Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོན་རྒྱའི་སྐོར་གྱི་འཇིགས་སུ་རུང་བའི་དཀྲོག་གཏམ་ཞིག ཨ་རིག་འགྱུར་མེད།

Posted on 2013-01-13 By ཁ་བརྡ་ 32 Comments on བོན་རྒྱའི་སྐོར་གྱི་འཇིགས་སུ་རུང་བའི་དཀྲོག་གཏམ་ཞིག ཨ་རིག་འགྱུར་མེད།

དོ་དགོང་གྲོགས་དོན་གོ་ངེད་གཉིས་ཀྱིས་ཕྱི་ལོག་ནས་ཁ་བརྡ་བྱས་ཏེ་གང་འཚམ་འགོར། ནང་དུ་འབྱོར་དུས་ཆུ་ཚོད་བཅུ་བ་ཡོལ་འདུག བརྙན་འཕྲིན་དང་གློག་ཀླད་གཉིས་ཀྱི་སྒོ་ཕལ་ཆེར་དུས་མཉམ་དུ་ཕྱེས་པ་ཡིན། དེ་དུས་ད་དུང་སེམས་ཁམས་ལྷིང་འཇགས་ཡིན་ལ་དུས་རྒྱུར་ལྟར་ལྷོད་འདུག་ཅིག་བྱས་ཏེ། ངོ་དེབ་ལ་ལྟ་མགོ་བརྩམས་པ་ཡིན། ལྟ་ཕྱོགས་ཤིག་གིས་གྲོགས་པོ་བོན་རྒྱས་བོད་བཟོས་འོག་འཇུག་དཀར་པོ་དང་ཤེལ་མིག་ནག་པོ་གྱོན་པའི་པར་ཞིག་དང་རང་ལུས་མེར་སྲེག་གཏོང་གིན་པའི་པར་ཞིག་མཉམ་དུ་སྦྱར་འདུག པར་ཐོག་ཏུ་མཛུབ་གནོན་གྱིས་ཚར་གཅིག་བཞུས་པ་ན། མིག་མདུན་དུ་ཡིད་ཆེས་བྱེད་དཀའ་ཞིང་ཚོན་མདོག་དམར་བོས་བྲིས་པའི་ཡིག་འབྲུ་འགའ་ཤོར་ཡོང་སྟེ། “རྒྱལ་གཅེས་དཔའ་བོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་རང་ལུས་མཆོད་མེར་ཕུལ་བ། དམ་པ་ཁོང་གིས་ལོ་གཅིག་གི་སྔོན་ནས་མི་རིགས་ཀྱི་བདེན་དོན་ཆེད་དུ་རང་བསྲེག་བྱེད་དགོས་པའི་སྐུལ་མ་ཡང་ཡང་གནང་བ་དང་། རང་བསྲེགས་གནང་ཟིན་པ་རྣམས་ཀྱི་མཚན་ཐོ་བསྡུ་རུབ་དང་དེབ་སོགས་བཟོས་རྗེས། དེ་རིང་རྒྱ་གར་གྱི་དགོང་མོའི་ཆུ་ཚོད་དགུ་དང་སྐར་མ་ལྔ་ཙམ་ལ་ཉེ་འཁོར་སྤྲོ་སྐྱིད་ཟ་ཁང་གི་སྒྲོ་འགྲམ་དུ་རང་ལུས་མཆོད་མེར་ཕུལ་འདུག” ཅེས་བྲིས་འདུག ད་དུང་པར་སྟེང་དུ་བོན་རྒྱ་བསྟན་འཛིན་རབ་རྒྱས་ཞེས་ཀྱང་བྲིས་འདུག

 

སྐབས་དེར་ངའི་མགོ་ཡི་སྐྲ་རྣམས་ཞོག་པ་དང་ལུས་ཀྱི་བ་སྤུའང་གཟེངས་བྱུང་། སྙིང་ཡང་ཁ་རུ་འཚང་བྱུང་། ཅི་བྱེད་འདི་བྱེད་མི་འདུག རེ་ཞིག་ཅི་ཡིན་འདི་ཡིན་མེད་པར་ལྷག་བྱུང་། ངས་ཁ་པར་ལག་ཏུ་བཟུང་མ་ཐག་དོ་དགོང་གྲོགས་པོ་ཤར་ཁུག་གིས་ང་ལ་ཁ་པར་ཞིག་འབྱོར་བ་དང་། ཤར་ཁུག་ནི་བོན་རྒྱའི་བློ་ཐག་ཉེ་ཤོས་ཀྱི་གྲོགས་པོ་ཞིག་ཡིན་པ་ཡིད་ལ་དྲན་པས། ཐོག་མར་ཤར་ཁུག་ལ་ཁ་པར་བཏང་བ་ཡིན། སྐབས་དེར་ཁོང་གིས་གོ་མི་འདུག ཁོང་ཡང་ཧང་སང་འདུག་ལ་ངས་ད་ལྟ་རང་ཡར་མར་ལ་གཅིག་འདྲི་ཟེར་བས་ངས་ཁ་པར་བཞག་པ་ཡིན།

ད་དུང་བློ་བདེ་མ་སོང་། ངས་སེམས་ཤིག་ལ་ནོར་གླིང་གི་མི་རྣམས་ཀྱིས་གོ་ཡོད་ངེས་སྙམ་སྟེ་གྲོགས་གཡུ་སྒང་འོད་ཟེར་ལགས་སུ་ཁ་པར་བཏང་བ་ཡིན། ཁོང་ཤིམ་ལར་འདུག་ལ་ཉལ་བསྡད་ཡོད་ཟེར། དོན་དག་ཡོད་དམ་ཅེས་དྲིས་བྱུང་། ངས་དོན་དག་ཆེན་པོ་མེད། ཁྱོད་ནོར་གླིང་ན་ཡོད་ན་དོན་དག་ཅིག་འདྲི་བསམ་པ་ཡིན་ཞེས་བཤད་པ་དང་། ཞོར་ནས་ཁོང་ལ་དོན་དག་དེ་འདྲ་ཞིག་དྲ་ཐོག་ཏུ་ཁྱབ་འདུག ངོ་མ་མིན་པ་འདྲ་ཞེས་ཀྱང་བཤད་པ་ཡིན། གང་ཡིན་ཟེར་ན་སྐབས་དེར་ང་ཅུང་ཙམ་ལྷོད་ལ་འབབ་ཐུབ་ཀྱིན་འདུག་ལ། དོན་དག་འདིའི་སྔ་ཕྱི་གང་ལ་བལྟས་ནའང་ངོ་མ་མ་ཡིན་པ་ཤེས་ཀྱིན་འདུག གང་ཡིན་ཟེར་ན། བོན་རྒྱས་རང་སྲེག་བྱེད་སྲིད་པའི་དབང་དུ་བཏང་ན་དུས་ཚོད་དང་ཁོར་ཡུག གནས་བབ། དེ་བཞིན་པར་ཐོག་ཏུ་ནོར་གླིང་སྤྲོ་སྐྱིད་ཟ་ཁང་གི་སྒོ་འགྲམ་བྲིས་འདུག་ཀྱང་། ས་གནས་དེ་མིན་པ་གསལ་བོར་ཤེས་ཐུབ་ཀི མ་མཐར་ཡང་ལམ་གཞུང་ཞིག་གི་གཡས་གཡོན་རེད།

ཡིན་ནའང་། ད་དུང་བློ་བདེ་གི་མི་འདུག ང་ངོ་མ་ཟང་ཟིང་ལང་ལོང་དུ་གྱུར་འདུག དེ་ནས་གྲོགས་གངས་དཀར་རྒྱས་སྲས་ལ་ཁ་པར་བཏང་སྟེ་ནོར་གླིང་ན་ཡོད་མེད་དྲིས་པ་ཡིན་མོད། ཁོང་མེག་གྷན་ན་ཡོད་པ་དང་ཁོང་གིས་ཀྱང་བོན་རྒྱ་ལྟ་བུ་ཞིག་གིས་རང་སྲེག་བྱེད་ན། ནོར་གླིང་ཞིག་ནས་བསྲེགས་ཀི་མ་རེད། རྫུན་ཡིན་ནི་རེད་ཟེར་ནས་ཚིག་ཐག་ཆོད་པོས་གསུང་གིན་འདུག བློ་ཇེ་བདེ་ཇེ་བདེ་རེད།

བར་སྐབས་དེར་ངས་སེམས་སུ་གཞི་ནས་བོན་རྒྱ་རང་ལ་ཁ་པར་གཏོང་རྒྱུ་དྲན་བྱུང་། དེ་བར་དུ་སྐྲག་ཐག་ཆོད་དེ་བོན་རྒྱ་རང་ལ་ཁ་པར་གཏོང་རྒྱུ་སེམས་ལའང་དྲན་མ་སོང་། ཁ་པར་བླངས་ཏེ་བོན་རྒྱར་ཁ་པར་ཐེངས་འགར་བསྟུད་མར་བཏང་ཡང་ཁོང་གི་ཁ་པར་བྲེལ་བ་ (busy) རེད་ཟེར་བས་མཐུད་ཐབས་བྲལ། དེ་ནས་ཤར་ཁུག་གིས་ཁ་པར་བསླེབས་སོང་། ཁོང་གིས་ཀྱང་དོན་དག་དེ་རྫུན་ཡིན་པ་འདྲ། ཅང་གིས་གོ་མི་འདུག ཡིན་ནའང་། ངས་ཀྱང་ད་སྐབས་ངོ་དེབ་ལ་ལྟ་གིན་ཡོད་ལ་འདི་གང་སར་ཁྱབ་ཀྱིན་འདུག་ཟེར། དེ་ནས་ཁོང་ལ་འདིའི་སྟེང་དུ་ཁྱོད་ཀྱི་མིང་བྲིས་འདུག་ཅེས་བཤད་པ་ཡིན། གང་ཡིན་ཟེར་ན་ཐོག་མར་ངོ་དེབ་སྟེང་ཁྱེར་ཡོང་མཁན་གྱི་མིང་ལ་ <<ཆོས་འབྱོར་ རྒྱ་མཚོ།>> ཞེས་བྲིས་འདུག ང་ནོར་མེད། ངས་གསལ་བོར་དག་པོར་བལྟས་པ་ཡིན། དབྱིན་ཡིག་གིས་བཤད་ན་ཐོག་མའི་མིང་སྟེ་ <<ཆོས་འབྱོར་>> དང་མཐའ་མའི་མིང་སྟེ་ <<རྒྱ་མཚོ།>> གཞུག་ཏུ་བཞག་འདུག དེའི་དཔང་པོར་ཆོས་འབྱོར་དང་རྒྱ་མཚོ་གཉིས་ཀྱི་བར་ན་ཚེགས་བར་གཅིག་གི་བར་སྟོང་ཡོད་པས་ཡིན།

ཤར་ཁུག་གིས་ཀྱང་། “བྱས་ཙང་། འདིའི་གཞུག་གི་རྒྱ་མཚོ་གན་མེད་ན་ངའི་མིང་རེད། ཅིག་གིས་རྐང་བཙུགས་ནས་ང་ལ་གནག་གིན་ཡོད་པ་རེད་ཟེར། སུ་ཞིག་ཡིན་ནམ” ཟེར་ནས་དོགས་དཔྱོད་གནང་གིན་འདུག་ལ། སྐབས་དེར་ངེད་གཉིས་སུ་ཡིན་རུང་ཁ་པར་གྱི་སྐུད་ལམ་ནས་ཁ་བརྡ་བྱེད་ཀྱིན་ <<ཆོས་འབྱོར་ རྒྱ་མཚོ།>> སུ་ཡིན་ལ་དོགས་དཔྱོད་རེ་བྱས་རྗེས་ངེད་གཉིས་ཀྱིས་གནས་སྐབས་རིང་ཁ་པར་སྒོ་གཏད་པ་ཡིན།

དེ་མ་ཐག ངས་ཡང་བསྐྱར་བོན་རྒྱ་བསྟན་རབ་ལ་ཁ་པར་བཏང་བ་ཡིན། ཁོང་ལ་ཁ་པར་འཕྲོད་བྱུང་། ཁོང་གིས་ཁ་པར་ལས་ཚུར་ “ཨ་རོགས།” ཟེར་བའི་སྐད་དེས་ང་ངོ་མ་འཇིགས་སུ་རུང་བའི་དོན་དག་འདིའི་སྣེ་ནས་ཕྱིར་ཁྲིད་བྱུང་། ཁ་པར་ལས་ཁོང་གི་སྐད་གསལ་བོར་ངོས་ཟིན་གྱིན་འདུག དེ་ནས་ཁོང་ལ་གང་དུ་ཡོད་མེད་དྲིས་སྐབས་ཁོང་གིས་ཀཱང་ར་ན་ཡོད་ཟེར། ཅིའི་ཕྱིར་ཞེས་པར་རྐང་པ་བསྲེགས་དང་ནས་བསྡད་ཡོད་ཟེར། (དོ་དགོང་ཞིག་ལ་འདི་ལྟ་བུའི་ཀུ་རེ་ཞིག་ཇི་ལྟར་རྩེད་བསམ་པ་ཡིན་ནམ། བོན་རྒྱ་ཡིན་ན་འདི། ང་ངོ་མ་སྐྲག་གི་བཅུག་བཞག)

དེ་ནས་ངས་ཁོང་ལ་ངོ་དེབ་སྟེང་གི་གཏམ་ངན་དེ་དག་བཤད་པར་མ་ཟད། སུ་ཞིག་གིས་འདི་ལྟ་བུའི་དཀྲོག་གཏམ་སྤེལ་བཞིན་པ་ཡིན་ནམ། ངོ་མ་ཡག་པོ་མི་འདུག མི་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་རེད་ལ། སྤྱི་ཚོགས་ཀྱི་ལྷིང་འཇགས་ལ་གཏོར་བརླག་བཏང་བ་རེད་སོགས་སེམས་ནང་གི་སྐད་ཆ་མང་བོ་ཞིག་ཁོང་ཁྲོ་དང་མཉམ་དུ་ཁོང་ལ་བཤད། བོན་རྒྱས་པར་དེ་ཁོང་ལ་གཏོང་རྒྱུའི་རེ་བ་ཞུ་གིན་འདུག དེ་ནས་ངས་དོན་དེ་ཁས་བླངས་རྗེས་ཁ་པར་སྒོ་གཏད་པ་ཡིན།

དེ་ནས་ངས་དྲ་ཐོག་ཏུ་དོན་དག་དེ་བདེན་པ་མིན་པའི་གཤམ་གྱི་གསལ་བཤད་དེ་བྲིས་ཏེ་སྤེལ་བ་ཡིན།

“འདི་རྫུན་རེད། ད་ལྟ་རང་ནང་དུ་བསླེབས་ཙམ་ཡིན། དྲ་ཐོག་ཏུ་གྲོགས་པོ་བོན་རྒྱས་ནོར་གླིང་ནས་རང་ལུས་མེར་སྲེག་བཏང་བའི་སྐོར་ཞིག་པར་དང་མཉམ་དུ་སྤེལ་འདུག སྐྲག་ཐག་ཆོད་སོང་། ཤར་ཁུག་ལ་ཁ་པར་བཏང་བ་ཡིན། དེ་ནས་གཡུ་སྒང་འོད་ཟེར་དང་གངས་སྲས་གཉིས་ལའང་རིམ་གྱིས་ཁ་པར་བཏང་བ་ཡིན། གང་ཡིན་ཟེར་ན། ང་རང་འཚབ་དྲགས་པའི་རྐྱེན་གྱིས་བོན་རྒྱའི་འབྲེལ་ཡོད་དང་ནོར་གླིང་གི་མིར་འབྲེལ་བ་བྱས་པའི་ཁུལ་རེད། དེ་ནས་ངས་སེམས་སུ་བོན་རྒྱའི་ཁ་པར་སྟེང་ཁ་པར་གཏོང་རྒྱུ་ཞིག་དྲན་བྱུང་། ཁ་པར་བཏང་བ་ཡིན། བྲེལ་བ་ (busy) རེད་ཟེར་གྱིན་འདུག ཐེངས་མང་བོར་བཏང་མཐར་འཕྲོད་བྱུང་། བོན་རྒྱའི་སྐད་རེད། ཨ་རོགས་ཟེར། ངས་ཁྱོད་གང་ན་ཡོད་ཅེས་དྲིས་པར་ཀཱང་ར་ན་ཡོད་ཟེར། དེ་ནས་འདིའི་སྐོར་བཤད་པ་ཡིན།

འདིར་གསལ་བོར་བཤད་འདོད་པ་ཞིག་ནི་འདི་ལྟ་བུའི་གནས་ཚུལ་སྤེལ་པའི་དགོས་དམིགས་གང་ཡིན་ནམ། ང་ངོ་མ་ཟང་ཟིང་ལང་ལོང་དུ་གྱུར་བྱུང་། འདི་ལྟ་བུའི་རྩེད་མོ་རྩེད་སྟངས་ཤིག་ཡོད་དམ། ཡང་ན་འདི་ལྟར་མི་ལ་མཐོང་ཆུང་དང་ཁྱད་གསོད། སྤྱི་ཚོགས་ལ་དཀྲོག་རྐྱེན་བཟོ་བའི་དགོས་དམིགས་ཅི་ཡིན་ནམ། ངས་ངོ་མ་མི་ཤེས་ཀི
གང་ལྟར་ཡང་། འདི་རྫུན་གཏམ་རེད་ཅེས་ས་སྒྲག་གནམ་སྒྲག་བྱས་པ་ཡིན།”

གོང་གསལ་གསལ་བཤད་དྲ་ཐོག་ཏུ་སྤེལ་རྗེས་སླར་ཡང་གཡུ་སྒང་འོད་ཟེར་ལགས་ཀྱིས་ཁ་པར་བསླེབས་སོང་། ཁོང་གིས་གནས་ཚུལ་དེས་ཁོང་ཧང་སང་བར་བྱས་པ་དང་དེ་ནས་ཁོང་ཡར་ལངས་ཏེ་ངོ་དེབ་སྒོ་ཕྱེས་སྐབས་བོན་རྒྱ་དང་ཐུག་བྱུང་། ཁ་བརྡ་བྱས་པ་ཡིན། རྫུན་རེད་ཅེས་གསུང་གི་འདུག ངས་ཀྱང་ཁོང་ལ་བོན་རྒྱ་ངེད་གཉིས་ཀྱིས་གླེང་མོལ་བྱས་པར་མ་ཟད། དེའི་སྐོར་གསལ་བཤད་བྱས་ཟིན་པའི་སྐོར་བཤད་པ་ཡིན། ངེད་གཉིས་སུ་ཡིན་རུང་འདིའི་དམིགས་ཡུལ་དང་འདི་ལྟ་བུའི་དོན་ཏག་ཐབས་རྡུག་སྤེལ་མཁན་སུ་ཡིན་ནམ་ཞེས་རང་རང་ས་ནས་སྡུག་གཏམ་དང་ཁྲོ་གཏམ་སྣ་ཚོགས་ཤིག་བཤད་རྗེས་བདེ་མོ་བཞག་པ་ཡིན། དེ་ནས་ཨ་རིག་དགེ་མཐོང་གིས་ཁ་པར་བསླེབས་སོང་། ནོར་གླིང་གི་དོན་དག་དེ་བདེན་པ་རེད་དམ། ངས་མིན་པའི་རྒྱུ་མཚན་བཤད་པ་ཡིན། ཁོས་ཤར་ཁུག་དང་རྡོ་རྗེ་དབང་ཕྱུག་སོགས་མི་རེ་འགར་སྐད་ཆ་དྲིས་པ་ཡིན་ལ། ཤར་ཁུག་གི་ཁ་ནས་ངས་ཡར་མར་ལ་ཁ་པར་བཏང་སྟེ་འདྲི་གི་ཡོད་པ་གོ་བས་ཁྱོད་ལ་ཁ་པར་བཏང་བ་ཡིན་ཟེར། དེ་ནས་ཁོས་བོན་རྒྱར་ཁ་པར་གཏོང་གི་ཡིན་ཟེར་བས་མཚམས་བཞག་པ་ཡིན།

དེ་ནས་གྲོགས་པོ་ར་རྒྱ་བློ་དབང་གིས་ཐེ་ཝན་ནས་ཁ་པར་བསླེབས་སོང་། བླ་རྒན་གྱི་སྐད་ཀྱང་གདང་ལ་ལྷུང་འདུག ང་ནང་བཞིན་སྐྲག་ཡོད་པ་ཐག་གིས་ཆོད། ཁོང་གིས་ཀྱང་དོན་དག་འདིའི་སྐོར་འདྲི་གི་འདུག་ལ། ད་ལྟ་ཉལ་བསྡད་ཡོད་ཟེར། ངས་གསལ་བཤད་བྱས། དེ་བཞིན་ཕྱི་གླིང་ཞིག་ནས་ངོ་མི་ཤེས་མཁན་ཞིག་གིས་ཀྱང་ཁ་པར་བསླེབས་ཏེ་དྲིས་པས་ངས་ལན་བཏབས་པར་མ་ཟད། གྲོགས་འབྲུག་བྷེ་ལགས་ཀྱིས་སྐད་འཕྲིན་བརྒྱུད་དེ། དོ་དགོང་གི་ཁྱོད་ཀྱིས་གསལ་བཤད་དེར་རྒྱབ་སྐྱོར་ཡོད། འདི་ངེས་པར་དུ་རྩད་གཅོད་བྱོས་དང་རྒྱབ་སྐྱོར་ཅི་ཞིག་བྱ་དགོས་ཀྱང་བྱ་ཆོག བོད་ནང་ན་རང་ལུས་མེར་སྲེག་བཏང་སྟེ་བོད་མི་རིགས་དང་རྒྱབ་ཁབ་ཀྱི་ཆེད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་འདྲ་མང་བོ་ཞིག་འདས་གྲོངས་སུ་འགྲོ་བཞིན་པའི་སྐབས་འདིར། བཙན་བྱོལ་ནང་འདི་ལྟ་བུའི་ཐབས་རྡུག་གི་རྩེད་མོ་རྩེད་པ་དང་མི་ལ་མཐོང་ཆུང་ཁྱད་གསོད་བྱས་པ་རེད་ཅེས་གསུང་གིན་འདུག ཁོང་རླུང་ལངས་པ་ངོ་མ་ངར་གི

གང་ལྟར། ངས་དེ་ལྟར་རེ་རེ་བཞིན་གསལ་བཤད་བྱས།

བར་སྐབས་དེར་ངས་ <<ཆོས་འབྱོར་ རྒྱ་མཚོ།>> ཟེར་བའི་མི་ངན་འདི་སུ་ཡིན་ནམ་སྙམ་ཞོར་ཁོའི་ངོ་དེབ་ཀྱི་མདུན་ངོས་སུ་སོང་སྟེ། ཐོག་མར་ཁོས་སྤེལ་བའི་པར་བཙལ། དེ་ནས་གློག་ཀླད་ངོས་ཀྱི་ (Prnt Scrn) སྟེང་གནོན་གྲབས་ཡོད་སྐབས། ནག་ཚུབ་ཏུ་གྱུར། ཅི་ཡང་མི་འདུག དབྱིན་ཡིག་ཏུ་ཁྱོད་ཀྱིས་བཙལ་བཞིན་པའི་ངོ་དེབ་འདི་རྙེད་ཀྱི་མི་འདུག (ཏག་ཏག་མ་ངེས།) ཅེས་པའི་གསལ་བརྡ་ཐིག་ཤར་གཉིས་ཅན་ཞིག་བསླེབས།  

ངའི་མདུན་ངོས་ཀྱི་པར་མི་འདུག་ལ་སྡིག་ཅན་གཏེ་བོ་ <<ཆོས་འབྱོར་ རྒྱ་མཚོ།>> ཡང་མི་འདུག དུས་ཚོད་སྐར་མ་གཅིག ངོ་མ་སྐར་གཅིག་ཏག་ཏག་གིས་ང་རྗེས་ལ་ལུས་སོང་། སྡེ་བྲོས་སོང་།

ངས་མགྱོགས་མྱུར་ངང་ཤར་ཁུག་ལ་ཁ་པར་བཏང་བ་ཡིན། ཁོའི་དེ་ནས་སྡིག་ཅན་གཏེ་བོ་དེའི་ངོ་དེབ་རྙེད་ཐུབ་མིན་སྐོར་དྲིས་པ་ཡིན། ཁོས་ཀྱང་མི་རྙེད་ཀི་ཟེར། ངོ་མ་སྐར་མ་གཅིག སྐར་མ་གཅིག་རང་ཡིན། དེ་ནས་མི་ངན་འདིའི་ངོ་དེབ་མི་འདུག་ལ། པར་ཡང་མི་འདུག ཤར་ཁུག་གིས་བཤད་ན་དེའི་སྔོན་ལ་ཁོས་མི་དེའི་ངོ་དེབ་བསྔོགས་པ་དང་ནང་དུ་གྲོགས་པོ་ཉིས་སྟོང་ཡས་མས་འདུག་པས་དེ་རྙིང་པ་ཞིག་རེད་ཟེར།

དེ་ལྟར་དོན་དག་འདིའི་བྱུང་སྟངས་བྱུང་ལུགས་འདི་འདྲ་རེད། གཞུག་འདིར་ང་རང་ཉིད་ཀྱིས་སྐད་ཆ་ཚིག་འགའ་བཤད་ན་འགྲིག་ཀྱང་། ད་ཡི་ག་འགག་འདུག་པས་མི་བཤད། ངས་འདི་ལྟ་བུའི་ཡིག་ཉོག་ལུང་བ་གང་འབྲི་དོན་དོན་དག་འདིའི་མགོ་རྔ་མ། བར་སྐད་པ་གསལ་བོ་བཟོ་ཆེད་ཡིན་ལ། མི་ངན་ཐ་ཤད་འདི་རྩད་གཅོད་དང་སྤྱི་ཚོགས་ལ་ཟིང་ཆ་མི་ཡོང་བའི་ཆེད་ཁོ་ན་ཡིན།

དོ་དགོང་གི་རིམ་པས་ཚང་མས་དོན་དག་འདི་བདེན་པ་མིན་པ་ཤེས་སོང་ན་འགྲིག གཞན་ཅང་མེད། ངའི་སྡུག་གཏམ་རྗེས་ནས་བཤད།

ཨ་རིག་གིས་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡ ཚེས་ ༡༤ ཉིན་གྱི་མཚན་གུང་གི་ཆུ་ཚོད་ ༡༢།༣༥ བྲེལ་སྟབས་ཀྱིས་མཇུག་གྲུབ།

(ཞུ་དག་ཀྱང་བྱས་མེད།)

གསར་འགྱུར།

Post navigation

Previous Post: བཙན་དབང་གིས་ཨ་མ་དྲན་པ་བརྒྱལ་འདུག
Next Post: གྷོ་ར་པོར་དུ་ཞུ་གཏུགས་ལས་འགུལ་སྤེལ་འདུག

Comments (32) on “བོན་རྒྱའི་སྐོར་གྱི་འཇིགས་སུ་རུང་བའི་དཀྲོག་གཏམ་ཞིག ཨ་རིག་འགྱུར་མེད།”

  1. དགའ་ཡ་ says:
    2013-01-13 at 3:00 pm

    བཤད་གནང་བར་ཐུགས་རྗེ་ཆེ། དེ་མིན་རྒྱ་གཞུང་གིས་ལག་ཆར་འགྱུར་སྲིད།

  2. དགའ་ཡ་ says:
    2013-01-13 at 3:01 pm

    གསལ་བཤད་གནང་བར་ཐུགས་རྗེ་ཆེ།

  3. ཨ་ཕྱི་ཆོས་སྒྲོན says:
    2013-01-13 at 3:16 pm

    བོན་རྒྱ་དང་ཚེ་རིང་སྐྱིད་འདི་དག་ནི་རང་བསྲེག་འབོད་བསྐུལ་བྱེད་མཁན་གྱི་དཔའ་བོ་དཔའ་མོ་རེད།

  4. འཁྱམས་པོ says:
    2013-01-13 at 4:03 pm

    ངས་ཀྱང་དེ་སྐད་འཕྲིན་ལས་གོ་སོང་། དེང་ཐོག་ཡིད་མ་ཆས་པར་གྲོགས་པོ་ལ་དེ་འདྲ་སྲིད་རྒྱུ་མ་རེད། བོན་བསམ་བློ་དེ་མ་རེད་ཞེས་པ་ཡིན། འོན་ཀྱང་པར་དེར་བལྟ་བཞིན་བལྟ་བཞིན་པར་དེ་འདྲ་པོ་འདྲ་པོ་ཞིག་འདུག དེ་ནས་ངས་བསམ་པར་དོན་དེ་ངོམ་འེ་ཡིན་ནམ། ཡིན་ན་དེས་ཕངས་པ་ལ་ཞེས་ཁ་ནས་ཡང་ཤོར་སོང་། འོ་ཁ་དྲོ་གསལ་བཤད་ཞིག་བྱས་པར། ད་སེམས་པ་ཅུང་ཞིག་མར་བབས་སོང་།

  5. དགོན་པ་སྐྱབས ། says:
    2013-01-13 at 4:21 pm

    ཨ་ཕྱི་ཆོས་སྒྲོན་ལགས། ཁྱེད་རང་གིས་བོན་རྒྱ་དང་ཚེ་རང་སྐྱིད་གཉིས་བོད་ནང་དུ་། རང་ལུས་མེར་བསྲེག་འབོད་བསྐུལ་བ་ཞིག་ཡིན་པ་ག་འདྲ་བྱས་ནས་ཧ་གོ་སོང་། སྐད་ཆ་འདི་འདྲ་བཤད་ན་ཡག་གོ་མ་རེད་། གཞན་གྱི་ལག་ཆར་གྱུར་སྲིད་།

  6. ཀླུ་སྨྱོན། says:
    2013-01-13 at 4:25 pm

    ངས་ནི་དང་པོར་མེར་སྲེག་ལས་འགུལ་འདིར། །
    སྟག་མོ་ལུས་སྦྱིན་དཔེར་དྲངས་བསྟོད་གླུ་བླངས།
    བར་དུ་གྲུབ་འབྲས་མ་མཐོང་དོགས་པ་ཟོས། །
    མཐའ་མར་མང་ཐག་ཆོད་ནས་དགག་པ་བྱས། །

  7. ཡར་ཁམས་ཁྲི་རྒྱལ། says:
    2013-01-13 at 6:42 pm

    དེ་ནས་ངས་ཁོང་ལ་ངོ་དེབ་སྟེང་གི་གཏམ་ངན་དེ་དག་བཤད་པར་མ་ཟད། སུ་ཞིག་གིས་འདི་ལྟ་བུའི་དཀྲོག་གཏམ་སྤེལ་བཞིན་པ་ཡིན་ནམ། ངོ་མ་ཡག་པོ་མི་འདུག མི་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་རེད་ལ། སྤྱི་ཚོགས་ཀྱི་ལྷིང་འཇགས་ལ་གཏོར་བརླག་བཏང་བ་རེད་སོགས་སེམས་ནང་གི་སྐད་ཆ་མང་བོ་ཞིག་ཁོང་ཁྲོ་དང་མཉམ་དུ་ཁོང་ལ་བཤད།. ཟེར་རོ།

  8. མེ་ཏོག་དཀར་པོ། says:
    2013-01-13 at 6:56 pm

    བོད་དོན་རང་སྲེག་གཏོང་བ་འཇིགས་སུ་རུང་བ་མ་རེད། ཡིད་དུ་འོང་བ་རེད།

  9. ཐུ་བ་རྒྱ་མཚོ། says:
    2013-01-13 at 7:39 pm

    འབྲེལ་མེད་གཞན་གྱི་ལུས་བསྲེགས་ན། །
    རྒྱལ་གཅེས་དཔའ་བོའི་ཆོ་ལོ་སྤྲོད། །
    རང་གི་གྲོགས་དང་གཉེན་སོགས་ཀྱིས། །
    རང་བསྲེགས་མཐོང་ན་འཇིགས་སུ་རུང་། །

    འཇིགས་སུ་རུང་བ་གང་ཡིན་དང་། །
    འཇིགས་སུ་རུང་བ་གང་མིན་པ། །
    གཟིར་མེད་བློ་རིག་ལྡན་པ་ཡི། །
    དཔྱད་ན་གངས་དཀར་སེམས་ལ་འབབ། །

  10. ཨོ་རྡོ། says:
    2013-01-13 at 9:37 pm

    ངོ་མ་ཡ་མཚན་རེད། རང་གི་ངོ་ཤེས་པ་ཞིག་རང་ལུས་མེར་སྲེག་བཏང་བའི་སྐོར་ལ་དངངས་སྐྲག་དེ་ཙམ་སྐྱེས་པ་རེད། ངོ་མི་ཤེས་མཁན་དཔའ་བོ་དཔའ་མོ་ ༩༥ ལྷག་བྱུང་བ་དེ་དག་ལ་དངངས་སྐྲག་འདི་ཙམ་མི་སྐྱེ་བའི་དོན་གང་ཡིན་ནམ།
    ཁོང་གིས་ ༼སྐབས་དེར་ངའི་མགོ་ཡི་སྐྲ་རྣམས་ཞོག་པ་དང་ལུས་ཀྱི་བ་སྤུའང་གཟེངས་བྱུང་། སྙིང་ཡང་ཁ་རུ་འཚང་བྱུང་། ཅི་བྱེད་འདི་བྱེད་མི་འདུག རེ་ཞིག་ཅི་ཡིན་འདི་ཡིན་མེད་པར་ལྷག་བྱུང་།༽ ཟེར།
    གནས་ཚུལ་རྫུན་མ་ཡིན་རུང་། ཚིག་སྡུག་པ་གང་ཡང་མི་འདུག རྒྱལ་ཁབ་དོན་དུ་རང་ལུས་མེར་སྲེག་བཏང་བ་རེད་ཅེས་བརྗོད་པ་བཟི་བརྗིད་རེད་ལ། རང་ལུས་མེར་སྲེག་གཏོང་ཐུབ་མཁན་ཞིག་མིན་རུང་བཏང་མཁན་གྱིས་གྲས་སུ་སླེབས་ཧ་ཅང་སྐལ་བཟང་རེད་བསམ། བཀྲིས་བདེ་ལེགས།

  11. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2013-01-13 at 10:28 pm

    དྲ་གྲོགས་རྣམས་དང་ལྷག་པར་དུ་རྩོམ་སྒྲིག་པ་བོན་རྒྱ་ལགས་སུ་ཞུ་རྒྱུ།
    ཁ་བརྡ་དྲ་ཚིགས་འདི་འདི་ལྟར་དཀྲོག་གཏམ་དང་ངག་འཁྱལ་གྱི་རིགས་བཀོད་ས་ཞིག་ཏུ་མི་འགྱུར་བའི་རེ་བ་ཞུ། བོད་གངས་ཅན་གྱི་ལས་དབང་རླུང་དམར་ནང་གི་མར་མེ་བཞིན་ཡོད་པའི་སྐབས་སུ་རྩོམ་ཡིག་འདི་བཀོད་པའི་དགོས་པ་གལ་ཆེན་གང་ཞིག་འདུག ངོ་དེབ་ནང་དུ་འཁྱལ་གཏམ་དེ་འདྲ་ཞིག་སྤེལ་བ་ལ་རིན་ཐང་དེ་ཙམ་འཇོག་དགོས་དོན་འདུག་གམ། དགོངས་དག
    དྲ་གྲོགས་བོན་རྒྱ་ལགས། ཁྱེད་ཀྱིས་རང་དང་འབྲེལ་བའི་རྩོམ་ཡིག་འདི་ཧ་ཅང་གལ་ཆེན་ཞིག་ཏུ་མཐོང་བྱུང་ངམ།

  12. གཡུ་བྲག་པ says:
    2013-01-13 at 11:47 pm

    བོན་བརྒྱ་ལགས། མེར་སྲེག་གཏོང་ཐུབ་ན་དགའ་བསུ་ཡོད། རྒྱལ་ཁབ་དང་མི་རིགས་རིག་གཞུང་སོགས་ཀྱི་ཆེད་རེད། དོན་མེད་པའི་དཀྲོགས་གཏམ་འདྲ་སྤེལ་ན་ཆོ་ཅི་ཡང་ཡོད་པ་མ་རེད། ཨ་རིག་ལགས་ཀྱང་ཧང་སང་ཧོན་ཐོར་དགོས་མ་རེད། བོད་མི་བརྒྱ་ལྷག་གིས་རང་སྲེག་བཏང་ཚར་བ་རེད།

  13. ཤར་ཕྱོགས་ཁུག་རྟ། says:
    2013-01-13 at 11:59 pm

    ཨ་རིག་འདིའི་སྨྱུག་རྩལ་ཅུང་ཞན་ཙང་ཉ་ཉོག་རིང་པོ་ཞིག་བྲིས་འདུག ཨ་ལ་རྩེད་མོ་ཡིན།

    དངོས་གནས་འདང་དགོང་སྐབས་དེར་ཡུད་ཙམ་ཨད་པར་གྱུར། རྗེས་ལ་རིམ་པར་རྫུན་མ་ཡིན་པ་ཤེས་འཕྲལ། དེའི་སྐོར་བསམ་བློ་གཏོང་རྒྱུ་བྱུང། བསམ་བློ་འདི་ལྟར་འཁོར་བྱུང། ཆོས་འབྱོར་རྒྱ་མཚོ་ཟེར་བའི་ངོ་དེབ་ཀྱི་པར་དེ་ཁ་སྔོན་བོད་ཀྱི་དུས་བབ་རྩོམ་སྒྲིག་པས་སྤྱི་ལྷན་གྱི་ཞུ་གཏུག་ལས་འགུལ་གསར་འགྱུར་བཟོས་པ་དེའི་ནང་ཐོན་པ་དེ་རེད། སྐབས་དེར་ངས་པར་དེ་གཤེ་གཤེ་བཏང་བ་་ཡིན། གཟིགས་ན་དྲ་འབྲེལ་འདི་རེད། http://www.tibettimes.net/news.php?showfooter=1&id=7137 དེའི་རྗེས་ངའི་ངོ་དེབ་སྟེང་བོད་མི་ཕྱེད་ཀ་སྐོར་ཞིག་གི་རྒྱལ་དབང་བཅུ་གསུམ་པའི་རང་བཙན་ཁྱབ་བསྒྲགས་ཞེས་གནམ་ལ་འཕྱར་བ་དེ་བོད་ཡོངས་ལ་ཁྱབ་ཨེ་ཐུབ། གཉིས་༧གོང་ས་ཆེན་པོ་བཅུ་བཞི་པས་རང་བཙན་གློད་མདོག་མདོག་ལ་ཟུར་ཟ་བྱས་ན་ཡག་པོ་མ་རེད་ཅེས་བཤད་པར། མཆན་བུ་འབྲི་མཁན་ཞིག་གིས་ངས་གཞོན་ལྷན་དང་རང་བཙན་པ་ཚོར་སྐྱོན་བརྗོད་མ་བྱེད་ཅེས་བསྙོན་འཛུགས་བྱས་སོང། རྗེས་སུ་ནག་འདེད་སྐབས་ཁུངས་སྐྱེལ་མི་འདུག ཁོང་ཡང་ངོ་དེབ་སྟེང Palden Gaylpo བཏགས་འདུག འདང་དགོང་ཨ་རིག་གིས་གནས་ཚུལ་འདི་རྫུན་མ་ཡིན་པའི་ཁྱབ་བསྒྲགས་བྱས་མ་ཐག མི་འདིས་མཆན་བུའི་ནང་ཆོས་འབྱོར་རྒྱ་མཚོ་ཟེར་བ་ཤར་ཁུག་མ་རེད་དམ་ཞེས་བྲིས་སོང། བྱས་ཙང། འདི་དག་ཚང་མ་ཅིག་བསྡུར་དུས་མིག་གི་ནང་གི་ཚེར་མ་ཆགས། ཁ་གཏད་གཅོག་རྒྱུའི་ཀླད་པའི་ཕོངས་ཡོད་པའི་གནས་སྟངས་གསལ་བོ་ཆགས་སོང། འདི་ནི་བསམ་གཞི་ཙམ་ཡིན།

    དེ་མིན། བསྟན་རབ་འདི་བཙན་བྱོལ་ནང་གི་རང་སྲེག་བྱེད་རྒྱུར་ཡོངས་གྲགས་ཐོག་འབོད་སྐུལ་གནང་མཁན་མཁན་གཅིག་པུ་དེ་རེད། སོང་ཙང་ཁོས་སྲེག་སྲིད་པ་རེད་འདོད་མོད། ཡིན་ཡང། སྲེག་ན་ནོར་གླིང་ནས་མི་སྲེག་པ་བཙན་བྱོལ་ནང་གི་བོད་མི་སྤྱང་པོ་ཚང་མས་ཤེས་གསལ་རེད། དེ་ཙམ་ཞུ།།

  14. ཨ་རིག་འགྱུར་མེད། says:
    2013-01-14 at 12:18 am

    གཅིག འདིར་ཡོང་བའི་དྲ་གྲོགས་སུ་ཡིན་རུང་བཀུས་བརྩི་དང་འཚམས་འདྲི་ཞུ། ཁྱེད་རྣམས་ཀྱིས་བསམ་ཚུལ་ཡག་སྡུག་གང་གསུངས་ཡོད་ཀྱང་མི་ཞིག་གི་བསམ་ཚུལ་ཡིན་ཕྱིན། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    གཉིས། དེ་ལྟར་རེད་དེ། ང་ལའང་རང་རང་གི་བསམ་ཕྱོགས་ཡོད་པ་རེད། དེ་ལའང་ཉན་རྒྱུ་རེ་བ་ཡིན། ངས་རྩོམ་བྱང་ལ་ “བོན་རྒྱའི་སྐོར་གྱི་འཇིགས་སུ་རུང་བའི་དཀྲོག་གཏམ་” ཟེར་དོན། མེར་སྲེག་མ་བཏང་བཞིན་དུ་མེར་སྲེག་བཏང་འདུག་ཅེས་རྫུན་སྒྲོག་བྱས་པ་དེར་བཤད་པ་ཡིན། དེའི་རྐྱེན་གྱིས་མདང་དགོང་ཟིང་ཆ་གང་འདྲ་བྱུང་ཡོད་མེད་མང་མང་གིས་མི་རྟོགས་ན་ཐང་། ང་ལ་ད་ནངས་ཀྱང་ལྷོ་ཕྱོགས་དང་ལྡི་ལི་སོགས་ནས་ཁ་པར་རིམ་བཞིན་འབྱོར་ཏེ་འབྲི་གིན་འདུག ངོ་མ་ཡིན།

    གསུམ། མེར་སྲེག་གི་སྐོར་ཐོག་མར་བྱུང་སྐབས་ནས་ང་ནི་སྐྲག་གི་ཟེར་མཁན་གྱི་གྲས་ཡིན་ལ། མེར་སྲེག་འབོད་སྐུལ་བྱེད་མཁན་བོན་རྒྱ་ཁོ་རང་ཉིད་ལ་ཁ་རྡུང་དྲག་པོ་གཏོང་མཁན་ཞིག་ཀྱང་ཡིན། བོན་རྒྱའི་སེམས་ན་གསལ་ནི་རེད། དེ་དུས་བོད་ཀྱི་དུས་བབ་སྟེང་ནས་བོན་རྒྱའི་མེར་སྲེག་གི་མེ་རྒྱུན་མུ་མཐུད་དེ་འབར་དགོས་པའི་རྩོམ་ཡིག་ཅིག་མཐོང་བྱུང་། ང་ངར་ལངས་ནས་ཚིག་རྩུབ་ཀྱིས་བསྡིགས་པ་ཡིན། སྐབས་དེར་གྲོགས་པོ་ཞིག་གིས་ཀྱང་ཁྱོད་ཀྱི་རྩོམ་ཡིག་ནང་ཁྱོད་རང་གི་གཤིས་སྤྱོད་དང་མི་མཐུན་པའི་ཚིག་ཅིག་མཐོང་བ་ད་ཐེངས་ཡིན། ཡག་པོ་ཡོད་དམ་ཟེར་ནས་དྲིས་བྱུང་།

    བཞི། མི་ཚང་མ་གཅིག་པ་ཡིན་རྒྱུ་རེད། སུ་ཞིག་གིས་སྤྱིར་བཏང་གི་མི་ཞིག་གིས་རང་ལུས་མེར་སྲེག་བཏང་སྐབས་སེམས་ཚད་མེད་སྐྱོ་བ་དང་། རང་གི་ཕ་མ་མིང་སྲིང་དང་གཉེན་ཉེ་ཚན། གྲོགས་གྲོགས་མོ་སོགས་མེར་སྲེག་བཏང་སྐབས་དགའ་ཡོད་ན། ང་ལ་ནི་སྐད་ཆ་འདི་དགོད་བྲོ་བོ་ཞིག་བྱུང་། ངས་ནམ་ཞིག་ལ་བོད་ནང་གི་རང་སྲེག་བཏང་སྐབས་མ་སྐྲག་པ་དང་རང་གི་གྲོགས་པོ་མེར་སྲེག་བཏང་བའི་སྐོར་གོ་ན་སྐྲག་གི་ཟེར་གིན་འདུག གཉི་ག་གཅིག་རེད། ཡིན་ནའང་། མི་གཅིག་ས་ནི་སྐྲག་སྣང་དེའི་ཆེ་ཆུང་གི་ཁྱད་རེད། དེ་ང་གཅིག་པུ་གང་ནས་ཡིན། ད་ལོར་འཇམ་དཔལ་ཡེ་ཤེས་མེར་སྲེག་བཏང་བ་དེས་བཙན་བྱོལ་ལ་གཡོ་འགུལ་ཅི་ཙམ་བསླངས་སོང་། སྐུ་ཕུང་ངྷ་སར་གདན་འདྲེན་ཞུ་སྐབས་རྒན་མགོ་དཀར་གཞོན་སོ་དཀར་ཚུན་གྱིས་མིག་ཆུ་ཅི་ཙམ་ཕུལ་འང་། མི་ཅི་ཙམ་འཛོམ་ཨང་། དེ་བཤད་མ་དགོས་པ་རེད། ས་གནས་ཀྱི་ཆ་ནས་ཀྱང་ངྷ་སའི་ཉེ་འགྲམ་ཡིན་དུས་ངའི་རྩུབ་ནས་འབར་བ་ལྟ་བུའི་ཚོར་བ་ཡོང་གི

    ལྔ། ངའི་གསལ་བཤད་འདི་མཐའ་མ་ཡིན། ད་ནས་བཟུང་འདིའི་སྐོར་ལ་སྐད་ཆ་བཤད་མཚམས་འཇོག་གི་ཡིན། ངས་ནི་གཏམ་འདི་དཀྲོག་གཏམ་ཡིན་པ་གསལ་བོར་བཟོས་པ་མ་ཟད། རྒྱ་གཞུང་གི་རྒྱུག་ཁྱི་དེའི་དམིགས་ཡུལ་མི་འགྲུབ་པ་དང་། བོད་མི་ནང་ཁུལ་ལ་བརྡབ་གསིག་མི་འགྲོ་བ། སྤྱི་ཚོགས་ལ་ཟིང་ཆ་མི་ཡོང་བའི་ཆེད་དུ་རང་ནུས་ཡོད་དགུ་བཏོན་པ་ཡིན། ངས་ནི་འདི་ཙམ་ལས་འཇོན་པ་མི་འདུག དེ་ཡང་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་འགན་ལེན་དང་། དཀྲོག་གཏམ་འདིས་ཆུ་སྣ་གར་ཁྲིད་བྱེད་ཆོག་ཆོག་གི་སྤྱི་ཚོགས་འདི་མགོ་མི་འཁོར་བའི་ཆེད་དུ་དམིགས་རང་ཡིན།

    ཀློག་མཁན་ཚོ་དགའ་ན་ཆོག་གི མི་དགའ་ནའང་ཆོག་གི དམིགས་ཡུལ་འདི་ཡིན། གཞན་ཅི་ཡང་མེད།

  15. ཨ་རིག་འགྱུར་མེད། says:
    2013-01-14 at 12:22 am

    སྤྱིར་བཏང་གི་མི་ཞིག་གི་ཞེས་པ་ནོར་འདུག
    སྤྱིར་བཏང་གི་བོད་མི་ཞིག་གི་ཞེས་འབྲི་བསམ་པ་ཡིན།

  16. རེབ་སྐྱིད་མཚོ says:
    2013-01-14 at 12:33 am

    ཨ་རིག་ལགས་ཀྱིས་ངོ་མ་ཡག་པོ་བཤད་འདུག་མི་གསོན་པོ་ཤི་མིང་བཏགས་མཁན་དེ་
    སྨྱོ་པ་ཡིན་གྱི་རེད།དགོས་གནད་ཅིག་ཡོད་པའི་དབང་དུ་གཏང་ན་ཡང་དེ་འདྲའི་ཐབས་
    སྐྱོ་བ་ལ།

  17. འཁྱམས་པོ says:
    2013-01-14 at 1:42 am

    ཨ་རོ་ཁུག་རྟ་ཁྱོ་ཆོས་འབྱོར་འུ་ཡིན།

  18. ལུང་རྟོགས། says:
    2013-01-14 at 3:09 am

    གནས་ཚུལ་འདི་ངས་ཀྱང་ཆོས་འབྱོར་རྒྱ་མཚོ་ཞེས་པ་དེའི་ངོ་དེབ་ནས་མཐོང་སོང་། མི་དེས་ཁོ་རང་བོན་རྒྱའི་ངོ་ཤེས་ཤིག་ཡིན་པ་དང་། པར་འདི་ཨ་མདོ་བློ་བཟང་ཞེས་པ་ཞིག་གི་ངོ་དེབ་ནས་བཤུས་པ་ཡིན་ཞེས་བཤད་སོང་། ངས་ཨ་མདོ་བློ་བཟང་ཞེས་པའི་མིང་བྲིས་ནས་བརྩལ་བས་མིང་དེ་འདྲ་ཡོད་པ་གཉིས་ཙམ་དོན་སོང་ཡང་ངོ་དེབ་དེ་གཉིས་ཀར་པར་འདི་མཐོང་རྒྱུ་མི་འདུག དེ་ནས་ཆོས་འབྱོར་རྒྱ་མཚོའི་ངོ་དེབ་སྟེང་སླར་ཡང་བལྟ་བར་འགྲོ་སྐབས་པར་དེ་བསུབས་ཚར་འདུག

  19. ལྷ་མོ་ཆོས་སྒྲོན། says:
    2013-01-14 at 4:40 am

    ད་ཡང་། ཤར་ཁཱུགས་རྒྱུགས་ཁྱི་དང་ཨ་རིག་གློ་མེད་གཉིས་ཀྱིས་འཁྲབ་འདུག་ག
    ཧ་ཧ་ཧ་་་་་་་་་་་་་་་་་
    གསལ་བཤད་བྲིས་ན་་་འབྲི་སྟངས་ཡོད་རེད་དེ་་་་་་
    ང་ང་ང་ང་་་་་་་་་་་་་་་་ཟེར་ནས་འབྲི་དོན་ག་རེ་ཡིན་ནམ་་་་་་་་་་་
    ནམ་ཞིག་ཡིན་རུང་ཤར་ཁུགས་སྐྱབས་འཚོལ་བ་དང་ཨ་རུག་གློ་མེད་གཉིས་ཀྱིས་གཤིས་སྤྱོད་རེད།

  20. ཀརྨ་སྐལ་བཟང says:
    2013-01-14 at 5:30 am

    མེ་སྲེགསལ་རྒྱལ་སྐྱོབས་བྱེད་མཁན་དེ་ནི་ རྒྱ་ནག་གིས་རྒྱུག་ཁྱི་དང་འདྲ་་་ཡིན་ཡང་བོན་རྒྱ་བསྟན་འཛིན་རབ་རྒྱལ་
    གི་མེ་རང་ལུས་མེ་སྲེག་མི་ཐུབ་པ་ནི་༡༠༠%རེད། དེ་བྱེད་ནས་ཨ་རིགས་འགྱུར་མེད་སེམས་འཁྲལ་མི་དགོས་པ་ཞུ་སྐད་ཆ་དེ་
    གོ་ཙམ་གྱིས་ཁྱེད་ཀྱིས་༡༠༠%བརྗུན་མ་ཡིན་པ་ཡིད་ཆེས་བྱེད་ཆོག་གི་རེད་། སྤྱིར་གཏང་མི་ལ་ཟེར་ལས་ལྷ་པོ་རེད་་རང་གིས་
    ལག་ལེན་ལྟ་ན་ཁག་པོ་རེད་

  21. བསྟན་འཛིན says:
    2013-01-14 at 5:44 am

    ཨ་ཕྱི་ཆོས་སྒྲོན་ཟེར་བ་འདིའི་སྐད་ཆ་བཤད་སྟང་ལ་ལྟོས་དང་།མི་ལ་དཀའ་ངལ་འདི་འདྲའི་སྐབས་ལ་སྐད་ཆ་འདི་འདྲ་ཁྱེད་ཀྱི་ཁ་ནས་བཤད་ཕོད་པ་མི་ཡག་རྟགས་ཞིག་མ་རེད།

  22. ལྷ་མོ་ཆོས་སྒྲོན། says:
    2013-01-14 at 7:06 am

    གནས་ཚུལ་འདི།
    གནས་ཚུལ་རྫུན་མ་རེད་ཟེར་མཁན་ཚོས་ཆེན་པོ་བཟོས་སོང་་མ་གཏོགས་་་་དང་ཐོག་གནས་ཚུལ་ཆནེ་པོ་ཆགས་མི་འདུག
    གོང་དུ་ལུང་རྟོགས་གནང་བ་ནང་བཞིན་རེད་ཤག
    ཁྱད་པར་དུ་ཨ་རིག་གི་གདོང་དེབ་ནང་དུ་མང་པོ་ཞིག་གིས་གནས་ཚུལ་འདི་དང་། པར་འདི་གསུབ་རོགས་ཟེར་ནས་འབོད་སྐུལ་ཞུས་རུང་། ཁོ་རང་ཉན་འཇོག་མ་བྱས་པས་མ་ཚད་ད་དུང་ས་བསྒྲགས་གནམ་བསྒྲགས་བྱེད་མཁན་ཁོ་ན་དེ་ཨ་རིག་རེད། འདིའང་ངེས་པར་དུ་ཤཻས་དགོས་པའི་དོན་དག་ཅིག་རེད། མ་གཏོགས་མཐའ་གཅིག་ཏུ་རྫུན་མ་སྤེལ་མཁན་དེ་མ་རེད།
    ཤེས་པར་བྱསོ་ཤིག སྐྱབས་འཚོལ་བ་ཚོ།
    ཨ་རིག་ཟེར་ན།
    “””གྲོིགས་པོ་ཚོ། དགོགས་དག ངས་འདི་གསུབ་ཐུབ་ཀྱི་མ་རེད། ངས་ནི་ “རྫུན་མའི་” རྗེས་ “ངོ་མས་” མ་ཆོད་པར་ཡོད་སྐབས་འདིར་གཏན་ནས་གསུབ་སྲིད་རྒྱུ་མ་རེད།
    ད་དུང་ངས་གནས་ཚུལ་འདི་རྫུན་མ་ཡིན་པ་ས་སྒྲག་གནམ་སྒྲག་བྱས་པར་མ་ཟད། མ་འོངས་པར་ཡང་འདི་དང་འདི་ལྟ་བུའི་དོན་དག་འབྱུང་སྲིད་པར་མ་ཟད། བོད་ནང་ནས་ཀྱང་མེར་སྲེག་སྐོར་ལ་རྫུན་སྒྲོག་ཡོང་སྲིད་པས་བོད་མི་མི་རེ་ངོ་རེ་ནས་གཟབ་གཟབ་དང་བརྟག་དཔྱད་ནན་པོ་བྱ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།
    དེ་ལྟར་ངས་གཏན་ནས་རྒྱ་གཞུང་གི་རྒྱུག་ཁྱི་འདིའི་དམིགས་ཡུལ་འགྲུབ་འཇུག་གི་མིན་ལ། འུ་ཚོའི་ཆུ་སྣ་གར་ཁྲིད་བྱེད་ཆོག་ཆོག་གི་སྤྱི་ཚོགས་འདི་རྨོངས་གཉིད་ལས་ཟད་རྒྱུར་རེ་བ་རྒྱག་གི་ཡིན། དེར་བརྟེན། ཚང་མར་དགོངས་དག
    ང་ལ་འདི་གསུབ་དགོས་པའི་རེ་བ་མ་འདོན། རེ་བ་དེ་ངས་བསྒྲུབ་ཐུབ་ཀྱི་མི་འདུག དགོངས་དག”””

  23. ལོག་སྨྲ་ཚར་གཅོད། says:
    2013-01-14 at 8:38 am

    ངས་ཀྱང་གནས་ཚུལ་དེའི་པར་དང་བཅས་པ་མཐོང་མ་ཐག་འདི་དངོས་གནས་ཡིན་ནམ་རྒྱ་གར་ནང་ཡིན་ན་བོད་ནང་ཡིན་ན་བསམ་ནས་གནས་ཚུལ་ཞིབ་བལྟ་བྱས་དུས་རྫུན་མ་ཡིན་པ་དེ་མ་ཐག་ཤེས་སོང་། གང་ལགས་ཞེ་ན། དྲྭ་ངོས་གཞན་ཚང་མ་ནང་བལྟས་ཀྱང་གང་ལའང་གནས་ཚུལ་དེ་འདྲ་མཐོང་ཡ་མེད་ཙང་འདི་གཏམ་འཆལ་ཡིན་པར་ངེས་རྟོགས་བྱུང་སོང་།

  24. གནམ says:
    2013-01-14 at 8:51 am

    ཁྱི་རྒན་དེ་སུ་ཡིན་ན་ཨ། ལག་འདྲེ་འིས་ཁྱིད་རྒྱོ། སེམས་གདོན་གིས་སྨྱོ་རྒྱོ། ཆི་ལས་འདི་ལས་མེད་མཁན་དེ་ཚོར། དམིགས་ཡུལ་ངན་པ་ཞིག་ཡོད་རྒྱུ་རེད། སུ་ཡིན་གསལ་བོ་བཟོ་ཨེ་ཐུབ་བལྟས་ན་ཡག་པོ་ཡོད་པ་རེད།

  25. གྲ་འཁྱམས says:
    2013-01-14 at 5:54 pm

    ལས་མེད་ཁྱོད་ཚོ་ཡིན་ན་སྐད་ཆ་ཆོ་མེད་བཤད་ནས་ཉི་མ་བསྐྱལ་ནས་སྡོད་ཨ

  26. མདའི་བུ་ says:
    2013-01-15 at 7:12 am

    ཡང་་་་་་་་ཨ་ཡོ་་་་་་་་་་་་་་་་་་ཨ་རིག་འཇོན་འདོག་བྱེད་སྔ་འདུག
    ཏག་ཏག་ཡིན་ན་་་་་་་་་་་་་་་ཤར་ཁཱུག་གི་རླུང་བརྒྱབ་བཞགས་པ་འདྲ་།
    ཤར་ཁཱུག་ནི་སྐབས་འཚོལ་བ་རང་ཡིན་པ་ཁོ་རང་གིས་དུས་རྟག་ཏུ་གསལ་གྲེལ་བྱེད་པ་དེ་རེད

  27. ལྷོ་ཕྱོགས་རྒྱ་མཚོ། says:
    2013-01-15 at 7:14 am

    དྲ་གྲོགས་ཚོའི་སྙན་དུ། ཨ་ཕྱི་ཆོས་སྒྲོན་ཟེར་བ་དེའི་སྨྱུག་མིང་གཞན། ཨེ་མ་ཧོ་ཟེར་གྱི་འདུག དེ་ལུགས་ཤེས་པར་མཛོད།

  28. གངས་དཀར་ཤ་མེད། says:
    2013-01-15 at 9:22 am

    མི་ངན་ཕྱི་ཆོས་སྒྲོན་ཟེར་བ་འདི་ལ་ཏན་ཏན་གཟབ་བཟབ་གནང་རོགས་ཁོས་དཀྲུགས་ཤིང་གི་མཆན་མ་གཏོགས་འབྲི་ཤེས་ཀིན་ཡོད་མ་རེད། ད་དུང་ཁོ་རང་ལ་ཡོན་ཏན་དང་བཟང་སྤྱོད་ཟེར་བ་རྩ་བ་ཉིད་ནས་མེད་པ་ས་རིས་ཐང་གསལ་རེད་ང་ཚོ་བོད་ལ་འདི་འདྲ་གཅིག་ཡོད་ཀྱང་མང་དྲགས་ནི་རེད་ དེ་ཕྱིར་འདི་རིགས་ལ་ཡ་མ་བྱེད་ད་དེ་ཡག་ཤོས་རེད།

  29. བན་དེ་བ། says:
    2013-01-15 at 9:53 am

    འོ་ད་གཞི་ནས་མཆན་བུ་བ་ཚོས་ཨ་ཕྱི་ཆོས་སྒྲོན་ཟེར་བ་དེའི་རང་མདོག་གསལ་བརྗེན་ཤེས་འདུག མོ་ཡིས་བྲིས་པའི་མཆན་བུ་ཐམས་ཅད་ལ་གཟིགས་དང་གསལ་གསལ་ཐིང་ཐིང་རེད། མོ་ལ་ཚེ་རིང་སྐྱིད་དང་བོན་རྒྱ་གཉིས་ལའང་སེམས་ནད་ཅིག་ཡོད་པ་ངས་ཤེས་ཡོད། དོན་དུ་ཁོང་གཉིས་བོད་ལ་ཕ་མ་ཉེ་འབྲེལ་ཐུག་པར་འགྲོ་རྒྱུར་བཀག་འགོག་གི་ཆེད་རྒྱ་ནག་ལ་ངོ་སྤྲོད་བྱས་པ་རེད།

  30. གངས་དཀར་ཤ་མེད། says:
    2013-01-15 at 10:04 am

    མཁས་དབང་བན་དེ་བ་མཆོག་ཁྱེད་བདེན་ཕོ་ལོག་མོ་ལོག་ཨ་ཕྱི་འདི་ལ་དངོས་གནས་ཡ་བྱེད་རིན་མེད་ཡ།

  31. རྔ་བ་གཉན་རྒོད་ says:
    2013-01-15 at 5:49 pm

    ངོ་མ་སྙིང་པོ་མེད་པའི་སྐད་ཆ་རེད་་་དེ་འདྲ་རིགས་མ་འབྲི་རོགས་་ཁྱེད་ཀྱི་ཡོད་ཚད་བརླགས་ནས་འདུག་་་འབྲེལ་ཡོད་མེ་ལ་བསྲེགས་ཚུལ་བྲིས་ན་མཐོང་ཆུང་དང་་་་འབྲེལ་མེད་མེ་ལ་བསྲེགས་ཚུལ་གོ་ན་གསར་འགྱུར་ཧཧཧཧཧ་ཡོད་ཚད་ལ་བྲོ་བ་མེད་ཀི་་་དེ་འདྲ་ཚབ་དགོས་པ་མ་རེད་་་དཔའ་བོ་དགུ་བཅུ་གོ་ཟིག་མེ་ལ་བསྲེགས་སོང་་བོན་རྒྱ་གཅིག་པོ་ག་རེ་་་ཚེ་སྲོག་ཚང་མ་འདྲ་མཉམ་རེད་་་་ཁྱེད་གཅིག་པོ་ཚབ་དགོས་པ་མ་རེད་་་་

  32. ལེགས་བཤད། says:
    2013-01-16 at 12:05 am

    འདི་ནས་གནས་ཚུལ་དེ་གོ་རྗེས་མི་མང་པོ་ཧང་སངས་འདུག །ཡིན་ཡང་རྗེས་ནས་དཀྲོགས་གཏམ་ཡིན་པ་ཤེས་འདུག །སྤུན་ཟླ་ནང་ཁུལ་ལ་རྩེད་མོ་དེ་འདྲ་རྩེ་སྟངས་ཤིག །ཁྱད་མཚར་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme