Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་སྨན་གྱིས་གཉན་ནད་རེག་དུག་ལ་ཕན་གྱི་འདུག

Posted on 2011-01-112011-01-11 By གཡང་འབུམ་རྒྱལ་ 22 Comments on བོད་སྨན་གྱིས་གཉན་ནད་རེག་དུག་ལ་ཕན་གྱི་འདུག

བོད་ཀྱི་དུས་བབ་ནས་བཏུས།  

ཟླ་སྔོན་མའི་ཚེས་ཤར་ནི་འཛམ་གླིང་གི་གཉན་ནད་རེག་དུག་གི་ཉིན་མོ་ཡིན་ལ། འདི་གའི་གསར་འགོད་པས་བོད་གཞུང་སྨན་རྩིས་ཁང་གི་ངེས་སྟོན་པ་དང་བླ་ཞབས་སྨན་པ་རྟ་མགྲིན་ཚེ་དབང་ལགས་སུ་ ནད་རིགས་འདིའི་སྐོར་ནས་བཅར་འདྲི་ཞུས་ཡོད།

12111

དྲི་བ། སྐུ་ཉིད་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་རེག་དུག་གི་ན་ཚ་དེ་ཚབས་ཆེ་ཆུང་གང་འདྲ་ཞིག་ལ་གཟིགས་ཀྱིན་ཡོད་དམ།

ལན། ན་ཚ་དེ་བོད་མིའི་སྤྱི་ཚོགས་ཙམ་མ་ཟད་འཛམ་གླིང་ཁྱོན་ཡོངས་སུ་ཚབས་ཆེན་པོར་མཐོང་གི་ཡོད་ལ། ཉེན་ཁ་ཡང་ཆེན་པོ་རེད། འཛམ་གླིང་ནང་དེང་སྐབས་ཚན་རིག་དང་ཉམས་ཞིབ་ཐོག་ཡར་རྒྱས་ཤུགས་ཆེར་འགྲོ་བཞིན་ཡོད་ནའང་། ན་ཚ་འདིའི་རིགས་ལ་སྨན་བཅོས་བྱེད་མ་ཐུབ་པར་སྐད་རྒྱག་གི་ཡོད། ལྷག་པར་དུ་བོད་མིར་མི་འབོར་ཉུང་ཉུང་ཞིག་ལས་མེད་སྟབས་མི་གཅིག་ལ་ན་ཚ་འདི་ཡོད་ནའང་བོད་མི་རིགས་ཉམས་ཆག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད། བོད་མིའི་གཤིས་སྤྱོད་ནང་ན་ཚ་འདིའི་རིགས་བྱུང་སྐབས་སྦ་གསང་བྱེད་པ་དང་ངོ་ཚ་བྱེད་རྒྱུའི་གོམས་གཤིས་ཤིག་ཡོད། དེར་བརྟེན་སྤྱི་ཚོགས་ནང་ན་ཚ་འདིའི་རིགས་ཡོད་མཁན་གཅིག་བསླེབ་ནའང་རྩྭ་ལ་མེ་མཆེད་པ་ལྟར་ལམ་སང་ཁྱབ་འགྲོ་རྒྱུའི་ཉེན་ཁ་ཡོད།

 

དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་བོད་མི་ཅི་ཙམ་ལ་གཉན་ནད་རེག་དུག་གི་ན་ཚ་ཡོད་པར་ཚོད་དཔག་གནང་བཞིན་པ་དང་། སྨན་རྩིས་ཁང་ལ་ན་ཚ་དེ་ཡོད་མཁན་གྱི་བོད་མིས་སྨན་བསྟེན་བྱེད་མྱོང་ངམ།

ལན། དེ་ལ་རིགས་གཉིས་ཡོད། གཅིག སྨན་རྩིས་ཁང་ལ་ནད་པ་རང་ཉིད་ཚུར་ཡོང་སྟེ་སྨན་བསྟེན་བྱས་ན་མ་གཏོགས་ཕར་ཉམས་ཞིབ་བྱེད་པ་དང་། ན་ཚ་དེ་ཡོད་རིགས་ལ་སྨན་སྤྲད་དེ་ཕན་ཐོགས་གང་འདྲ་ཡོད་མེད་བརྟག་དཔྱད་བྱེད་ཀྱི་མེད་སྟབས་ལབ་ཐུབ་ཀྱི་མེད། ཡིན་ནའང་། ང་ཚོས་དེ་སྔོན་ཧོ་ལན་ཌིར་འབྲེལ་བ་བྱས་ཏེ་སྨན་རྩིས་ཁང་གི་ངོས་ནས་ཕར་སྨན་པ་གཏོང་གི་ཡོད་ལ། སྨན་པ་གཏོང་ས་དེ་འཛམ་གླིང་ནང་ན་ཚ་འདིའི་རིགས་ཧ་ཅང་མང་བོ་ཡོད་སའི་ལུང་པ་ཞིག་རེད། ཉམས་ཞིབ་བྱས་མྱོང་མེད་སྟབས་ན་ཚ་འདིའི་རིགས་ལ་བོད་སྨན་གྱིས་བརྒྱ་ཆ་བརྒྱ་ཕན་གྱི་འདུག་ཟེར་རྒྱུ་ཁག་ནའང་། ང་ཡང་ཐེངས་མང་བོར་སྨན་བཅོས་བྱེད་དུ་འགྲོ་མྱོང་བས། བརྟག་དཔྱད་དང་ཉམས་ཞིབ་བྱས་ཏེ་རེག་དུག་གི་ན་ཚར་ངོས་འཛིན་བྱས་པའི་ནད་པ་དེ་འདྲ་ཕྱི་ལུགས་ཀྱི་སྨན་པས་ཟླ་བ་གསུམ་དང་དྲུག་ལ་མ་གཏོགས་གསོན་ཐུབ་ཀྱི་མ་རེད། གཟུགས་པོའི་གནས་སྟངས་ཀྱི་ཆ་ནས་ལྕོགས་ཀྱི་མ་རེད་ཟེར་བ་དེ་འདྲ་བོད་སྨན་ཟོས་ཏེ་ལོ་ལྔ་དང་དྲུག ད་ལྟའང་མ་ཤི་བར་བསྡད་ཡོད་པ་ཧ་ཅང་མང་བོ་ཡོད། དེར་བརྟེན་བོད་སྨན་གྱིས་ཕན་གྱིན་འདུག

གང་ཡིན་ཟེར་ན་མིའི་བསམ་བློའི་ངོས་ནས་བརྒྱ་ཆ་བརྒྱ་ཕན་གྱི་ཡོད། བོད་སྨན་གྱི་ཁྱད་ཆོས་མ་འདྲ་བ་དེ། ནད་པར་སྨན་བཅོས་བྱེད་སྐབས་ནད་པར་དམིགས་བསལ་གྱིས་ལམ་སྟོན་མ་འདྲ་བ་དང་། ནད་པར་ན་ཚ་གང་འདྲ་ཞིག་ན་རུང་རང་གི་སེམས་ནང་དུ་ན་ཚར་བའི་རྗེས་སུ་དོ་སྣང་བྱེད་དགོས་པ་དང་། དོ་སྣང་བྱེད་སྟངས་ཤེས་དགོས་པར་མ་ཟད། ན་ཚ་དེ་རང་གི་གཟུགས་པོའི་ནང་བསླེབས་པའི་རྒྱུ་མཚན་རང་ཉིས་ཀྱིས་ངོས་ཟིན་པ་བྱས་ཏེ། དེའི་ཐོག་ཟས་བཅུད་དང་ཉིན་རེའི་སོ་སོའི་མི་ཚེ་སྐྱེལ་སྟངས་སྐོར་ལ་ཡིད་གཟབ་དགོས་པའི་བསླབ་བྱ་བརྒྱབ་དུས། བསླབ་བྱ་དེས་ནད་པ་མང་བོར་སེམས་ཀྱི་ཚོར་བ་བདེ་བ་ཞིག་དང་། ཡག་པོ་བསླེབས་ཏེ་གཟུགས་པོའི་ནང་དུ་སྨན་ལྟར་ཕན་རླབས་ཆེན་པོ་ཡོང་གི་ཡོད། བོད་སྨན་བསྟེན་སྐབས་སྨན་འཐུང་བ་ཙམ་གྱིས་མི་ཆོག་པར་ཟས་དང་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་གལ་ཆེན་པོ་ཡིན་སྟབས། ནད་པར་སློབ་གསོ་ཐེབས་ཏེ་ན་ཚ་དེས་སྡུག་བསྔལ་ག་ཚོད་མྱོང་གི་ཡོད་ནའང་། བདེ་བའི་ཚོར་བ་ཤུགས་ཆེ་རུ་ཕྱིན་ཏེ་གཟུགས་པོའི་ནང་དུ་ན་ཚ་སྔོན་འགོག་བྱེད་པའི་ཤུགས་དེ་རང་བཞིན་གྱིས་སླེབས་ཡོང་གི་ཡོད། དེ་བཞིན་ནད་པས་ཟ་མ་ཟ་དགོས་པ་དེ་གལ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་ལ། ཟ་མ་མ་ཟོས་ན་གཟུགས་པོ་འཚོ་ཐུབ་ཀྱི་མེད་པ་དེ་ཡང་ཤེས་ཀྱི་ཡོད། ཟ་མ་ཟ་བ་དེ་བོད་ཀྱི་སྨན་གཞུང་ནང་དུ་ལུས་ཟུངས་བདུན་ཟེར་ལ། ལུས་ཟུངས་བདུན་གྱི་དྭངས་མ་དེ་གཟུགས་པོའི་ནང་གི་སྙིང་དང་རྩ་ལམ་དུ་ཕྱིན་ཏེ། མིའི་ཚེ་སྲོག་གནས་པའི་གཞི་བྱེད་ཀྱིན་ཡོད། དེ་གལ་ཆེན་པོ་རེད།

གཉིས་པ། སྨན་དེ་ནད་པའི་གཟུགས་པོའི་ནང་གི་གནས་བབ་དང་ན་ཚའི་ཚབས་ཆེ་ཆུང་ལ་བལྟས་ཏེ་སྤྲོད་སྐབས། སྨན་གྱིས་ཕན་པ་མ་གཏོགས་གནོད་རྒྱུ་གང་ཡང་མེད། གང་ཡིན་ཟེར་ན་བོད་སྨན་ནི་ཕྱི་རྒྱལ་གྱི་སྨན་ལྟར་དམིགས་ཡུལ་གཅིག་གི་ཆེད་དུ་དམིགས་ཏེ་བཟོས་པ་མིན་པར། མི་སོ་སོའི་གཟུགས་པོའི་གནས་སྟངས་ནང་རླུང་མཁྲིས་བད་ཀན་གསུམ་གྱིས་གཉེར་བའི་ཆ་སྙོམས་དང་མ་སྙོམས་ཟེར་བ་ཡོད་སྟབས། རླུང་མཁྲིས་བད་ཀན་གསུམ་ནི་མི་ཚང་མའི་གཟུགས་པོའི་ནང་དུ་ཡོད་པ་ཞིག་རེད། དེ་མེད་ན་མིའི་གཟུགས་པོའི་ནང་དུ་བསམ་བློ་གཏོང་བ་དང་འགུལ་སྐྱོད་བྱེད་པ་སོགས་དོན་ལྔ་སྣོད་དྲུག་གི་ལས་ཀ་བྱེད་པར་སྟངས་འཛིན་བྱེད་ཐུབ་ཀྱི་མེད། དེར་བརྟེན་རླུང་མཁྲིས་བད་ཀན་གསུམ་གྱི་ཆ་ཤས་ལ་བལྟས་ཏེ་བོད་སྨན་གྱི་སྦྱོར་བ་ནི་ཕྱི་རྒྱལ་གྱི་སྨན་དང་མ་འདྲ་བའི་ཁྱད་ཆོས་ལྡན་པ་ཞིག་རེད། དེའི་ཆ་ནས་ནུས་པ་ཆེན་པོ་འདོན་ཐུབ་ཀྱིན་ཡོད།

དེ་མིན་བཙན་བྱོལ་ནང་ངས་ཚོད་དཔག་བྱས་ན་རེག་དུག་ཅན་སུམ་བརྒྱ་ཙམ་ཞིག་མེད་དམ་སྙམ། དེ་ཡང་བོད་མིའི་མི་འབོར་ལ་ཆ་བཞག་སྟེ་ལབ་ཀྱིན་ཡོད། ང་ཚོའི་ས་གནས་ཁག་གི་ཡན་ལག་སྨན་ཁང་ནང་སྨན་ཟ་མཁན་ཡོང་གི་ཡོད་ལ། དམག་སྒར་ཁག་ནས་ཀྱང་སྨན་ཟ་མཁན་ཡོང་གི་ཡོད། ངྷ་ས་ལྟ་བུར་མཚོན་ན་བོད་རིགས་ལས་ཀ་མེད་མཁན་མང་བོ་ཡོད་སྟབས། ཉལ་ཐ་འཐེན་མཁན་ལྟ་བུའི་རིགས་ཀྱང་མང་བོ་ཡོང་གི་འདུག དཔེར་ན་སྨན་རྩིས་ཁང་གིས་ཆ་རྐྱེན་ཞན་པ་དང་འཚོ་བ་སྐྱོ་བའི་ནད་པའི་རིགས་ལ་སྨན་རིན་མེད་དུ་སྤྲོད་ཀྱིན་ཡོད་ལ། ངས་སྨན་རིན་མེད་དུ་སྤྲད་པ་ཙམ་གྱིས་འགྲིག་གི་མེད་པར་གཟུགས་པོའི་ནང་དུ་ཕན་གནོད་གང་འདྲ་ཡོང་གི་ཡོད་མེད་ལ་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་བཤད་ཀྱིན་ཡོད་སྟབས། ད་ལྟ་བར་དུ་སྨན་མུ་མཐུད་དེ་ཟ་མཁན་མང་བོ་འདུག

 

དྲི་བ། སྐུ་ཉིད་ཀྱིས་གསུངས་པ་ལྟར་གཙོ་བོ་བོད་སྨན་རང་གི་ཐོག་ནས་ཕྱི་ལུགས་ཀྱི་སྨན་དང་མི་འདྲ་བའི་ནུས་པ་ཞིག་འདོན་ཐུབ་ཀྱི་ཡོད་ན། མ་འོངས་པར་ན་ཚ་དང་སྨན་གཉིས་ཀར་ཞིབ་འཇུག་བྱས་ཏེ་རེག་དུག་གི་ཆེད་དུ་སྨན་གསར་བཏོད་བྱེད་པའམ། ཐབས་ལམ་གཞན་བཙལ་ན་རྙེད་ཀྱི་རེད་དམ།

ལན། རྙེད་ཐག་ཆོད་རྙེད་ངེས་རེད། ང་ཚོའི་བོད་སྨན་གྱི་སྨན་གཞུང་དེ་གཞི་ཆེན་པོ་རྒྱ་མཚོ་ནང་བཞིན་རེད། རྒྱ་མཚོའི་ནང་དུ་མི་ཞིག་ཕྱིན་ཚེ་སོ་སོའི་རིག་པས་མ་འདང་བའི་དཀའ་ངལ་ལས་རྒྱ་མཚོའི་ནང་གི་ནོར་བུ་རྫོགས་འགྲོ་རྒྱུ་མེད། གཉིས་ནས་རྒྱ་གར་དང་ཕྱི་རྒྱལ་ལུང་པའི་ཁྲིམས་ལུགས་ཀྱི་ཐོག་ནས་སྨན་གྱི་རྒྱུ་ཆའི་ནང་དུ་མང་བོ་ཞིག་བཀག་འགོག་ཡོད་པ་དང་། བེད་སྤྱོད་གཏོང་མི་ཆོག་པ་དེ་འདྲ་ཡོད། གང་ལྟར་བོད་སྨན་གྱི་ཐོག་ནས་ན་ཚ་དེར་བརྟག་དཔྱད་བྱས་ཏེ་སྨན་གསར་བཏོད་བྱ་དགོས་བྱུང་ན། བྱ་མ་ཐུབ་པ་གང་ཡང་མི་འདུག་སྙམ། གཙོ་བོ་སོ་སོས་རིག་པ་བཏང་མ་བཏང་རེད། དཔེར་ན་ད་ལྟ་སྨན་བཟོས་ཡོད་པ་དེ་ཚོས་གཉན་གྱི་སྲིན་འབུའི་ན་ཚ་སྟེ། གཉན་ནད་ཙམ་མིན་པར་གློ་ནད་གཉན་ཚད་ཟེར་བ་དེ་གཉན་ནད་རེག་དུག་གི་སྤུན་མཆེད་རེད་ཟེར་གྱིན་ཡོད་ལ། དེར་ཡང་བོད་སྨན་སྤྲད་ན་ཧ་ཅང་གི་ཕན་པ་ཡོང་གི་འདུག དེའི་རིགས་ཀྱང་འགོས་ནད་རིགས་རེད། གཉན་ནད་རེག་དུག་ལྟ་བུ་ཡིན་ན་ནད་འབུའི་ཆ་ནས་ཡོང་གི་ཡོད་ལ། ཤུགས་ཆེ་ཆུང་དང་རིགས་མ་འདྲ་བ། ཡོང་སའི་འབྱུང་ཁུངས་མ་འདྲ་བ་རེད། གང་ལྟར་ཆ་རྐྱེན་ལྡན་པ་དང་མཐུན་རྐྱེན་ཡག་པོ་བྱུང་ན། ཉམས་ཞིབ་བྱས་ཏེ་ནད་པ་དེ་འདྲར་སྨན་བཅོས་བྱས་ན་ད་ལྟའི་ཆར་བརྒྱ་ཆ་བརྒྱ་མ་བྱུང་ནའང་། མིའི་མི་ཚེ་ཡུན་རིང་པོར་གནས་པ་དང་དཀའ་ངལ་ལས་ཐར་ཏེ་ཅུང་ཙམ་ཞི་བའི་ངང་གནས་ཐུབ་པ་སོགས་ཀྱི་ཕན་ནུས་མང་བོ་ཡོང་གི་ཡོད། མ་འོངས་པར་ཡང་གོ་སྐབས་ཆེན་པོ་འདུག

 

དྲི་བ། ད་ལྟའི་ཆར་ན་ཚ་འདི་འཛམ་གླིང་ནང་ཁྱབ་བརྡལ་དུ་འགྲོ་བཞིན་པ་དང་མི་ཧ་ཅང་མང་བོར་དཀའ་ངལ་འཕྲད་ཀྱིན་ཡོད་ཐོག འདི་ལ་ཕན་ནུས་ལྡན་པའི་སྨན་ཞིག་བྱུང་མེད་སྟབས་སྨན་རྩིས་ཁང་ངམ། ཡང་ན་སྐུ་ཉིད་ལྟ་བུའི་སྨན་པ་བགྲེས་པོ་དེ་འདྲ་མཉམ་དུ་འདི་ལ་བརྟག་དཔྱད་བྱེད་པ་དང་། ནུས་པ་འདོན་རྒྱུའི་ཐུགས་རེ་འདྲ་ཡོད་དམ།

ལན། ད་ལྟའི་ཆར་སྨན་རྩིས་ཁང་རང་གིས་ན་ཚ་འདིའི་རིགས་ལ་དམིགས་སུ་བཀར་ཏེ་ཉམས་ཞིབ་བྱ་རྒྱུའི་ལས་འགུལ་བརྩམས་མེད་མོད། མ་འོངས་པར་ཡོང་མི་སྲིད་པ་མིན། ད་ལྟ་ང་ཚོར་སྨན་གྱི་ཕྱོགས་ནས་ཆ་རྐྱེན་དེ་ཙམ་མ་འདང་བ་མེད་ནའང་། དེ་མིན་གྱི་ཆ་རྐྱེན་གཞན་གྱིས་འདང་གི་མེད། གཙོ་བོ་དེ་ལྟ་བུའི་ནད་རིགས་ལ་བརྟག་དཔྱད་བྱ་སའི་ཚད་ལྡན་གྱི་བརྟག་དཔྱད་ཁང་ཞིག་དགོས་པ་རེད།

དཔེར་ན་ནད་པ་ཁག་ཅིག་སྨན་ཁང་ལེགས་པོ་ཞིག་ཏུ་མ་བྱིན་པར་དང་ཐོག་འགོས་ནད་འདུག་ཟེར་བ་དང་། དེ་ནས་མི་འདུག་ཟེར་བ་ལྟ་བུ་ཡོང་གི་འདུག ངས་སྔོན་མ་ལྡི་ལིར་ལོ་ཉི་ཤུའི་རིང་སྨན་པ་བྱས་ཏེ་བསྡད་རིང་དམག་ཁུངས་ནས་ན་ཚ་དེའི་རིགས་འདུག་ཟེར་མཁན་གྱི་བཟའ་ཚང་ཞིག་ཡོད། ཁོང་གཉིས་ལེག་ནོ་དང་ལྡི་ལིར་བརྟག་དཔྱད་བྱེད་དུ་ཕྱིན་ཏེ་འདུག་ཟེར་གྱིན་འདུག རྗེས་སུ་བོད་སྨན་བསྟན་ཏེ་ལོ་གསུམ་བཞི་འགོར་རྗེས་ཧ་ཅང་ཡག་པོ་དྲག་སྐྱེད་བྱུང་སོང་། དེར་བརྟེན་དེ་ཚོའི་གྲས་ལ་བརྟག་དཔྱད་བྱེད་ས་ཚད་ལྡན་ཞིག་བྱུང་ན། དང་ཐོག་ནད་ཚ་དེ་ངོ་འཕྲོད་རྒྱུ་གལ་ཆེན་པོ་རེད། སྨན་ཁང་ཡིན་ནའང་རེད་ཟེར་བ་དང་མ་རེད་ཟེར་བ་ལྟ་བུའི་ཐག་ཆོད་ལ་མ་ཆོད་ཀྱི་སྐད་ཆ་མང་བོ་ཡོང་གི་ཡོད་སྟབས། ནད་པར་བརྟག་དཔྱད་བྱེད་སྐབས་བརྟག་དཔྱད་ལེགས་པོ་བྱེད་པའི་འཕྲུལ་ཆས་ཚད་ལྡན་དགོས་པ་དང་། དེས་ནད་ཚ་དེ་ཡོད་པར་བརྒྱ་ཆ་ཅི་ཙམ་ཞིག་ཁེག་ཐག་ཐུབ་པ། ལྷག་པར་འཕྲུལ་ཆས་དེ་བེད་སྤྱོད་ཚད་ལྡན་གཏོང་ཐུབ་མཁན་གྱི་མི་དགོས་པ་རེད།

ད་ལྟ་ང་ཚོར་ཧྥ་རི་སན་དང་ཕྱི་རྒྱལ་ཁག་ཏུ་ནད་པ་དེ་འདྲ་ཡོད། སྨན་ཟོས་ཏེ་ལོ་གསུམ་བཞི་བྱིན་རྗེས་ནད་ཚ་མི་འདུག་ཟེར་གྱིན་འདུག ཁྲག་ནང་དུ་བརྟག་དཔྱད་མ་འདྲ་བ་མང་བོ་བྱེད་ཀྱིན་འདུག་ལ་བརྟག་དཔྱད་བྱས་རྗེས་སྔོན་མ་མང་བོ་ཡོད་ནའང་། དེང་སྐབས་མི་འདུག ནད་འབུ་ཉུང་དུ་ཕྱིན་འདུག་ཟེར་བ་དང་།  རེ་ཟུང་གིས་ནད་འབུ་རྩ་བ་ནས་མེད་པར་ཆགས་ཏེ་མི་འདུག་ཟེར་བ་ལྟ་བུ་ཡོང་གི་ཡོད་ནའང་། བརྟག་དཔྱད་བྱས་པ་དེ་ཁོང་ཚོས་ཡིད་ཆེས་ག་ཚོད་ཅིག་བྱེད་ཀྱིན་ཡོད་མེད་ལབ་ཐུབ་ཀྱི་མི་འདུག དེར་བརྟེན་གཙོ་བོ་བརྟག་དཔྱད་ཁང་ཚད་ལྡན་ཞིག་མེད་ན་ཞིབ་འཇུག་བྱ་ཁག་པོ་རེད།

 

དྲི་བ། གོང་ནས་སྐུ་ཉིད་ཀྱིས་ནད་པ་ཚོར་སྨན་བསྟེན་བྱེད་སྐབས་སློབ་སྟོན་བྱ་རྒྱུ་དེ་གལ་ཆེན་པོ་རེད་གསུངས་སོང་། སློབ་སྟོན་བྱེད་སྐབས་ནད་པ་དེའི་བསམ་བློའི་ནང་འདུ་ཤེས་གཙོ་བོ་གང་དང་གང་ཁྱེར་དགོས་སམ།

ལན། འདུ་ཤེས་གཙོ་བོ་དེ་ན་ཚ་ག་རེ་བྱུང་ནའང་སོ་སོ་ལན་པ་རེད། སུ་གཅིག་ཀྱང་ལན་པ་མ་རེད། ང་སྔོན་མར་ལྡི་ལིར་སྡོད་སྐབས་རྒྱ་གར་ནད་པ་རེ་འགས་ང་ལ་ན་ཚ་དེ་དཀོན་མཆོག་གིས་གནང་བྱུང་ལབ་ཀྱིན་འདུག ངས་ཁོང་ཚོར་དཀོན་མཆོག་གིས་གནང་གི་མེད། དཀོན་མཆོག་གིས་ལམ་ཁ་འདིར་ཕྱིན་ན་བདེ་བ་དང་འདིར་ཕྱིན་ན་སྡུག་བསྔལ་ཡོད། འདི་བྱས་ན་སྐྱོན་དང་གན་བྱས་ན་དགེ་བ་རེད་ཅེས་ལམ་སྟོན་གནང་གི་ཡོད། ལྷག་པར་དུ་ང་ཚོའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཆ་མཚོན་ན་སངས་རྒྱས་རང་གིས་དཀའ་སྤྱད་གྲངས་མེད་ལ་ཚོགས་བསགས། སྒྲིབ་པ་སྦྱངས་ཏེ་སངས་རྒྱས་པ་རེད། དེའི་ལམ་སྟོན་ནང་དུ་ང་འདི་ལྟ་བུའི་ལམ་ཁ་ཞིག་ཏུ་ཕྱིན་པ་ཡིན། ང་ལ་དེ་ལྟ་བུ་ཞིག་བྱུང་། ཁྱེད་ཚོ་ཡང་གན་དང་འདི་ལྟ་བུ་ཞིག་ཏུ་ཕྱིན་ན་ཡག་པོ་ཡོད་ཅེས་གསུངས་ཡོད། དེར་བརྟེན་སོ་སོ་རང་ཉིད་ཀྱིས་དོ་སྣང་བྱ་དགོས་པ་གལ་ཆེན་པོ་རེད་ལ། གཟུགས་པོའི་ནང་དུ་ན་ཚ་དེ་ལྟ་བུ་ཞིག་ཡོང་ན་སོ་སོ་རང་གི་ལས་ངན་པའམ། བྱ་བ་ངན་པ། མ་ཤེས་པ་སོགས་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་རང་ཉིད་ལ་སྐྱོན་ཡོང་གི་ཡོད་པ་དེ་ངོས་ལེན་བྱ་དགོས་པ་རེད། དེ་ངོས་ལེན་བྱས་རྗེས་དང་ལེན་བྱ་དགོས་པའི་བསླབ་བྱ་ནི། སྨན་པར་དུས་ལྟར་བསྟེན་པ་དང་སྨན་དུས་ལྟར་འཐུང་བ། ཟས་ལེགས་པོར་ཟ་བ། སྨན་པས་འཛུམ་སྟོན་གནང་བ་ལྟར་སྤྱོད་ལམ་ལ་འཛེམ་པ་བཅས་ནི་གལ་ཆེ་ཤོས་རེད། དེ་ལྟར་བྱས་ན་སྨན་གྱི་ངོ་སོ་འཐོན་གྱི་རེད་ལ། རང་ཉིད་ཀྱང་དྲག་སྐྱེད་ཡོང་གི་རེད།

གཙོ་བོ་ན་ཚ་དེ་ལྟ་བུ་ཞིག་བྱུང་རྗེས་ཐབས་ལམ་ཁྱོན་ནས་མ་བཙལ་བར་འདུག་རྒྱུ་མེད་པར། ཐབས་ལམ་འཚོལ་དགོས་པ་རེད། ཐབས་ལམ་ག་རེ་ཡིན་ནའང་ཡོད། ལས་དང་འབྲེལ་བ་ཡོད་པའི་སྨན་པ་དང་ལས་དང་འབྲེལ་བའི་སྨན་ཡོད། གང་ལྟར་ཐབས་ལམ་མང་བོ་ཡོད་སྟབས་སོ་སོ་དང་འབྲེལ་བའི་ཐབས་ལམ་གང་ཡོད་པ་དེ་ངོ་འཕྲོད་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་རང་ཉིད་ལ་སེམས་གསོ་བཏང་སྟེ་ན་ཚ་ཡིན་ནའང་དྲག་སྐྱེད་ཡོད་ཅིང་། གལ་སྲིད་མ་དྲག་ནའང་དཀའ་ངལ་ཉུང་དུ་འགྲོ་རྒྱུ་ཡོད་པའི་ཡིད་ཆེས་བྱེད་དགོས།

འདོན་སྤེལ། ༢༠༡༡/༠༡/༡༡ 

གསར་འགོད་པ། ཨ་རིག་འགྱུར་མེད།

 

 

གསོ་རིག

Post navigation

Previous Post: འགྲོ།
Next Post: གློག་ལམ་གྱི་བརྩེི་འཕྲིན་དྲུག་པ།

Comments (22) on “བོད་སྨན་གྱིས་གཉན་ནད་རེག་དུག་ལ་ཕན་གྱི་འདུག”

  1. རུ་དམ་ལུང་གི་བུ། says:
    2011-01-11 at 11:07 am

    རྫོགས་ཆེན་མཁན་པོ་ཆོས་དགའ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་སྨན་སྤྲུལ་དགེ་གྲགས་ནས། ཟླ་སྔོན་མར་ནད་ངན་འདིའི་བསྐོར་གྱི་དེབ་ཆུང་ཞིག་ཚར་ཁྲི་བཅུ་པར་ནས། བོད་ཀྱི་ས་ཆ་བརྒྱད་བཅུ་ལྷག་ལ་བཀྲམ་སོང་། དེ་ལ་བོད་རྒྱ་ཆེའི་མི་དམངས་རྣམས་ཀྱིས་དགའ་བསུ་དང་དྲ་རྒྱ་མང་པོའི་ནང་གསལ་སྒྲགས་སོགས་བྱས་སོང་། འོན་ཀྱང་དྲ་གྲོགས་ཁ་ཤས་ཀྱིས་འགོས་ནད་HIV ལ་བོད་མིང་རེག་དུག་ཞེས་ཟེར་ཡང་། འགོས་ནད་ADIAS ལ་བོད་མིང་རེག་དུག་ཞེས་བཏགས་ན་ཅུང་མ་འགྲིགས་གསུང་མཁན་འདུག་པས། ནད་ངན་འདི་གཉིས་ལ་སོ་སོའི་བོད་མིང་། མིང་དེ་ལྟར་བཏགས་དགོས་པའི་རྒྱུ་མཚན་ཞིག་གསུངས་རོགས་ཞུ། ཐུགས་རྗེ་ཆེ།

  2. ཨ་རྒྱམ་སྨན་པ། says:
    2011-01-11 at 12:45 pm

    ནད་ངན་དེ་ལ་དེང་བར་དུ་ཐ་སྙད་ཏག་ཏག་ཞིག་མེད་པ་རེད། ཡིན་ཡང་གཉད་ནད་ཨེ་དྲེ་སི་ཞེས་བོས་ན་ལེགས་ཤོས་སུ་མངོན་པ་འདུག་གོ།

  3. ཀརྡོ་རབ་འབྱམས་པ་ says:
    2011-01-11 at 2:54 pm

    འགོས་ནད་ཨེཊས་ཞེས་ཕྱེད་བསྒྱུར་གནང་ན་དགོས་ཕན་ཆེ་སྙམ།

  4. sos says:
    2011-01-11 at 3:10 pm

    རེག་དུག་ནི་Syphilisཟེར་པ་དེར་གོ་ན་འགྲིག་སྟེ། བོད་ཤར་ཕྱོགས་ལ་རྒྱ་རྨ་ཟེར་གི་ཡོད་པ་འདྲ།
    མཚན་མ་བརྒྱུད་ནས་འགོ་བ་ཞིག་ཡི་ན་ཡང་།ADIAS དང་འབྲེལ་བ་མེད་པ་འདྲ།

  5. ཤར་ཕྱོགས་ཁུག་རྟ། says:
    2011-01-12 at 12:28 am

    རྒྱལ་ལོ་རྒྱལ་ལོ་བོད་རྒྱལ་ལོ། བོད་མིའི་རྣམ་དཔྱོད་བསྲུབས་ལས་ཐོན་པའི་གསོ་བ་རིག་པ་རྒྱལ་ལོ། རྗེས་འཛིན་ལྷ་རྗེ་རྣམས་ཀྱིས་ད་དུང་དེ་ལས་ཕན་ཐོག་པའི་རྣམ་དཔྱོད་ཀྱི་གྲུབ་དོན་ས་སྒང་ཧྲིལ་བོར་ཁྱབ་ཐུབ་པའི་ཤུགས་བསྐྱོན་རོགས། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློའི་ཁྱེར་ཕྱོགས་རྣམ་པར་རྒྱལ་ལོ།།

  6. ཤར་ཕྱོགས་ཁུག་རྟ། says:
    2011-01-12 at 12:36 am

    དེང་དུས་ཡར་རྒྱས་ལ་ཚད་མེད་པའི་དངོས་པོའི་ནང་གི་དགོས་པའི་ཆ་དེ་སྙིགས་དོར་བཅུད་ལེན་བྱེད་རྒྱུ་ལས། ང་ཚོར་གསར་ཐོན་ཐམས་ཅད་ཀྱི་རྗེས་སུ་རྒྱུགས་བསྡད་ན་དེ་ནི་ཡར་རྒྱས་ལ་འགྲོ་སྟངས་ཤིག་མ་རེད། དེའི་ཁར་བོད་རང་གི་སྔ་མོའི་ལེགས་བྱང་རྣམས་བརྒྱུད་འཛིན་ཐུབ་པ་ཞིག་བྱུང་ན། བོད་རང་ལ་རང་གི་ཁྱད་ཆོས་དང་ངོ་བོ་ལྡན་པའི་མི་རིགས་བཞིན་སྔར་མུས་གནས་ཐུབ་རྒྱུ་རེད།

    ཟླ་གསུམ་དང་ལྔ་ལས་སྡོད་མི་ཐུབ་པར་ཐག་བཅད་པ་རྣམས། ལོ་ལྔ་དང་དྲུག ད་དུང་བསྡད་ཡོད་པའི་དཔེ་མཚོན་འདི་ང་ཚོས་ང་ཚོའི་འཐབ་རྩོད་ནང་དུ་དཔེ་བླངས་ཆོག་པ་ཞིག་རེད།

  7. གཞོན་ནུ་ཟླ་མེད། says:
    2011-01-12 at 1:04 am

    གདུགས་དཀར་འདོན་སྐབས། དུག་སྦྱར་མས་མི་ཚུགས་ཟེར་བ་ཞིག་འདུག དེ་ནི་མཚན་མ་བརྒྱུད་ནས་འགོས་པའི་ན་ཚ་ཞིག་ཡིན་ན་ཡང་ADIAS ཡིན་ས་མ་རེད། མདོ་སྨད་ཕྱོགས་ན་ན་ཚ་དེ་ལ་ཁ་སྐད་དུ་ཡང་སྦྱར་མ་ཟེར་ནས་འབོད་ཀྱི་འདུག སྦྱར་མ་ཟེར་བའི་མཚན་མའི་འགོས་ནད་དེ་ནི་གནའ་སྔོན་མ་ནས་ཡོད་ཚོད། འོག་ཀྱང་རེག་དུག་ཟེར་བ་དེ་ཡིན་མིན་མ་ཤེས། སྲིན་བུ་འཁྲུག་པའི་ན་ཚ་ཟེར་བ་དེ་ནི་མིན་ཐག་ཆོད།

  8. ཆོས་དབྱིངས་སྒྲོལ་མ says:
    2011-01-12 at 2:04 am

    བཙན་བྱོལ་ནང་གི་བོད་པའི་སྨན་པ་ཚོས་བོད་སྨན་དང་ཕྱིའི་ལུགས་ཀྱི་སྨན་ཟུང་འབྲེལ་བྱས་ཏེ་གཤག་བཅོས་གཏོང་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། ད་ཆ་མཚོ་སྔོན་བོད་སྨན་ཁང་གི་སྨན་པ་ཚོས་བོད་སྨན་དང་ཕྱི་སྨན་སོགས་ཟུང་དུ་འབྲེལ་ནས་གཤག་བཅོས་མང་པོ་ཞིག་བཏང་བ་མ་ཟད་ནད་པ་མང་པོ་ཡང་དྲག་སྐྱེད་བྱུང་འདུག།

  9. དམར་སྨུག says:
    2011-01-12 at 4:27 am

    ཆོས་དབྱིངས་སྒྲོལ་མ་ལགས། ཁྱེད་ཀྱིས་བོད་ནང་དུ་ཕྱི་ལུགས་དང་བོད་སྨན་ཟུང་འབྲེལ་གྱིས་གཤག་བཅོས་བཏང་སྐོར་ཞིག་གསུངས་འདུག དེའི་སྐོར་ངོ་སྤྲོད་ལེགས་པོ་ཞིག་བྱས་ན་གང་འདྲ་འདུག གཅིག་བྱས་ན་འབྲེལ་ཡོད་ཡོངས་ལ་ཕན་ཐོགས་ཆེན་པོ་འབྱུང་སྲིད།

  10. དམར་སྨུག says:
    2011-01-12 at 4:27 am

    ཆོས་དབྱིངས་སྒྲོལ་མ་ལགས། ཁྱེད་ཀྱིས་བོད་ནང་དུ་ཕྱི་ལུགས་དང་བོད་སྨན་ཟུང་འབྲེལ་གྱིས་གཤག་བཅོས་བཏང་སྐོར་ཞིག་གསུངས་འདུག དེའི་སྐོར་ངོ་སྤྲོད་ལེགས་པོ་ཞིག་བྱས་ན་གང་འདྲ་འདུག གཅིག་བྱས་ན་འབྲེལ་ཡོད་ཡོངས་ལ་ཕན་ཐོགས་ཆེན་པོ་འབྱུང་སྲིད།

  11. yangbum2 says:
    2011-01-12 at 11:42 am

    དེ་སྔ་ ༧ གོང་ས་མཆོག་གིས་སྨན་རྩིས་ཁང་ངམ་ཚོགས་སྡེ་ཞིག་གི་མཛད་སྒོ་ཞིག་གམ་བཅར་འདྲི་ཞིག་གི་སྐབས་ཨེ་ཙི་ནད་ལ་རེག་དུག་ཅེས་གསུངས་པར་བརྟེན། སྨན་རྩིས་ཁང་གི་གཞུང་འབྲེལ་ནས་ཨེ་ཙི་ནད་ལ་གཉན་ནད་རེག་དུག་ཅེས་བེད་སྤྱོད་བཏང་དང་གཏོང་མུས་ཡིན་པ་ཞིག་དྲན་གི་འདུག

    སྐུའི་བླ་སྨན་ཞིང་གཤེགས་བསྟན་འཛིན་ཆོས་གྲགས་དང་བློ་བཟང་དབང་རྒྱལ་རྣམ་གཉིས་ཀྱིས་ཨེ་ཙི་ནད་ལ་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་ཅེས་བཏགས་ཡོད་པས། བར་སྐབས་ཤིག་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་གསར་ལམ་ཁག་ཏུ་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་ཅེས་ཐོན་ཡོད།

    Human immunodeficiency virus (HIV) ནི་མིའི་ལུས་ལ་ལྷན་སྐྱེས་སུ་ཡོད་པའི་ནད་འགོག་གི་ནུས་པ་དེ་ཉམས་བྱེད་ནད་འབུ་ལ་གོ་དགོས་ཤིང་། ནད་འབུ་དེ་ལུས་ལ་ཡོད་ཚར་རྗེས་ད་གཟོད་acquired immunodeficiency syndrome (AIDS) ཨེ་ཙི་ནད་དེ་ནད་འགོག་ནུས་ཤུགས་ཉམས་ནད་ཟེར་བ་དེ་འབྱུང་གི་ཡོད།

    སྤྱིར་བོད་སྨན་གཞུང་དུ་རེག་དུག་ནི་ཕོ་མོའི་མཚན་མ་སྦྱར་བའམ་རེག་པ་ནས་འགོ་བའི་དུག་སྟེ་བསེ་མོག་གམ་རྒྱ་ནད་ཟེར་བའི་དོན་ཡིན་པས། ཕྱི་ལུགས་པའི་ syphilis ཟེར་བ་འདི་ཡིན་པར་གཙོ་བོ་ཕོ་མོ་གཉིས་ཀྱི་ཆགས་སྤྱོད་ནས་འགོ་ཡི་ཡོད། ཡིན་ནའང་ཨེ་ཙི་ནད་ནི་ཕོ་མོའི་མཚན་མ་སྦྱར་བ་ཁོ་ན་ནས་འབྱུང་གི་ཡོད་པ་ཞིག་མིན་པར་ཁྲག་སྟེར་སྤྲོད་དང་ཨ་མ་ནས་ཕྲུ་གུ་ལ་འགོ་སྟེར་བྱེད་པ་བཅས་འགོ་ལམ་གཞན་ཡོད་པས་རེག་དུག་ལས་ཅུང་ཁྱབ་ཆེ་བ་ཡོད། ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་ཅེས་པས་སྤྱི་དོན་ཞིག་ལས་གོ་བ་སྟེར་མི་ཐུབ། གང་ཡིན་ཟེར་ན་ལུས་དང་ལྷན་དུ་གནས་པའི་སྲིན་འབུ་གྲངས་མེད་ཡོད་ལ་དེ་རྣམས་འཁྲུགས་ཚེ་ནད་ཀྱང་གྲངས་མེད་འབྱུང་གི་ཡོད།

    སྨན་པ་རྡོ་རྗེ་རབ་བརྟན་ལགས་ཀྱིས་ཨེ་ཙི་ནད་སྐོར་ལ་དཔྱད་རྩོམ་ཞིག་བྲིས་ཏེ་འགྲེམས་སྤེལ་བྱས་ཡོད་པ་ཞིག་དྲན་གི་འདུག དེ་མིན་སྨན་པ་གཡང་འབུམ་རྒྱལ་གྱིས་བྲིས་པའི་ཨེ་ཙི་ནད་ཀྱི་སྐོར་གྱི་རྩོམ་ཞིག་སྨན་རྩིས་དུས་དེབ་ནང་བཀོད་ཡོད་པ་ཞིག་ཀྱང་དྲན་གི་འདུག

  12. sos says:
    2011-01-13 at 4:05 am

    སྐབས་འདི་བསྟུན་ཀྱིས་ཞུ་བྱར།དེ་སྔ་བོད་འབྱོར་དཔྱོད་ལྡན་པ་ཞིག་གིས་གསུང་པ་ལྟར་ན།ཕྱི་བོད་ལུགས་ཀྱི་གསོ་རིག་འདི་ཟུང་སྦྲེལ་གནང་རྒྱུ་ནི་ཧ་ཅང་གི་ཉེན་ཁ་ཆེ་བར་སྣང་བ་ཞིག་སྟེ། གཅིག་ནས་བོད་ཀྱི་གསོ་རིག་ཉེར་ལེན་པའི་ཁྲོད་ལ་ཕྱི་ལུགས་འདི་སྦྱང་པ་དཔྱིས་ཕྱིན་ཐོན་མཁན་ཉུང་ཞིང་།ཕྱི་ལུགས་སྦྱངས་མཁན་ཁྲོད་ན་བོད་སྨན་ལ་མངའ་བརྙེས་པ་ཧ་ཅང་ཉུང་ཚོད་དུ་སྣང་། གཉིས་ན་ཕྱི་ལུགས་རང་ཙམ་ལ་ཡང་སྨན་གྱི་རིགས་གང་དག་སྦྲགས་མར་སྤྱོད་པ་གང་དག་སྤྱོད་མི་རུང་བ་སོགས་ཀྱི་བཀག་བྱའི་ཁྲིམས་ཤིན་ཏུ་དམ་ན་ཡང། སྨན་རིགས་གཉིས་ཕོ་ཚོད་ཀྱིས་བསྲེ་བ་འདི་ནི་ལྷ་རྗེ་མཙན་ཉིད་ཚང་བ་ཞིག་གི་ཕྱག་ལེན་མ་ཡིན་པར་། དུག་གི་སྦྱོར་བ་ལག་ལེན་བསྟར་བ་ཤ་སྟག་རེད།གསུམ་པ་ལ། བོད་ནང་གི་སྨན་པ་ཞིག་གིས་གསུང་པ་ལྟར་ན།དེང་སང་ངན་སྐྲན་གྱི་ན་ཚ་ཁྱབ་ཆེ་བ་འདི་ལ་ཡུལ་དུས་ཟས་སྤྱོད་རྫས་འགྱུར་འགྱིག་རིགས་ཅ་ལག་སོགས་ཀྱི་རྒྱུ་རྐྱེན་ཡོད་པ་སྨོས་མེད་ཡིན་ལ། དེའི་ཁར་ཤེས་མིན་ལ་མ་བལྟས་པར་སྲོལ་རྒྱུན་དང་ཚན་རིག་ཟུང་སྦྲེལ་ཟེར་བ་གཡམ་ལ་རྒྱུག་མཁན་དག་གིས་ཕྱི་བོད་ཀྱི་སྨན་བཅོས་ཉོག་བསྲེ་བྱས་པ་འདི་ཡང་རྒྱུ་མིན་ཡང་རྐྱེན་གནད་ཅན་ཞིག་རེད་།དེ་བས་འདི་ནི་ཧ་ཅང་གིས་གཟབ་པར་བྱ་བའི་ཡུལ་རེད་སྙམ།

  13. ཀརྡོ་རབ་འབྱམས་པ་ says:
    2011-01-13 at 6:14 am

    Human immunodeficiency virus (HIV) ནི་མིའི་ལུས་ལ་ལྷན་སྐྱེས་སུ་ཡོད་པའི་ནད་འགོག་གི་ནུས་པ་དེ་ཉམས་བྱེད་ནད་འབུ་ལ་གོ་དགོས་ཤིང་། ནད་འབུ་དེ་ལུས་ལ་ཡོད་ཚར་རྗེས་ད་གཟོད་acquired immunodeficiency syndrome (AIDS) ཨེ་ཙི་ནད་དེ་ནད་འགོག་ནུས་ཤུགས་ཉམས་ནད་ཟེར་བ་དེ་འབྱུང་གི་ཡོད།
    འདི་ནི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་ཀྱང་། མོང་ནི་བོད་སྐད་དུ།

    Human Immunodeficiency Virus (HIV) = ནད་འབུ་ཧིཝ།
    Acquired Immunodeficiency Syndrome (AIDS) = འགོས་ནད་ཨྰེཙ།

    འབྱང་འགྱུར་བོད་རིགས་ལྐུགས་ཤོས་གཅིག་གིས་ཀྱང་ལམ་སེང་ཤེས་ཐུབ་པའི་སྤྱི་མིང་འདོགས་རྒྱུ་གལ་ཆེན་པོ་རེད།

  14. ཀརྡོ་རབ་འབྱམས་པ་ says:
    2011-01-13 at 6:15 am

    འབྱུང་འགྱུར།

  15. དཀར་མཚོ་སྐྱིད། says:
    2011-01-14 at 10:01 am

    HIV(Human Immunedeficiency Virus)=མིའི་ལུས་ཟུངས་ཉམས་བྱེད་ཀྱི་འབུ་སྲིན།
    AIDS(Aquired Immune Deficiency Syndrome)=རེག་བྱུང་གི་ལུས་ཟུངས་ཉམས་པའི་ནད་གཞི།
    གོང་གི་ནད་རིགས་གཉིས་ལ་བོད་སྐད་དུ་འདི་ལྟར་དུ་འབྲི་རྒྱུ་ནི་བདག་གི་རང་ལུགས་ཡིན།

  16. རྡོ་རྗེ་བཀྲ་ཤིས། says:
    2011-02-02 at 1:21 am

    ད་ལྟ་ང་ཚོས་ནད་འདིའི་སྐོར་ལ་སྒྲ་སྦྱོར་མ་ཡིན་པའི་གཏན་འབབ་ཀྱི་མིང་ཞིག་འདོགས་རྒྱུ་ཧ་ཅང་གལ་ཆེའོ།

  17. ཀརྡོ་རབ་འབྱམས་པ་ says:
    2011-02-02 at 3:53 am

    (Human Immunedeficiency Virus) HIV = ཧེཝ་ནད་འབུ།
    (Aquired Immune Deficiency Syndrome) AIDS = ཨེཌཅེ་འགོ་ནད།

  18. རྡོ་རྗེ་བཀྲ་ཤིས། says:
    2011-02-03 at 1:02 am

    ནད་འདིའི་སྐོར་བཅོས་བ་ལ་རིག་ལམ་གསར་བ་འདྲ་ཡོད་དམ། ནད་འདིའི་སྤྱི་ཚོགས་ནང་གཡོ་འགུལ་ཅི་འདྲ་ཞིག་འཇོག་གི་ཡོད་དམ། ལན་ལྡོན་རེ་གནང་རྒྱུ་ཐུགས་རྗེ་ཆེ།

  19. yangbum2 says:
    2011-02-07 at 10:36 am

    ཀ་རྡོ་རབ་འབྱམས་པས་བོད་མི་ཆེ་ཆུང་ཚང་མས་ལམ་སེང་ཤེས་ཐུབ་པའི་སྥྱི་མིང་འདོགས་དགོས་ཟེར་བར་རྒྱབ་སྐྱོར་ཡོད།
    Human Immunodeficiency Virus (HIV) = ནད་འབུ་ཨེ་ཆི་ ཨ་ཡེ་ ཝི།
    Acquired Immunodeficiency Syndrome (AIDS) = ཨེ་ཙི་ནད།

    དེ་སྔ་སྐུའི་བླ་སྨན་ཡེ་ཤེས་དོན་ལྡན་ལགས་ཀྱིས་ཨི་ཛི་རེལ་རྒྱལ་ཁབ་ཀྱི་ཨེ་ཙི་ནད་ཡོད་པའི་ནད་པ་ཞིག་ལ་བོད་སྨན་བཅོས་ཀ་བྱས་ཏེ་རྗེས་སོར་ཕྱི་ལུགས་སྨན་ཁང་ནས་བརྟག་དཔྱད་བྱས་པར་ཨེ་ཙི་ནད་ཀྱི་ཚད་གཞི་ལ་བལྟ་བྱེད་ CD4 ཡི་གྲངས་འབོར་ཉུང་དུ་སོང་ཡོད་པ་ཤེས་འདུག དེ་བས་བོད་སྨན་གྱིས་ཕན་སྐྱེད་ཡོད་པའི་ར་འཕྲོད་ཡོད།

  20. སྐྱེ་བུ་ཞིག says:
    2012-05-15 at 1:06 pm

    རྣམ་པ་ཚོས་དེ་འདྲ་དཔྱད་པ་གནང་བ་དགའ་པོ་བྱུང་། ངོས་ཀྱི་བལྟས་ན་ནད་གཞི་འདི་ཐོག་མ་གང་ནས་བྱུང་འདུག ན་ལུགས་གང་ལྟར་འདུག་གམ་བཅས་ལ་དོ་སྣང་བྱེས་ན་ཕན་རླབས་ཆེ་བ་མཐོང་། གང་ཡིན་ཞུ་ན་། ཕྱི་ལུགས་སྨན་པ་རྣམས་མང་ཆེ་བ་ནད་གཞིའི་རྒྱུ་རྐྱེན་ལ་དེ་ཙམ་གྱི་དོ་སྣང་མ་གནང་པ་ཡིན་། གཞན་ཡང་བཅོས་ཐབས་གནང་སྐབས་ནད་རྟགས་ཙམ་མ་གཏོགས་དེ་དང་འབྲེལ་བའི་དབང་པོ་གཞན་རྣམས་ལ་དེ་ཙམ་སྨན་བཅོན་མ་གནང་བ་ཡིན་། རྒྱུ་མཚན་དེ་ལ་བརྟེན་ནས་ནད་གཞི་དྲག་སྐྱེས་འབྱུང་བ་ལས་སྡུག་ཏུ་འགྲོ་མཁན་མང་པོ་ཡོད་། བདག་ཅག་གི་བོད་སྨན་ནི་དེ་ལྟར་མིན་པ་གཙོ་པོ་ལུས་པོ་ནང་གི་རྩ་རླུང་ཐིགས་ལེ་ལས་སྒྲུབ་པའི་ཕུང་ཁམས་ཀྱི་ཆ་ཤས་ཀུན་ལ་བསམ་གཞིགས་མནན་པོ་གནང་ནས་གསོལ་སྨན་གྱི་སྦྱོར་སྡེབས་དང་སྨན་སྤྲོད་དང་ཕན་གནོད་ཀྱི་ཟས་སྤྱོད་ཐད་ལ་དོ་སྣང་ཆེན་པོ་གནང་བ་ཡིན་། ཨེ་ཏེ་སེ་ནད་གཞི་འདི་ཐོག་མར་མི་ལ་འགོས་སྐབས་ཚབས་ཆེན་པོ་རྩ་བ་མེད་། འོན་ཀྱང་གལ་སྲིད་དེ་ལ་སྣང་མེད་བཏང་མ་ཡིན་ནད་བུ་དེས་ནང་གི་ལུས་བཟུང་ཀུན་རྩ་མེད་བཏང་བ་ཡིན་། དེས་ན་ནད་བུ་མཉམ་དུ་ང་ཚོ་ལུས་བཟུང་གསོ་རྒྱུ་ནི་ཆེ་ཤིན་ཏུ་གལ་ཆེ་བ་མཐོང་།

  21. སངས་རྒྱས་སྐྱབས། says:
    2012-05-24 at 4:58 am

    བོད་ལུགས་གྱི་བལྟ་རེག་དྲི་གསུམ་གྱི་རིག་པའི་ཐོག་ནས་ནད་ཚ་དེ་ངོས་འཛིན་བྱེད་མི་ཐུབ་བམ།7

  22. སངས་རྒྱས་སྐྱབས། says:
    2012-05-24 at 5:00 am

    བོད་ལུགས་གྱི་བལྟ་རེག་དྲི་གསུམ་གྱི་རིག་པའི་ཐོག་ནས་ནད་ཚ་དེ་ངོས་འཛིན་བྱེད་མི་ཐུབ་བམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme