Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་སྐད་ཀྱི་གཏིང་ནས་སྐྱེས་པའི་སྙན་ངག

Posted on 2017-04-042017-04-04 By ཁ་བརྡ 1 Comment on བོད་སྐད་ཀྱི་གཏིང་ནས་སྐྱེས་པའི་སྙན་ངག

རྫ་ཚེ་རིང་བཀྲ་ཤིས།
 

སྙན་ངག་པ་སེང་རྡོར་གྱི་དེབ་གསར་《ཚོན་མ་བཏང་བའི་སྙན་ངག་》དང་འབྲེལ་བའི་གཏམ།

༡༽ སྙན་ངག་ནི་དད་ཡུལ་ཞིག་ཡིན།

སྙན་ངག་ནི་དད་ཡུལ་གྱི་རིགས་ཤིག་ཡིན་ཞིང་། ང་ཡང་སྙན་ངག་ལ་དད་མོས་བྱེད་མཁན་ཞིག་ཡིན། ང་ཆུང་དུས་བརྒྱད་ཅུ་གྱ་གྲངས་སྐབས་སུ་རེད། སྐབས་དེར་ཡི་གེ་ཤེས་མཁན་ཚོས་སྤྱི་ཚོགས་ཐོག་དར་ཁྱབ་ཆེ་བའི་མི་ལའི་མགུར་འབུམ་དང་། ཧོར་གླིང་གཡུལ་འགྱེད་སོགས་ཡང་ཡང་ཀློག་དར། རུ་བསྐོར་གྱི་ཡི་གེ་མི་ཤེས་པའི་རྒད་མོ་ཚང་མ་ཡང་སྒྲུང་ཡིག་འདོན་མཁན་ཚོའི་མཐའ་ལ་འདུས་ནས་གླིང་སྒྲུང་ཉན་རྒྱུར་དགའ། རྒྱ་ཚ་དང་འདན་མ་ནི་ང་ཚོའི་བླ་མེད་ཀྱི་ཞེན་རྟེན་དང་། མྱང་ཚ་དང་མཛེས་སེ་ནི་སེམས་ནང་གི་དཔའ་མོ་ཡིན།
སྐབས་དེ་ཤེེད་ནས་ངའི་སེམས་ལ་ཡང་སྙན་ངག་གི་ལས་འཕྲོའི་ས་བོན་རེ་བཏབ་ཡོད། མ་ཟད། སྙན་ངག་གི་སོན་རྩྭ་འདི་ནམ་རྒྱུན་མདོ་དབུས་མཐོ་སྒང་གི་རླུང་བུ་དང་འགྲོགས་ནས་མུ་མཐའ་མེད་པའི་བྱ་ཐང་གི་མཐའ་དབུས་ཡོངས་སུ་ཁུར་བཞིན་ཡོད།

ངས་རིམ་བཞིན་སློབ་གཉེར་བྱས་པ་དང་། སྒིའུ་སྟེང་དང་དཔལ་སྤྲུལ། དོན་གྲུབ་རྒྱལ་དང་འཇུ་སྐལ་བཟང་སོགས་གནའ་དེང་གི་བོད་ཀྱི་སྙན་ངག་པ་དག་གི་གསུང་གིས་ཀྱང་ངའི་སྙན་ངག་གི་དབང་རྩ་ལ་བྱིན་བརླབས་གནང་མྱོང་། རྒྱུ་མཚན་དེ་ཚོས་ཡིན་པ་འདྲ། གང་ལྟར་ང་ནི་སྙན་ངག་ལ་ལྷག་བསམ་རྣམ་དག་གིས་དད་མོས་བྱེད་མཁན་གྱི་མི་བུ་ཞིག་ཆགས་པ་རེད།
དེས་ན་རང་ཉིད་སྙན་ངག་ལ་དགའ་བ་དང་། སྙན་ངག་མཁན་ལ་གོང་བཀུར་དང་ཡིད་མོས་ཡོད་པ་འདི་ལ་བཅོས་མ་དང་གཡོ་ཟོལ་གང་ཡང་མེད།

༢༽ ངོམ་དུ་རི་བའི་སྙན་ངག་པ།

དུས་རྒྱུན་མང་པོ་ཞིག་གིས་སེང་རྡོར་བསྟད་ནས་གནམ་ལ་བཀྱགས་པ་དང་། ལ་ལས་སྨད་ནས་ས་ལ་བརྡབས་པ་ཚང་མ་ངས་མཐོང་གི་ཡོད། ད་དུང་ཁོང་གིས་ནང་བསྟན་ཤེས་རིག་ལ་ལྡོག་ཕྱོགས་ཀྱིས་ལྟ་ཚུལ་བཏོན་པ་དེ་དག་གི་ཐད་ང་གཉིས་ཀྱི་བསམ་ཚུལ་ལ་མ་མཐུན་པའི་ཆ་ཡང་མང་པོ་ཡོད། དེའི་ཐད་ངས་དྲ་ཐོག་དང་སྒེར་ལམ། ཡང་ན་ཚོགས་པ་བཅས་ཀྱི་ནང་ནས་ཀྱང་ཁོང་ལ་འཛིན་པའི་ལྟ་ཚུལ་དེ་ཚོ་ཁ་གསལ་གཏིང་གསལ་བྱེད་མྱོང་། འོན་ཀྱང་།ངས་ག་དུས་ཡིན་ན་ཡང་། སེང་རྡོར་གྱི་སྙན་ངག་ནི་སྙན་ངག་ཡག་པོ་ཞིག་ཡིན་པ་དང་། སེང་རྡོར་ནི་ད་སྐབས་བོད་ཀྱི་ངོམ་དུ་རི་བའི་སྙན་ངག་མཁན་ཞིག་ཡིན་པ་དེར་ཐེ་ཚོམ་གང་ཡང་མེད། འོན་ཀྱང་བོད་ལ་ད་སྐབས་སེང་རྡོར་ལས་གཞན་པའི་སྙན་ངག་མཁན་ཡག་པོ་མེད་ཅེས་ཤོད་ཀྱི་མེད་པ་འདི་སེམས་ལ་ངེས་དགོས། དེ་དང་ཆབས་ཅིག ད་ཐེངས་ཁོང་གིས་སྤྱི་ལོ་༢༠༡༧ལོའི་སྙན་ངག་བསྡུས་དེབ་《ཚོན་མ་བཏང་བའི་སྙན་ངག་》ཅེས་པ་ཞིག་བཏོན་འཆར་ཡོད་པ་དེར་ཡང་སེམས་གཏིང་ནས་དགའ་བསུ་ཞུ་རྒྱུ་ཡིན།

༣༽ གྲ་ཟུར་གྱི་གསལ་འགྲིབ་དང་བལ་ཡུལ་ནས་ཐུག་པ།

སྤྱི་ལོ་ཉིས་སྟོང་བདུན་གྱི་ལོ་ང་ཐེངས་ཤིག་རྒྱ་གར་ནས་བལ་ཡུལ་དུ་ཕྱིན་ཅིང་། སྐབས་དེར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འཁོར་གྱི་བོད་ཡིག་དཔེ་ཚོང་ཁང་ཞིག་ནས་《གྲྭ་ཟུར་གྱི་གསལ་འགྲིབ་》ཅེས་པའི་དེབ་ཅིག་མཐོང་བྱུང་། དེབ་དེ་གྲྭ་པ་རྩོམ་པ་པོ་སེང་རྡོར་ཞེས་པ་ཞིག་གིས་བྲིས་པར་གསལ། དེ་ནི་ངས་སེང་རྡོར་ཞེས་པའི་མི་འདིའི་མིང་གོ་བ་ཐོག་མ་ཡིན།
སྐབས་དེར་ང་ཁོང་མི་སྒེར་ལ་ཆ་རྒྱུས་རྩ་བ་ནས་མེད་ན་ཡང་། 《དྲ་ཟུར་གྱི་གསལ་འགྲིབ་》ཅེས་པའི་དེབ་དེས་ང་ལ་ཁོང་གི་རྩོམ་རྩལ་དེར་གཞན་དང་མི་འདྲ་བ་ཞིག་འདུག་སྙམ་པའི་བག་ཆགས་གཏིང་ཟབ་བཞག་བྱུང་། ངས་དེབ་དེ་ཡོངས་རྫོགས་བཀླགས་པ་ཡིན།

༤༽ སེང་རྡོར་དྲ་ཚིགས་ཀྱི་དུས་རབས།

དེའི་རྗེས་ཀྱི་ལོ་ཟླ་ངེས་ཅན་གྱི་ནང་དུ་ཁོང་ཉིད་གྲྭ་པ་ནས་ཁྱིམ་པ་དང་། ཁྱིམ་པ་ནས་ལྟ་ལོག་པ་སོགས་ཀྱི་མིང་བྱང་དང་འགྲོགས་ནས་སྤྱི་ཚོགས་ཐོག་གི་དྲང་ལྡོག་གི་གླེང་གཞི་གལ་ཆེན་ཞིག་ཆགས།
སྐབས་ཤིག་ནས་ཁོང་གིས་སེང་རྡོར་དྲ་ཚིགས་ཞེས་པ་ཞིག་གཉེར་ཞིང་། སྐབས་དེར་ངས་ཀྱང་ཁོང་གི་དྲ་ཐོག་ནས་སྒེར་གྱི་ཟིན་བྲིས་ཤིག་གི་ས་ཆ་བཟུང་བ་ཡིན།
སྐབས་ཤིག་རིང་། སེང་རྡོར་དྲ་བ་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་དག་གི་ཐུན་མོང་གི་སྡིངས་ཆ་གལ་ཆེན་ཞིག་ཆགས་ཤིང་། ངས་ཀྱང་དྲྭ་གྲོགས་དག་དང་མཉམ་དུ་ཁོང་གི་དྲ་ཚིགས་དེའི་ཐོག་ནས་སྐབས་དོན་དཔྱད་གླེང་གི་ཟིན་མཆན་གྱི་ཆ་ཤས་མང་པོ་ཞིག་བླངས་པ་ཡིན།
སྔ་ཕྱིར་ངས་ཁོང་གི་དྲ་ཐོག་གི་རྩོམ་ཡིག་ཕལ་མོ་ཆེ་བཀླགས་ཡོད་ཅིང་། མཚམས་མཚམས་ཁོང་གིས་བེད་སྤྱོད་བྱས་པའི་ཚིག་དང་ཐ་སྙད་དག་ཡིག་ནོར་དུ་འཁྲུལ་ནས་སམ། ཡང་ན་གོ་བ་མ་ལོན་པའི་ཐོག་ནས་དོགས་འདྲི་ཡང་བྱེད་མྱོང་།
དེ་ནས་བཟུང་། ང་གཉིས་ལ་སྒེར་ངོས་ནས་ཀྱང་ཕན་ཚུན་སྐད་ཆ་ཤོད་རེས་དང་བསམ་བློ་བརྗེ་རེས་ཀྱི་གྲོགས་པོའི་འབྲེལ་བ་ཞིག་ད་བར་རྒྱུན་འཁྱོངས་བྱས་ནས་ཡོང་བ་ཡིན།

༥༽ སྙན་ལུགས་གཅིག་ཀྱང་སྙན་སྟངས་མི་འདྲ།

ངས་སེང་རྡོར་གྱི་སྙན་ངག་གི་ཁྱད་ཆོས་དེ་ཚོ་བོད་ཀྱི་སྐད་ཡིག་གི་མ་འོངས་པའི་ཆེད་དུ་དམིགས་ཀྱིས་གལ་ཆེ་བ་ཞིག་ཏུ་བསམ་ཡོད། ཁག་ཅིག་གིས།ཁོང་གི་རྩོམ་ཡིག་ནི་ཧ་ཅང་སྟབས་བདེའི་ཚིག་སྦྱོར་ཙམ་རེད་བསམ་སྲིད། ཉེ་ཆར་བྲིས་པའི་སྙན་ངག་དག་གི་ནང་གི་གཅིག་གཉིས་རེ་དངོས་གནས་སྟབས་བདེ་དྲགས་ནས་ཁས་ལེན་མི་ཐུབ་པ་ལྟ་བུ་ཡང་འདུག འོན་ཀྱང་ཕལ་མོ་ཆེ་ཞིག་ཧ་ཅང་སྟབས་བདེ་ཡིན་པའི་ཚིག་གི་ཕྲེང་བས་ཧ་ཅང་རྙོག་འཛིངས་ཆེ་བའི་ཚོགས་དྲུག་ཡུལ་སྣང་གི་ལོངས་སྤྱོད་ཁྱད་པར་བ་དག་གསོན་ཉམས་དོད་པོས་འབྲི་བཞེངས་བྱེད་པའི་དམིགས་བསལ་གྱི་སྒྱུ་རྩལ་ཞིག་ཏུ་སྣང་། མ་གཞི་འབྲི་བཞེངས་དེ་ནི་ཧ་ཅང་དཀའ་ལས་ཁག་པོ་ཞིག་ཡིན་པ་ངས་ཀྱང་ཤེས།
མཁས་པ་འགའ་ཞིག་གི་སྙན་ངག་ཧ་ཅང་སྙན་པ་རེད། སྤྲིན་གྱི་ཕོ་ཉ་དང་དཔག་བསམ་འཁྲི་ཤིང་།ཡང་ན་སྒིའུ་སྟེང་པའི་ཆབ་ཤོག་ལྟ་བུ་ངས་ཀྱང་སྙན་པའི་རབ་ཏུ་རྩི། འོན་ཀྱང་། སྙན་ལུགས་གཅིག་ཀྱང་སྙན་སྟངས་མ་འདྲ་བ་ཞིག་གང་ལའང་ཡོད་ཆོག

༦༽ སྙན་ངག་དང་འཚོ་བའི་བར་ཐག

དེ་ཡང་སྔོན་གྱི་རྒྱ་བོད་ཀྱི་སྙན་ངག་པ་མང་པོ་ཞིག་གིས་གང་བརྗོད་བཞིན་པ་དེ་ནི་ཤིན་ཏུ་ཚད་མཐོ་བའི་བསྟན་བཅོས་ཀྱི་བརྡ་དང་ཐ་སྙད་དུ་གཏོགས། མི་ཕལ་བས་ཧ་ཅང་གོ་དཀའ་བ་ཞིག་རེད། ཁྱད་པར་དུ། རི་བོ་འབིག་བྱེད་ལྟ་བུ་ཨ་མྱེ་རྨ་ཆེན་གྱི་བརྒྱ་ཆ་ཡང་མི་ལོངས་པ་རེ་དང་། རི་བོ་མཆོག་རབ་དང་ཡོངས་འདུ་ས་རྟོལ་ལྟ་བུ་མཐུན་སྣང་གི་ཡུལ་དུ་གཏན་ནས་ཆ་རྒྱུས་མེད་པའི་རིག་གནས་ཤིག་གི་རྨང་གཞིའི་ཐོག་ནས་བརྩམས་པ་དེས་ང་ཚོ་བོད་ཀྱི་ཀློག་པ་པོ་དཀྱུས་མ་དག་ལ་མཚོན་ན་ག་ལེར་ཧ་ཅང་དཀའ་ཚེགས་ཆེ་བའི་བཀག་རྒྱ་གཞན་ཞིག་བསྐྲུན་པ་རེད། ཤུགས་རྐྱེན་དེའི་འོག བོད་རང་གི་རོང་འབྲོག་མི་མང་གི་ཁ་ཐོག་ལྕེ་ཐོག་ཏུ་ཡོད་པའི་ཚིག་མང་པོ་ཞིག་གིས་རང་འཚམས་ཀྱི་གོ་གནས་ཟིན་མ་ཐུབ་པ་རེད། མཚོན་ཐབས་ཀྱི་རྒྱུ་ཆ་ཧ་ཅང་ཆ་རྒྱུས་མེད་པ་ཞིག་གིས་ང་ཚོའི་ཁ་དང་ལག་པའི་བར་གྱི་དགའ་སྐྱོ་ཆགས་སྡང་དེ་ཚོ་མཚོན་པར་དཀའ་ལས་རྐང་ཚེགས་ཆེན་པོ་ཞིག་འཕྲད་བསྡད་པ་སྟེ། ངས་བལྟས་ན་ང་ཚོའི་སྤྱི་ཚོགས་འཚོ་བ་དང་སྙན་ངག་བར་གྱི་བར་ཐག་དེ་ཡང་ཡོང་སྟངས་དེ་འདྲ་ཞིག་མིན་ནམ་སྙམ།

༧༽ གལ་འགང་ཆེ་བའི་རིན་ཐང་།

གེ་སར་གྱི་གླུ་དང་མི་ལའི་འགུར་ལྟ་བུ་བོད་རང་ས་རང་མལ་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་སྙན་ངག་ཡིན། སྙན་ངག་དེ་ཚོ་མི་མང་གི་སེམས་ལ་ཧ་ཅང་འཇུག་པོ་ཡོད་པ་བཞིན། སེང་རྡོར་གྱི་སྙན་ངག་ལ་ཡང་བོད་རང་གི་ཐ་སྙད་དང་བསམ་བློ། རིག་གནས་དང་འཚོ་བ་བཅས་ཀྱི་མ་ལག་ཟུང་དུ་འབྲེལ་བའི་ཐོག་ནས་གྲུབ་པར་རྩལ་ཏུ་བཏོན་པའི་ཁྱད་ཆོས་ཁྱད་པར་བ་ཞིག་ཡོད་ཅིང་། ཁྱད་ཆོས་འདིས་ང་ཚོའི་བོད་ཡིག་ལ་ཧ་ཅང་གལ་འགང་ཆེ་བའི་རིན་ཐང་ཞིག་བསྔོགས་འདོན་བྱས་ཡོད་པ་རེད།
ཁོང་གིས་ང་ཚོས་སྣང་མེད་དུ་ལུས་པའི་བརྡ་ཆད་དང་། འཁོ་མེད་དུ་བོར་བའི་བྱ་ཚིག ཚོར་མེད་དུ་བཞག་པའི་བྱ་དངོས་སོགས་མང་པོ་ཞིག་བརྩམ་བྱ་དང་རྩོམ་ཚིག་གི་ལམ་ནས་ཕན་ཚུན་ཆུ་དང་ལན་ཚྭ་བཞིན་བསྲེས་ཏེ་དུ་མ་རོ་གཅིག་གི་ངོ་བོར་འབྲི་བཞེངས་བྱེད་སྐབས་ཀྱི་ཚིག་གི་སྒྱུ་རྩལ་གྱི་མཉེེན་ལྕུག་འཁྲིལ་ལྡེམ་གྱིས་ང་ཚོར་བློ་སྒོ་མང་པོ་ཕྱེས་པ་རེད། ང་ལ་ནི་ཁོང་གི་རྩོམ་དག་གིས་སྙན་ངག་དང་འབྲེལ་བའི་བསམ་བློའི་གཞི་རྟེན་མང་པོ་ཞིག་འཁོ་འདོན་བྱས་བྱུང་།

༨༽ བོད་ཡིག་ལ་སེམས་ཁུར་བྱེད་སྟངས།

བོད་ཡིག་མ་གཏོགས་མི་ཤེས་མཁན་ཚོས། བོད་ཡིག་ནི་འཇིག་རྟེན་གྱི་ཐོག་གི་ཆེས་ཚད་མཐོ་ཤོས་ཀྱི་སྐད་ཡིག་ཅིག་ཡིན་པར་སྙམ།
སྐད་ཡིག་གཞན་ལ་གོམས་པ་ཡོད་མཁན་མང་པོ་ཞིག་གིས། བོད་ཡིག་ནི་དེང་རབས་སྐད་ཡིག་གི་རིན་ཐང་གི་ཐད་ནས་རྗེས་ལུས་ཡིན་པ་དང་། སྐད་ཆ་དང་ཁ་བརྡ་མང་པོ་ཞིག་བོད་ཡིག་གི་ལམ་ནས་མཚོན་མི་ཐུབ་པར་སྙམ། མ་མཐའ་ཡང་དེང་རབས་སྐད་བརྡ་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་བོད་ཡིག་ནི་ད་དུང་བསྔོགས་འདོན་བྱ་རྒྱུར་ལུས་པའི་གཏེར་ཁ་ཞིག་དང་འདྲ་བར་མ་བཅོས་པའི་རྒྱུ་ཆ་ཙམ་དུ་ངོས་འཛིན་བྱེད་སྐད།
ད་དུང་། བོད་རིག་པའི་ཞིབ་འཇུག་པར་སྙད་པའི་ནུབ་ཕྱོགས་པ་མང་པོ་ཞིག་གིས་ད་ལྟའི་བོད་སྐད་དང་བཀའ་བསྟན་གྱི་སྐད་ནི་ཧ་ཅང་མི་འདྲ་བ་ཞིག་ཏུ་ངོས་འཛིན་བྱས། ཐ་ན་བཀའ་བསྟན་གྱི་སྐད་ནི་ཉམས་ཟིན་པའི་ཡིག་ཐོག་གི་སྐད་ཆ་ཙམ་ཡིན་པའི་དམ་བཅའ་འཛིན། ང་ཚོ་རང་ངོས་ནས་སྐད་ཡིག་ལ་ཉམས་ཞིབ་བྱས་པའི་གནས་ཚད་ཧ་ཅང་ཞན་ལ།སྐད་བརྡ་རིག་པའི་ཆེད་ལས་ཀྱི་སློབ་སྦྱོང་དེ་བས་ཀྱང་མ་དར་བ་དང་། དེང་རབས་སྐད་ཡིག་གི་ཞིབ་འཇུག་ནི་ཤིན་ཏུའང་ཉག་ཕྲ་བ་སོགས་ཀྱིས་ང་ཚོའི་རང་གི་སྐད་ཡིག་གི་རིན་ཐང་དང་དངོས་ཡོད་ཀྱི་གསོན་ཤུགས་ཉིད་ཅི་ལྟར་གསལ་སྟོན་བྱེད་དགོས་པའང་མི་ཤེས་ལ། མང་པོ་ཞིག་གིས་ང་ཚོའི་སྐད་ཡིག་རང་སྟེང་གི་དྲང་ལྡོག་གི་གནས་བབ་ལ་བསམ་བློ་གཏོང་སྟངས་ཙམ་ཡང་ཧ་ལམ་མི་ཤེས།
རྩིས་རིག་གཏན་ནས་མི་ཤེས་པ་ཞིག་ལ་རྩི་རྒྱུ་ཡོད་ཀྱང་རྩི་སྟངས་མི་ཤེས་པ་ལྟར། ང་ཚོར་བོད་ཡིག་གི་ཆེད་དུ་བསམ་བློ་གཏོང་འདོད་ཡོད་ཀྱང་། ཇི་ལྟར་སེམས་ཁུར་བྱེད་དགོས་པའི་ཕྱོགས་ལ་འབྲེལ་ཡོད་ཤེས་ཡོན་ཐོབ་མེད།

མཚམས་མཚམས་ང་ལ་ཡང་ཚོད་ཚོད་ལ་དོགས་པ་ཐོལ་པ་དེ་འདྲ་སྐྱེས་ཀྱི་ཡོད། ངས་སུམ་རྟགས་དག་གསུམ་གྱི་གཞུང་ལུགས་དེ་ཚོ་ཆེར་སྦྱོང་མ་མྱོང་ལ།སྦྱངས་མྱོང་མཁན་དང་ཤེས་ཟེར་མཁན་དེ་ཚོར་བལྟས་ན་ཡང་། བོད་ཀྱི་སྐད་ཡིག་ཞིབ་འཇུག་ནི་བསྐྱར་ཟློས་ཅན་གྱི་ལམ་དུ་འཕེལ་མེད་སོར་གནས་ཀྱིས་བསྡད་ཡོད་པའི་ཚོར་སྣང་ཤུགས་ཆེར་སྤྲོད་ཀྱི་འདུག རྒྱུ་མཚན་དེས་ང་ལ་བོད་ཀྱི་སྐད་བརྡ་རིག་པ་འདི་དེང་རབས་སྐད་ཡིག་གི་འཕེལ་རིམ་ཁྲོད་ནས་དགོས་ངེས་ཀྱི་འཕེལ་རྒྱས་ཅི་ཙམ་འགྲོ་གིན་ཡོད་མེད་ལ་ཐེ་ཚོམ་ཟ་བཅུག་བྱུང་།

༩༽ འགོས་པདྨ་རྒྱལ་མཚན་དང་སེང་རྡོར།

བོད་ཀྱི་ཉེ་དུས་ལོ་རྒྱུས་ནང་སུམ་རྟགས་ཀྱི་ཐད་དམིགས་བསལ་གྱི་བསམ་བློ་ཡོད་པའི་མི་སྣ་གལ་ཆེན་པོ་གཅིག་རང་ཞིག་བྱུང་མྱོང་ཞིང་། ཁོང་གི་མཚན་ལ་འགོས་པདྨ་རྒྱལ་མཚན་རེད། འོན་ཀྱང་།ཁོང་གི་ཞིབ་འཇུག་གི་བསམ་བློ་དེ་དག་ལ་གྲུབ་འབྲས་ཆ་ཚང་ཞིག་མ་ཐོན་པའི་གོང་དུ་ཁོང་འཇིག་རྟེན་འདི་དང་ཞལ་གྱེས་པ་རེད།
སུམ་རྟགས་སྨྲ་བ་དག་གི་ཁྲོད་ནས་འགོས་པདྨ་རྒྱལ་མཚན་དམིགས་བསལ་ཞིག་ཏུ་བརྩིས་ན། སྙན་ངག་སྨྲ་བ་དག་གི་ནང་ནས་སེང་རྡོར་དམིགས་བསལ་ཞིག་ཏུ་འཇོག་ཆོག སེང་རྡོར་གྱིས་འགོས་པདྨ་རྒྱལ་མཚན་ནང་བཞིན་རིགས་པའི་གཞུང་ལུགས་ཀྱི་དཔྱད་པ་དང་གཏན་སྲོལ་གསར་པ་དེ་འདྲ་གསར་གཏོད་བྱས་པའི་ཐོག་ནས་བོད་ཡིག་གི་གཞུང་ལུགས་བསྐྱར་འགྲེལ་བྱས་མེད་ན་ཡང་། ཕུལ་དུ་བྱུང་བའི་སྙན་ངག་དང་ཚིག་བརྗོད་ཀྱིས་བོད་ཡིག་གི་གནས་བབ་ལ་བསྐྱར་འགྲེལ་ཧ་ཅང་གལ་ཆེན་ཞིག་གནང་སོང་བསམ་ཡོད།

༡༠༽ དགོས་ངེས་ཀྱི་འཚམས་སྦྱོར།

སེང་རྡོར་གྱི་སྙན་ངག་གི་དེབ་ཅིག་གི་མིང་ལ་《བོད་སྐད་ཀྱི་གཏིང་》ཞེས་བཏགས་ཡོད། ང་ཁོང་གི་དེབ་དེའི་མིང་ལ་ང་ཧ་ཅང་དགའ། མིང་འདིས་སྙན་ངག་པ་སེང་རྡོར་གྱིས་རང་ཉིད་ཀྱི་སྙན་ངག་གི་རིན་ཐང་ལ་སྤོབས་སེམས་ཆེན་པོས་འགྲེལ་བཤད་གནད་ལ་ཕིགས་པ་ཞིག་རྒྱབ་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཆོག
བོད་སྐད་འདི་ལ་གཏིང་ཞིག་ཡོད་པ་ངེས་གཏན་རེད། གཏིང་དེ་བསྔོགས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་རེད། འོན་ཀྱང་གཏིང་དེ་གཏིང་རང་དུ་ལྷག་ཏེ་སྔོན་གྱི་རྩོམ་རིག་གི་གཞུང་ལུགས་ཀྱི་བརྡ་དང་ཐ་སྙད་དག་དང་ད་ལྟའི་སྐད་ཆ་སྤྱིར་བཏང་བའི་བར་དུ་དགོས་ངེས་ཀྱི་མཚམས་སྦྱོར་ཡག་པོ་ཞིག་མ་བྱུང་བ་འདི་ང་ཚོའི་སྟོང་ཆར་ལྷག་ཡོད།
སྟོང་ཆ་དེ་ལ་ཕྱོགས་ལྷུང་གི་ཆ་ཡང་ཡོད་ཅིང་། དཔེ་མཚོན་གྱི་ཐོག་ནས་བཤད་ན། རྩོམ་ལས་དང་འགྲོ་སྟངས་ཀྱི་གཏན་སྲོལ་ངེས་ཅན་གྱི་རྒྱ་ལས་བརྒལ་མི་རུང་བ་དང་། དེ་ལས་བརྒལ་ན་ཚུལ་མཐུན་མིན་པའམ་སྙན་པོ་མིན་པའི་བསམ་ཚུལ་འཆང་མཁན་ཡང་ཡོད་པ་རེད།

༡༡༽ འཚོ་བ་ཐ་མལ། བསམ་བློ་རང་ཡན། བརྗོད་པ་སྤྱིར་བཏང་།

ཡུལ་མི་དཀྱུས་མའི་སྐད་དུ་བརྩམས་པའི་ཤིག་སེ་པེར་གྱི་བརྩམས་སྒྲུང་ཐོག་མར་བྱུང་བའི་སྐབས་སུ་སྐབས་དེའི་དབྱིན་ཡིག་ལེགས་སྦྱར་སྨྲ་བ་ཚོས་མཐོང་ཆུང་དང་འཕྱ་དམོད་བྱས་ན་ཡང་། མཐར་རིམ་གྱིས་ཤིག་སེར་པེར་ནི་མི་རྣམས་ཀྱི་སེམས་ཁོང་གི་ཆེས་གལ་ཆེ་བའི་རྩོམ་ཡིག་ཅིག་ཏུ་གྱུར་པ་རེད།
དེ་ནང་བཞིན་སེང་རྡོར་གྱིས་བྲིས་པའི་བཅད་གསར་ཞེས་པའི་ལུགས་ཀྱི་སྙན་ངག་འདི་དག་གིས་ཀྱང་འཚོ་བ་ཐ་མལ་པ་དང་། བསམ་བློ་རང་ཡན་པ།བརྗོད་པ་སྤྱིར་བཏང་བ་བཅས་ཀྱིས་གྲུབ་པའི་རྣམ་པ་མ་འདྲ་བའི་རྩོམ་ཡིག་ཅིག་འབྲི་བཞེངས་བྱེད་རྒྱུར་སྐུལ་ལྕག་བཏང་ཡོད། དེས་ན་འདི་ལ་དམིགས་བསལ་རྩོམ་ཡིག་རང་ངོས་ནས་ཡོད་པའི་སྙན་ངག་གི་ཡོན་ཏན་ཡོད་པ་ལས་ཀྱང་གལ་ཆེ་བའི་ཡོན་ཏན་འགའ་ཞིག་ཡོད།

༡༢༽ གཉུག་སེམས་དང་ཁད་ཉེ་བའི་སྙན་ངག

ང་ཚོས་སྔ་མོ་ཞིག་ལ་ཨར་འདམ་གྱི་རྩིག་གྱང་དང་།རྫས་འགྱུར་གྱི་བཀྲག་རྩི། འགྱིགས་རིགས་ཀྱི་ཡོ་ཆས་སོགས་ཀྱིས་བཟོས་པའི་དངོས་པོ་དག་ལ་དགའ་མོས་དང་དང་འདོད་བྱེད་མྱོང་། དབྱིབས་རྣམ་སྙིང་རྗེ་པོ་དང་ལྟ་བཟོ་དོད་པོ། ཚོད་ཚོད་ལ་བལྟས་ན་གྲྭ་འགྲིག་པོ་ཡོད་པ་དེ་ཚོར་ཡག་སྣང་ཤར་མྱོང་། མ་ཟད། ཚོང་ལས་གྲོང་ཁྱེར་དག་གི་ནང་གི་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་དེ་དག་གིས་ང་ཚོ་ཧ་ལས་ཤིང་ཐོན་ཐོར། ང་ཚོས་དེ་དག་དུས་རབས་གསར་པའི་མཚོན་རྟགས་དང་། གོ་ལ་གཅིག་གྱུར་གྱི་གྲུབ་དོན། ཚན་རིག་ལག་རྩལ་དང་མིའི་རིགས་ཀྱི་ཤེས་རིགས་ཀྱི་རྩེར་སོན་ལག་རིས་སུ་དད་མོས་དང་ཡིད་ཆེས་བྱས། འོན་ཀྱང་། ད་ཆ་ག་ལེར་འཛུགས་སྐྲུན་དེ་དག་མིའི་རིགས་ཀྱི་བདེ་ཐང་དང་། འཚོ་བའི་ཁ་གཏད་དུ་ལངས་འགོ་བརྩམས་ཟིན་ཅིང་། མང་པོ་ཞིག་གིས་རང་བྱུང་དང་མ་བཅོས་པའི་རྒྱུ་ཆ་སྤྱད་དེ་གནའ་ཉམས་ཀྱིས་ཕྱུག་ཤིང་། བབ་ཆགས་ལ་རྫས་འགྱུར་ཉུང་བའི་རང་བྱུང་གི་བསྡོད་སྟངས་དེ་ཚོར་སླར་ཡང་ཡིད་ཕྱོགས་ཡོད།
གཉུག་སེམས་དང་ཁད་ཉེ་བའི་འཆར་འགོད་དམ་སྡོད་སྟངས་དེ་ཚོ་ད་ཆ་མི་རྣམས་ཀྱིས་རང་བྱུང་སྣོད་ཀྱི་བཀོད་པ་དང་མཐུན་པའི་སྡོད་ལུགས་ཡིན་པར་ངེས་ཤེས་གསར་པ་ཞིག་སྐྱེ་བཞིན་ཡོད།
དཔེ་མཚོན་ཧ་ཅང་སླ་མོ་ཞིག་གིས་ཞུས་ན། སྔར་ཡིན་ན་འཕྲུལ་རིགས་ཀྱིས་བཟོས་པའི་སྤྱོད་ཆས་དེ་ཚོ་སྙིང་བརྗེ་མོ་ཞིག་ཏུ་མཐོང་སྲིད་ན་ཡང་། ད་ཆ་་ལག་བཟོས་དང་། མ་བཅོས་རྒྱུ་ཆ་སྤྱད་པའི་སྤྱོད་ཆས་དག་ཡང་བསྐྱར་རིན་ཐང་ཅན་དུ་གྱུར་ཟིན།
སེང་རྡོར་གྱིས་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་སྐད་ཆའི་གཏིང་བསྔོགས་ནས་སྙན་ངག་བྲིས་ཤིང་། དུས་ཡུན་རིང་མོ་ཞིག་ལ་བཀོལ་སྤྱོད་ཀྱི་གོ་གནས་ཤོར་ཟིན་པའི་ཐ་སྙད་མང་པོ་ཞིག་ལ་བདག་པོ་བརྒྱབ།
ད་དུང་དེ་ལས་གལ་ཆེན་པོ་ཞིག་ལ། སྐད་ཆ་དང་ཐ་སྙད་ཀྱི་འགྲོས་དེ་དག་གིས་གྲུབ་པའི་སྙན་ངག་གི་ཐོན་རྫས་གསར་བསྐྲུན་བྱས་པས་ང་ཚོས་སྙན་ངག་ལ་འཛིན་པའི་འདུ་ཤེས་ལ་གོ་བ་གསར་པ་ལེན་དུ་བཅུག གདུགས་ཀྱི་འོག་དང་ཁྲིའི་ཐོག་ན་ཡོད་པའི་སྙན་ངག་དེ་ཉིད་མི་ཚང་ཕལ་པའི་ཁྱིམ་དུ་གདན་དྲངས་ནས་འབྲོག་པ་དཀྱུས་མ་ཞིག་གི་ཁྱིམ་ཚང་གི་ཆུ་ཚོད་ཉི་ཤུ་རྩ་བཞི་ཚང་རྩིས་བྱེད་དུ་བཅུག་ཡོད།ང་སྒེར་གྱི་ངོས་ནས་འདི་ནི་ཧ་ཅང་གལ་ཆེན་ཞིག་ཏུ་བརྩིས་ཡོད།

༡༣༽ བསྔོག་རྒྱུར་ལུས་པའི་མུ་ཏིག་གི་གཏེར་ཁ།

ཤེས་རིག་གང་འདྲ་ཞིག་ཡིན་ཡང་། སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཉི་ཚེ་བ་དང་། དད་མོས་ཀྱི་འདུ་ཤེས་ཉི་ཚེ་བའི་ཁོངས་སུ་ལྷག་པའི་ཚེ་ན་དེ་ནི་དཀའ་ངལ་ཆེན་པོ་ཞིག་ཡིན།
ཁྱད་པར་དུ་མཁས་པ་དག་གི་གཞུང་ལུགས་རྩོམ་རིག་གི་སྐད་ཆ་དང་འཚོ་བ་དཀྱུས་མའི་བར་དུ་ཉིང་འཚམས་སྦྱོར་བའི་གོ་སྐབས་མེད་ཚེ་སྐད་ཡིག་གི་བྱེད་ནུས་ལ་འགོག་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་ཙམ་མ་ཟད། རྩོམ་རིག་དང་སྙན་ངག་གི་གསོན་གནས་ལ་ཡང་དཀའ་ངལ་འཕྲད་རྒྱུ་རེད།
ང་ཚོས་དུས་རྒྱུན་བྱང་གོམས་སུ་སོང་བའི་གཞུང་ལུགས་ཀྱི་བརྗོད་པ་ལ་རྟེན་ནས་རྩོམ་འབྲི་བར་དཀའ་ངལ་གཏན་ནས་མེད་མཁན་ཚོས་ཀྱང་། སྐད་ཆ་ཧ་ཅང་སྟབས་བདེ་ཞིག་སྤྱད་ནས་ནང་སེམས་ཀྱི་འགྱུ་འཕྲོ་བྱེ་བྲག་པ་དང་། བྱ་དངོས་ཀྱི་རྣམ་པ་བྱེ་བྲག་པ་དེ་འདྲར་འགྲེལ་བཤད་དགོས་པ་ཡིན་ན་གཞི་ནས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། ང་ཡང་དཀའ་ངལ་དེ་འདྲ་འཕྲད་ནས་ཡོང་མཁན་གྱི་མི་ཡིན། དེས་ན་སྐབས་མང་པོ་ཞིག་ལ་སྟབས་ཇི་ལྟར་བདེ་ན་དཀའ་ངལ་དེ་ལྟར་ཆེ། དེ་ཡང་ང་ཚོས་བོད་ཡིག་བཟང་རབས་རྐྱང་རྐྱང་བཤད་ནས་བསྡད་མ་འགྲིགས་པར་རྩོམ་རིག་བརྩམས་ཆོས་ཆེན་པོ་དག་གི་གནས་ཚད་ཀྱིས་གཞར་ན་ད་དུང་བར་ཐག་ཧ་ཅང་རིང་པོ་ཞིག་ཡོད་པ་ཡིན། འདིའི་ཐད་ལ་མི་རིགས་གཞན་པའི་རྩོམ་རིག་གི་སྒྱུ་རྩལ་མཚོན་ཐབས་དང་ཐ་སྙད་བཅས་དང་བསྡུར་ནས་བོད་ཀྱི་སྐད་ཡིག་དང་སྐད་ཆའི་གནས་བབ་ཐད་འགོ་ལོག་པ་ལོ་ཆེན་པདྨ་རྣམ་རྒྱལ་གྱིས་རྒྱུད་ལམ་ཞིག་ཏུ་བཀའ་མོལ་དྲང་མོ་ཞིག་གནང་ཡོད།
འོན་ཀྱང་། བཀྲིས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་དང་། གཙུག་གཡུ། ཡང་ན་སེང་རྡོར་གྱི་སྙན་ངག་ལ་བལྟས་སྐབས་བོད་ཡིག་གི་གཏིང་དུ་ཡང་ཧ་ཅང་ཡིད་དུ་འོང་བའི་མུ་ཏིག་གི་གཏེར་ཁ་ཆེན་པོ་ཞིག་བསྔོགས་རྒྱུ་ཡོད་པ་ང་ཚོར་ཤེས་སུ་འཇུག

༡༤༽ གླེང་རིན་ཡོད་པའི་ཤུགས་རྐྱེན།

ངའི་སྣང་བ་འགྲོ་ཤོས་གཅིག་དེ་སེང་རྡོར་གྱི་སྙན་ངག་གི་རྒྱུ་ཆ་དང་། སྙན་ཚིག་དང་འབྲེལ་བའི་ཐ་སྙད་ཀྱི་ཕྱོགས་ལ་གསེར་གླིང་ལྟ་བུ་དབྱེ་བསལ་མེད་པ་དེ་ཡིན། ཁོང་གིས་གནའ་བོའི་ཞིང་བོད་ཀྱི་བརྡ་རྙིང་ནས་བཀའ་བསྟན་གཞུང་ལུགས་ཀྱི་བརྡ་ཆད།མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ནས་གཞིས་ཆགས་དང་ཕྱི་སྡོད་ཀྱི་ཚིག་འགྲོས་ཚུན་ཆད་སྤྱོད་ངེས། གང་སྤྱད་པ་དེ་དག་འཕྲོད་ལ་རན་པ་ཞིག་འཁྱོངས། ཁྱད་པར་དུ་དུས་ཡུན་རིང་པོར་མཁས་པ་དང་རྩོམ་པ་པོའི་མིག་ལ་མ་ཐོགས་པའི་ཐ་སྙད་མང་པོ་ཞིག་ལ་མ་པང་བུ་འཇུག་གི་གདམས་པ་བསྟན་ནས་རྟ་བཏགས་སར་རྟ་དང་། རྭ་བཏགས་སར་རྭ་བྱས་ནས་སོ་སོ་སོ་སོའི་ས་ལ་འོས་འཚམས་ཀྱི་གོ་གནས་ཡག་པོ་ཞིག་སྤྲད་ཡོད། དེ་ནི་ཐ་སྙད་ཀྱི་བཅིང་གྲོལ་ཞིག་ཅིས་ཀྱང་ཡིན་ཆོག
དེས་ན་རྒྱུ་མཚན་དེ་དག་གིས་ངའི་ངོས་ནས་སེང་རྡོར་གྱི་བཅད་མ་གསར་པའི་རྩོམ་ཡིག་གིས་བོད་ཀྱི་སྙན་ངག་གི་སྤྱི་ཚོགས་སུ་གླེང་རིན་ཡོད་པའི་ཤུགས་རྐྱེན་འགའ་ཞིག་བཞག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།

༡༥༽ སྲོལ་རྒྱུན་དང་དེང་རབས་ཀྱི་བར་འདུམ།

གལ་ཆེ་ཤོས་ཤིག་ནི། དེང་རབས་སྙན་ངག་ཏུ་གྲགས་པའི་རྩོམ་ལུས་གསར་པ་ཞིག་བོད་དུ་དར་ན་ཡང་།དེས་བརྗོད་དོན་ནི་རྟོགས་དཀའ་བ་དང་། ཚོར་རྟོགས་དང་འདུ་ཤེས་བརྗོད་བྱར་བྱེད་པ་ལས་ཡུལ་དོན་གྱི་བྱ་དངོས་མང་པོ་ཞིག་བརྗོད་ཐབས་མེད་པ་དང་། མང་པོ་ཞིག་གི་ངོ་ཁར་སྲོལ་རྒྱུན་གྱི་སྙན་ངག་དང་ཆེས་མི་འདྲ་བའི་རྣམ་པ་ཤུགས་ཆེར་མངོན་གྱི་ཡོད། མངོན་སྟངས་དེས་སྲོལ་རྒྱུན་དང་དེང་རབས་བར་དུ་སུ་ཞིག་སྙན་ངག་ཡིན་པ་དང་གང་ཞིག་སྙན་ངག་མིན་པའི་རྩོད་པ་ཡང་བྱས་ཤིང་། རྒྱུ་མཚན་དེ་དང་འབྲེལ་བའི་ཐོག་ནས་མེ་ལོང་མ་མེར་སྲེག་གཏོང་དགོས་པའི་སྐད་ཆ་བྱུང་བ་རེད། འོན་ཀྱང་བཅད་གསར་ལ་གནའ་དེང་གི་དབྱེ་བ་མེད་ལ།རྩོམ་གཤིས་ཀྱིས་བརྗོད་བྱ་ལ་ཚོད་འཛིན་མི་ཐེབས།མ་ཟད་མང་པོ་ཞིག་སྲོལ་རྒྱུན་གྱི་སྙན་ངག་གི་བྲོ་བ་དང་ཉེ་ཞིང་། མང་པོ་ཞིག་དེང་རབས་ཀྱི་བསམ་བློ་དང་སྡེབ་སྦྱོར་གྱིས་ཕྱུག་པས་སྙན་ངག་གསར་རྙིང་བར་ལ་ཟམ་པ་ལྟ་བུའི་ནུས་པ་ཞིག་ཐོན་ཡོད།ལུགས་འདི་ལྟར་ན། སྙན་ངག་གསར་རྙིང་གི་བར་ལ་སྙན་མི་སྙན་གྱི་དབྱེ་འབྱེད་དང་སྙན་ངག་ཡིན་མིན་གྱི་རྩོད་པ་དེ་ཚོ་གང་ཡང་མི་དགོས།

༡༦༽ ཆ་མཉམ་གྱི་མཛེས་པ་འཚོལ་སྟངས།

ནང་པའི་བསམ་གཏན་པ་དག་གིས་ཆེས་མ་བཅོས་པའི་གཉུག་སེམས་ཀྱི་འགྱུ་འཕྲོའི་བབས་ལས་ཆེས་ཕྱོགས་སུ་མ་ལྷུང་བའི་ཆ་མཉམ་གྱི་མཛེས་པ་ཟེར་བ་ཞིག་ནང་ནས་འཚོལ་གྱི་ཡོད་པ་བཞིན། སྙན་ངག་པ་འདིས་ཀྱང་ཆེས་སྤྱིར་བཏང་གི་སྐད་ཆ་བེད་སྤྱད་དེ་མིག་སྣ་རྣ་ལྕེ་ལུས་དབང་གི་སྤྱོད་ཡུལ་ཆེས་སྤྱིར་བཏང་བ་དག་གི་གསེབ་ནས་མི་སེམས་འགུལ་བའི་སྙན་ངག་གི་སྙིང་པོ་འཚོལ་བཞིན་འདུག
ད་དུང་ཁོང་ལ། སྙན་ངག་ནི་ང་ཚོ་དང་ཐག་རིང་མ་ཡིན་ཞིང་། སྙན་ངག་ནི་ང་ཚོའི་སྐད་ཆའི་གསེང་རང་དུ་ཡོད། སྙན་ངག་ནི་ང་ཚོའི་མཐོང་ཐོས་མྱོང་གསུམ་གྱི་སྤྱོད་ཡུལ་གྲ་མ་མཉམ་གྲུ་མ་ཞིག་པ་འདིའོ་སྙམ་པའི་ངེས་ཤེས་དང་སྤོབས་པ་ཆེན་པོ་འདུག སྤོབས་པ་དེའི་དབང་གིས་ཁོང་གིས་ད་ཐེངས་སྙན་དེབ་ཀྱི་མིང་དུ་《ཚོན་མ་བཏང་བའི་སྙན་ངག་》ཅེས་བཏགས་ཤིང་། མིང་འདི་ཁོ་ནས་ཀྱང་། བོད་སྐད་ཀྱི་གཏིང་ན་གནས་པའི་སྙན་ངག་དངོས་དེ་ག་འདྲ་ཞིག་ཡིན་དགོས་པ་དེ་ལག་ལེན་གྱི་ཐོག་ནས་དམར་ཁྲིད་ཐེངས་གཅིག་བྱས་པ་ཡིན་ཞིང་། དེ་དང་ཆབས་ཅིག་ང་ཚོར། སྙན་ངག་ནི་ཚོན་མ་བཏང་བ་སྟེ།བཅོས་མ་མིན་པའི་ཁ་ཏོག་གི་རང་མདངས་རང་ཡིན་ནོ་ཞེས་གསལ་འདེབས་ཀྱང་བྱས་ཡོད།

༡༧༽ སྟབས་བདེ་ཡང་ལད་ཟློས་མི་ཡོང་བ།

སེང་རྡོར་གྱིས་བྲིས་པའི་བཅད་གསར་གྱི་རྩོམ་ཡིག་ཕལ་མོ་ཆེ་སྐད་ཆ་རང་ག་བ་ཞིག་ཡིན་ནམ་སྙམ་ན་དེ་ཡང་མ་ཡིན་ཏེ། སྟབས་བདེ་ཡང་གཞན་གྱིས་ལད་ཟློས་དཀའ་བ། གཏིང་ཟབ་ཀྱང་བྲོ་བཅུད་ཐད་ཀར་སྟེར་བ་ཞིག་རེད། དཔེར་ན། ཁོང་གིས་ཉེ་སྔོན་བརྩམས་པའི་བླ་མ་ཞེས་པའི་སྙན་ངག་དེས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་བརྗོད་བྱར་བྱས་ཡོད་ཅིང་། མ་གཞི་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཞེས་པ་ཁོང་སྐུ་གཟི་དཔལ་གྱིས་ཤར་ནུབ་ཀྱི་སྐྱེ་བོ་གྲངས་ལས་འདས་པ་ཞིག་གི་ཡིད་དབང་འཕྲོག་མྱོང་མཁན་ཞིག་རེད། ང་ཡང་རང་ལོ་བརྒྱད་ཀྱི་ཐོག་ནས་ཁོང་ཉིད་རྫ་ཆུ་ཁའི་འཇུ་མི་ཕམ་པའི་གདན་སར་ཕེབས་སྐབས་དགོན་པའི་མདུན་ཐང་གི་གུར་མོ་ཆེ་ཞིག་ཏུ་བཞུགས་ཁྲི་ཞིག་གི་ཁར་བྱམས་བཞུགས་ཀྱིས་ཁྲོམ་ལ་ཚེ་དབང་གནང་བའི་སྣང་བརྙན་ཞིག་རྒྱང་ནས་མཇལ་མྱོང་བ་ཙམ་ཡང་། དེ་རིང་གི་བར་དུ་ཡིད་ཀྱི་མེ་ལོང་གི་ངོས་སུ་རྡོ་ལ་བརྐོས་པའི་རི་མོ་བཞིན་གསལ་པོར་དྲན་གྱི་འདུག འོན་ཀྱང་། སེང་རྡོར་གྱིས་ཤར་མར་བྲིས་པའི་སྙན་ངག་བླ་མ་ཡིས་ཆེས་སྟབས་བདེ་ལ་ཡིད་དབང་འཕྲོག་པའི་མཚོན་ཐབས་ཀྱི་ལམ་ནས་བླ་མ་ཁོང་གི་སྣང་བརྙན་་ཇི་མ་ཇི་བཞིན་དུ་བརྗོད་འདུག་པ་ཆ་ཚང་འདིར་དྲངས་ན།
སྤྱན་གྱི་ཉི་ཟླ་ཁྲ་ཆིལ་ཆིལ་དུ་གདའ། །
ང་ནི་སྨྲ་བ་མེད་པར་བསྒུར་ནས་བསྡད། །
སྤྱིན་གྱི་ཉི་ཟླ་ཁྲ་ཆིལ་ཆིལ་དུ་གདའ། །
ང་ནི་འབྲོ་རྩིས་བྱས་ཀྱང་སྒྱིད་པ་སྦྲིད། །
སྨིན་མའི་སེང་གེ་དེ་ཡིས་བདག་འཛིན་བརྟོལ། །
གཉེར་མའི་མེ་ཏོག་རེ་རེས་ཡིད་དབང་འཕྲོགས། །
རྗེ་བཙུན་དཔའ་བོ་ཁྱོད་དང་གཡུལ་བཀྱེས་མཐར། །
དར་ཆ་ཕབ་ནས་འབྱོལ་མཁན་ང་རང་ཆགས། །
ཞེས་སོ།།

མགོ་གང་ནས་བརྩམས་པ་དང་མཇུག་ཇི་ལྟར་བསྡུ་བ། བང་རིམ་ཇི་ལྟར་བསྒྲིགས་པ་དང་། བྱེ་བྲག་ཇི་ལྟར་བགར་བ་སོགས་ཀྱི་ཐད་ལ་རྙོགས་འཛིངས་ཅན་གྱི་མ་ལག་གི་གཞི་གང་ཡང་བཏང་མེད་ཀྱང་།ཧ་ཅང་སྟབས་བདེ་པོས་འགྲོ་ཞོར་ཞིག་ལ་མེ་ཏོག་རྐང་པ་ཅིག་བཏུས་ནས་ལག་ཏུ་བླངས་པ་ལྟར་ཚོར་སྣང་ཐད་ཀ་མ་དེ་མ་ལག་ཚང་བའི་སྙན་ངག་གསོན་པོ་ཞིག་ཏུ་བསྐྲུན་ཡོད། འདི་ནི་བཅད་གསར་གྱི་ཁྱད་ཆོས་ཀྱང་ཡིན་སྲིད་ལ། དོན་ངོ་མའི་སྒྱུ་རྩལ་དང་སྙན་ངག་རང་སྟེང་གི་ཟོར་ཡང་ཞིང་འཁྱུགས་སྟབས་བདེ་བའི་ཁྱད་ཆོས་ཀྱང་མཚོན་ཡོད།

༡༨༽ དོན་ངོ་མའི་སྙན་ངག

ད་དུང། ཁོང་གི་ཉག་ཀའི་ལྗང་སེར་གློ་དམར་གྱིས་འབྲོག་མོ་བརྗོད་པ་སོགས་ལ་ཁྱད་ཆོས་དམིགས་བསལ་ཡོད་ལ། ཐ་ན་སེང་རྡོར་ལ་གྲྭ་ལོག་དང་ལྟ་ལོག་ཅེས་ཁ་གདང་སྣ་གཉེར་མཁན་དག་གིས་ཀྱང་།སེང་རྡོར་གྱིས་བརྩམས་པའི་སྟོང་བ་ཉིད་ཀྱི་མདོ་དང་། སྟོན་པ་སངས་རྒྱས་ལ་ཕུལ་བའི་མེ་ཏོགདགྲེས་པོ་ཁ་དཀར་མགོ་དཀར་ཞིག་དྲན་པ་སོགས་ཀྱི་མཚོན་དོན་དང་བརྗོད་པ་དག་གི་རྗེས་བརྗོད་ཙམ་ཡང་མི་ཡོང་བ་སྟེ། དེ་ནི་ང་ཚོས་ཁས་མ་བླངས་ཐབས་མེད་ཀྱི་དངོས་ཡོད་ཅིག་རེད།
ངས་འདི་ལྟར་ཁོང་ལ་གདེངས་འཇོག་བྱེད་སྐབས།ཁག་ཅིག་གིས་སྤྲེལ་ལད་རེད་སྙམ་པ་དང་། ཁག་ཅིག་གིས་དོན་ལ་མི་གནས་པ་རེད་ཅེས་ལབ་སྲིད།འོན་ཀྱང་། ཁ་གསལ་པོས་བརྗོད་འདོད་པ་ཞིག་ལ།སྐད་ཆ་འདི་དག་གིས་སེང་རྡོར་ལྟ་ལོག་པ་ཡིན་མིན་ལ་དཔང་པོ་བྱེད་རྩིས་མེད་ལ། སེང་རྡོར་གྱི་མི་གཞི་ག་འདྲ་ཡོད་མེད་ལ་རིན་ཐང་ཡང་གཅོད་ཀྱི་མེད།ངས་གང་ལབ་ཀྱི་ཡོད་ཟེར་ན། སྙན་ངག་པ་སེང་རྡོར་གྱིས་ཞེ་ཡ་ཆུང་ནང་ནས་དྲན། ཁ་དུང་སོའི་བར་ནས་ཐོན། ལག་ཤོག་བུའི་ཐོག་ལ་ཕབ་ཡོད་པའི་སྙན་ངག་འདི་དག་ནི་དོན་ངོ་མའི་སྙན་ངག་ཅིག་རེད། འདི་ནི་བོད་ཡིག་ལས་སྐྱེས་པའི་ཕ་ལམ་ཞིག་རེད་ཅེས་ལབ་འདོད་པ་ཙམ་ཡིན། སྙན་ངག་རྒྱལ་ལོ།།

སྤྱི་ལོ་༢༠༡༧ཟླ་༣ཚེས་༨ཉིན། ཨོ་གླིང་ནས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྫོགས་པར་སྦྱར།

བསམ་ཚུལ།

Post navigation

Previous Post: འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ནི་འོས་བསྡུའི་ལམ་ལུགས་དང་མཐུན་པ་ཞིག་ཡིན།
Next Post: ཆུ་སྒང་ལ་སྤྱི་ཚོཌ་བསམ་སྤྱོད་ཀྱི་མོས་མཐུན་འཚོལ་བ།

Comment (1) on “བོད་སྐད་ཀྱི་གཏིང་ནས་སྐྱེས་པའི་སྙན་ངག”

  1. ཀརྡོ་རབ་འབྱམས་པ་ says:
    2017-04-04 at 12:02 pm

    ་་་་་་་་་ ང་ཚོ་རང་ངོས་ནས་སྐད་ཡིག་ལ་ཉམས་ཞིབ་བྱས་པའི་གནས་ཚད་ཧ་ཅང་ཞན་ལ།སྐད་བརྡ་རིག་པའི་ཆེད་ལས་ཀྱི་སློབ་སྦྱོང་དེ་བས་ཀྱང་མ་དར་བ་དང་། དེང་རབས་སྐད་ཡིག་གི་ཞིབ་འཇུག་ནི་ཤིན་ཏུའང་ཉག་ཕྲ་བ་སོགས་ཀྱིས་ང་ཚོའི་རང་གི་སྐད་ཡིག་གི་རིན་ཐང་དང་དངོས་ཡོད་ཀྱི་གསོན་ཤུགས་ཉིད་ཅི་ལྟར་གསལ་སྟོན་བྱེད་དགོས་པའང་མི་ཤེས་ལ། མང་པོ་ཞིག་གིས་ང་ཚོའི་སྐད་ཡིག་རང་སྟེང་གི་དྲང་ལྡོག་གི་གནས་བབ་ལ་བསམ་བློ་གཏོང་སྟངས་ཙམ་ཡང་ཧ་ལམ་མི་ཤེས། ་་་་་་་་
    ་
    ཧ་ལས་ཤིང་ཐོན་ཐོར།
    འདི།
    ྇ཧ་ལས་ཤིང་ཧོན་ཐོར།
    ་
    སྙན་ངག་གསར་རྙིང་གི་བར་ལ་སྙན་མི་སྙན་གྱི་
    འདི།
    སྙན་དངགས་གསར་རྙིང་གི་བར་ལ་སྙན་མི་སྙན་གྱི་
    ་
    རྭ་བཏགས་སར་རྭ་
    འདི།
    ར་བཏགས་སར་ར་
    ་
    སྟོང་བ་ཉིད་ཀྱི་མདོ་དང་།
    འདི།
    སྟོང་པ་ཉིད་ཀྱི་མདོ་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme