡༥ འཚོགས་ཡུལ་དང་དུས་ཚོད་གཏན་འབེབས་ཀྱི་སྐོར།

 

གྲོས་ཆོད།

ཚོགས་ཆེན་ཐེངས་ ༡༥ པ་དེ་ཨ་རི་ཁོལརཱཌོའི་མངའ་སྡེའི་བྷོལཌར་ས་གནས་སུ་ཕྱི་ལོ་ ༢༠༡༦ ཟླ ༧ ཚེས་ ༢༩ ནས་ ༣༡ བར་གནང་རྒྱུ་ཡིན་པའི་མང་མོས་ཀྱི་ཐག་གཅོད་བྱུང་བ་བཅས།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༤ པ་དེ་རྒྱལ་ཁའི་ངང་མཇུག་བསྒྲིལ་བའི་གསལ་བསྒྲགས་སུ།།

གསལ་བསྒྲགས།

Post navigation

Previous Post: འདས་པོ་ལ་རྗེས་དྲན་ལས་བཞུགས་པ་ལ་རྒྱབ་སྐྱོར་གཙོ།
Next Post: ཁྱེད་ལས་ལྷག་པ་མེད།

Comments (7) on “བྱང་ཨ་རིའི་བོད་རིགས་ཚོགས་ཁག་གིས་བཞག་པའི་གྲོས་ཆོད།”

  1. མངོན་སུམ་སྨྲ་བ། says:
    2015-06-17 at 2:36 pm

    བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་གཞུང་འབྲེལ་མིན་པ་དངོས་ཡོད་རེད་ལགས། དེ་ལ་མི་དགའ་བ་དང་བློ་ཕམ་པའི་རྣམ་འགྱུར་རྫུན་མ་སྟོན་རྒྱུ་ལྷག་ཡོད་མ་རེད། དེར་བརྟེན། མ་འོངས་པར་བོད་པའི་སྤྱི་ཚོགས་ཆིག་སྒྲིལ་གྱི་ལམ་དུ་བསྐྱོད་པར་གཞོགས་འདེགས་མ་ཐུབ་རུང་ཁ་འཐོར་གྱི་ལས་འགུལ་རིགས་མ་སྤེལ་རོགས། ནེའུ་ཡོག་དང་ནེའུ་འཇར་སེས་བོད་རིགས་སྤྱི་མཐུན་ཚོགས་པས་བོད་པའི་སྤྱི་ཚོགས་ནང་ལ་རང་བཙན་དང་དབུ་མ་དབྱེ་འབྱེད་ཀྱི་ལས་འགུལ་རིགས་སྤེལ་མཚམས་འཇོག་རོགས།

  2. ཇུས་ཏོག་ says:
    2015-06-17 at 10:12 pm

    གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ཚོགས་འདུར་ཨ་རིའི་དོན་གཅོད་ཕེབས་པ་དེ་ཁྲིམས་མཐུན་ལ་ངོས་འཛིན་དགོས་པ་རེད་དམ་ཁྲིམས་འགལ་ལ་ངོས་འཛིན་དགོས་རེད་། མ་གཞི་ནུབ་ཕྱོགས་ལུང་པའི་ནང་བསྡད་ནས་དཔྱ་ཁྲལ་མི་འབུལ་མཁན་གྱི་བོད་དོན་ཆེད་ལས་འགུལ་ཇི་ཙམ་སྤེལ་ཀྱང་རང་མིང་གྲགས་ཐུབ་ཙམ་ལས་དོན་ལ་ནམ་ཡང་སྨིན་མི་ཐུབ་བོ་།

  3. སྤོབས་པ་མཐའ་ཡས། says:
    2015-06-17 at 10:25 pm

    གྲོས་གཞི་དོན་ཚན་གསུམ་པ་དང་བདུན་པ་གཉིས་གཏན་ནས་མི་དགོས་པ་རེ་རེད། དེ་མིན་གཞན་ལ་ཞུ་བྱ་མེད།

  4. རྒྱང་མིག says:
    2015-06-17 at 11:20 pm

    རང་བཙན་གྱི་མགོ་གནོན་ཞིག་གི་ཆེད་དུ་རེད་འདུག

  5. ཨ་རོགས་ཁམས་ཕྲུག says:
    2015-06-18 at 12:43 am

    རང་མཙན་ཤོད་མཁན་ཞིག་ཡིན་ཡི་རང་ཞུ

  6. གངས་བཙན་པོ། says:
    2015-06-18 at 3:46 am

    ་རྒྱུའི་ལམ་ཁ་བསྟེན་སྲིད་པ་ཡིན། མཆན་འབྲི་སྐབས་

  7. ཁ་བའི་བུ། says:
    2015-06-19 at 1:13 am

    ༼བྱང་ཨ་རིའི་ས་གནས་ཁག་ཏུ་བོད་རིགས་སྤྱི་མཐུན་ཚོགས་པ་གསར་འཛུགས་དང་འབྲེལ་གཞུང་འབྲེལ་ངོས་ལེན་ཡོང་བའི་ཞུ་སྙན་དོན་གཅོད་ལས་ཁང་དུ་འབྱོར་མཚམས། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་གསར་འཛུགས་དང་ངོས་འཛིན་གནང་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་ཁག་དགོས་པ་གཤམ་གསལ།

    ཀ༽ས་གནས་སོ་སོར་གནས་སྡོད་བོད་མི་གྲངས་འབོར་ཉུང་མཐར་ ༥༠ དགོས་པ།

    ཁ༽ས་གནས་དེའི་ནང་གི་བོད་མིས་དྭང་བླང་དཔྱ་དངུལ་འབུལ་ཆད་མེད་པར་དགོས་རྒྱུ་དང་། ཉུང་མཐར་ཡང་མང་ཚོགས་ཀྱི་རྩ་འབོར་ནས་བརྒྱ་ཆ་ ༧༥ འབུལ་མཁན་ཡིན་དགོས་པ།

    ག༽ཚོགས་པའི་སྒྲིག་གཞི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལྟར་ཤར་བསྐྱོད་བྱ་རྒྱུ་ཞེས་པ་འཁོད་དགོས་རྒྱུ།

    ང༽གལ་ཏེ་ད་ཡོད་བོད་རིགས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་ཀྱི་ས་ཁུལ་གཅིག་ནས་གོང་གསལ་ཆ་རྐྱེན་ཚང་སྟེ་ཚོགས་པ་གསར་འཛུགས་ཀྱི་དགོས་པ་དམིགས་བསལ་བྱུང་ཚེ། ད་ཡོད་ཁྱབ་ཁོངས་ཀྱི་ཚོགས་པས་དགག་བྱ་མེད་པའི་ཡིག་ཐོག་ནས་ཆོག་མཆན་ངེས་པར་དགོས་རྒྱུ།༽ ཞེས་པར། ༡ ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གཞུང་འབྲེལ་གྱི་ཚོགས་པ་འགྱུར་རྒྱུར་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གང་དང་གྲོས་ཚོགས་ག་དུས་ནས་གཏན་འབེབ་བྱས་པ་ཡིན་ནམ། ༢ ད་ཡོད་དེ་གའི་བོད་རིགས་སྤྱི་མཐུན་ཚོགས་པའི་ནང་ནས་དྭང་བླང་དཔྱ་དངུལ་འབུལ་མཁན་བརྒྱ་ཆ་༧༥ འབུལ་མཁན་རྐྱང་ཡིན་ནམ། དེ་མིན་གསར་དུ་ཚོགས་པ་འཛུགས་པར་ཆ་རྐྱེན་དེ་ཡིན་ཅིག་དགོས་དོན་གང་ཡིན་ནམ། ༣ དོན་བཅོད་ལས་ཁང་ཁག་གིས་ས་གནས་བོད་རིགས་ཚོགས་པ་ཁག་ལ་འབྲེལ་བ་བཟོ་རྒྱུ་དགོས་དམིགས་གཙོ་བོ་ནི་དཔྱ་དངུལ་སྡུར་རྒྱུ་དེ་ཙམ་ཡིན་ནམ། གཞུང་དམངས་བར་གྱི་འབྲེལ་བ་ཐད་ཀར་དགོས་རྒྱུ་ནི་གཞུང་དམངས་གཉིས་ཀའི་འོས་འགན་དང་ཐོབ་ཐང་ཞིག་མ་ཡིན་ནམ། ད་དུང་དགོས་མེད་ཀྱིས་སྤྱི་ཚོགས་བདེ་དོན་ལ་གནོད་རྒྱུའི་གྲོས་ཆོད་ཁག་ཁ་ཤས་འདུག་པས་རྗེས་སུ་ཞུ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme